འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན་དྲིས་ལན།༣
དྲི་གཞི་བཞི་བ། དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་པའི་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་ པར་ཅི་ཡོད། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་ལ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན།།
དྲི་གཞི་བཞི་བའི་ལན།
ལྷ་རམས་པ་ཚུལ་ཁྲིམས་ཉི་མ། སྤྲེལ་རྫོང་།
རྩིབས་སྟོང་འཁོར་ལོའི་བཀའ་ཡིག་རིམ་པ་གསུམ། །
འཁོར་བའི་མཐའ་བྲལ་རྟེན་འབྱུང་ཟབ་ཡངས་ཀྱིས། །
མུན་པའི་གོ་ལའི་ཁྱོན་མཐའི་དམུ་རྒོད་ཀྱི། །
ལྟ་ངན་རྩེ་བརྒྱའི་གདེངས་ཀ་ཅིག་ཅར་འཇོམས། །
ཆོས་སྲིད་སྲོལ་གཉིས་གཙུག་གི་ཅོད་པན་འཆང་། །
འཆད་རྩོད་རྩོམ་པའི་ནོར་བུའི་འཕྱང་འཕྲུལ་སྦུད། །
བྱམས་བརྩེའི་གདུགས་དཀར་ཞི་བདེ་གླིང་འདིར་ཕུབ། །
བསིལ་བའི་རྫོགས་ལྡན་སླར་ཡང་ལྗོངས་འདིར་དྲངས། །
དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་ བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། ། ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པའི་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་ པར་ཡོད་དེ། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཞེས་པའི་དགག་བྱའི་རང་མཚན་ནི་གཙོ་བོ་ཚད་མ་བ་ལ་གྲགས་པའི་རང་མཚན་ཡིན་ལ། དེ་ཀུན་བཏགས་ཀྱི་སྟེང་དུ་ཁེགས་ཚུལ་ནི། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་ལྟ་བུའི་སྐབས་སུ་མཁོ་བའི་ཀུན་བཏགས་ཀྱི་སྟེང་དུ་ཚིག་གིས་བསྟན་ཚོད་དང་། དོན་གྱི་ཐོབ་ཚོད་ཀྱིས་དགག་བྱ་ཁེགས་ཚུལ་གཉིས་ཡོད་པའི་ནང་ནས་ཚིག་གིས་བསྟན་ཚོད་ ཀྱིས་སྟོང་ཉིད་དུ་འཇོག་པའི་དགག་བྱ་ཁེགས་པ་ཡིན་ཡང་སྟོང་ཉིད་དུ་འཇོག་པའི་དགག་བྱའི་རང་མཚན་དངོས་སུ་མི་ཁེགས། འོན་ཀྱང་། ཐོབ་ཚོད་ཀྱིས་ཁེགས་ཚུལ་ནི་འདིའི་དགག་བྱ་ཁེགས་ཚུལ་ལོ། །
དེ་ཡང་སྐབས་སུ་མཁོ་བའི་ཀུན་བཏགས་ཀྱི་སྟེང་དུ་དོན་གྱི་ཐོབ་ཚོད་ཀྱི་དགག་བྱ་ཁེགས་ཚུལ་ནི། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་ཆོས་ཅན། མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། སྒྲུབ་ཕྱོགས་ནས་མིང་བརྡས་ བཞག་ཙམ་དང་། དགག་ཕྱོགས་ནས་རང་མཚན་གྱིས་མ་གྲུབ་པའི་ཕྱིར་ཞེས་པ་ལྟ་བུ་ལ་དཔྱད་པའི་ཚེ་ན། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་ཁོ་ཁོ་རང་ཡིན་པར་རྟོགས་དགོས་པ་ལ། དེ་ལྟར་རྟོགས་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་ འཛིན་པ་ལོག་ཤེས་སུ་རྟོགས་ལ། དེ་རྟོགས་པ་ལ་བརྟེན་ནས་སྐབས་སུ་མཁོ་བའི་ཀུན་བཏགས་ཀྱི་སྟེང་དུ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་ གྱིས་གྲུབ་པ་ཡང་ཁེགས་པས། སྟོང་ཉིད་དུ་འཇོག་པའི་དགག་བྱ་ཁེགས་ ཚུལ་ཞིག་ཡོང་ངོ་། །
མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱ་ཁེགས་ཚུལ་ནི། འདིའི་མེད་རྒྱུའི་མཚན་ཉིད་ནི་སྟོང་ཉིད་ཀྱི་དགག་བྱའི་མཚན་ ཉིད་ལ་བྱེད་ཀྱང་། གཞི་ཀུན་བཏགས་ཀྱི་སྟེང་དུ་ཁེགས་པ་ན་སྟོང་ཉིད་དུ་འཇོག་པའི་དགག་བྱ་དངོས་སུ་ཁེགས་པ་ཡིན་ཡང་། འདིས་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པ་མ་ཡིན་པས་ཀུན་བཏགས་མཚན་ ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་བའི་སྐྱོན་མེད་དོ། ། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་ དགག་བྱའི་རང་མཚན་ལ་རང་ལྡོག་ནས་མི་བྱེད་ཀྱང་དེ་ལ་དོན་གྱིས་སྟོང་ ཉིད་དུ་འཇོག་པའི་དགག་བྱའི་རང་མཚན་ཡོད་ཆོག་གོ །
འོན་ཀྱང་། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་བའི་སྐྱོན་མེད་དེ། དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་དུ་བྱས་ནས་ངོ་བོ་ཉིད་མེད་པ་གཏན་ལ་ཕབ་པ་མ་ཡིན་པའི་ཕྱིར་རོ། ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་ བྱས་ནའང་། འདིར་བསྟན་འཁོར་ལོ་དང་བོའི་སྒྲས་ཟིན་ལ་དངོས་སུ་མི་གནོད་པའི་སྐྱོན་མེད་དེ། སྤྱིར་ཀུན་བཏགས་རང་མཚན་གྱིས་གྲུབ་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་དགོས་ཏེ། ཀུན་བཏགས་རང་མཚན་གྱིས་གྲུབ་ན་རྟོག་པའི་བཏགས་ཙམ་མ་ཡིན་པར་བདེན་པར་གྲུབ་དགོས་ལ། དེ་ལྟར་གྲུབ་ན་ཀུན་བཏགས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་དགོས། དེ་ལྟར་ན་གཞན་དབང་རང་འཛིན་རྟོག་ པའི་ཞེན་གཞིར་རང་མཚན་གྱིས་གྲུབ་དགོས་པས། གཞན་དབང་ཀུན་ བཏགས་ཀྱིས་སྟོང་བ་ཡོངས་གྲུབ་མ་ཡིན་པར་ཐལ་བར་འགྱུར་བས་རིགས་ པའི་འཕུལ་གྱིས་དངོས་སུ་གནོད་བྱེད་དུ་འགྱུར་རོ། །
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
