བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(10)

དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།
༄༅། །མི་ཤེས་མུན་པའི་གླིང་དུ་འཁྱམས་པའི་འགྲོ། །
རྒུད་པའི་རྩ་བ་མ་རིག་འཁྲུལ་འཁོར་གྱིས། །
འཆིང་བ་བཅོམ་མཁན་འཇམ་པའི་རྡོ་རྗེ་ལ། །
ཡིན་ལུགས་ཤེས་པའི་སྒོ་ནས་གུས་པས་འདུད། །
བློ་ཆེན་རྒྱལ་བ་རྣམས་ཀྱིས་དཔོག་དཀའ་བའི། །
དྲང་ངེས་གནད་ཀྱི་མན་ངག་ཁྱོད་ཁོ་ནས། །
ཇི་བཞིན་འབྱེད་ལ་གཞན་དྲིང་མི་འཇོག་པའི། །
སྐྱབས་གཅིག་ཟླ་མེད་བླ་མར་སྙིང་ནས་འདུད། །
བློ་བཟང་རྒྱལ་བའི་དགོངས་ཀློང་ཟབ་མོའི་གནད། །
ཇི་བཞིན་འབྱེད་པའི་བློ་གྲོས་མིག་ལྡན་པ། །
དགེ་འདུན་ངང་མོའི་ཚོགས་ལ་འདོམ་མཛད་པ། །
སྐྱབས་མཆོག་བླ་མ་མཆོག་དེས་བདག་སྐྱོངས་ཤིག །
ཅེས་ཚིག་གིས་སྔོན་བསུས་ཏེ་གང་བརྗོད་པར་བྱ་བ་ནི། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་རྣམ་ཐར་དང་སྡུག་བདེན་གྱི་རྣམ་པ་ལྷག་མ་གཉིས་དང་ཀུན་འབྱུང་གི་ཁྱད་ཆོས་བཞི་ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་དུ་འཇོག་པར་ཡོངས་སུ་གྲགས་ལ་ལམ་གྱི་བཞི་རྟོགས་པ་མཚན་མེད་དུ་མ་བཤད་པ་ནི་ལུགས་འདིར་མཚན་མེད་ཀྱི་དམིགས་པ་ལ་གཟུགས་སོགས་ཡུལ་ལྔ་དང་ཕོ་མོ་གཉིས་དང་འདུས་བྱས་ཀྱི་མཚན་ཉིད་སྐྱེ་འགག་གནས་གསུམ་སྟེ་བཅུ་ཆར་གྱི་མཚན་མ་དང་བྲལ་བ་ཞིག་དགོས་ཤིང་ལམ་ལ་དེ་མ་ཚང་བའི་ཕྱིར། སྟོང་བདག་མེད་གཉིས་རིགས་སྨྲ་འགའ་ཞིག་གིས་མཚན་མ་བཅུ་དང་མ་བྲལ་ཏེ། འདུས་བྱས་ཀྱི་མཚན་མ་དང་མ་བྲལ་བའི་ཕྱིར་ཏེ། འདུས་བྱས་ཀྱི་བདག་ ཉིད་དུ་གྲུབ་པའི་ཕྱིར་ཏེ། མཆིམས་མཛོད་ལས། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ་ཞེས་གསུངས་མོད་ཀྱང་།
མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ལས། བདེན་བཞིའི་མི་རྟག་ལ་སོགས་པ་བཅུ་དྲུག་གི་རྣམ་པ་སྟོང་བདག་མེད་གཉིས་མ་གཏོགས་པ་འགའ་ཞིག་ནི་འདུས་བྱས་ཡིན་ཞིང་དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ་ཞེས་གསུངས་འདུག་པས་སྔ་མ་འཐད་དཀའ་བར་སྣང་། སྟོང་བདག་མེད་གཉིས་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་དུ་རང་འགྲེལ་ལས། མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་སྟོང་བ་དང་བདག་མེད་པ་དག་གིས་ནི་ཡིད་མི་འབྱུང་ངོ་ཞེས་དང་། རྒྱལ་སྲས་མ་ལས། སྡུག་བསྔལ་གྱི་བདེན་པ་ལ་སྟོང་བ་དང་བདག་མེད་པའི་རྣམ་པ་དག་ཏུ་དམིགས་མོད་ཀྱི་དེ་དག་གིས་སྡུག་བསྔལ་དེ་ལས་ཡིད་འབྱུང་བ་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་ཏེ་སྟོང་བ་དང་བདག་མེད་པ་དག་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་པས་མྱ་ངན་ལས་འདས་པ་ཡང་སྟོང་བ་དང་བདག་མེད་པའི་མཚན་ཉིད་ཡིན་ན་དེ་དག་གིས་མྱ་ངན་ལས་འདས་པ་དེ་ལས་ཡིད་འབྱུང་བ་ཡང་མ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
