འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན་དྲིས་ལན།༤
དྲི་གཞི་བཞི་བ། དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་པའི་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་ པར་ཅི་ཡོད། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་ལ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན།།
དྲི་གཞི་བཞི་བའི་ལན།
ལྷ་རམས་པ་ལི་ཐང་དྲི་མེད་ཆོས་དབྱིངས། འབྲས་སྤུངས་སྒོ་མང་།
བླ་མ་དང་མགོན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །
ངོ་མཚར་ཚིག་གི་རི་མོ་ཉམས་ལྡན་ཞིང་། །
ཐབས་ཀྱི་རྣམ་འགྱུར་བརྒྱ་དང་བརྒྱ་ཕྲག་གིས། །
ས་དང་ལམ་གྱི་རྟོགས་པ་བྱེ་བ་བརྒྱ། །
སྐྱེ་དགུའི་སྙིང་ལ་འགོད་རྣམས་ཕྱག་གི་ཡུལ། །
ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་མཚན་ཉིད་ ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ལ་ཁྱད་པར་ཅི་ཡོད་ཅེ་ན། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་པའི་རང་ མཚན་ནི་རྟོག་པའི་བཏགས་ཙམ་མ་ཡིན་པའི་རང་མཚན་ལ་འཇོག་དགོས་ ཤིང་། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ནི་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པའམ་དེ་ལྟར་གྲུབ་པར་ སྒྲོ་བཏགས་པའི་ཆ་གཉིས་ཀ་འཇོག་པས་སྔ་མ་དང་གཏན་ནས་མི་མཚུངས་སོ། ། དེས་ན་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུ་དེར་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ཉིད་འཇོག་ཀྱང་། དེ་ལྟར་གྲུབ་པར་སྒྲོ་བཏགས་པའི་ཆ་དེ་ཉིད་འཇོག་མི་རིགས་ཏེ། དྲང་ངེས་མཐའ་དཔྱོད་བཻཌཱུརྱཱ་དཀར་བོའི་གན་མཛོད་ལས། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ་ཞེས་པའི་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་ཆོས་ཀྱི་བདག་ མེད་ཕྲ་མོ་ལ་བྱེད་པ་མི་རིགས་པར་ཐལ། རང་གི་མཚན་ཉིད་ཀྱིས་རྣམ་ པར་གནས་པ་ནི་མ་ཡིན་པས་ཞེས་པའི་དངོས་བསྟན་གྱི་རང་གི་མཚན་ཉིད་ཀྱིས་མི་གནས་པའི་དོན་ཆོས་ཀྱི་བདག་མེད་ཕྲ་མོ་ལ་མི་བྱེད་པའི་ཕྱིར་ན་མ་ ཁྱབ་སྟེ། སྔ་མའི་མེད་རྒྱུ་དེ་ཤེས་བྱ་ལ་མི་སྲིད། ཕྱི་མའི་དེ་ཡོད་པའི་ཕྱིར་ ཞེས་དང་།
དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་ཡིན་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་ཀྱིས་གྲུབ་པ་དང་དེར་རང་ངོས་ནས་གྲུབ་པ་ རྣམས་ཡིན་པས་ཁྱབ་པའི་ཕྱིར་ཞེས་སོགས་གསུངས་པའི་ཕྱིར་ཞེ་ན། དེའི་དོན་རྗེ་གུང་ཐང་བའི་དྲང་ངེས་མཆན་ལས། སྔ་མའི་གོང་འོག་གཉིས་ཀར་མཚན་ཉིད་ངོ་བོ་ཉིད་མེད་པ་ཙམ་མ་གསུངས་པར་དེའི་དོན་ཞེས་གསུངས་ཤིང་དོན་སྟོང་ཉིད་དུ་འགྲོ་ཚུལ་འདིའི་ངོ་བོ་ཉིད་ལ་བདག་ཏུ་སྒྲོ་བཏགས་པ་ཡང་ཡོད་པས་ཚིག་ལ་དེ་བཀག་པ་ལྟར་བརྗོད་ཀྱང་དོན་འཆད་པའི་ཚེ་དེ་ལ་སྒྲོ་བཏགས་པ་ལྟར་དུ་མེད་པ་ཞེས་བཤད་དགོས་ཤིང་། དེ་ལྟར་བྱེད་ན་སྟོང་ཉིད་དུ་འགྲོ་བའི་དོན་ནོ། ། ཞེས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུ་ལ་དགག་བྱའི་ཆོས་བདག་དང་། ཆོས་བདག་ཏུ་སྒྲོ་བཏགས་པའི་ཆ་གཉིས་ཀ་འཇོག་དགོས་པར་གསུངས་པས། མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ ཉིད་དུ་ཐལ་བའི་ཉེས་པ་མེད་ལ། འོན་ཀྱང་ཐལ་རང་གཉིས་ཀྱི་ལུགས་ལ་ངོ་བོ་ཉིད་མེད་པ་གསུམ་གའི་མེད་རྒྱུ་ལ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ཁོ་ན་འཇོག་དགོས་པས་ངོ་བོ་ཉིད་མེད་པ་གསུམ་ག་སྟོང་ཉིད་དུ་འདོད་དགོས་ཤིང་། འདི་བ་དང་མི་མཚུངས་སོ། །
ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུར་ཚད་མ་བ་ལ་གྲགས་པའི་རང་མཚན་འོང་དོན་མེད་དེ། སྤྱིར་ཚད་མ་བ་ལ་གྲགས་ཞེས་པའི་ཚིག་གི་ནུས་པས་རྗེ་བླ་མ་རང་ཉིད་ཀྱི་ དགོངས་པ་མཐར་ཐུག་ཐལ་འགྱུར་བའི་ལུགས་སུ་གནས་པ་བསྟན་པའི་ཆེད་དུ་འདུག་པས། ཚད་མ་བ་ལ་གྲགས་པའི་རང་མཚན་དེ་ཡང་། གཞན་དབང་ཡོངས་གྲུབ་གཉིས་ཙམ་ལ་གཏན་ལ་འབེབས་རྒྱུའི་རང་མཚན་ནམ་བདེན་ པར་གྲུབ་པ་ལ་བྱེད་དོ། ། དེ་ཡང་ལེགས་བཤད་སྙིང་བོ་ལས། དོན་སྨྲ་གཉིས་ཀྱིས་གཟུགས་སོགས་རྟོག་པའི་ཞེན་གཞིར་དང་། བརྡ་འདོགས་པའི་གནས་སུ་རང་མཚན་གྱིས་གྲུབ་པ་ཁེགས་ན་དེ་དག་ཡོད་པར་འཇོག་མི་ཤེས་ཏེ། ཚད་མ་བ་ལ་གྲགས་པའི་རང་མཚན་ནི་མིན་ནོ། ། ཞེས་དོན་སྨྲ་གཉིས་ཀྱི་ ལུགས་ལ་གཟུགས་སོགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ ཉིད་ཀྱིས་གནས་ཚོད་ཀྱི་དབང་གིས་མ་གྲུབ་ན། དེ་དག་དོན་སྨྲ་གཉིས་ཀྱི་ ལུགས་སུ་ཡོད་པར་ཁས་ལེན་མི་ཐུབ་ཅིང་། སྤྱིར་རང་གི་མཚན་ཉིད་དམ་ བདེན་གྲུབ་མིན་ཡང་། ཡོད་པར་འཇོག་མི་ཤེས་པ་མིན་ཏེ། ནམ་མཁའ་དང་ཤེས་བྱ་སོགས་སྤྱི་མཚན་གྱི་ཆོས་དུ་མ་ཞིག་ཡོད་པར་འདོད་པས་སོ། ། འོན་ཀྱང་ཡིག་ཆ་གཞན་འགའ་ཞིག་ཏུ་དོན་སྨྲ་གཉིས་ཀྱི་ལུགས་ལ་རང་མཚན་ དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་ཁྱད་ཕྱེ་ནས་ཚད་མ་བ་ལ་གྲགས་པའི་རང་མཚན་ལ་དོན་དམ་པར་དོན་བྱེད་ནུས་པའི་ཆོས་འཇོག་པ་ཙམ་ ལས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཚད་མ་བ་ལ་གྲགས་པའི་རང་མཚན་ལ་མི་འདོད་པ་ནི་མདོ་སྡེ་བའི་ལུགས་ལ་གཞི་གྲུབ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དོན་གཅིག་ཏུ་ཁས་ལེན་པའི་གནད་ཀྱིས་ཡིན་ནོ། །
དེ་ལས་ཅུང་ཟད་འཕྲོས་ཏེ་དཔྱད་ན། དགོངས་འགྲེལ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ ཡིན་གྱི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས། དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། ། ཞེས་པའི་སྦྱོར་བ་འགོད་ཚུལ་ལ། རྗེ་དགེ་འདུན་རྒྱ་མཚོའི་དྲང་ངེས་དཀའ་འགྲེལ་ལས། ཀུན་བཏགས་ཆོས་ཅན། ཁྱོད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། ཁྱོད་མིང་དང་བརྡས་བཞག་ཙམ་ཡིན་གྱི། རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར། ཞེས་འདིར་ཀུན་བཏགས་མིང་དང་བརྡས་འཇོག་པར་གསུངས་པ་ནི། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཀྱི་དབང་དུ་བྱས་པ་ཡིན་གྱི་ཞེས་གསུངས། འོན་ཀྱང་དྲང་ངེས་ཆེན་མོར། ཀུན་བཏགས་ཆོས་ཅན། ཁྱོད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྒྲུབ་ཕྱོགས་ནས་མིང་བརྡས་བཞག་ཙམ་ཡིན་ཀྱང་། དགག་ཕྱོགས་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར། ཞེས་པ་བཀག་གོ ། དེས་ན་འགོག་ཚུལ་འདི་ལ་ཞིབ་ཏུ་དཔྱད་དགོས་སུ་གཟིགས་ཏེ། རྗེ་གུང་ཐང་བའི་དྲང་ངེས་ མཆན་ལས་ཞིབ་ཆ་མཛད་པ་ལྟར་དྲང་ངེས་ཆེན་མོས་བཀག་པའི་ཕྱོགས་ སྔའི་འདོད་པ་ནི་གོང་སྨྲས་སྦྱོར་བ་དེ་ཡང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་སྒྲོ་བཏགས་པ་ལྟར་དུ་མེད་པའམ། མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་རང་ལྡོག་སྒྲུབ་བྱེད་དུ་སྦྱོར་བ་དེ་བཀོད་པ་ཡིན་པས། དེའི་ བསྒྲུབ་བྱའི་ཆོས་དོན་སྨྲས་རྟོགས་པ་མི་རུང་བས་བཀག་པ་ཡིན་གྱི། སྤྱིར་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་ཀྱིས་གྲུབ་པར་སྣང་བའམ། དེ་ལྟར་སྒྲོ་བཏགས་པ་ཆོས་ཅན། མཚན་ཉིད་ངོ་བོ་ཉིད་མེད་ཅེས་བྱ་སྟེ། ཞེས་བཀོད་ནའང་མི་འགལ་ཏེ། དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པའི་གཞི་ལྡོག་སྒྲུབ་བྱེད་ཀྱི་སྦྱོར་བ་ཡིན་གྱི། རང་ལྡོག་སྒྲུབ་བྱེད་དུ་བཀོད་པ་དང་གཏན་ ནས་མི་འདྲའོ། །
འདིའི་གཞི་ལྡོག་ཅེས་པ་མཚན་ཉིད་ངོ་བོ་ཉིད་མེད་པ་ཙམ་ལ་གོ་ཡི། སྤྱིར་ཀུན་བཏགས་སྤྱི་ཙམ་དང་དེའི་གཞི་ལྡོག་ལ་གོ་བར་མི་བྱ་སྟེ། གཞན་དུ་ན་མཆན་གྱི་དགོངས་པ་བདེ་བླག་ཏུ་གོ་བར་མི་སྤོབས་སོ། ། སྦྱོར་བ་འགོད་ཚུལ་འདི་ལའང་དོགས་པ་འདི་ལྟར་འདུག་སྟེ། སྐབས་འདིའི་སྦྱོར་བ་འགོད་ཡུལ་ལ་དོན་སྨྲ་སྡེ་གཉིས་འཇོག་ན། རང་འཛིན་རྟོག་པའི་ཞེན་ གཞིར་རང་གི་མཚན་ཀྱིས་སྒྲོ་བཏགས་པ་དེ་ཉིད་དོན་སྨྲས་རྟོགས་སམ་མ་ རྟོགས། དང་བོ་ལྟར་ན་དེ་ལྟར་སྒྲོ་བཏགས་པ་དེ་ཉིད་དེ་ལྟར་སྒྲོ་བཏགས་ པར་རྟོགས་དགོས་པས་བསྒྲུབ་བྱ་གྲུབ་པར་ཐལ་ལ། ཕྱི་མ་ལྟར་ན་རྟགས་ཆོས་དོན་སྨྲས་རྟོགས་པར་སྒྲུབ་པའི་རྩོད་གཞི་ལའང་མཚུངས་སོ་སྙམ། གཞན་ཡང་དེ་ལྟར་སྒྲོ་བཏགས་པ་དེ་ཉིད་མིང་བརྡས་བཞག་ཙམ་དོན་སྨྲས་རྟོགས་ན། དེ་ལྟར་སྒྲོ་བཏགས་པ་དེ་ཉིད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་རྟོགས་ དགོས་ལ། དེ་ལྟར་ན་སྒྲོ་བཏགས་དེ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པར་ རྟོགས་པར་ཡང་དོགས་སོ། ། གཞན་ཡང་དོན་སྨྲ་སྡེ་གཉིས་ལ་ཕྱོགས་ཆོས་ གྲུབ་ན་ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་གོ་བར་འགྱུར་ཏེ། སྒྲོ་བཏགས་དེ་ཉིད་ཀྱི་སྟེང་དུ་རང་མཚན་གྱི་དོན་ཁེགས་དགོས་པའི་ཕྱིར། ཁྱབ་སྟེ། རྣམ་ངེས་ཊིཀ་ཆེན་ལས། རྟོག་པའི་བཏགས་ཙམ་མ་ཡིན་པའི་ཡོད་པ་ཙམ་རང་མཚན་གྱི་དོན་ལྡོག་མ་ཡིན་ཏེ། དེ་གཞི་ཆོས་ཅན་ཚད་མས་གྲུབ་པ་གཅིག་གི་སྟེང་དུ་ཚད་མས་ལེགས་པར་འགོག་ནུས་པ་ཡིན་ན་དབུ་མའི་ལྟ་བ་གོ་དགོས་ལ། ཞེས་གསུངས་པའི་ཕྱིར།
གཞན་ཡང་། སྒྲོ་བཏགས་ཀྱི་སྟེང་དུ་རང་མཚན་གྱི་དོན་ལྡོག་ཁེགས་ནས་ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་གོ་མི་དགོས་ན་ གཞི་རྣམ་ཤེས་ཀྱི་སྟེང་དུ་རང་མཚན་གྱི་དོན་ཚད་མས་ཁེགས་ན་ངོ་བོ་ཉིད་ མེད་པར་སྨྲ་བའི་ལྟ་བ་གོ་མི་དགོས་པར་ཐལ། སྒྲོ་བཏགས་ཀྱི་སྟེང་དུ་དེ་ ལྟར་མི་དགོས་པ་གང་ཞིག་མཚུངས་པའི་ཕྱིར། འདོད་ན། དེ་ལྟར་མི་འཐད་པར་ཐལ། གཞི་རྣམ་ཤེས་ལ་རང་མཚན་གྱི་དོན་ཚད་མས་ཁེགས་ན་ངོ་བོ་ ཉིད་མེད་པར་སྨྲ་བའི་ལུགས་ཀྱི་ལྟ་བ་གོ་དགོས་པའི་ཕྱིར། དེ་ལྟར་དགོས་ པར་རྣམ་བཤད་ཐར་ལམ་གསལ་བྱེད་ལས། གཞི་རྣམ་ཤེས་ལ་རང་མཚན་གྱི་དོན་ཚད་མས་ཁེགས་ན་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཀྱི་ལྟ་བ་གོ་བར་འགྱུར་ལ། ཞེས་གསུངས་པའི་ཕྱིར། རྣམ་ཤེས་ལ་དེ་ལྟར་དགོས་ཀྱི་སྒྲོ་ བཏགས་སོགས་ལ་དེ་ལྟར་མི་དགོས་སོ་ཟེར་ན། དེ་མི་འཐད་པར་ཐལ། སྒྲོ་བཏགས་པའི་སྟེང་དུ་རང་མཚན་གྱི་དོན་ལྡོག་གང་བཀག་པ་དེ། དབུ་མ་ ཐལ་འགྱུར་བའི་ལུགས་ཀྱི་དོན་དམ་བདེན་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དངོས་སྨྲ་བའི་གང་འདོད་པའི་རང་མཚན་གྱི་དོན་ལྡོག་གང་ བཀག་པ་དེ་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་དོན་དམ་བདེན་པ་མ་ཡིན་ པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་ཡིན་པའི་ཕྱིར། དེར་ཐལ། ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དབུ་མ་ཐལ་འགྱུར་བ། རང་མཚན་དོན་དམ་དཔྱོད་པའི་རྟགས་ཀྱི་དགག་བྱའི་གཙོ་བོར་འདོད་ལ། དངོས་སྨྲ་བའི་འདོད་པའི་རང་མཚན་གྱི་དོན་ལྡོག་དེ་བཀག་པ་དོན་དམ་ བདེན་པར་འདོད་པ་ཡིན་ལ། དེའི་ཕྱིར་དངོས་སྨྲ་བའི་རང་མཚན་གྱི་དོན་ལྡོག་གང་འདོད་པ་དེ་དབུ་མ་ཐལ་འགྱུར་བ་ཐ་སྙད་དུ་ཡང་གཞི་མ་གྲུབ་པར་འདོད་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདིར་དོགས་པ་མཐའ་དག་བསླངས་ནས་དགག་བཞག་བྱས་ཚེ་ཧ་ཅང་མང་བར་འགྱུར་ལ། རེ་ཞིག་ མདོར་བསྡུས་ཏེ་ཉུང་ངུ་ཙམ་ཞིག་བཀོད་པ་ཡིན་ནོ། །
སྤྱིར་སུ་ཞིག་གིས་ཀྱང་ལུང་ཙམ་སྐྱབས་སུ་མི་འཛིན་པར་རིགས་པས་དཔྱད་ནས་དགག་བཞག་མ་ ནོར་བར་བློ་མིག་ཆེས་ཆེར་སྦྱང་དགོས་པ་ཡིན་ཏེ། མཉམ་མེད་ཙོང་ཁ་པ་ ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས། རྣམ་དག་རིགས་པའི་བློ་ གྲོས་མིག་སྦྱོངས་ལ། ། ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། ། བསྟན་པའི་གནད་ལ་ངེས་པ་བརྟན་པོ་ཚོལ། ། ཅེས་གསུངས་པ་བཞིན་ལགས་སོ། ། བསྔོ་བ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། ། ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་ཏེ། ། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། ། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། ། དུས་གསུམ་གཤེགས་པའི་རྒྱལ་བ་ ཐམས་ཅད་ཀྱིས། ། བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེ། ། བདག་གི་ དགེ་བའི་རྩ་བ་འདི་ཀུན་ཀྱང་། ། བཟང་བོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །
ཞེས་དགེ་བཤེས་ལྷ་རམས་པ་ཧར་གདོང་དྲི་མེད་ཆོས་དབྱིངས་ཀྱིས་དཔལ་ལྡན་ འབྲས་སྤུངས་སུ་བྲིས། །
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn