འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན་དྲིས་ལན།༦

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-26 23:33:28     རྩོམ་པ་པོ།   ཀླུ་སྐལ་རྒྱམ། འབྲས་སྤུངས་སྒོ་མ    ཀློག་ཐེངས།  

76549972386228242.jpg

           དྲི་གཞི་བཞི་བ། དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་པའི་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་ པར་ཅི་ཡོད། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་ལ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན།།
         དྲི་གཞི་བཞི་བའི་ལན།
ཀླུ་སྐལ་རྒྱམ། འབྲས་སྤུངས་སྒོ་མང་།

          ༄༅། ། འདི་ལ་ཡིག་ཆ་སོ་སོའི་བཞེད་ཚུལ་མི་མཐུན་པ་མང་བས་གཅིག་ཏུ་ཁ་ཚོད་གཅོད་དཀའ་ཡང་། རྩ་བར། འདིར་རང་གི་མཚན་ཉིད་ཀྱིས་ ཡོད་མེད་བསྟན་ཚོད་ནི། ཞེས་པ་ལྟར་མདོ་དང་རྩ་བའི་བསྟན་ཚོད་ཀྱི་དོན་ནི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་མ་ཡིན་ཞེས་པའི་རང་མཚན་ལ་རང་མཚན་དངོས་དང་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་དངོས་ཟིན་གྱི་དགག་བྱ་ཡང་ཚད་མ་བར་གྲགས་པའི་རང་མཚན་ལ་བཤད་པས་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་བའི་སྐྱོན་མི་འོང་ལ། སྐབས་འདིར་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་བསྟན་པས་འཁོར་ལོ་ དང་བོའི་སྒྲས་ཟིན་ལ་གནོད་བྱེད་སྟོན་ཚུལ་ནི།

         སེམས་ཙམ་པས་གཞལ་ཚེ་དོན་སྨྲ་གཉིས་ཀྱིས་དང་བོའི་སྒྲས་ཟིན་ལྟར་རང་མཚན་གྱིས་གྲུབ་པར་ཁས་ལེན་རྒྱུའི་གཟུགས་སོགས་ནི་སྣང་ཆ་ཀུན་བཏགས་ཙམ་ལས་མ་འདས་པས། འདིར་འགོག་པའི་ཚེའང་ཀུན་བཏགས་སྤྱི་ཙམ་ཆོས་ཅན་དུ་མ་བཟུང་བར་ གཟུགས་སོགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ དེ་ཉིད་ཆོས་ཅན་དུ་བཟུང་ནས་བཀག་པས་དོན་སྨྲ་གཉིས་ཀྱིས་འདོད་པའི་འཁོར་ལོ་དང་བོའི་སྒྲས་ཟིན་ལྟར་འཛིན་པའི་འཛིན་པའང་འདི་ལས་ཁེགས་ཚུལ་གཞན་མེད་དོ། །དོན་གྱི་ཐོབ་ཚོད་ཀྱི་མཚན་ཉིད་ངོ་བོ་ཉིད་དང་དེ་ བཀག་པ་སྟོང་ཉིད་དུ་འགྲོ་ཚུལ་སོགས་ནི་དཀའ་འགྲེལ་ན་གསལ་བས་འདིར་བསྐྱར་བཤུས་མ་བྱས་སོ། །
 

                               རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།