འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན་དྲིས་ལན།༢

དྲི་གཞི་བཞི་བ། དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་པའི་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་ པར་ཅི་ཡོད། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་ལ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན།།
དྲི་གཞི་བཞི་བའི་ལན།
ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།
༄༅། །རྟགས་ཆོས་ཀྱི་རང་མཚན་གཉིས་ཁེགས་ཚུལ་དང་། དེ་ཁེགས་ཀྱང་སྟོང་ཉིད་དངོས་སུ་རྟོགས་མི་དགོས་ཀྱང་འཁོར་ལོ་དང་བོའི་སྒྲས་ཟིན་ལ་གནོད་བྱེད་དུ་འགྲོ་ཚུལ་གཉིས་ལས། དང་བོ་ནི། རྟགས་ཆོས་ཀྱི་རང་མཚན་གཉིས་ལ་ཕྲ་རགས་དང་རྟོགས་དཀའ་སླ་སོགས་མེད་ཀྱང་བློའི་འཆར་སྟངས་ཀྱི་ཁྱད་ཡོད་སྙམ་སྟེ། དཔེར་ན་འདུས་བྱས་དང་རང་གི་རྒྱུ་རྐྱེན་དུ་མ་ཚོགས་ཤིང་འདུས་པ་ལས་བྱས་པ་ཞེས་པ་ལྟ་བུའོ། གཉིས་པ་ནི། དེ་འདྲའི་རང་མཚན་དེ་སེམས་ཙམ་པའི་ལུགས་ལ་གཞི་གཞན་དབང་དང་ཡོངས་གྲུབ་ཀྱི་སྟེང་དུ་གྲུབ་ཀྱང་ཀུན་བཏགས་ཀྱི་སྟེང་དུ་མ་གྲུབ་པའི་རང་མཚན་ལ་བྱེད་དགོས་པས། སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་མི་བྱེད་ལ་ཚད་མ་བ་ལ་གྲགས་པའི་རང་མཚན་དངོས་པོ་ལ་ཡང་མི་བྱེད་དོ། །
རྩ་བར་ཚིག་གིས་བསྟན་ཚོད་ལྟར་ན་སྟོང་བ་ཉིད་ཀྱི་དོན་མ་བསྟན་ཀྱང་དོན་ལ་བསམ་ཚེ་མཁོ་བའི་ ཀུན་བཏགས་རང་མཚན་གྱིས་མེད་པ་རྟོགས་པ་ལ་སྟོང་ཉིད་རྟོགས་དགོས་ པས་དོན་གྱི་ཐོབ་ཚོད་ལ་སྟོང་བ་ཉིད་ཀྱི་དོན་སྟོན་དགོས་ཏེ། གཟུགས་སོགས་ཞེན་གཞིར་ཇི་ལྟར་སྣང་བ་ལྟར་རང་མཚན་གྱིས་གྲུབ་ན་དགག་བྱ་གྲུབ་དགོས་ཤིང་དེ་ལྟར་མེད་པ་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། བརྟག་པ་མཐའ་ བཟུང་གིས་ནམ་མཁའ་ལྟ་བུ་སེམས་ཙམ་པས་འདོད་པའི་རང་མཚན་གྱིས་ གྲུབ་ཀྱང་སྟོང་ཉིད་ཀྱི་དགག་བྱར་གྲུབ་མི་དགོས་ལ་མཁོ་བའི་ཀུན་བཏགས་ལ་དགོས་པའི་ཕྱིར། དེས་ན་འཁོར་ལོ་དང་བོར་གཟུགས་སོགས་རྟོག་པའི་ཞེན་གཞིར་རང་གི་གནས་ཚོད་ཀྱི་དབང་གིས་གྲུབ་པར་གསུངས་པ་ལ་གནོད་བྱེད་ཡིན་ཏེ། གཟུགས་སོགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པ་ ལྟར་རང་གི་གནས་ཚོད་དེ་རང་མཚན་གྱིས་མ་གྲུབ་པར་དོན་གྱིས་བསྟན་ པའི་ཕྱིར། མཆན་དང་དཀའ་འགྲེལ་ལས་རྟགས་ཆོས་དོན་སྨྲས་རྟོགས་ཀྱང་མི་འགལ་ཞེས་གསུངས་པ་སོགས་ལ་དཔག་ན་དེ་ལྟར་ཡིན་སྙམ། དྲང་ངེས་ཆེན་མོར། སྔ་མའི་མེད་རྒྱུ་ཤེས་བྱ་ལ་མི་སྲིད་ཀྱང་ཕྱི་མའི་དེ་ཡོད་པའི་ཕྱིར། ཞེས་གསུངས་པ་སོགས་དཔྱད་དཀའ་ཡང་རང་བློར་ཤར་བ་ཙམ་དཔྱད་ གཞིའི་གནས་སུ་བྲིས་པའོ། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
