མདོ་ལས། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་གྱི་དྲིས་ལན།1

དྲི་གཞི་གཉིས་པ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སོགས་ཀྱིས་རྟོན་བཞི་བསྟན་ཚུལ་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མི་འགལ། དེ་བཞིན་དུ་ དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་སོགས་ལུང་རིགས་ཀྱིས་ཇི་ལྟར་དཔྱད།
༄༅། ། ཇི་སྙེད་རྒྱལ་བའི་མཁྱེན་རབ་གཅིག་བསྡུདྲི་གཞི་གཉིས་པ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སོགས་ཀྱིས་རྟོན་བཞི་བསྟན་ཚུལ་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་དང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པའི་ཚིག་གཉིས་འགལ་མི་འགལ། དེ་བཞིན་དུ་ དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དྲང་དོན་དང་དེའི་སྐབས་ཀྱི་ངེས་དོན་གཉིས་འགལ་མི་འགལ་སོགས་ལུང་རིགས་ཀྱིས་ཇི་ལྟར་དཔྱད། ས་བློ་གྲོས་ཉི་མ་འབུམ་གྱི་གཟིས། ། ཐུགས་བསྐྱེད་མཆོག་གི་མཁའ་ལ་མངོན་འཕགས་ཐུབ་བསྟན་ཀུན་བཟང་ཞིང་གི་དཔལ། །དགེ་ལེགས་རིན་ཆེན་གསུམ་གྱི་ཆར་འབེབ་ཡིད་བཞིན་དབང་གི་རྒྱལ་བོ་སྟེ། ། ཀུན་ཁྱབ་སེམས་ཀྱི་འདུན་པ་རབ་བརྟན་སློབ་ཚོགས་རྒྱ་མཚོའི་མགོན་དེར་འདུད། །
དགེ་སློང་དག་གམ་ཞེས་སོགས་ཀྱི་ཤོ་ལོ་ཀ་གཅིག་གིས་བླང་དོར་གྱི་ གནས་ཕྱིན་ཅི་མ་ལོག་པར་ཤེས་པའི་ཐབས་རྟོན་པ་བཞི་ཇི་ལྟར་བསྟན་པའི་ཚུལ་ནི། ང་དང་གུས་ཕྱིར་མིན་ཞེས་བསྡོམས་པས་གང་དག་གིས་བཅོམ་ ལྡན་འདས་ང་ལ་གུས་པ་ཡོད་པ་ཙམ་རྒྱུ་མཚན་དུ་བྱེད་མི་རུང་བར་གསུངས་པས་གང་ཟག་ལ་མི་རྟོན་པ་བསྟན། གང་ཟག་ལ་མི་རྟོན་ཞེས་པའི་གང་ཟག་ལ་རྒྱང་འཕེན་ནས་མཆོག་སངས་རྒྱས་བར་མཐའ་དག་ཡོང་བའི་ཕྱིར་ཏེ། ཡིག་ཆ་ལས། དེས་ན་གང་ཟག་ལ་མི་རྟོན་ཞེས་པའི་གང་ཟག་ལ་ཕྱི་ནང་གི་གང་ཟག་སྣ་ཚོགས་ཤིག་ཡོད་ཀྱང་། ཞེས་གསུངས། དེ་བཞིན་གྲུབ་མཐའ་ཆེན་མོ་དང་ཟིན་བྲིས་དཀའ་འགྲེལ་སོགས་སུའང་གསལ། ང་ཡི་བཀའ་བླང་བར་བྱ་ཞེས་པས་གསུང་ཚད་མར་བཟུང་སྟེ་ཉམས་སུ་ལེན་དགོས་པར་གསུངས་པས་ཆོས་ལ་རྟོན་པ་བསྟན་ཏེ། བཀའ་ལ་རིགས་པ་ཡང་དག་གི་སྒོ་ནས་ཡིད་རྟོན་པར་གསུངས་པའི་ཕྱིར། ང་ཡི་བཀའ་གུས་ཕྱིར་མིན་ཞེས་བསྡོམས་པས་རང་གི་བླ་མ་སོགས་ཆེན་པོ་དག་གི་གསུང་དང་ཚིག་གི་སྦྱོར་བ་སྙན་པ་ཙམ་ རྒྱུ་མཚན་དུ་བྱས་ནས་ཡིད་མི་རྟོན་པར་གསུངས་པས་ཚིག་ལ་མི་རྟོན་པ་བསྟན། བརྟགས་ལ་བླང་བར་བྱ་ཞེས་པས་བརྗོད་བྱའི་དོན་ལ་དཔྱད་པ་གསུམ་གྱིས་ལེགས་པར་བརྟགས་ཏེ་རིགས་པ་དང་འགལ་བ་མེད་པ་ཞིག་འཛིན་དགོས་ པས་དོན་ལ་རྟོན་པ་བསྟན། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟགས་ཞེས་པས་གསེར་ལ་ལྷད་ཡོད་མེད་ཤེས་པ་ལ་ཕྱིའི་སྐྱོན་ཡོན་རགས་པ་ཙམ་ཤེས་པས་མི་ཆོག་པར་བསྲེགས་བཅད་བརྡར་གསུམ་རིམ་པར་དགོས་པ་ལྟར་གསུང་རབ་ཀྱི་དོན་ལ་འཇུག་པ་ལ་མཐོང་བ་མངོན་གྱུར་ཙམ་ཤེས་པས་མི་ཆོག་པར་ཅུང་ཟད་ལྐོག་གྱུར་འཇལ་བའི་དངོས་སྟོབས་རྗེས་དཔག་དང་ཤིན་ཏུ་ལྐོག་གྱུར་འཇལ་བའི་ཡིད་ཆེས་རྗེས་དཔག་སོགས་ཀྱིས་ གནོད་པ་ཡོད་མེད་བརྟག་དགོས་པས་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་བསྟན། ཡང་གསེར་ལ་སྐྱོན་ཡོན་ཕྲ་རགས་དང་མཐུན་པར་བརྟག་པ་ ཐབས་མེ་དང་གཅོད་བྱེད་བསྲེགས་བརྡར་སོགས་རིམ་པར་ཡོད་པ་བཞིན་ བརྗོད་བྱ་ཟབ་མོའི་དོན་དཔྱོད་བྱེད་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ གསུམ་རིམ་གྱིས་བསྐྱེད་དགོས་ལ་སྒོམ་བྱུང་ལ་འཇིག་རྟེན་ལས་འདས་མ་ འདས་གཉིས་ཡོད་པས་སྔ་མ་སྔ་མས་མི་ཆོག་པར་ཕྱི་མ་ཕྱི་མ་མཐར་མཉམ་ བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཐུག་པའི་བར་དགོས་པར་གསུངས་པས་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་བསྟན།
མདོར་ན་ང་གུས་ཕྱིར་མིན་ང་ཡི་བཀའ་བླང་བར་བྱ་ཞེས་པས་རྟོན་པ་དང་བོ་དང་། ང་ཡི་བཀའ་གུས་ཕྱིར་མིན། བརྟགས་ལ་བླང་བར་བྱ་ཞེས་པས་གཉིས་པ་དང་། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟགས་ཞེས་པས་ཕྱི་མ་གཉིས་བསྟན་པ་ཡིན། ཆོས་ལ་རྟོན་ཞེས་པའི་ཆོས་དང་ཚིག་ལ་མི་རྟོན་ཞེས་པའི་ཚིག་གཉིས་མི་འགལ་ཏེ། འདིའི་སྐབས་ཀྱི་ཚིག་ཡིན་ན་སྔ་མའི་ཆོས་ ཡིན་དགོས་པའི་ཕྱིར་དང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཆོས་ལ་ཚིག་དང་དོན་གཉིས་ཡོད་པ་ལས་གསུང་བ་བོ་དག་གིས་གསུངས་པའི་ ཚིག་ཟིན་ཙམ་ལ་ཡིད་མི་ཆེས་པར་བརྗོད་བྱའི་དོན་ལ་འཇུག་དགོས་པའི་ ཕྱིར། རྩ་བ་ལས། སའི་དངོས་གཞི་ལས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་ཆོས་ལ་ཚིག་དོན་གཉིས་དང་། ཞེས་གསུངས་ལ། ཡིག་ཆར། དེ་ལ་རྗོད་བྱེད་ལུང་གི་ཆོས་དང་བརྗོད་བྱའི་དོན་གཉིས་ཡོད་པའི་ཕྱིར། ཞེས་ཆོས་དེ་སྟོན་པས་གསུངས་པའི་ཆོས་ལ་བཞག་ནས་དེ་ལ་བརྗོད་བྱ་རྗོད་བྱེད་ གཉིས་ཡོད་པར་གསུངས། གྲུབ་མཐའ་ཆེན་མོ་ལས། ཐོགས་མེད་ཀྱིས་ཆོས་དེ་ཡང་རྣམ་པ་གཉིས་ཏེ་ཚིག་འབྲུ་དང་དོན་ཏེ་ཞེས་གསུངས་པ་ལྟར་ཆོས་ལ་ཚིག་དོན་གཉིས་དང་། ཚིག་ལ་དྲང་ངེས་ཀྱི་མདོ་བསྟན་བཅོས་གཉིས་དང་། ཞེས་གསུངས་པས་ཀྱང་གྲུབ། ཤེར་ཕྱིན་གྱི་མདོ་དེ་རྟོན་པ་དང་བོའི་སྐབས་ཀྱི་ཡིད་རྟོན་པའི་ཆོས་དང་གཉིས་པའི་སྐབས་ཀྱི་ཚིག་ལ་བཞག་ཆོག་པའི་ ཕྱིར། དེའི་རྒྱུ་མཚན་དཀའ་འགྲེལ་ལས་འདི་ལྟར་གསུངས་ཏེ། དཔེར་ན་སྐས་ཀྱི་ཐེམ་པ་བར་མ་དེ་འོག་མ་ནས་ཡར་བགྲོད་སའི་ཐེམ་པ་གོང་མ་དང་། དེའི་སྟེང་མར་བགྲོད་པའི་ཚེ་འདོར་རྒྱུའི་ཐེམ་པ་འོག་མར་འཇོག་པ་མི་ འགལ་བ་བཞིན་ཡིན་པའི་ཕྱིར་ཞེས་དང་། དགོས་པ་ཅན་གྱི་ཚིག་ཡིན་ན་དེའི་སྐབས་ཀྱི་ཆོས་ཡིན་པས་ཁྱབ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཚིག་ལ་མི་ རྟོན་ཞེས་པའི་ཚིག་ཡིན་པར་གསུངས་པའི་ཕྱིར། རྟོན་པ་གསུམ་པའི་སྐབས་ཀྱི་དྲང་དོན་ངེས་དོན་འགལ་མིན་ལ།
གྲུབ་མཐའ་ཆེན་མོ་ལས། ངེས་དོན་ལ་བཀའ་བསྟན་བཅོས་གཉིས་དང་འདི་བའི་སྐབས་ཉིད་དུ་སྒྲ་ཇི་བཞིན་པ་རྣམས་ངེས་དོན་དང་དབུ་མའི་སྐབས་སུ་དོན་དམ་བདེན་པ་གཙོ་བོར་བསྟན་པ་ཞིག་དགོས་པ་ཁྱད་པར་རོ། ། ཞེས་གསུངས་པ་ལྟར་གཉིས་ཀའི་ལུགས་ལ་དེའི་སྐབས་ཀྱི་ངེས་དོན་ལ་ངེས་དོན་གྱི་མདོ་འཇོག་པར་འདྲ་ལ། དབུ་མ་ བའི་ལུགས་ལ་ཤེར་ཕྱིན་གྱི་མདོ་དེ་དེའི་སྐབས་ཀྱི་དྲང་ངེས་གཉིས་ཀ་ཡིན་ པར་སྣང་སྟེ། འདིའི་དྲང་དོན་ངེས་དོན་ལ་རྗོད་བྱེད་ཀྱི་དབང་དུ་བྱས་པའི་དྲང་ངེས་གཉིས་དང་བརྗོད་བྱའི་དབང་དུ་བྱས་པའི་དྲང་ངེས་གཉིས་ཡོད་ པས། རྗོད་བྱེད་ཀྱི་དབང་དུ་བྱས་པའི་ངེས་དོན་དང་བརྗོད་བྱའི་དབང་དུ་བྱས་པའི་དྲང་དོན་ཡིན་པའི་ཕྱིར། རྗོད་བྱེད་ཀྱི་དབང་དུ་བྱས་པའི་ངེས་ དོན་ཡིན་པར་ཐལ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། ཡིག་ཆར་དྲང་དོན་ཀུན་རྫོབ་སྟོན་པའི་མདོའི་བཤད་ཚུལ་ལྟར་གནས་ལུགས་སུ་མི་བདེན་པར་ ངེས་དོན་སྟོང་ཉིད་སྟོན་པའི་མདོའི་བཤད་ཚུལ་ལྟར་གནས་ལུགས་སུ་ཁས་ ལེན་པ་ནི་རྗོད་བྱེད་ཀྱི་དབང་དུ་བྱས་པའི་དེའི་དོན་ཡིན་ཞེས་དང་། དེའི་ཤེས་བྱེད་མདོ་ལས། མདོ་སྡེ་གང་དག་དོན་དམ་སྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་པ་དྲངས་པའི་ཕྱིར།
ཡང་ཁ་ཅིག་གིས། ངེས་དོན་ལ་རྟོན་ཞེས་པའི་ངེས་དོན་ལ་སྟོང་ཉིད་དགོས་པར་ཐལ། དོན་དམ་ལ་རྟོན་ ཞེས་པའི་དོན་དམ་དེ་སྟོང་ཉིད་ལ་བྱེད་པའི་ཕྱིར་ན་མ་ཁྱབ་གསུངས་པས་ ཀྱང་དེའི་སྐབས་ཀྱི་ངེས་དོན་ལ་རྗོད་བྱེད་དང་བརྗོད་བྱ་གཉིས་ཡོད་པར་ གསལ། ཡང་ཤེར་མདོ་ཆོས་ཅན། སྐབས་འདིའི་བརྗོད་བྱའི་དབང་དུ་བྱས་པའི་དྲང་དོན་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཡིག་ཆ་ལས། བརྗོད་བྱའི་དོན་དེ་ལ་དྲང་ངེས་གཉིས་ལས་དྲང་དོན་ཀུན་རྫོབ་སྣ་ ཚོགས་སུ་སྣང་བ་འདི་གནས་ལུགས་མཐར་ཐུག་ཏུ་ཁས་མི་ལེན་པ་དེ་དྲང་ དོན་ལ་མི་རྟོན་པའི་དོན་དང་། དེ་ལྟར་སྣང་བ་ལྟར་དུ་བདེན་པར་གྲུབ་ པས་སྟོང་བ་དེ་གནས་ལུགས་མཐར་ཐུག་ཏུ་ཁས་ལེན་པ་དེ་ངེས་དོན་ལ་རྟོན་ཞེས་པའི་དོན་ཡིན་པའི་ཕྱིར། ཞེས་གསུངས། དཀའ་འགྲེལ་ལས། སྟོང་ཉིད་ལས་གཞན་པའི་ཆོས་ཐམས་ཅད་དེའི་སྐབས་ཀྱི་དྲང་དོན་དང་། ཞེས་གསུངས་པའང་བརྗོད་བྱ་དོན་གྱི་དབང་དུ་བྱས་པའི་དེ་ལ་དགོངས་པར་སྣང་བའི་ཕྱིར་རོ། ། སེམས་ཙམ་པའི་ལུགས་ལ་སྒྲས་ཟིན་ལ་རིགས་པས་གནོད་པ་ཡོད་པའི་བཀའ་ཡིས་བརྗོད་ཚུལ་ལྟར་ཡིད་རྟོན་མི་རུང་ལ། སྒྲས་ཟིན་ཇི་ ལྟར་བསྟན་པ་ལ་རིགས་པས་གནོད་པ་མི་འཇུག་པའི་ངེས་དོན་ལ་ཡིད་རྟོན་ཞེས་སྔར་དང་མི་འདྲ་བ་ཤིང་རྟ་ཆེན་པོ་དག་གིས་དྲང་ངེས་ཀྱི་ཁྱད་པར་འཇོག་ཚུལ་མི་འདྲ་བའི་དབང་གིས་ཡིན་ཞེས་ལྕང་སྐྱའི་གྲུབ་མཐར་གསུངས། དཀའ་འགྲེལ་ལས་ལམ་གྱི་བསྒོམ་བྱའི་རྣམ་པ་ཐམས་ཅད་དེའི་སྐབས་ཀྱི་ ངེས་དོན་ཡིན་གསུངས་པ་དང་། ངན་འགྲོའི་སྡུག་བསྔལ་དང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྟོན་པའི་མདོ་དེ་དག་ལ་དྲང་ངེས་འབྱེད་ཚེ་རང་གི་ བསྟན་བྱའི་གཙོ་བོ་ངེས་དོན་དུ་འཇོག་དགོས་པའི་ཕྱིར་ཞེས་དེ་གཉིས་སྐབས་དེའི་ངེས་དོན་ལ་བཞག་པ་དང་། མཆན་ལས་མི་རྟག་པ་གཙོ་བོར་སྟོན་ པའི་མདོ་ལ་དྲང་ངེས་ཕྱེ་ནས་འཇུག་པའི་ཚེ་མི་རྟག་པ་ངེས་དོན་དུ་གསུངས་པ་རྣམས་སེམས་ཙམ་པའི་ལུགས་ཡིན་པར་དཀའ་འགྲེལ་རིན་ཆེན་སྒྲོན་མེ་ ལས་གསུངས་པས། བརྗོད་བྱ་གཙོ་བོ་ངེས་དོན་དང་ཕལ་བ་དྲང་དོན་དུ་ བཞག་ན། འདིའི་ལུགས་ལའང་སྐབས་འདིའི་དྲང་དོན་དང་ངེས་དོན་མི་འགལ་བ་ཡིན་ནམ་སྙམ།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
