བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(5)

དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།
༄༅། ། སྟོང་བདག་མེད་གཉིས་ནི་མཛོད་ཊཱིཀ་ལས། གང་ཟག་གི་བདག་མེད་ནི་འདུས་མ་བྱས་དང་བདེན་བཞིའི་མི་རྟག་ལ་སོགས་པ་བཅུ་དྲུག་གི་ རྣམ་པ་སྟོང་བདག་མེད་གཉིས་མ་གཏོགས་པ་འགའ་ཞིག་ནི་འདུས་བྱས་ ཡིན་ཞིང་། ཞེས་གསུངས་པ་ལྟར་འདུས་མ་བྱས་སུ་འདོད་དགོས་ལ། དེ་ལྟ་ནའང་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་བའི་སྐྱོན་མེད་དེ། འགོག་བདེན་གྱི་ཁྱད་ཆོས་བཞི་མཚན་མེད་ཡིན་པའི་རྒྱུ་མཚན་ནི། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་འབྱུང་བ་ལྟར་ཡིན་ལ། དེ་ཡང་མཚན་མ་བཅུ་དང་བྲལ་བ་ཞེས་པ་ནི་གཟུགས་སོགས་ཡུལ་ལྔ་དང་། སྐྱེ་རྒ་མི་རྟག་པ་སྟེ་འདུས་བྱས་ཀྱི་མཚན་ཉིད་གསུམ། ཕོ་མོའི་མཚན་མ་གཉིས་ཏེ་མཚན་མ་བཅུ་དང་བྲལ་ བའི་བྲལ་ཆ་ལ་བྱ་དགོས་ཤིང་། སྟོང་བདག་མེད་གཉིས་ནི་མཚན་མ་བཅུ་དང་བྲལ་ཡང་དེ་འདྲའི་བྲལ་ཆ་མ་ཡིན་པའི་ཕྱིར་རོ། ། འོ་ན་མཚན་མ་བཅུ་དང་བྲལ་བ་ནི་བྲལ་ཆ་ལ་བྱ་དགོས་པའི་རྒྱུ་མཚན་ཅི་ཡོད་ཅེ་ན། ཡོད་དེ། འགྲེལ་ཆུང་ལས་འགོག་བདེན་དང་ལམ་བདེན་གཉིས་མཚན་མེད་དུ་བཞག་པ་རིམ་བཞིན་ མཚན་མ་དང་བྲལ་བ་དང་བྲལ་བྱེད་ཀྱི་ཆ་ནས་བཞག་པར་གསུངས་པ་དང་། དེར་མ་ཟད་ཆོས་དཀོན་མཆོག་གི་མཚན་ཉིད་ཀྱི་ཟུར་དུ་ཆགས་པ་དང་ བྲལ་བ་ཞེས་པ་གཉིས་འབྱུང་བའི་འགོག་བདེན་གྱི་ཡོན་ཏན་དུ་སྦྱར་རྒྱུ་དེ་ལ་གསེར་ཕྲེང་ལས་གང་ཆགས་པ་དང་བྲལ་བ་དང་། ལམ་བདེན་གྱི་དེ་ལ་གང་གིས་ཆགས་པ་དང་བྲལ་བ་ཞེས་གསུངས་པ་འདི་དག་ནི་རྒྱུ་མཚན་གསལ་བ་ཡིན་ནོ། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
