བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན།(2)
དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།
དྲིས་ལན། རེབ་ཚ་འཇམ་དབྱངས་རྒྱ་མཚོ།
༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
མཉམ་མེད་ཐུབ་དབང་ཀུན་གྱི་མཛད་པ་མཆོག །
གཅིག་ཏུ་བསྡུས་པའི་སྙིགས་དུས་འགྲོ་བའི་མགོན། །
འཇམ་མགོན་བླ་མ་ཁྱེད་དང་དབྱེར་མེད་པ། །
ཞི་བདེ་འདྲེན་མཆོག་ཐམས་ཅད་མཁྱེན་པར་འདུད། །
རྨད་བྱུང་ཆོས་འཁོར་གསུམ་གྱི་གནད་བསྡུས་པའི། །
སྔོན་མེད་ལེགས་བཤད་སྙིང་བོའི་དཀའ་གནས་འགའ། །
དྲི་གཞི་བཀོད་པར་གང་གི་མཆོད་སྤྲིན་དུ། །
རང་བློས་དཔོག་ཙམ་ལན་གྱི་མཆོད་ཡོན་འབུལ། །
མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་པའི་གཞུང་འདིའི་སྐབས་སུ་ཡུལ་རྣམ་ཐར་སྒོ་གསུམ་དང་། ཡུལ་ཅན་རྣམ་ཐར་སྒོ་གསུམ་བསྟན་པས། བདེན་བཞིའི་ཁྱད་ཆོས་དེ་དག་ཡུལ་རྣམ་ཐར་སྒོ་གསུམ་དུ་བསྡུས་པ་དང་ཁྱད་ཆོས་དེ་དག་རྟོགས་པའི་ཤེས་རབ་དང་མཚུངས་ལྡན་གྱི་ཏིང་ངེ་འཛིན་དེ་དག་ནི། སྟོང་ཉིད་ཀྱི་ཏིང་ངེ་འཛིན་དང་། མཚན་མེད་ཀྱི་ཏིང་ངེ་འཛིན་དང་། སྨོན་མེད་ཀྱི་ཏིང་ངེ་འཛིན་གསུམ་གྱི་ནང་དུ་བསྡུས་ནས་བསྟན་པ་སྟེ། ཡུལ་ཅན་རྣམ་ཐར་སྒོ་གསུམ་སྐབས་འདིར་གཙོ་བོར་བསྟན་ཏོ། ། ཡང་འགོག་བདེན་གྱི་ཁྱད་ཆོས་བཞི་བོ་དེ། ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ་མཚན་མ་བཅུ་དང་བྲལ་བ་བཀོད་ཡོད་པས། སྟོང་བདག་མེད་གཉིས་ཀྱང་ཡུལ་མཚན་ མེད་རྣམ་ཐར་དུ་ཐལ་འགྲོ་ཟེར་ན། འདི་ལ་མཁས་དབང་ལ་ལས། རྒྱུ་མཚན་བཀོད་པ་ཙམ་ལ་ཁྱབ་པ་མི་དགོས་པས། གཞུང་གི་གོ་ཐོབ་གཙོ་བོར་བྱས་པ་མཛོད་རྩ་འགྲེལ་གྱི་གཞུང་གོང་འོག་དུ་མ་ན་ཡོད་པས། དབུ་ཚད་ཀྱི་རིགས་པ་ཕྲ་མོས་དཔྱད་ན་གཞུང་གི་གོ་དོན་འདོར་འགྲོ་གསུངས། འོན་ ཀྱང་མཚན་མ་བཅུ་དང་བྲལ་བའི་རྒྱུ་མཚན་དེའི་སྒོ་ནས་ཀྱང་མཚན་མེད་ དང་། སྟོང་ཉིད། སྨོན་མེད་ཀྱི་རྣམ་ཐར་སོ་སོར་འཇོག་དགོས་པས། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་མ་བྲལ་གྱི་དཔྱད་པ་དེ་ལ། ཕྲན་ནི་ལྟ་རྒྱ་ཆུང་ཞིང་ཁོ་བོས་བལྟས་པའི་གཞུང་ཆེན་མོ་དག་ལས་གསལ་ཁ་མ་ མཐོང་ཡང་། ཕྲན་གྱི་རྨོངས་བློར་འཆར་ཚུལ་ལ། སྐབས་འདིའི་མཚན་མ་བཅུ་དང་བྲལ་ཅེས་པ་འདུས་མ་བྱས་གང་ཞིག་ལ་མཚན་མ་བཅུ་བོ་རེ་རེ་ནས་མ་ཡིན་པ་ཙམ་ལ་མི་བྱེད་པར་མཚན་མ་བཅུ་དང་ཁ་བྲལ་བ་དང་བཅས་པ་ ལ་བྱེད་དགོས་སམ་སྙམ། དེ་ཡང་མཚན་མ་བཅུ་བོའི་རང་སྟེང་དུ་ཡོད་མེད་དཔྱད་ན་གོ་བདེ་བར་སྙམ་མོ། ། དེས་ན་འགོག་བདེན་གྱི་ཁྱད་ཆོས་བཞི་བོ་མཚན་མ་བཅུའི་སྟེང་དུ་བྲལ་བས་ཁྱད་ཆོས་དེ་བཞི་ཡུལ་མཚན་མེད་རྣམ་ ཐར་དུ་བཞག་པ་དང་། སྟོང་བདག་མེད་གཉིས་མཚན་མ་བཅུའི་སྟེང་དུ་མ་བྲལ་བས་མཚན་མ་བཅུ་དང་བྲལ་བ་མ་ཡིན་ནོ། ། འོ་ན་འགོག་བདེན་གྱི་ཁྱད་ཆོས་བཞི་བོ་འདུས་བྱས་ཀྱི་མཚན་ཉིད་གསུམ་གྱི་སྟེང་དུ་བྲལ་བ་སྟེ་མེད་པ་ ཡིན་ནམ་ཞེ་ན། མཚན་མ་བཅུའི་ནང་ནས་དང་བོ་བདུན་ལ་དོགས་པ་མེད་ཅིང་། འདུས་བྱས་ཀྱི་མཚན་ཉིད་གསུམ་གྱི་རང་ལྡོག་གི་སྟེང་དུ་མེད་པའི་ ཕྱིར། དེ་ཡང་ཡིན་ཏེ། འགོག་བདེན་ནི་སེམས་ཀྱི་ཡོན་ཏན་ཡིན་པས་ འགོག་བདེན་སེམས་ཀྱི་སྟེང་དུ་ལྡན་ནོ། ། འོ་ན་སེམས་དེ་ཡང་འདུས་བྱས་ཡིན་པས་འདུས་བྱས་ཀྱི་སྟེང་དུ་ལྡན་དགོས་པར་བསམ་ན། དེ་ལྟ་ན་དམ་བཅའ་བས་ཤེས་བྱ་ཟ་བར་ཁས་ལེན་དགོས་པར་འགྱུར་ཏེ། རྩམ་པ་ཤེས་བྱ་ཡིན་པའི་ཕྱིར་རོ། ། གོང་ཞུས་ལྟར་ཕྲན་གྱིས་རྨོངས་འཆར་ཙམ་བྲིས་པ་དང་ཞིབ་ཏུ་མཁས་དབང་རྣམས་ཀྱིས་གསུང་བར་འགྱུར་སྙམ་མོ། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn