དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་གང་ཡིན་གྱི་དྲིས་ལན།7

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-01 14:05:35     རྩོམ་པ་པོ།   མཁན་པོ་པདྨ་རས་པ། ལུང་སྔོན་དགོན    ཀློག་ཐེངས།  

76549972386228242.jpg

              དྲི་གཞི་གསུམ་པ། རྩ་བ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་པའི་དྲི་བ་འདིས་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་ནས་འཁོར་ལོ་དང་བོ་ལ་དྲི་བ་དོན་གྱིས་ཞུས་པར་གསུངས་འདུག་ན། འཁོར་ལོ་བར་བའི་དྲི་བ་ལས་ལོགས་སུ་འཁོར་ལོ་དང་བོའི་དྲི་བ་མེད་ན་འཁོར་ལོ་དང་བོ་ལའང་དྲི་བ་དངོས་སུ་ཞུས་པར་འགྱུར་ལ། དེ་ལས་ལོགས་སུ་ཡོད་ན་དྲི་བ་དེ་གཟུགས་ཤེས་ལྡན་མིན་འདུ་བྱེད་ལས་གསུམ་ལས་གང་ཡིན།
 

             དྲི་གཞི་གསུམ་པའི་ལན།
             མཁན་པོ་པདྨ་རས་པ། ལུང་སྔོན་དགོན།

༄༅། ། རྣམ་དཔྱོད་གསེར་གྱི་འཁོར་ལོ་རྩིབས་སྟོང་གིས། །
འགྲོ་ཁམས་གླིང་བཞིའི་ཁྱོན་ལ་བསྒྱུར་མཛད་པའི། །
བཤེས་གཉེན་འཁོར་ལོས་བསྒྱུར་བའི་རྒྱལ་བོ་ཁྱེད། །
བདག་ཡིད་དད་པའི་པད་མོར་རྟག་ཏུ་བཞུགས། །
                དྲང་ངེས་ལེགས་བཤད་སྙིང་བོ་ལས། དེས་ནི་རང་གི་མཚན་ཉིད་ ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་པའི་འདིར་བསྟན་འཁོར་ལོ་བར་བ་ལ་དྲི་བ་དངོས་སུ་ཞུས་པའི་མདོ་སྡེ་དགོངས་འགྲེལ་གྱི་མདོ་ཚིག་དེས་འདིར་བསྟན་འཁོར་ལོ་དང་ བོ་ལ་དྲི་བ་ཞུས་ཞེས་བཤད་དགོས་ཏེ། གུང་ཐང་བསྟན་པའི་སྒྲོན་མེའི་དྲང་ངེས་མཆན་ལས། འདིར་བར་བའི་དགོངས་གཞི་དངོས་སུ་དྲིས་པའི་ཤུགས་ལ་དང་བོའི་དགོངས་གཞི་དྲིས་པར་འགྲོ་བ་ནི། ཞེས་གསུངས་པའི་འདིར་ཞེས་པའི་འདི་སྒྲའི་སྙེག་ས་དགོངས་འགྲེལ་གྱི་དྲི་ཚིག་དེ་འཇོག་དགོས་པ་མ་གཏོགས་ཚིག་དེའི་ནུས་པ་སོགས་མི་འཇོག་སྟེ། ལེགས་བཤད་སྙིང་བོ་ལས། དེས་ནི་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་ཅི་ལ་དགོངས་ནས་གསུངས་པ་དོན་གྱིས་ཞུས་སོ། ། ཞེས་གསུངས་པའི་དེས་ཞེས་པའི་དེ་སྒྲའི་སྙེག་ས་གཉིས་འདྲ་བའི་ཕྱིར་སྙམ་མོ། །

               འོ་ན་མཆན་ལས། ཚིག་གི་ནུས་པས་དང་བོར་ཆ་མ་ཕྱེ་བར་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་ བཀའ་བསྩལ་བ་ཡང་དྲང་དོན་དུ་གོ་ནུས་ལ་ཞེས་པ་ཅི་ཡིན་ཞེ་ན། ཚིག་གི་ནུས་པས་གོ་ནུས་གསུངས་པ་མ་གཏོགས་ཚིག་གི་ནུས་པ་འདྲི་བྱེད་དུ་མ་ གསུངས་སོ། ། དེའི་ཕྱིར་འདིར་བསྟན་འཁོར་ལོ་བར་བའི་དགོངས་གཞི་ དངོས་སུ་འདྲི་བྱེད་ཀྱི་མདོ་ཚིག་འདིས་འདིར་བསྟན་འཁོར་ལོ་དང་བོའི་ དགོངས་གཞི་དྲིས་ཀྱང་དངོས་སུ་མ་དྲིས། འདིར་བསྟན་འཁོར་ལོ་དང་བོའི་དགོངས་གཞི་ལ་དྲི་བ་ཞུ་བྱེད་ཀྱི་ཚིག་དངོས་སུ་བྱུང་ཡང་དེས་འདིར་བསྟན་འཁོར་ལོ་དང་བོའི་དགོངས་གཞི་དངོས་སུ་མ་དྲིས་ལ་དོན་གྱིས་དྲིས་ཟེར་ དགོས་ཏེ། དཀའ་འགྲེལ་ལས། འཁོར་ལོ་བར་བའི་དགོངས་གཞི་དངོས་སུ་དྲིས་ཤིང་། ཤུགས་ལ་འཁོར་ལོ་དང་བོར་ཕུང་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པའི་དགོངས་གཞིའང་དོན་གྱིས་དྲིས་པ་ཡིན་པས། ཞེས་གསུངས་པའི་ཕྱིར་དང་།

               ཀུན་མཁྱེན་བླ་མའི་དྲང་ངེས་ཆེན་མོ་ལས། འདིར་བསྟན་འཁོར་ལོ་བར་བར་དེ་ལྟར་གསུངས་པ་དེ་གང་ལ་དགོངས་ནས་གསུངས་ཞེས་དངོས་སུ་ཞུས་ནས། འདིར་བསྟན་འཁོར་ལོ་དང་བོར་དེ་ ལྟར་གསུངས་པ་དེ་གང་ལ་དགོངས་ནས་གསུངས་ཞེས་དོན་གྱིས་ཞུས་པ་དེ་སྐབས་འདིའི་དྲི་བ་ཞུས་ཚུལ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འོ་ན། དྲང་ངེས་དཀའ་འགྲེལ་ལས། དྲི་བའི་ངོ་བོ་ལ་ཁ་ཅིག་ཚིག་གིས་ ཁྱབ་ཟེར། གཞན་དག་ན་རེ། དོན་དམ་ཡང་དག་འཕགས་ཀྱི་རྒྱུད་ཀྱི་མདོ་གཉིས་སྒྲས་ཟིན་འགལ་བ་དེ་ཅི་ཡིན་སྙམ་པའི་དོགས་པ་དེ་འཇོག་དགོས་ ཟེར། སྔ་མ་ལ། དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ ལགས་སོ། ། ཞེས་པའི་ཚིག་འདི་འཁོར་ལོ་དང་བོ་དང་བར་བ་གཉིས་ཀའི་དྲི་བ་ཡིན་པར་ཐལ། དྲི་བ་ལ་ཚིག་གིས་ཁྱབ་པ་གང་ཞིག ཚིག་དེ་ལས་ གཞན་འཇོག་རྒྱུ་མེད་པའི་ཕྱིར། འདོད་ན། འཁོར་ལོ་དང་བོའི་དྲི་བ་ དངོས་སུ་ཞུས་པར་ཐལ། མདོ་དེའི་ཞུ་བྱེད་ཀྱི་ཚིག་དངོས་སུ་བྱུང་བའི་ཕྱིར་དང་། དང་བོའི་དྲི་བ་ཡིན་ན་དངོས་སུ་ཞུས་པའི་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་བར་བའི་དྲི་བ་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། གསུངས་པ་ཅི་ཡིན་ཞེ་ན། དེའི་དོན་ནི། ཁ་ཅིག་ལ་དྲི་བའི་ངོ་བོ་ལ་ཚིག་གིས་ཁྱབ་པའི་ཁས་ལེན་ཡོད་པས། དྲི་བའི་ངོ་བོ་ལ་ཚིག་གིས་ཁྱབ་ན། མདོ་དེའི་ཞུ་བྱེད་ཀྱི་ཚིག་དངོས་སུ་བྱུང་ན། འཁོར་ལོ་དང་བོའི་དྲི་བ་དངོས་སུ་ཞུས་པའི་ཁྱབ་པའི་དོན་ནོ། །

            དྲང་སྲོང་ཛ་ཧུའི་ཧུབ་ཀྱིས་བཏུང་མིན་ལ། །
            སྐལ་ལྡན་ཤིང་རྟས་དཀའ་བས་བསྒྲུབ་མིན་པར། །
            ཡོངས་འཛིན་ཚངས་པའི་ལེགས་བཤད་གང་གཱ་མ། །
             བདག་བློ་ཕོར་བའི་ཚད་ཀྱིས་ཇི་ལྟར་གཞལ། །
             སྤྱི་ལོ་༢༠༡༠ལོའི་ཟླ་༦པའི་ཚེས་༢༠ཉིན་པདྨ་རས་པ་ནས་གུས་ཕུལ། །
 

            ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།

                           རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

 གསལ་འདེབས།  

            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།