བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(3)
དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།
དྲིས་ལན།ལྷ་རམས་པ་ཀླུ་འཇམ་དབྱངས་བསྟན་དར།
༄༅། །གཅིག་བུའི་བུ་ལ་བརྩེ་བའི་མ་བཞིན་དུ། །
ཐོག་མེད་དུས་ནས་དཔག་མེད་འགྲོ་བའི་དོན། །
བདག་གིར་བཞེས་ཏེ་སྣ་ཚོགས་འཕྲིན་ལས་ཀྱིས། །
དུཿཁའི་འཇིགས་སྐྱོབ་རྒྱལ་ཡུམ་སྒྲོལ་མས་སྐྱོངས། །
དེ་ཡང་དྲང་ངེས་ཀྱི་དྲི་བ་ཁག་ཉི་ཤུ་བོ་ལས་དྲི་གཞི་དང་བོའི་ལན་ཅུང་ཟད་ཞུ་བར་བྱ་བ་ནི། དྲི་བ་འདི་འཕྲོས་ས་ནི་ཡུལ་འཁོར་སྐྱོང་ཞུས་ཀྱི་མདོ་དྲང་ངེས་རྩ་བར་དྲངས་པ། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ། ། ཞེས་པ་འདི་ཡིན་ལ། མདོ་འདི་ལ་ཉན་ཐོས་སྡེ་བ་དང་། ཐེག་ཆེན་ཐུན་མོང་བ་དང་ཐུན་མོང་མིན་པ་རྣམས་ཀྱིས་རྣམ་ཐར་སྒོ་གསུམ་ལ་སྦྱར་ཏེ་བཤད་ཚུལ་དྲང་ངེས་མཆན་དང་རྣམ་ཐར་སྒོ་གསུམ་གྱི་ཡིག་ཆར་གསལ་ལོ། ། མཛོད་རྩ་བ་ལས། མཚན་མེད་ཞི་བའི་རྣམ་པ་དང་། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་བདེན་བཞིའི་ཁྱད་ཆོས་ལ་སྦྱར་ནས་གསུངས་ཤིང་། དེ་ཡང་འགོག་བདེན་གྱི་བཞི་མཚན་མེད་དང་། སྡུག་བདེན་གྱི་ཕྱི་མ་གཉིས་སྟོང་ཉིད་དང་། དེ་དག་ལས་གཞན་བཅུ་བོ་སྨོན་མེད་དུ་བཞག་གོ ། དེ་ལ་ཁ་ཅིག མཚན་མ་བཅུ་དང་བྲལ་བས་འགོག་བདེན་གྱི་བཞི་མཚན་མེད་དུ་བཞག་པ་ལྟར་སྡུག་ བདེན་གྱི་ཕྱི་མ་སྟོང་བདག་མེད་གཉིས་ཀྱང་མཚན་མེད་དུ་ཐལ་ཞེ་ན། མི་ འདོད་དེ། སྡུག་བདེན་གྱི་དེ་གཉིས་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་འགག་གནས་པ་རྣམས་དང་མ་བྲལ་བའི་ཕྱིར་ཏེ། འདུས་བྱས་ཡིན་པའི་ཕྱིར། དེར་ཐལ། མཆིམས་མཛོད་ལས། འགོག་བདེན་གྱི་རྣམ་པ་རྣམས་ནི་སོ་སོར་བརྟགས་འགོག་གི་ངོ་བོ་ཡིན་ལ། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་ འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར། དེ་བཞིན་ཉིད་ཅེས་བྱ་བའི་ འདུས་མ་བྱས་ལོགས་པ་ནི་མེད་དོ། ། ཞེས་གསུངས་པའི་ཕྱིར། དེ་ལ་མཁས་པ་ཁ་ཅིག ལུང་འདིས་སྟོང་བདག་མེད་གཉིས་འདུས་བྱས་ཀྱི་བདག་ཉིད་དམ་དེ་དང་རང་བཞིན་གཅིག་པས། དེ་བཞིན་ཉིད་ཅེས་པའི་འདུས་མ་ བྱས་རྫས་གྲུབ་མེད་པའི་དོན་དུ་བཀྲལ་འདུག་མོད་ཀྱང་། འདུས་མ་བྱས་ ཡིན་ན་ཟག་མེད་དུ་འདོད་དགོས་ལ། དེ་ལྟར་ན་སྡུག་བསྔལ་ཤེས་པའི་ཡུལ་ལ་ཟག་བཅས་ཁོ་ན་དགོས་པར་གསུངས་པའི་རྩ་འགྲེལ་ཀུན་དང་འགལ་ ཞིང་། གནས་བདུན་པའི་རང་འགྲེལ་ལས། སྡུག་བསྔལ་ཤེས་པའི་ཡུལ་ལ་ཆོས་བཅུའི་ནང་གི་ཁམས་གསུམ་གྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་དྲུག་བཞག་པ་དང་ཡང་འགལ་ཏེ། བདུན་དུ་འགྱུར་བའི་ཕྱིར་རོ། །
གཞན་ཡང་། མཛོད་རྩ་བ་ལས། ཆོས་ཤེས་བྱ་བའི་སྤྱོད་ཡུལ་ནི། ། འདོད་སྡུག་བསྔལ་སོགས་རྗེས་ཤེས་པའི། ། སྤྱོད་ཡུལ་གོང་མའི་སྡུག་བསྔལ་སོགས། །ཞེས་པའི་མཆིམས་ཊཱིཀ་མཆན་བུ་ལས། ནམ་མཁའ་དང་སོ་སོར་བརྟགས་མིན་ནི་བདེན་བཞིར་མ་འདུས་པས་དེ་དག་གི་དམིགས་པ་མིན་ནོ། ། ཞེས་ཟག་མེད་ཤེས་པའི་ཡུལ་ལ་བདེན་བཞི་གང་རུང་དགོས་པར་གསུངས་པ་དང་ ཡང་འགལ་ཏེ། བདེན་བཞི་གང་རུང་ལ་འགོག་བདེན་ལས་གཞན་པའི་ འདུས་མ་བྱས་མེད་ལ། སྡུག་བདེན་གྱི་སྟོང་བདག་མེད་གཉིས་འགོག་བདེན་དུ་འདོད་པ་ཡང་མ་ཡིན་པའི་ཕྱིར་རོ། ། ཡང་ཁོ་ན་རེ། དེ་གཉིས་འདུས་མ་བྱས་ཡིན་འདུས་མ་བྱས་ལུང་མ་བསྟན་མིན་ཟེར་ན། འོ་ན་མཛོད་རྩ་བ་ལས། ཆོས་བཅུ་དག་ནི་སྦྱར་བར་བྱ། ། ཞེས་པས་ཟག་བཅས་ཟག་མེད་ཀྱི་ཆོས་ ཐམས་ཅད་ཆོས་བཅུར་བསྡུས་ནས་ཤེས་པ་བཅུའི་ཡུལ་དུ་འགྱུར་ཚུལ་གསུངས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མཆིམས་མཛོད་ལས། ཤེས་བྱའི་ཆོས་ཐམས་ཅད་རྣམ་པ་བཅུར་ཕྱེ་ལ་ཆོས་བཅུ་བོ་དག་ནི་ ཤེས་པ་དུ་ཞིག་གི་ཡུལ་དུ་འགྱུར་བར་སྦྱར་ཏེ་ཤེས་པར་བྱའོ། ། ཞེས་གསུངས་པའི་ཕྱིར། ཡང་འདུས་བྱས་ཡིན་ན་སྨོན་མེད་དུ་མི་འཇོག་པའི་རྒྱུ་མཚན་ མེད་པས་ཟེར་བ་ཡང་རྟགས་མ་གྲུབ་སྟེ། སྡུག་བདེན་གྱི་སྟོང་བདག་མེད་གཉིས་ཡུལ་སྨོན་མེད་རྣམ་ཐར་དུ་མ་བཞག་པའི་རྒྱུ་མཚན་རང་འགྲེལ་དང་རྒྱལ་སྲས་མ་སོགས་ཀྱི་དགོངས་པ་ལྟར་མཆིམས་མཛོད་དང་ཡིག་ཆར་ཡང་ གསུངས་པའི་ཕྱིར། དང་བོ་གྲུབ་སྟེ། མཆིམས་མཛོད་ལས། སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་ཡུལ་སྨོན་བྱ་མ་ཡིན་པའི་འདུས་བྱས་ལ་དམིགས་ནས་ཡིད་འབྱུང་བའི་རྣམ་པ་ཡིན་ལ། སྟོང་བ་དང་བདག་མེད་པས་ཀྱང་སྡུག་ བསྔལ་གྱི་བདེན་པ་ལ་སྟོང་བ་དང་བདག་མེད་ཀྱི་རྣམ་པར་དམིགས་མོད་ཀྱི་དེ་གཉིས་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་པས་མྱང་འདས་ཀྱི་མཚན་ཉིད་ཀྱང་ཡིན་ན། དེ་དག་གིས་མྱང་འདས་ལས་ཡིད་མི་འབྱུང་བ་ལྟར་སྡུག་བསྔལ་ལས་ཀྱང་ཡིད་མི་འབྱུང་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མཛོད་ཡིག་ཆར། མི་རྟག་སྡུག་བསྔལ་གཉིས་ཀྱིས་སྡུག་བདེན་ལས་ཡིད་ འབྱུང་། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞིས་ཀུན་འབྱུང་ལས་ཡིད་འབྱུང་ལ། ལམ་ཡང་གདོན་མི་ཟ་བར་མཐར་ཐུག་གི་གཟིངས་ལྟར་བསྟེན་པ་འཇོག་པས་ན་སྨོན་པ་མེད་པ་ཡིན་པའི་ཕྱིར་དང་། སྟོང་བདག་མེད་གཉིས་ཀྱིས་མྱང་འདས་དང་འདྲ་བར་ཡིད་མི་འབྱུང་བའི་ཕྱིར་རོ། ། ཞེས་གསུངས་པའི་ཕྱིར། དེས་ན་སྨོན་མེད་དུ་མི་འཇོག་པའི་རྒྱུ་མཚན་ཡང་གྲུབ་པས་མཚན་མ་བཅུ་ དང་བྲལ་ཚུལ་གཞན་འཚོལ་བའི་ངལ་བ་བསྟེན་མི་དགོས་སོ། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn