འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན་དྲིས་ལན།༥

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-26 23:29:35     རྩོམ་པ་པོ།   ལི་ཐང་ཕུན་ཚོགས་རིན་ཆེན།    ཀློག་ཐེངས།  

   76549972386228242.jpg      

             དྲི་གཞི་བཞི་བ། དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་པའི་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་ པར་ཅི་ཡོད། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་ལ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན།།

        དྲི་གཞི་བཞི་བའི་ལན།
ལྷ་རམས་པ་ལི་ཐང་ཕུན་ཚོགས་རིན་ཆེན། འབྲས་སྤུངས་སྒོ་མང་།

           ༄༅། ། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་པའི་མི་གནས་རྒྱུའི་རང་མཚན་དེ་སྒྲ་རྟོག་གིས་བཏགས་པ་ཙམ་མ་ཡིན་པར་གྲུབ་པ་ལ་བྱའོ། ། སྤྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་པའི་མེད་རྒྱུའི་ རང་མཚན་ལ་སྒྲ་རྟོག་གིས་བཏགས་པ་ཙམ་མ་ཡིན་པར་གྲུབ་པ་སོགས་ཡོད་ཀྱང་རྒྱས་བཤད་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་མཚན་ཉིད་ངོ་བོ་ཉིད་དེ་ལ་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའམ་གྲུབ་པར་སྒྲོ་བཏགས་པ་གང་རུང་ལ་བྱའོ། ། དེ་ལྟར་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་དངོས་མིན་པ་དང་དེ་ལྟར་གྲུབ་པས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོ་མིན་ཀྱང་དེ་བཀག་པ་དོན་ལ་སྟོང་ཉིད་དུ་འགྲོ་ཚུལ་ཡོད་ གསུངས་སོ། །

          དཔེར་ན། ཐག་ཁྲ་སྦྲུལ་དུ་མ་གྲུབ་ཅེས་པ་དང་། ཐག་ཁྲ་ སྦྲུལ་སྣང་སྦྲུལ་དུ་མ་གྲུབ་ཅེས་པ་གཉིས་ལ་ཁྱད་པར་ཡོད་པ་བཞིན་གཟུགས་སོགས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་མ་གྲུབ་ཅེས་པ་ དང་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་རང་ མཚན་གྱིས་མ་གྲུབ་ཅེས་པ་གཉིས་ལའང་ཁྱད་པར་ཡོད་དོ། ། དེས་ན་ཀུན་ བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་མིན་ཀྱང་དེ་ལྟར་གསུངས་པས་འཁོར་ལོ་དང་བོའི་སྒྲས་ཟིན་ལ་མི་གནོད་པའི་སྐྱོན་མེད་དེ། སྐབས་ འདིར་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་གསུངས་པས་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་དང་། དེ་ལྟར་གྲུབ་པར་སྒྲོ་བཏགས་པ་གཉིས་རང་མཚན་གྱིས་མ་གྲུབ་པར་བསྟན་ལ། དེས་ན་དེ་ལྟར་གྲུབ་པ་རང་མཚན་གྱིས་མ་གྲུབ་པར་བསྟན་པ་ན་དེ་ལྟར་གྲུབ་པ་དེ་བདེན་པའམ་དངོས་མ་ཡིན་པར་བརྫུན་པ་ཙམ་ཞིག་ཏུ་གོ་ལ། དེས་ན་དེར་མེད་པའམ་དེས་སྟོང་བ་བདེན་པ་ཡིན་པ་དོན་གྱིས་གོའོ། །

           སྒྲོ་བཏགས་པ་རང་མཚན་གྱིས་མ་གྲུབ་ཅེས་པས་སྒྲོ་བཏགས་པ་དེ་བདེན་པ་མ་ཡིན་པར་བརྫུན་པ་ཙམ་ཞིག་ཏུ་གྲུབ་པས་སྒྲོ་བཏགས་པ་ལྟར་དུ་མ་གྲུབ་པ་དོན་གྱིས་གོའོ། ། སྐབས་འདིར་ཀུན་ བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་མིན་ཡང་དོན་སྟོང་ཉིད་དུ་འགྲོ་ཞེས་གསུངས་པ་འདི་ལེགས་བཤད་བླ་ན་མེད་པ་ཞིག་ཡིན་པར་སྣང་ངོ་།།
ཞེས་སློབ་བུ་དགེ་མིང་བ་ལི་ཐང་ཕུན་ཚོགས་རིན་ཆེན་ནས། 
 

                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

          ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
         གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།