འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན་དྲིས་ལན།༧

དྲི་གཞི་བཞི་བ། དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་པའི་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་ པར་ཅི་ཡོད། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་ལ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན།།
དྲི་གཞི་བཞི་བའི་ལན།
སོག་པོ་རྗེ་བཙུན་རྡོ་རྗེ། འབྲས་སྤུངས་སྒོ་མང་།
༄༅། ། དུས་གསུམ་སངས་རྒྱས་ཀུན་གྱི་རང་གཟུགས་མཆོག །
བློ་ལྡན་སྤྱོད་བཟང་རྣམས་ལས་ཆེར་འཕགས་པ། །
སྙིགས་དུས་འགྲོ་ཀུན་འདྲེན་པའི་ཐུགས་སྨོན་ཅན། །
དྲིན་ཅན་བླ་མའི་ཞབས་ལ་གུས་པས་འདུད། །
འཕགས་པའི་ཡུལ་དུ་གདུལ་བྱ་སྨིན་གྲོལ་ཆེད། །
གཞུང་ཆེན་བཀའ་པོད་ལྔ་ཡི་བཀའ་ཁྲིད་སོགས། །
ཉིན་བཞིན་མཛད་དེ་དགེ་འདུན་འདུས་པའི་ཚོགས། །
ཆོས་ཀྱིས་ཚིམས་པར་མཛད་པའང་བཀའ་དྲིན་ཆེ། །
བདག་ཅག་གི་ཚེ་འདི་ཕྱིའི་སྐྱབས་གནས་རྒྱལ་བ་ཀུན་གྱི་རང་གཟུགས་ཞྭ་སེར་ བསྟན་པའི་གསལ་བྱེད་རིགས་སྨྲའི་དབང་ཕྱུག་བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་ རྗེ་བློ་བཟང་དགེ་འདུན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནས་ལོ་ཁ་ཤས་སོང་སྟབས་དགེ་ཕྲུག་ཐུན་མོང་གིས་རྗེས་དྲན་གྱི་ཚུལ་དུ་དྲང་ངེས་ཀྱི་དྲིས་ལན་ བཀོད་པའི་དེབ་ཅིག་པར་བསྐྲུན་བྱེད་འཆར་བཞིན། དེབ་དེའི་ནང་ལ་རྒན་མཆོག་གི་དགེ་ཕྲུག་སོག་པོ་ཁ་ཤས་ཀྱིས་ལན་བྲིས་ཡོད་ན་ལེགས་པས་དྲི་བ་ཞིག་ལ་ལན་ངེས་པར་དུ་ཕྲིས་ཤིག་ཅེས་རྒན་མཆོག་གི་དགེ་ཕྲུག་རྒན་པ་ཚོས་བཀའ་གནང་བྱུང་། སྤྱིར་བདག་ རྒན་མཆོག་གི་དྲུང་དུ་དྲང་ངེས་ཀྱི་དཔེ་ཁྲིད་ལ་སོང་སྟེ། མ་སྐྱེས་པ་སོགས་སུ་བཤད་པའི་དགོངས་གཞིར་སླེབས་པའི་མཚམས་སུ་རྒན་མཆོག་བོད་དུ་བསྟན་འགྲོའི་དོན་དུ་ཕེབས། རྒན་མཆོག་གི་དྲང་ངེས་ཀྱི་བཀའ་ཁྲིད་གནང་བའི་སྐབས་སུ་གཞུང་གི་འབྲུ་སྣོན་ཚུལ་དང་དོན་ལ་གོ་བ་གནང་སྟངས་དང་། རྟགས་གསལ་འཕེན་ཚུལ་སོགས་ནི་གཏིང་ཟབ་པ་ དང་ལུང་རིགས་ཀྱི་རྒྱན་དང་བཅས་ཁྲིད་བཞིན་ཡོད་ཀྱང་བདག་ནི་རིགས་སྟོབས་དང་ བསོད་ནམས་བརྩོན་འགྲུས་སོགས་དམན་པས་དཔེ་ཁྲིད་ལ་འགྲོ་བཞིན་པའི་སྐབས་ལ་མ་ཤེས། ཕྱིས་སླར་ཡང་དཔེ་ཀློག་རྒྱག་རྒྱུའི་དུས་ཚོད་མ་བྱུང་བས་ཤེས་ཀྱི་མི་འདུག དེར་མ་ཟད་གཞུང་ཆེན་པོ་དེ་འདྲ་ཞིག་གི་དོན་ལ་དེ་ལྟར་ཡིན་མིན་ཞེས་ཁ་ཚོན་གཅོད་དཀའ་བ་དང་། བོད་ཀྱི་སྐད་ཡིག་སོགས་ནི་རྒྱ་གར་དུ་སླེབས་ནས་སྦྱོང་ཁུལ་བྱས་པ་ཡིན་པས་ཐོག་མར་ བདག་གི་འབྲི་ག་ལ་ནུས་སྙམ་མོད། འོན་ཀྱང་སྤྱིར་རྒན་པ་ཚོའི་བཀའ་ལྡོག་དཀའ་བ་ དང་། ཁྱད་པར་དུ་རྒན་མཆོག་གི་བཀའ་དྲིན་དྲན་བཞིན་དུ་ཚིག་ཉུང་བ་ཞིག་འབྲི་ཐུབ་ན་སྐལ་བ་བཟང་བོ་རེད་སྙམ་པའི་བློས་བསྐུལ་ཏེ་འབྲི་ཁུལ་བྱས་པ་ཡིན་སྟབས་གོང་འོག་མི་མཐུན་པ་དང་ཚིག་དོན་ལ་སྐྱོན་ཆགས་པ་སོགས་འབྱུང་སྲིད་པས་གཟིགས་མཁན་ རྣམས་ལ་སྙིང་ཐག་པ་ནས་བཟོད་གསོལ་ཞུ།
དྲི་བ་བཞི་བ། དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ ཅེས་བྱའོ། ། ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་པར་ཅི་ཡོད། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་བྱེད་ན། ཀུན་ བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་ལ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་ མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲས་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན། ཞེས་པའི་ལན་ལ། འཕྲོས་ཚུལ་དང་། གཞུང་དོན། ལན་དངོས། དོགས་གཅོད་བཞི། དང་བོ་ནི། དོན་དམ་ཡང་དག་འཕགས་ཀྱིས་སྟོན་པ་ལ་དྲི་བ་ཞུ་བའི་ཚེ། འཁོར་ལོ་དང་བོ་དང་བར་བ་གཉིས་ཀྱིས་བཀའ་སྩལ་ཚུལ་དངོས་སུ་བཀོད་དེ་འཁོར་ལོ་བར་བའི་སྐབས་ སུ་ངོ་བོ་ཉིད་མེད་པར་གསུངས་པ་དེ་གང་ལ་དགོངས་ནས་གསུངས་ཞེས་ ཞུས་པ་ན། སྟོན་པས་འཁོར་ལོ་བར་བར་དེ་ལྟར་བསྟན་པ་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ། ། ཞེས་པས་ལན་གསུངས།
དེ་ལྟར་ཡིན་ན་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱི་མཚན་གཞི་གང་ཡིན། དེ་མཚན་ཉིད་ངོ་བོ་ཉིད་མེད་ཚུལ་ཇི་ལྟར་ཡིན་ སྙམ་པ་ལ། དེ་སྟོན་པར་གཞུང་འདི་བྱུང་། གཉིས་པ་གཞུང་གི་དོན་ནི། དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཞེས་པས་མཚན་གཞི་དྲིས་པ་ན། སྐབས་སུ་མཁོ་བའི་ཀུན་བཏགས་རྣམས་དེའི་མཚན་གཞིར། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ་ཞེས་པས་བསྟན། དེ་ཅིའི་ཕྱིར་ཞེ་ན། ཞེས་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་པའི་རྒྱུ་མཚན་གང་ཡིན་ཞེས་དྲིས་པའི་ལན་དུ། སྒྲུབ་ཕྱོགས་ནས་མིང་བརྡས་བཞག་ཙམ་ཡིན་ཞིང་དགག་ཕྱོགས་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེ་ནི་དེའི་རྒྱུ་མཚན་ཡིན་པར་གཞུང་ཚིག་ལྷག་མས་བསྟན་ཏོ། ། གསུམ་པ་ལན་དངོས་ལ་ཟུར་གཉིས་ཡོད་པའི་དང་བོ་ནི། སྐབས་སུ་མཁོ་བའི་ཀུན་བཏགས་རང་ འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲོ་བཏགས་ པ་ལྟ་བུའི་སྟེང་དུ་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཞེས་པའི་མི་གནས་རྒྱུའི་རང་མཚན་ཁེགས་ཚུལ་དང་། མཚན་ཉིད་ངོ་བོ་ཉིད་ མེད་ཅེས་པའི་མེད་རྒྱུའི་རང་མཚན་ཁེགས་ཚུལ་ལ་ཁྱད་པར་མེད་སྙམ་སྟེ། གཉིས་ཀའི་འགོག་རྒྱུའི་རང་མཚན་དེ་རང་མཚན་གྱིས་གྲུབ་པ་ལ་བྱེད་དགོས་པའི་ཕྱིར། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཞེས་པའི་མི་གནས་རྒྱུའི་རང་མཚན་དེ་རང་མཚན་གྱིས་གྲུབ་པ་ལ་བྱེད་རིགས་ཏེ། དྲང་ངེས་དཀའ་འགྲེལ་ལས། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཞེས་པའི་རང་མཚན་དེ་རང་མཚན་དངོས་ལ་བྱེད་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པའི་ཕྱིར། རང་མཚན་གྱིས་གྲུབ་པ་དེ་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་ལའང་འཇོག་རིགས་ཏེ། དེ་ ཉིད་ལས། ཀུན་བཏགས་ལ་མེད་རྒྱུའི་མཚན་ཉིད་ཀྱི་ངོ་བོ་ཉིད་ནི་རང་གི་ མཚན་ཉིད་ཀྱིས་གྲུབ་པའམ་གནས་པ་ལ་བྱའོ། ། འདིར་རང་གི་མཚན་ཉིད་ཀྱིས་ཡོད་མེད་བསྟན་ཚོད་ནི་མིང་དང་བརྡ་ལ་ལྟོས་ནས་བཞག་མ་བཞག་ ཡིན་ལ། ཞེས་གསུངས་པའི་ཕྱིར། གལ་ཏེ་དེ་གཉིས་ལ་ཁྱད་པར་དབྱེ་རིགས་ཏེ། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཞེས་པའི་མི་གནས་ རྒྱུའི་རང་མཚན་དེ་རང་མཚན་དངོས་ལ་བྱེད་པར་ཡིག་ཆར་གསུངས་པ་ ལྟར་དྲང་ངེས་དཀའ་འགྲེལ་དུའང་གསུངས་པས་དེ་ལྟར་བྱེད་ཀྱང་ཕྱི་མའི་ མེད་རྒྱུ་དེ་དགག་བྱའི་རང་མཚན་ལ་བྱེད་དགོས་པའི་ཕྱིར། ཡིག་ཆ་ལས། སྔ་མའི་མེད་རྒྱུ་དེ་ཤེས་བྱ་ལ་མི་སྲིད། ཅེས་དང་།
ཕུང་བོ་ལྔ་རང་འཛིན་ རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་སྐབས་འདིའི་མེད་རྒྱུའི་མཚན་ཉིད་ཀྱི་ངོ་བོ་ལ་བྱེད་རིགས་ཀྱང་ཕུང་བོ་ལྔ་རང་གི་མཚན་ཉིད་ ཀྱིས་གྲུབ་པ་དེ་ལྟར་མི་བྱེད་པའི་ཁྱད་པར་འཐད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། ཡིག་ཆའི་དགོངས་པ་དྲང་ངེས་མཆན་དང་དཀའ་འགྲེལ་དུ། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲོ་བཏགས་པ་ལྟར་དུ་མ་གྲུབ་པ་དེ་མཚན་ཉིད་ངོ་བོ་ཉིད་མེད་པའི་རིགས་པའི་འཕུལ་གྱིས་བསྒྲུབ་པའི་དོན་དུ་བཞག་ནས་དེ་ལྟར་སྒྲོ་བཏགས་ པ་ལྟར་དུ་གྲུབ་པ་ཤེས་བྱ་ལ་མི་སྲིད་པ་དང་། དེ་ལྟར་སྒྲོ་བཏགས་པ་ལྟར་དུ་མེད་པའི་མེད་རྒྱུ་ལ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ ཀྱིས་གྲུབ་པ་འཇོག་པར་གསུངས་པའི་ཕྱིར། དྲང་ངེས་མཆན་ལས། དེ་ལྟར་གྲུབ་པ་ཤེས་བྱ་ལ་མི་སྲིད་པ་དང་། དེ་ལྟར་གྲུབ་པ་ལ་ཆོས་བདག་གིས་ཁྱབ་པའི་དོན་ཡིན་པ་སོགས་སྔར་དང་འདྲ་བའི་ཕྱིར། ཞེས་གསུངས་པ་སོགས་མང་། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་དགག་བྱའི་ རང་མཚན་ལ་བྱེད་ན་གོང་གི་ལུང་དེ་དག་དང་འགལ་བར་མ་ཟད་རིགས་པ་དང་འགལ་བ་ནི། མདོ་སྡེ་བ་ཆོས་ཅན། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའི་སྟོང་བ་རྟོགས་པར་ཐལ། མཚན་ཉིད་ངོ་བོ་ཉིད་མེད་པ་རྟོགས་པ་གང་ཞིག དེའི་མེད་རྒྱུའི་རང་མཚན་དེ་དགག་བྱའི་རང་མཚན་ལ་བྱེད་པའི་ཕྱིར། རྟགས་གཉིས་པ་ཁས། དང་བོ་གྲུབ་སྟེ། རྒྱས་བཤད་ཀྱི་དོན་སྦྱོར་གྱི་རྟགས་ཆོས་རྟོགས་པའི་ཕྱིར། འདོད་ན། སྟོང་ཉིད་རྟོགས་པར་ཐལ་ལོ། ། ཞེས་དང་། ཡང་མཚན་ཉིད་ངོ་བོ་ཉིད་མེད་པའི་རྒྱས་བཤད་ཀྱི་གཞུང་དེ་ཆོས་ཅན། སྟོང་ཉིད་རྒྱས་བཤད་ཀྱི་གཞུང་དུ་ཐལ། མཚན་ཉིད་ངོ་བོ་ཉིད་མེད་པ་རྒྱས་བཤད་ཀྱི་གཞུང་གང་ཞིག དེའི་མེད་རྒྱུ་ལ་དགག་བྱའི་རང་མཚན་བཞག་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་དགག་ བྱའི་རང་མཚན་མེད་པ་རྒྱས་པར་བཤད་དགོས་པའི་ཕྱིར། འདོད་ན། དོན་དམ་པ་ངོ་བོ་ཉིད་མེད་པ་རྒྱས་བཤད་ཀྱི་གཞུང་དུ་ཐལ་ལོ། ། ཞེས་པ་སོགས་ཡོད།
ཟུར་གཉིས་པ་ནི། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་ པའི་མེད་རྒྱུའི་རང་མཚན་དེ་ཚད་མ་བ་ལ་གྲགས་པའི་རང་མཚན་གྱིས་གྲུབ་པ་ལ་བྱེད་པར་ལུང་རིགས་དུ་མས་གྲུབ་ལ། འོ་ན་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲས་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ནི་སྐབས་འདིར་ ཀུན་བཏགས་སྤྱི་ཙམ་མིན་པར་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་ མཚན་ཉིད་ཀྱིས་གྲུབ་པར་སྒྲོ་བཏགས་པ་རྩོད་གཞིར་བཟུང་བའི་གནད་ཀྱིས་ཚིག་གིས་བསྟན་ཚོད་ལ་དེ་འདྲའི་སྒྲོ་བཏགས་པ་རང་མཚན་གྱིས་མ་གྲུབ་ པར་དངོས་སུ་བསྟན་ཡང་དོན་གྱི་ཐོབ་ཚོད་ནི་དེ་འདྲའི་སྒྲོ་བཏགས་པ་ལྟར་དུ་མ་གྲུབ་པར་དངོས་སུ་བསྟན་པར་སོང་། དེ་ལྟ་ན། འདིར་བསྟན་འཁོར་ལོ་དང་བོའི་སྒྲས་ཟིན་ལ་དངོས་སུ་གནོད་བྱེད་བསྟན་པར་འགྱུར་སྙམ་སྟེ། འདིར་བསྟན་འཁོར་ལོ་དང་བོའི་སྒྲས་ཟིན་གྱི་རང་མཚན་དེ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་ལྟར་དུ་མེད་པའི་མེད་རྒྱུ་ལ་བཞག་ནས་དོན་གྱིས་ཐོབ་ཚོད་ལ་སྒྲས་ཟིན་གྱི་རང་མཚན་དེ་མེད་པར་དངོས་སུ་བསྟན་པར་སོང་བའི་ཕྱིར། བདག་གིས་འདི་ལྟར་བསམ་པའི་ཁུངས་ནི། ཡིག་ཆ་ལས། གཞན་ཡང་། ཕུང་བོ་ལྔ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་བོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཞེས་པའི་སྐབས་ཀྱི་ཕུང་བོ་ལྔའི་སྟེང་དུ་གྲུབ་པར་བཀའ་སྩལ་བའི་རང་མཚན་ཡིན་པར་ཐལ། འདིར་བསྟན་འཁོར་ལོ་དང་བོ་ལ་དྲི་བ་ཞུས་ཚུལ་འཐད་པའི་ཕྱིར། འདོད་ན། ཕུང་བོ་ལྔ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ། དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཞེས་པའི་སྐབས་ཀྱི་མེད་རྒྱུའི་མཚན་ཉིད་ཀྱི་ངོ་བོ་ཡིན་པར་ཐལ། འདོད་པ་གང་ཞིག མདོ་འདི་དང་ཕུང་བོ་རྣམས་ཀྱི་རང་གི་ མཚན་ཉིད་ཀྱང་བཀའ་སྩལ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ འཁོར་ལོ་དང་བོ་གཉིས་ཀྱི་སྒྲས་ཟིན་སྒྲ་ཇི་བཞིན་པ་འགལ་བའི་ཕྱིར།
མདོ་ཕྱི་མ་འདི་མདོ་སྔ་མའི་སྐབས་ནས་བསྟན་པའི་འཁོར་ལོ་དང་བོའི་སྒྲས་ཟིན་སྒྲ་ཇི་བཞིན་པ་ལ་གནོད་བྱེད་སྟོན་པའི་མདོ་ཡིན་པའི་ཕྱིར། ཞེས་གསུངས་པ་འདི་ཡིན་ལ་ལུང་འདིར་ཚིག་ཟིན་ལ་འདིར་བསྟན་འཁོར་ལོ་དང་བོའི་ སྒྲས་ཟིན་དེ་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་མཚན་ཉིད་ཀྱི་ངོ་བོ་དེར་བཞག་ཅིང་། མདོ་དེས་དེ་མེད་པར་དངོས་སུ་བསྟན་པའི་ཆ་ནས་ འདིར་བསྟན་འཁོར་ལོ་དང་བོའི་སྒྲས་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ པར་གསུངས་ཀྱང་དགོངས་པ་ནི་དཀའ་འགྲེལ་སོགས་སུ་གསུངས་པ་ལྟར་ དེའི་རིགས་པའི་འཕུལ་གྱིས་བསྒྲུབས་པའི་དོན་དེ་ལྟར་སྒྲོ་བཏགས་པ་ལྟར་ དུ་མེད་པའི་མེད་རྒྱུ་ལ་སྦྱོར་དགོས་སམ་སྙམ། དེ་ལྟར་མིན་ན། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུ་ལ་དགག་བྱའི་རང་མཚན་བཞག་པར་ འགྱུར་བས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་བ་དང་། དྲང་ངེས་དཀའ་འགྲེལ་སོགས་སུ་ཡིག་ཆའི་དགོངས་པ་འགྲེལ་བ་དོན་མེད་པར་ འགྱུར་བའི་ཕྱིར། བཞི་བ་དོགས་གཅོད་ཅུང་ཟད་བཀོད་པ་ནི། རྒན་དམ་པ་མཆོག་གིས་ང་ཚོའི་འཛིན་གྲྭའི་ཆོས་གྲོགས་རྣམས་ལ་དྲང་ངེས་ཀྱི་དཔེ་ ཁྲིད་གནང་བའི་སྐབས་ཤིག་ལ་རྟགས་གསལ་འཕངས་པ་ནི། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ་ཞེས་པའི་སྐབས་ནས་བསྟན་པའི་ཀུན་བཏགས་ཡིན་ན་སྐབས་སུ་མཁོ་བའི་ཀུན་བཏགས་ཡིན་དགོས་པར་ཐལ། རྩ་བ་ལས། སྤྱིར་ཀུན་བཏགས་ལ་སྤྱི་མཚན་ཐམས་ཅད་དང་ནམ་མཁའ་ལ་སོགས་པ་དུ་མ་ཞིག་ཡོད་ཀྱང་། དགོངས་འགྲེལ་ལས་མ་གསུངས་པ་ནི་ཀུན་བཏགས་གང་གིས་སྟོང་བ་ཡོངས་གྲུབ་ཏུ་འཇོག་པའི་སྐབས་སུ་དེ་དག་མི་མཁོ་བས་སོ། ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་འདྲའི་ཀུན་བཏགས་ལ་ཆོས་ཁམས་ལ་སོགས་པའི་ཀུན་བཏགས་ཐམས་ཅད་མ་བཞག་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱས་བཤད་ཀྱི་སྐབས་འདིར་ཆོས་ཁམས་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་དངོས་སུ་མ་གསུངས་པར་ཐལ། དེའི་ སྐབས་ཀྱི་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་ཀུན་བཏགས་ ལ་ཆོས་ཁམས་མ་བཞག་པ་གང་ཞིག སྐབས་སུ་མཁོ་བའི་ཀུན་བཏགས་ མཚན་ཉིད་ངོ་བོ་ཉིད་མེད་པ་དེ་ཆོས་ཁམས་ངོ་བོ་ཉིད་མེད་པར་གསུངས་ པའི་དགོངས་གཞི་ཡིན་ཟེར་དོན་མེད་པའི་ཕྱིར། འདོད་ན། ལན་གྱི་སྐབས་སུ་ཆོས་ཁམས་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་དངོས་སུ་མ་གསུངས་པར་ཐལ། རྒྱས་བཤད་ཀྱིས་དངོས་སུ་མ་གསུངས་པ་གང་ཞིག དེ་ལྟར་ན་མདོར་བསྟན་གྱིས་ཀྱང་མ་གསུངས་ཟེར་དགོས་པའི་ཕྱིར། འདོད་ན། སྟོན་པས་ཆོས་ཁམས་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་དངོས་སུ་མ་གསུངས་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་ཡང་དག་འཕགས་ཀྱིས་སྟོན་པ་ལ་ཆོས་ཁམས་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་མ་དྲིས་པར་ཐལ་བ་དང་། འདིར་བསྟན་འཁོར་ལོ་བར་བར་ཀུན་བཏགས་ཀྱི་ཆོས་རྣམས་ངོ་བོ་ཉིད་མེད་པར་གསུངས་པའི་ཆོས་ཀྱི་ནང་ན་ཆོས་ཁམས་སོགས་མེད་པར་ཐལ་བར་འགྱུར། ཞེས་དང་།
གཞན་ཡང་། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ་ཞེས་པའི་ཀུན་བཏགས་ལ་གཟུགས་རང་ འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་འཇོག་པར་ ཐལ། དེ་འདྲའི་ཀུན་བཏགས་ལ་ཡོད་པས་མ་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་མཚན་ཉིད་ངོ་བོ་ཉིད་མེད་པ་དེ་འདིར་བསྟན་འཁོར་ལོ་ བར་བའི་དགོངས་གཞི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། འདིར་བསྟན་འཁོར་ལོ་བར་བར་གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ངོ་བོ་ཉིད་མེད་པར་གསུངས་པར་ཐལ། གཟུགས་དེ་ལྟར་གྲུབ་པ་མཚན་ཉིད་ངོ་བོ་ཉིད་མེད་པ་དེ་འདིར་བསྟན་འཁོར་ལོ་བར་བའི་དགོངས་གཞི་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེར་གཟུགས་ལ་ སོགས་པའི་ཆོས་རྣམས་ངོ་བོ་ཉིད་མེད་པར་གསུངས་པ་མ་གཏོགས་གཞི་མ་གྲུབ་པའི་རི་བོང་རྭ་སོགས་དེ་ལྟར་གསུངས་པ་མ་ཡིན་པའི་ཕྱིར། ཞེས་ སོགས་མང་ཡང་འདིར་དེ་ཙམ་ལས་འགོད་མི་ཐུབ། འདིར་བདག་གིས་ དོགས་པ་ཕྲན་བུ་ཞིག་བཀོད་ན། རྒྱས་བཤད་ཀྱི་གཞུང་འདིར་མཚན་ཉིད་ངོ་བོ་ཉིད་མེད་པར་བསྒྲུབ་རྒྱུའི་ཀུན་བཏགས་ལ་སྐབས་ཀྱི་ཀུན་བཏགས་ འཇོག་པར་ཐལ། དེའི་སྐབས་ཀྱི་ཀུན་བཏགས་ལ་སྐབས་ཀྱི་ཀུན་བཏགས་འཇོག་པའི་ཕྱིར། འདོད་ན། གཞུང་འདིས་རང་འཛིན་རྟོག་པའི་ཞེན་ གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་མཚན་ཉིད་ངོ་བོ་ཉིད་མེད་པར་ རྒྱས་པར་བཤད་པར་ཐལ། གཞུང་འདི་ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ་ཞེས་པའི་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་རྒྱས་པར་བཤད་པའི་གཞུང་གང་ཞིག འདོད་པ་དེའི་ཕྱིར། འདོད་ན། གཞུང་ འདིས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྒྱས་པར་བཤད་པར་ཐལ། འདོད་ པའི་ཕྱིར། འདོད་ན། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཆོས་ཅན། སྟོང་ཉིད་མ་ཡིན་པར་ཐལ། མཚན་ཉིད་ངོ་བོ་ཉིད་རྒྱས་བཤད་ཀྱི་གཞུང་འདིས་ཁྱོད་རྒྱས་ པར་བཤད་པའི་ཕྱིར། མ་ཁྱབ་ན། མཚན་ཉིད་ངོ་བོ་ཉིད་མེད་པ་རྒྱས་བཤད་ཀྱི་གཞུང་འདི་དོན་དམ་པ་ངོ་བོ་ཉིད་མེད་པ་རྒྱས་པར་བཤད་པའི་གཞུང་དུ་ཐལ་ལོ། ། གོང་དུ་འདོད་ན། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་ མཚན་ཉིད་ཀྱིས་གྲུབ་པ་ཡོད་པས་སྟོང་བ་དང་། དེ་གཅིག་གིས་སྟོང་བ་དང་། དེ་མེད་པ་སྟོང་ཉིད་མ་ཡིན་པར་ཐལ། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་དང་དེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་སྟོང་ཉིད་མ་ཡིན་པའི་ཕྱིར། ཞེས་དང་།
གཞན་ཡང་། མཚན་ཉིད་ངོ་བོ་ཉིད་མེད་པ་རྒྱས་བཤད་ཀྱི་ གཞུང་དེ་ཆོས་ཅན། འདིར་བསྟན་འཁོར་ལོ་དང་བོའི་སྒྲས་ཟིན་ལ་དངོས་སུ་གནོད་བྱེད་སྟོན་པར་ཐལ། དེའི་སྒྲས་ཟིན་ལ་དངོས་སུ་གནོད་བྱེད་སྟོན་པའི་གཞུང་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། འདིར་བསྟན་འཁོར་ལོ་དང་བོའི་སྒྲས་ཟིན་མེད་པར་དངོས་སུ་སྟོན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པར་དངོས་སུ་སྟོན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྟོང་ཉིད་དངོས་སུ་སྟོན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དོན་དམ་པ་ངོ་བོ་ཉིད་མེད་པ་དངོས་སུ་སྟོན་པར་ཐལ་ལོ། ། འདོད་པའི་ཕྱིར། འདོད་ན། དྲང་ངེས་མཆན་དང་འགལ། ཞེས་དང་། ཡང་མདོ་སྡེ་བ་ཆོས་ཅན། སྟོང་ཉིད་རྟོགས་པར་ཐལ། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲོ་བཏགས་ པ་ལྟར་དུ་མ་གྲུབ་པ་རྟོགས་པའི་ཕྱིར་ཏེ། མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་རྟོགས་པའི་ཕྱིར་ཏེ། མཚན་ཉིད་ངོ་བོ་ཉིད་མེད་པ་རྟོགས་པའི་ཕྱིར། མ་ཁྱབ་ན། མཚོན་བྱ་དེའི་དོན་མ་རྟོགས་པར་མཚོན་བྱ་དེ་རྟོགས་པ་ཡོད་ན་དོན་འཆོལ་བར་འགྱུར་ལ། མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་ཙམ་སྟོང་ཉིད་ཡིན་ན་དྲང་ངེས་དཀའ་འགྲེལ་དུ། རིགས་པའི་འཕུལ་གྱིས་བསྒྲུབ་པའི་དོན་ཟེར་དགོས་དོན་མེད་པར་འགྱུར་རོ། ། ཡང་མདོ་སྡེ་བ་ཆོས་ཅན། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲོ་བཏགས་ པ་ལྟར་དུ་མ་གྲུབ་པ་རྟོགས་པར་ཐལ། དེ་འདྲའི་སྒྲོ་བཏགས་པ་སྒྲོ་བཏགས་པ་ཡིན་པར་རྟོགས་པའི་ཕྱིར་ཏེ། དེ་འདྲའི་སྒྲོ་བཏགས་པ་རྟོགས་པའི་ཕྱིར་ཏེ། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་རྟོགས་པའི་ཕྱིར་ཏེ། དེ་ལྟར་གྲུབ་པར་འཛིན་པའི་རྟོག་པ་ལ་དེ་ལྟར་གྲུབ་ པར་སྣང་བ་རྟོགས་པའི་ཕྱིར་ཏེ། དེ་ལྟར་གྲུབ་པར་འཛིན་པའི་རྟོག་པ་ཁོ་ཁོ་རང་ཡིན་པར་རྟོགས་པའི་ཕྱིར་ཏེ། དེ་ལྟར་གྲུབ་པར་འཛིན་པའི་རྟོག་པ་ རྟོགས་པའི་ཕྱིར་ཏེ། དེ་ལྟར་གྲུབ་པར་འཛིན་པའི་རྟོག་པའི་སྣང་བ་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་ལྟར་གྲུབ་པར་འཛིན་པའི་རྟོག་པའི་ སྣང་བ་སྒྲོ་བཏགས་སུ་རྟོགས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཡིག་ཆ་ལས། མདོ་སྡེ་བས་དེ་འདྲའི་སྣང་བ་དེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྒྲོ་ བཏགས་སུ་ངེས་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
གཞན་ཡང་། མདོ་སྡེ་བས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲོ་བཏགས་པ་མ་རྟོགས་ཀྱང་དེ་ལྟར་གྲུབ་པར་སྣང་བ་རྟོགས་པའི་ཁྱད་པར་ཕྱེ་ན་མི་འཐད་པ་ནི། མདོ་སྡེ་བ་ཆོས་ཅན། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་རྟག་པར་རྟོགས་པར་ཐལ། ཁྱོད་ཀྱིས་དེ་རྟོགས་པའི་བློ་རྩེ་འཐད་པའི་ཕྱིར། འདོད་ན། དེ་ལྟར་གྲུབ་པར་སྣང་བ་དངོས་མེད་དུ་རྟོགས་པར་ཐལ། དེ་རྟག་པར་རྟོགས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཁྱོད་ཀྱིས་དེ་སྤྱི་མཚན་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱིས་དེ་རང་མཚན་དུ་མ་གྲུབ་པ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱིས་རང་འཛིན་རྟོག་པའི་ ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ལྟར་དུ་མ་གྲུབ་པར་ རྟོགས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེ་ལྟར་གྲུབ་པར་སྒྲོ་བཏགས་པ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་རྟོགས་ན་དེ་ལྟར་གྲུབ་པར་སྒྲོ་བཏགས་པ་ལྟར་དུ་མ་གྲུབ་པ་རྟོགས་དགོས་པའི་ཕྱིར། ཡང་མདོ་སྡེ་བ་ཆོས་ཅན། དེ་ལྟར་གྲུབ་པར་སྣང་བ་ལྟར་དུ་མ་གྲུབ་པ་རྟོགས་པར་ཐལ། དེ་ལྟར་གྲུབ་པར་སྣང་བ་དེ་སྒྲོ་བཏགས་སུ་རྟོགས་པའི་ཕྱིར་ཏེ། སྟོང་ཐུན་ལས། གཟུགས་ སོགས་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་ཀྱི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་རྟོག་པ་ལ་སྣང་བའི་སྣང་བ་ཙམ་ནི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྒྲོ་བཏགས་སུ་མདོ་སྡེ་བས་ཀྱང་གྲུབ་ཟིན་ཅིང་། ཞེས་གསུངས་པའི་ཕྱིར། ཞེས་སོ། ། འདི་དག་གི་མཇུག་ཏུ་བདག་གི་དུས་གསུམ་གྱི་དགེ་རྩ་ཇི་སྙེད་ཅིག་ཡོད་པ་དེ་དག་གི་མཐུ་ལ་བརྟེན་ནས་རྒན་དམ་པ་མཆོག་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པ་དང་། གདུལ་བྱ་རྣམས་ཀྱིས་ཚེ་རབས་ཐམས་ ཅད་དུ་དམ་པ་ཁོང་དང་འབྲལ་བ་མེད་པར་གསུང་གི་དམ་པ་བདུད་རྩི་ལ་ ལོངས་སྤྱད་དེ་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་ཅིང་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཏུ་འཐོབ་པར་གྱུར་ཅིག །
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
ཅེས་པའི་སྨོན་འདུན་དང་བཅས་རྗེ་བཙུན་རྡོ་རྗེས།ཕྱི་ལོ་ ༢༠༡༠ ཟླ་༤ཚེས་༦ལ་བྲིས་པའོ། །
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
