མདོ་ལས། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་གྱི་དྲིས་ལན།6

དྲི་གཞི་གཉིས་པ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སོགས་ཀྱིས་རྟོན་བཞི་བསྟན་ཚུལ་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མི་འགལ། དེ་བཞིན་དུ་ དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་སོགས་ལུང་རིགས་ཀྱིས་ཇི་ལྟར་དཔྱད།
ཧྲོང་བོ་བསྟན་འཛིན་ཐོགས་མེད། སྤྲེལ་རྫོང་།
༄༅། ། མི་རྟོན་པ་བཞིའི་དང་བོ་གང་ཟག་ལ། ཡིག་ཆར། འདིའི་གང་ཟག་ལ་ཕལ་བ་དང་མཆོག་སངས་རྒྱས་ཀྱི་བར་གཉིས་ཡོད། ཅེས་དང་། མི་རྟོན་པ་གཉིས་པ་ཚིག་ཀྱང་། ཡིག་ཆ་ལས། འདིའི་ཚིག་ལ་བསྟན་བཅོས་ དང་བཀའ་གཉིས་དང་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཡོད། ཅེས་དང་། མི་རྟོན་པ་གསུམ་པ་དྲང་དོན་ལའང་། ཡིག་ཆ་ལས། དྲང་དོན་ཀུན་རྫོབ་སྟོན་པའི་མདོའི་བཤད་ཚུལ་ལྟར་གནས་ལུགས་སུ་མི་བདེན། ཞེས་དང་། ཀུན་རྫོབ་སྣ་ཚོགས་སུ་སྣང་བ་ལྟར་གནས་ལུགས་སུ་མི་བདེན་ཞེས་རིམ་པ་ ལྟར་རྗོད་བྱེད་དང་བརྗོད་བྱའི་དབང་དུ་བྱས་པའི་མི་རྟོན་རྒྱུའི་དྲང་དོན་ བསྟན་ལ། འདིའི་དྲང་དོན་ངེས་དོན་ལ་རྗོད་བྱེད་ཀྱི་དབང་དུ་བྱས་པའི་ དྲང་ངེས་གཉིས་དང་། བརྗོད་བྱའི་དབང་དུ་བྱས་པའི་དྲང་ངེས་གཉིས་ ཡོད་པ། ཞེས་དང་། མི་རྟོན་པ་བཞི་བ་རྣམ་ཤེས་ལའང་། འདིའི་རྣམ་ཤེས་ལ་སྟོང་ཉིད་རྟོགས་མ་རྟོགས་ཀྱི་བློ་གཉིས་ཡོད། ཅེས་གསུངས་ལ། ཆོས་དང་། དོན། ངེས་དོན། ཡེ་ཤེས་བཅས་རྟོན་པ་བཞི་བོར་ཡང་རིམ་པ་ལྟར་དུ། ཡིག་ཆ་ལས། ཆོས་ལ་ཚིག་དང་དོན་གཉིས་ཡོད། ཅེས་དང་།
དོན་ལ་དྲང་དོན་ངེས་དོན་གཉིས་ཡོད། ཅེས་དང་། ངེས་དོན་སྟོང་ཉིད་སྟོན་པའི་མདོའི་བཤད་ཚུལ་ལྟར་གནས་ལུགས་སུ་ཁས་ལེན་པ་རྗོད་བྱེད་ཀྱི་དབང་དུ་བྱས་ པའི་དེའི་དོན་དང་། ཞེས་དང་། སྣང་བ་དེ་ལྟར་དུ་བདེན་པས་སྟོང་བ། སོགས་དང་། ཡེ་ཤེས་ནི་གཙོ་བོར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་ཀྱང་། སྟོང་ཉིད་ལ་སྒོམ་བྱུང་གི་བློ་ཤེས་རབ་རྣམས་ཀྱང་དེར་འཇོག ཅེས་འབྱུང་ལ། འཇམ་པའི་དབྱངས་ཀྱི་དཀའ་འགྲེལ་ལས་ནི། དེས་ན་ གང་ཟག་ཡིན་ན་གང་ཟག་ལ་མི་རྟོན་པ་ཞེས་པའི་སྐབས་ཀྱི་གང་ཟག་དང་། དགོས་པ་ཅན་གྱི་ཚིག་ཡིན་ན་དེའི་སྐབས་ཀྱི་ཆོས་ཡིན་པས་ཁྱབ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཚིག་ལ་མི་རྟོན་ཞེས་པའི་ཚིག་དང་། གཏན་ལ་དབབ་བྱའི་དོན་ཐམས་ཅད་དེའི་སྐབས་ཀྱི་དོན་ཡིན། སྟོང་ཉིད་ལས་གཞན་པའི་དོན་ཐམས་ཅད་དེའི་སྐབས་ཀྱི་དྲང་དོན་དང་། ལམ་གྱི་བསྒོམ་བྱའི་རྣམ་པ་ ཐམས་ཅད་དེའི་སྐབས་ཀྱི་ངེས་དོན་ཡིན། འཕགས་པའི་མི་རྟོག་ཡེ་ཤེས་ ལས་གཞན་པའི་བློ་ཐམས་ཅད་དེའི་སྐབས་ཀྱི་རྣམ་ཤེས་དང་། ལམ་ཐམས་ཅད་དེའི་སྐབས་ཀྱི་ངེས་དོན་ལ་འཇོག་དགོས་པའི་ཕྱིར། ཞེས་གསུངས་ཤིང་། རྟོན་བཞི་སྟོན་བྱེད་རྐང་བ་བཞི་བོ་འདི་ལས་རྟོན་བཞི་བསྟན་ཚུལ་ལའང་ རྟོན་མི་རྟོན་གཞན་དག་བསྟན་ཚུལ་ལ་ནི་ཁྱད་པར་ཆེར་མེད་ཅིང་། དྲང་ངེས་དང་། རྣམ་ཤེས་ཡེ་ཤེས་བཞི་ཤུགས་ལ་བསྟན་པར་གསུངས་པའང་ ཡོད་ལ། གུང་ཐང་རིན་པོ་ཆེས། ལེགས་པར་བརྟགས་ཞེས་པའི་ཚིག་དེ་ བྱེད་པའི་སྒོ་ནས་རྣམ་ཤེས་དང་ཡེ་ཤེས་གཉིས་དང་། ལས་ཀྱི་སྒོ་ནས་དྲང་ངེས་གཉིས་སྟོན་བྱེད་ལ་སྦྱར་རོ། ། འདིའི་མི་རྟོན་རྒྱུའི་ཚིག་དང་རྟོན་སའི་ཆོས་གཉིས་ཀྱང་མི་འགལ་ཏེ། ཁ་ཅིག་གིས། ཤེར་མདོ་ཆོས་ཅན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་ལ་འཇོག་མི་རིགས་པར་ཐལ། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གམ་ཡི་གེ་ལ་འཇོག་པའི་ཕྱིར། ཞེས་པར། དཀའ་འགྲེལ་དུ། གོང་དུ་མ་ཁྱབ་སྟེ། དཔེར་ན་སྐས་ཀྱི་ཐེམ་པ་བར་མ་དེ་འོག་མ་ནས་ཡར་བགྲོད་སའི་ཐེམ་པ་གོང་མ་དང་། དེའི་སྟེང་མར་བགྲོད་པའི་ཚེ་འདོར་རྒྱུའི་ཐེམ་པ་འོག་མར་འཇོག་པ་མི་འགལ་བ་བཞིན་ཡིན་པའི་ཕྱིར། ཞེས་གསུངས་ལ། དེར་མ་ཟད་སྐབས་འདིའི་དྲང་དོན་དང་ངེས་དོན་གཉིས་ཀྱང་མི་འགལ་ཏེ།
བརྒྱད་སྟོང་བ་ལྟ་བུ་འདིའི་རྗོད་བྱེད་ཀྱི་དབང་དུ་བྱས་ པའི་ངེས་དོན་ཡིན་ཡང་། བརྗོད་བྱའི་དབང་དུ་བྱས་པའི་དྲང་དོན་ཡིན་པའི་ཕྱིར། དང་བོ་གྲུབ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས། མདོ་སྡེ་གང་དག་དོན་དམ་སྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། ཁྱབ་སྟེ། མཐའ་དཔྱོད་ལས། དྲང་དོན་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་འདི་གནས་ལུགས་མཐར་ཐུག་ཏུ་ཁས་མི་ལེན་པ། ཞེས་གསུངས་པའི་ཕྱིར། གཞན་ཡང་། འཇམ་པའི་དབྱངས་ཀྱིས། རྟོན་བཞིའི་རྣམ་བཞག་འདི་ རྣམས་སྤྱི་བཤད་ཀྱི་སྐབས་ཡིན་པས་ཐལ་འགྱུར་བའི་ལུགས་ལྟར་བྱེད་དགོས་ལ། བློ་གྲོས་མི་ཟད་པའི་མདོར་གསུང་ཚུལ་དེ་དབུ་མ་བའི་ལུགས་ལས་གཞན་དུ་འདྲེན་པའི་ཐབས་མེད་པ་ལྟ་བུ་ཞིག་ཡིན་པས། བཤད་བྱའི་དབང་གིས་ བློ་བརྟན་གྱིས་ཀྱང་། དེའི་དོན་ཀླུ་སྒྲུབ་ཀྱི་བཞེད་པ་གཙོ་བོར་བྱས་ནས་ གསུངས་སོ། ། ཞེས་གསུངས་པ་ལྟར་འདིར་བཀོད་པའི་རྟོན་བཞི་ནི་དབུ་མ་བའི་ལུགས་ཀྱི་དབང་དུ་བྱས་ཏེ། དྲང་ངེས་གཉིས་དང་། རྣམ་ཤེས་ཡེ་ཤེས་གཉི་གའི་ངོས་འཛིན་བློ་གྲོས་མི་ཟད་པའི་མདོ་ལྟར་མཛད་ལ། དེ་ལས་མདོ་གཞན་དང་གཞན་གྱི་དྲང་ངེས་སོགས་ཀྱི་ངོས་འཛིན་ཡང་རང་རང་གི་སྐབས་དང་སྦྱོར་ཚུལ་ཤེས་པ་དགོས་སོ། །དེ་དག་གི་ཚུལ་ཡང་། དཀའ་འགྲེལ་ལས། དེ་གཉིས་སོ་སོར་སྟོན་པའི་མདོ་ཡོད་པ་གང་ཞིག དེ་འདྲའི་མདོ་ལ་དྲང་ ངེས་འབྱེད་པའི་ཚེ་རང་གི་བསྟན་བྱའི་གཙོ་བོ་དེ་ངེས་དོན་དུ་འཇོག་དགོས་པའི་ཕྱིར། དེར་ཐལ། དེ་འདྲའི་མདོ་ལ་རྟོན་པ་བཞིའི་དྲང་ངེས་འབྱེད་ ཚུལ་ཡོད་པའི་ཕྱིར། ཞེས་གསུངས་པས་ཤེས་ལ། དེས་ན་འདིར་རྟོན་རྒྱུའི་ཆོས་དང་མི་རྟོན་སའི་ཚིག་མི་འགལ་བ་དང་། དྲང་དོན་དང་ངེས་དོན་གྱི་ཡིན་པ་བཞག་པ་དེ་དབུ་མ་བ་རང་གི་རྟོན་བཞི་ཁོ་ནའི་དབང་དུ་བྱས་པའི་ དཔྱད་པ་ཡིན་ལ། མདོ་སོ་སོ་དང་གྲུབ་མཐའ་སོ་སོའི་དབང་དུ་བྱས་པའི་རྟོན་མིན་རྣམས་ཕན་ཚན་བསྡེབས་ན་ནི། དེ་བས་ཀྱང་རྟོན་པ་དང་མི་རྟོན་པ་དག་འགལ་དགོས་དོན་མེད་པར་སྙམ་མོ། །
དཀའ་འགྲེལ་དུ་གང་ཟག་ ཡིན་ཚད་གང་ཟག་ལ་མི་རྟོན་ཞེས་པའི་གང་ཟག་དང་། དགོས་པ་ཅན་གྱི་ཚིག་ཐམས་ཅད་དེའི་སྐབས་ཀྱི་ཆོས། རྗོད་བྱེད་ཐམས་ཅད་དེའི་སྐབས་ ཀྱི་ཚིག གཏན་ལ་དབབ་བྱ་ཐམས་ཅད་འདིའི་སྐབས་ཀྱི་དོན་ལ་བཞག་པ་དེ་མཐའ་དཔྱོད་ཀྱིས་འཇོག་ཚུལ་དང་འགལ་བའང་མ་ཡིན་ཏེ། མཐའ་དཔྱོད་དུའང་བཀའ་དང་བསྟན་བཅོས། དྲང་དོན་སོགས་སྐབས་དེ་དང་ དེའི་ཚིག་དང་དོན་སོགས་ཀྱི་མཚན་གཞིར་བཟུང་གི དེ་ཙམ་དུ་ཟད་པར་མ་གསུངས་པའི་ཕྱིར་དང་། དེ་ཡང་མདོའི་རྟོན་བཞིའི་དབང་དུ་བྱས་པའི་ཕྱིར། འོན་ཀྱང་། ཚིག་ཐམས་ཅད་ལ་རྟོན་བཞིའི་འདོར་ལེན་བྱེད་དགོས་ཏེ། གཞན་དུ་ན་ནང་བའི་བཀའ་དང་བསྟན་བཅོས་ལས་གཞན་པའི་རྗོད་བྱེད་ ཡིན་ན། མ་བརྟགས་པར་དེ་ལ་གཞུག་རུང་ངམ་ཡང་ན་དེ་འདྲའི་ཚིག་ལ་ བརྗོད་བྱའི་སྟོང་བར་ཁས་ལེན་དགོས་པར་འགྱུར་ན། ཚུལ་དེ་ག་ལ་རིགས། དེས་ན་འཇམ་པའི་དབྱངས་ཀྱིས་ནི་དེ་ག་དགོས་པ་ཅན་གྱི་ཚིག་སྤྱི་ལ་ཁྱབ་ པའི་དབང་དུ་བྱས་ཤིང་། དེའི་ཤུགས་ཀྱིས་དོན་ལའང་གཏན་ལ་དབབ་བྱ་ཐམས་ཅད་སླེབས་པ་དང་། དེའི་ཕྱིར་གང་ཟག་དང་ཆོས། ཚིག་དང་དོན་བཅས་རྟོན་མིན་བཞི་བོ་འདི་དག་ལ་གྲུབ་མཐའ་འདིའི་དབང་དུ་བྱས་ཞེས་པའི་ཁྱད་པར་ཡང་འབྱེད་མི་དགོས་པར་སྣང་། དྲང་ངེས་དང་རྣམ་ཡེ་ནི་མདོ་དང་གྲུབ་མཐའ་སོ་སོའི་སྐབས་མ་འདྲེས་པའི་འཇོག་ཚུལ་གཙོ་བས་ན།
སྤྱི་བཤད་སྐབས་འདིར་ཐལ་འགྱུར་བ་ཡིན་གསུངས་པའི་རྟོན་བཞིའི་ཐལ་ འགྱུར་བའི་ཁྱད་པར་ཡང་། རྣམ་ཤེས་དང་ཡེ་ཤེས་གཉིས་དང་། དྲང་དོན་དང་ངེས་དོན་གཉིས་པོ་སྟེ་བཞི་བོ་འདིའི་སྟེང་ནས་འབྱེད་དགོས་པར་སྣང་། གང་ཟག་ཡིན་ན་གང་ཟག་ལ་མི་རྟོན་ཞེས་པའི་གང་ཟག་ཡིན་པས་ཁྱབ་པར་གསུངས་པ་ལ། འབུ་སྲིན་སྐྱོན་དུ་འཕེན་པའང་མ་ངེས་ཏེ། གྲོག་མ་འཕོ་བས་རྟགས་ཀྱི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཁས་བླངས་ཚེ། འབུ་སྲིན་སྣ་ཚོགས་ལའང་ཡུལ་མ་འཁྲུལ་བར་གཏན་ལ་འབེབས་བྱེད་ཀྱི་ལུས་ངག་གི་རྣམ་འགྱུར་དུ་མ་ཡོད་པ་ཅི་ལྟར་བསྙོན་ལ། མྱོང་བས་ཀྱང་གྲུབ་བོ། །གཞན་ཡང་། ཡང་སྙིང་དུ། ལམ་གྱི་བསྒོམ་བྱའི་རྣམ་པ་ཐམས་ཅད་དེའི་སྐབས་ཀྱི་ངེས་དོན་ཞེས་པ་སྟོང་ཉིད་འཛིན་སྟངས་སུ་བྱེད་པའི་ལམ་གྱི་དང་། ལམ་ཐམས་ཅད་དེའི་སྐབས་ཀྱི་ཡེ་ཤེས་གསུངས་པའང་། འཕགས་པའི་མི་རྟོག་ཡེ་ཤེས་སུ་གྱུར་བའི་དེ་ལ་བཤད་དགོས་པར་སྣང་སྟེ། སྟོང་ཉིད་ལས་གཞན་པའི་དང་། འཕགས་པའི་མི་རྟོག་ཡེ་ཤེས་ལས་གཞན་པའི་ཞེས་གསུངས་ ཚུལ་ཡོད་པའི་ཕྱིར། །
རྨད་བྱུང་ཚད་མའི་ཚངས་ཐིག་རྟོན་བཞིའི་སྒོ། །
དྲི་མེད་བདེན་པའི་སྤོབས་པས་གཏོད་པ་ཅན། །
ཐུགས་བརྩེ་ཤེས་རབ་ཡངས་པ་དོན་ཀུན་གྲུབ། །
དུས་ཀྱི་མཐའ་འདིར་ལྷག་པར་སྙིང་ནས་དྲན། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
