བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་སྐབས་ཀྱི་དྲིས་ལན། (1)
དྲི་གཞི་དང་པོ། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། ཞེས་སྟོང་བདག་མེད་གཉིས་ཡུལ་སྟོང་ཉིད་ རྣམ་ཐར་དང་། སྡུག་བདེན་གྱི་ལྷག་མ་གཉིས་དང་། ཀུན་འབྱུང་གི་ཁྱད་ ཆོས་བཞི། ལམ་གྱི་བཞི་ཡུལ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ ཁྱད་ཆོས་ཡུལ་མཚན་མེད་རྣམ་ཐར་ལ་སྦྱར་འདུག་ནའང་། འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་པ་ནས། མཚན་མ་བཅུ་ནི་ཡུལ་ལྔ་དང་ཕོ་དང་མོ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། ། ཞེས་གསུངས་འདུག་ན། སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ཐར་དུ་ཐལ་ལ། མ་བྲལ་ན། འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེ་ལྟ་ན་ཡུལ་སྨོན་མེད་རྣམ་ཐར་ལ་མི་འཇོག་པའི་རྒྱུ་མཚན་མེད་པས། མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་མེད་སོགས་མཛོད་དང་སྦྱར་ནས་ཇི་ལྟར་དཔྱད།
དྲིས་ལན། ཀླུ་འཇིགས་མེད་རྒྱ་མཚོ།
༄༅། ། ཐུགས་རྗེ་ཆུ་སྤྲིན་གཡོ་བའི་བ་གམ་ལས། །
ཟབ་རྒྱས་ཆོས་མཛོད་ཟད་མི་ཤེས་པའི་ཆར། །
སྐལ་ལྡན་དད་པའི་ཞིང་དུ་འཇོ་བའི་གཉེན། །
ལྷ་མིའི་སྟོན་པ་དད་པའི་མཆོད་སྡོང་རྒྱལ། །
རྣམ་འབྱེད་མཁྱེན་པ་དྲི་གཞོན་རྩེ་བའི་གར། །
ལེགས་གསུང་འོ་མའི་མཚོ་ལ་འགྱུ་བ་ལས། །
རྟེན་འབྱུང་གཏམ་གྱི་རིན་བྲལ་ནོར་བུའི་ཟོང་། །
འགྲེམས་མཛད་ཀླུ་སྒྲུབ་ཡབ་སྲས་འགྲོ་བའི་མིག །
མི་ཕམ་གངས་ཀྱི་རི་ལས་བགོ་སྐལ་དུ། །
བབས་པའི་དགོངས་ཟབ་ཡན་ལག་བརྒྱད་པའི་ཀླུང་། །
ཐུགས་བསྐྱེད་ཡུར་བའི་ལམ་ནས་ཀུན་བཟོད་མར། །
ཁྱབ་པར་སྤྲོ་མཛད་ཐོགས་མེད་ཡབ་སྲས་མཆོད། །
བློ་ཆེན་རྒྱལ་བ་ཀུན་གྱི་དམ་བཅའི་ཁུར། །
ཀུན་བཟང་སྤོབས་པའི་ཕྲག་ལ་ངལ་གསོ་བས། །
དུས་འདིར་བསྟན་འགྲོའི་ཕན་བདེ་རྩ་ལག་མཆོག །
གྲགས་པའི་སྒྲ་བརྒྱ་དགོད་པ་དེས་སྐྱོངས་ཤིག །
སྐྱེས་སྦྱངས་མཁྱེན་པ་གཉིས་འཐུང་འཁྲིགས་པའི་ཁས། །
འཕགས་བོད་གཞུང་བརྒྱའི་སྤོས་དཀར་ལ་ཟོས་པས། །
རིགས་ཚད་བསུང་ཞིམ་སྤྲོ་བའི་ཁོར་ཡུག་གིས། །
སྐལ་བཟང་དགའ་བ་སྤེལ་བའི་གཉེན་གཅིག་དྲན། །
ཉིན་རེ་ཞིང་ཡང་དྲན་པའི་མེ་ལོང་དུ། །
གསང་གསུམ་སྒྱུ་འཕྲུལ་འོད་ལྔ་འཐབ་པའི་རིས། །
མ་སྟོང་བསྐལ་བའི་སྲིད་དུ་དགོད་པ་འདིས། །
རྗེས་བཟུང་བཀའ་དྲིན་མཁའ་དང་མཉམ་པ་ལྟ། །
རྗེས་བརྩེ་དྲི་མ་སྣུམ་པོའི་བསིལ་གྲིབ་ཏུ། །
ལེགས་བཤད་བདུད་རྩིའི་བཅུད་ཀྱིས་བསྙེམས་པ་དག །
རྗེས་དྲན་མེ་ཏོག་སར་བའི་ཕྲེང་བསྒྲིགས་ནས། །
དད་པའི་མཆོད་སྡོང་འབར་བ་གང་ཞིག་བསུ། །
དེ་ལྟར་མཆོད་པར་བརྗོད་པའི་མེ་ཏོག་གི་ཕྲེང་བས་སྔུན་བསུས་ཏེ། ཡབ་རྗེ་བླ་མ་མཆོག་རྗེས་སུ་དྲན་ཞིང་མཆོད་པའི་སྤྲིན་དུ་དམིགས་ཏེ། འདིར་སེམས་ཙམ་པའི་དྲང་ངེས་ཐད་ཀྱི་དྲི་བ་འགའ་ལ་ལན་གྱི་རྣམ་བཞག་ཉུང་ ཟད་ཅིག་འབུལ་བ་ལ། དང་བོ། དྲི་བ་དང་བོའི་ལན་ལ། དྲི་བའི་གཞི་ བསྡུས་ཏེ་འགོད་པ་དང་། ལན་དངོས་གཉིས་ལས། དང་བོ་ནི། མཛོད་ལུགས་ལ་འགོག་བདེན་གྱི་ཁྱད་ཆོས་བཞི་ཡུལ་མཚན་མེད་རྣམ་ཐར་ཡིན་ པའི་རྒྱུ་མཚན་ལ། རང་འགྲེལ་ལས། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན། ཞེས་གསུངས་འདུག་ན། འོ་ན་སྟོང་བདག་མེད་གཉིས་མཚན་མ་བཅུ་དང་བྲལ་ན་ཡུལ་མཚན་མེད་རྣམ་ ཐར་དུ་ཐལ་ལ། མ་བྲལ་ན་འདུས་བྱས་སུ་འགྱུར་བས་སྡུག་བདེན་ལས་འོས་མེད་ཅིང་། དེས་ན་སྨོན་མེད་རྣམ་ཐར་དུ་ཐལ་བར་འགྱུར་བས་མཚན་མ་བཅུ་དང་བྲལ་ཚུལ་གཞན་ཡོད་དམ་ཞེས་པ་འདིའོ། །གཉིས་པ་ལན་དངོས་ལ། འཐད་ལྡན་གྱི་འདོད་པ་འགོད་པ་དང་། མཐའ་དཔྱད་པ་གཉིས་ལས། དང་བོ་ནི། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། ། སྟོང་ཉིད་བདག་མེད་སྟོང་ཉིད་དུ། ། འཇུག་པའོ་སྨོན་པ་མེད་པ་ནི། ། དེ་ལས་གཞན་བདེན་རྣམ་པ་ཅན། ། དག་དང་དྲི་མ་མེད་དེ་དག ། དྲི་མེད་རྣམ་ཐར་སྒོ་གསུམ་མོ། །ཞེས་པའི་སྐབས་སུ་བྱེ་བྲག་སྨྲ་བའི་ལུགས་ཀྱི་རྣམ་ཐར་སྒོ་གསུམ་བསྟན་ཚུལ་ནི། ཞི་བའི་རྣམ་པ་འགོག་བདེན་གྱི་ཁྱད་ཆོས་བཞི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ནི་མཚན་མེད་རྣམ་ཐར་དང་། སྡུག་བདེན་གྱི་སྟོང་ བདག་མེད་གཉིས་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ནི་སྟོང་ཉིད་རྣམ་ཐར་ དང་། དེ་ལས་གཞན་པ་སྡུག་བདེན་གྱི་མི་རྟག་སྡུག་བསྔལ་གཉིས་དང་ཀུན་འབྱུང་གི་བཞི་དང་ལམ་གྱི་བཞི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ནི་སྨོན་མེད་རྣམ་ཐར་ཡིན་ལ། དེ་འདྲ་བའི་ཏིང་ངེ་འཛིན་གསུམ་ལ་དག་པ་བ་འཇིག་རྟེན་པའི་ལམ་དང་ཟག་མེད་འདས་ལམ་གཉིས་ཡོད་པ་ལས། ཟག་མེད་ཀྱི་ལམ་དེ་དག་རྣམ་པར་ཐར་བའི་སྒོ་ཡིན་ཞེས་གསུངས་པ་ཡིན་ལ། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་། འགོག་པའི་བཞི་ནི་རང་གི་ངོ་བོ་མཚན་མ་བཅུ་ཞི་བའི་ཞི་བའམ་དེ་བཅུ་དང་བྲལ་བའི་བྲལ་བ་ཡིན་པའི་ཆ་ནས་མཚན་མེད་དུ་གསུངས་ཤིང་། ལམ་གྱི་བཞི་སོགས་སྨོན་མེད་དུ་གསུངས་པ་ནི་མཐར་ཆུ་བརྒལ་བའི་གཟིངས་ལྟར་ལྷག་མེད་ཀྱི་ཚེ་དོར་བར་བྱ་བ་ཡིན་པས་སྨོན་མེད་དུ་གསུངས་པ་ཡིན་ནོ། །འདི་ལས་འཕྲོས་ནས་སྟོང་བདག་མེད་གཉིས་འདུས་བྱས་མ་བྱས་གང་ཡིན་ཐད་གསུངས་ཚུལ་སྣ་ཚོགས་ཤིག་འདུག་པས། རང་གི་འདོད་པ་གང་ཡིན་མཐའ་དཔྱད་པའི་ལམ་ནས་མདོར་བསྡུས་སུ་སྤྲོ་བར་འདོད་དོ། །
གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག་བྱེ་སྨྲའི་ལུགས་ལ་སྟོང་བདག་མེད་གཉིས་འདུས་བྱས་ཡིན་པས། མཛོད་ལས། མཚན་མེད་ལས་ལོགས་སུ་བཤད་པ་ཡིན་ལ། གཞན་དུ་འདུས་མ་བྱས་ཡིན་ན་གཟུགས་ སོགས་ལྔ་དང་ཕོ་མོ་དང་། འདུས་བྱས་ཀྱི་མཚན་ཉིད་དམ་མཚན་མ་བཅུ་དང་བྲལ་བས་མཚན་མེད་དུ་ཐལ་ཞིང་། དེ་རྟོགས་ལམ་བདེན་དེ་ཡང་ མཚན་མེད་རྣམ་ཐར་དུ་བཤད་དགོས་པ་ལ་མ་བཤད་པའི་ཕྱིར་དང་། གཞན་ཡང་། ཁམས་བསྟན་པའི་གནས་སུ། འདུས་མ་བྱས་རྣམ་གསུམ་ཡང་སྟེ། ། ནམ་མཁའ་དང་ནི་འགོག་པ་གཉིས། ། ཞེས་འདུས་མ་བྱས་གསུམ་དུ་གྲངས་ངེས་པར་གསུངས་པ་བཞིན། བྱེ་སྨྲའི་འདོད་པ་བརྗོད་པའི་ཐད་ཀྱི་སྐབས་བཞི་བའི་ལེགས་བཤད་གསེར་ཕྲེང་ལས་ཀྱང་། དེ་ལ་ཁ་ཆེ་བྱེ་སྨྲ་ནི་འགོག་པ་གཉིས་དང་ནམ་མཁའ་སྟེ་འདུས་མ་བྱས་གསུམ་དུ་འདོད་ཅིང་། དེའི་སྟེང་དུ་དེ་བཞིན་ཉིད་བསྣན་ནས་བཞིར་ཡུལ་དབུས་ཀྱི་བྱེ་སྨྲ་རྣམས་འདོད་དོ། ། ཞེས་ཡེ་ཤེས་སྙིང་བོ་ཀུན་བཏུས་ཀྱི་འགྲེལ་བར་བཤད་དོ། ། ཞེས་གསུངས་ པས་ཀྱང་འགྲུབ་ལ། གཞན་ཡང་། སྟོང་བདག་མེད་གཉིས་འདུས་མ་བྱས་ཡིན་ན། ཡེ་ཤེས་བསྟན་པའི་གནས་ལས། ཆོས་བཅུ་ཤེས་པ་དུ་ཞིག་གི་ཡུལ་དུ་འགྱུར་ཚུལ་དཔྱད་པའི་སྐབས་ཆོས་ཤེས་ཀྱི་ཡུལ་དུ་ལྔ་དང་། སྡུག་བསྔལ་ཤེས་པའི་ཡུལ་དུ་དྲུག་མ་གཏོགས་གཉིས་ཀའི་ཡུལ་དུ་འདུས་མ་བྱས་ལུང་མ་བསྟན་མི་འཇོག་པའི་རྒྱུ་མཚན་མེད་པའི་ཕྱིར་དང་། གཞན་ཡང་། སྡུག་ཀུན་ཤེས་པའི་ཡུལ་གཉིས་ཡིན་ཁྱབ་མཉམ་མིན་ན་མཛོད་གནས་དང་བོར། གང་དག་ཟག་བཅས་ཉེར་ལེན་པའི། ། ཕུང་བོའང་དེ་དག་ཐབས་བཅས་དང་། ། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། ། ལྟ་གནས་སྲིད་པའང་དེ་དག་ཡིན། ། ཞེས་སྡུག་ཀུན་གཉིས་ཟག་བཅས་ཀྱི་རྣམ་གྲངས་སུ་གསུངས་པ་དང་འགལ་ཞིང་ཟག་མེད་ལམ་བདེན་གྱི་ཡུལ་ལ་བདེན་བཞི་གང་རུང་ གིས་མ་ཁྱབ་པར་འགྱུར་རོ། ། གཞན་ཡང་། མཆིམས་མཛོད་ལས། དེ་བཞིན་ཉིད་བདག་མེད་པ་ལ་འདོད་ན། ཆོས་ཀྱི་བདག་མེད་ནི་སྡེ་བ་དག་གིས་མི་འདོད་ལ་གང་ཟག་གི་བདག་མེད་ནི་བདེན་བཞིའི་མི་རྟག་པ་ལ་སོགས་པ་ རྣམ་པ་བཅུ་དྲུག་ལ་འདོད་པས་ན། འགོག་བདེན་གྱི་རྣམ་པ་རྣམས་ནི་སོ་ སོར་བརྟགས་འགོག་གི་ངོ་བོ་ཉིད་ཡིན་ལ། བདེན་པ་གསུམ་གྱི་རྣམ་པ་ རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། ། ཞེས་འདུས་བྱས་ཀྱི་བདག་ཉིད་ཡིན་པར་གསལ་བར་གསུངས་པའི་ཕྱིར། སྟོང་བདག་མེད་གཉིས་འདུས་མ་བྱས་སུ་འདོད་པ་ནི་གྲུབ་མཐའ་གོང་མའི་ཤན་ཞུགས་པ་ཡིན་པས་གྲུབ་མཐའི་ཁྱད་ཕྱེད་པ་གལ་ཆེའོ་ཞེས་སྨྲ་བར་བྱེད་དོ། །
དེ་ལྟར་ལུང་རིགས་གཉིས་ཀྱི་སྒོ་ནས་སྟོང་བདག་མེད་གཉིས་འདུས་བྱས་སུ་དམ་བཅའ་བ་དེ་ལ་ལན་གྱི་ཕྲེང་བ་མཐར་ཆགས་སུ་བསྟར་བར་བྱ་སྟེ། དང་བོ། མཛོད་ལས་སྟོང་བདག་མེད་གཉིས་མཚན་མེད་ལས་ལོགས་སུ་གསུངས་ཤིང་། དེ་རྟོགས་ལམ་བདེན་དེ་ཡང་མཚན་མེད་རྣམ་ཐར་དུ་མ་གསུངས་པ་ནི། དེ་གཉིས་མཚན་མ་བཅུ་དང་མ་བྲལ་བའི་འདུས་བྱས་ཀྱི་ངོ་བོ་ཡིན་པའི་རྒྱུ་མཚན་གྱིས་མ་ཡིན་པར། འགོག་པའི་བཞི་མཚན་མ་བཅུ་དང་བྲལ་བའི་མཚན་མེད་དུ་གསུངས་པ་ནི། དེ་བཞི་མཚན་མ་བཅུ་བོ་གང་ཡང་མ་ཡིན་པའི་ཆ་ནས་མཚན་མེད་དུ་འཇོག་པ་མིན་པར་མཚན་མ་བཅུ་ཞི་བའི་ངོ་བོའམ། དེ་བཅུ་དང་བྲལ་བའི་བྲལ་བ་ཡིན་པའི་ཆ་ནས་མཚན་མེད་དུ་བཤད་པ་ཡིན་པ་ནི། རྗེའི་ལེགས་བཤད་ གསེར་ཕྲེང་ལས། འགོག་པའི་རྣམ་པ་བཞི་དོན་ལྔ་དང་ཕོ་མོ་དང་འདུས་ བྱས་ཀྱི་མཚན་ཉིད་གསུམ་སྟེ། མཚན་མ་བཅུ་ཞི་བས་དེ་ལ་དམིགས་པའི་ ཏིང་ངེ་འཛིན་ནི་མཚན་མེད་དུ་བཤད་ནས། ཞེས་པས་འགྲུབ་བོ། ། སྟོང་བདག་མེད་གཉིས་ལ་མཚན་མ་བཅུ་དང་བྲལ་བས་བྲལ་ཚུལ་དེ་མ་ཚང་བས། མཚན་མེད་ལས་ལོགས་སུ་གསུངས་པ་ཡིན་ལ། ཁྱེད་ལྟར་ན། སྟོང་བདག་མེད་གཉིས་འདུས་བྱས་ཡིན་ཞིང་འདུས་བྱས་ཟག་བཅས་ཀྱི་ཆ་རྣམས་སྤང་ བྱ་དང་། ཟག་མེད་ཀྱི་ཆ་རྣམས་ལྷག་མེད་ཀྱི་ཚེ་དོར་བྱ་ཡིན་པ་ནི་བྱེ་སྨྲའི་རྩ་བའི་གྲུབ་མཐའ་ཡིན་པས། དེ་གཉིས་སྨོན་མེད་དང་དེ་རྟོགས་ལམ་བདེན་དེ་ཡང་སྨོན་མེད་རྣམ་ཐར་དུ་གསུངས་དགོས་པར་འགྱུར་རོ། ། གཉིས་པ། མཛོད་ལས། འདུས་མ་བྱས་རྣམ་གསུམ་ཡང་སྟེ། ། ཞེས་འདུས་མ་བྱས་ གསུམ་དུ་གྲངས་ངེས་པར་གསུངས་པ་ནི། འདུས་མ་བྱས་གང་ཡིན་ཐམས་ཅད་ཀྱི་དབང་དུ་བྱས་པ་མིན་པར། འདུས་མ་བྱས་རྫས་གྲུབ་ཁྱད་པར་བའི་དབང་དུ་བྱས་པ་སྟེ། དེའི་དབང་དུ་བྱས་ཚུལ་ཡང་། གུང་ཐང་རིན་པོ་ཆེའི་ཕར་ཕྱིན་མཆན་ལས། དེ་ཡང་ནམ་མཁའ་ནི་རླུང་རྟེན་པའི་དོན་བྱེད། བརྟགས་འགོག་གིས་སྤང་བྱ་འགོག་པ་དང་། བརྟགས་མིན་གྱིས་མ་འོངས་པ་མི་སྐྱེ་བའི་དོན་བྱེད། འདུས་མ་བྱས་གཞན་རྣམས་ཆོས་གཞན་གྱི་ཆ་ལ་ བཏགས་པ་ཙམ་ལས་དེ་གསུམ་ལྟ་བུའི་དོན་ཁྱད་པར་དུ་བྱེད་པའི་ནུས་པ་ མེད་དེ། ཞེས་དང་།
མཛོད་སྡོམ་ལས། རླུང་རྟེན་སྐྱེས་དང་མ་སྐྱེས་འགོག་པའི་ཕྱིར། ། ཁྱད་པར་བྱ་བའི་དབང་བྱས་རྫས་གྲུབ་གསུམ། །ཞེས་གསུངས་པ་སོགས་ཀྱིས་འགྲུབ་ཅིང་། གསེར་ཕྲེང་གི་དགོངས་པའང་དེ་ལྟར་གནས་སོ།། གསུམ་པ། གནས་བདུན་པར། ཆོས་བཅུ་དག་དང་སྦྱར་བར་བྱ། ། ཞེས་པའི་སྐབས་སུ་འདུས་མ་བྱས་ལུང་མ་བསྟན་སྡུག་བསྔལ་ཤེས་པ་སོགས་ཀྱི་ཡུལ་དུ་མ་གསུངས་པ་ནི། སྐབས་འདིར་ཆོས་བཅུ་ཤེས་པ་བཅུའི་ཡུལ་དུ་འགྱུར་ཚུལ་གསུངས་པ་དེ་ཡུལ་གང་ཡིན་གྱི་དབང་དུ་བྱས་པ་མིན་པར། དམིགས་པའི་ཡུལ་ཁོ་ནའི་དབང་དུ་བྱས་པ་ཡིན་ལ། སྟོང་བདག་མེད་གཉིས་ནི་ཟག་མེད་ལམ་བདེན་གྱི་དམིགས་ཡུལ་མིན་ནའང་འཛིན་སྟངས་ཀྱི་ཡུལ་ ཡིན་ནོ། ། བཞི་བ་ནི། སྡུག་ཀུན་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་སྡུག་ཀུན་ཤེས་པའི་ཡུལ་གཉིས་དོན་གཅིག་ཏུ་མི་འགྲུབ་སྟེ། ཤེས་པ་དེ་གཉིས་འཛིན་སྟངས་ཀྱི་ཡུལ་མི་འདྲ་བའི་སྒོ་ནས་ཁྱད་པར་འབྱེད་དགོས་པ། རྩ་བར། རྣམ་པ་རྣམ་པ་སྤྱོད་ཡུལ་དང་། ། ཞེས་རྣམ་པའི་སྒོ་ནས་འབྱེད་དགོས་པར་གསུངས་པའི་ཕྱིར་རོ། ། ཟག་མེད་ལམ་བདེན་གྱི་དམིགས་ཡུལ་ལ་བདེན་བཞི་གང་རུང་དགོས་ཀྱང་། རྣམ་པའི་ཡུལ་ལམ་འཛིན་སྟངས་ཀྱི་ཡུལ་ལ་བདེན་བཞི་གང་རུང་མི་དགོས་པར་བདེན་པའི་རྣམ་པ་བཅུ་དྲུག་ཏུ་དབྱེར་ཡོད་པའི་ཕྱིར་རོ། ། ལྔ་བ་ནི། མཆིམས་མཛོད་ལས། སྟོང་བདག་མེད་གཉིས་འདུས་བྱས་ཀྱི་བདག་ཉིད་དུ་གསུངས་པ་ནི། སྡུག་བདེན་སྟོང་བ་དང་བདག་མེད་གཉིས་སྡུག་བདེན་གྱི་ཁྱད་ཆོས་ཡིན་པས་ཁྱད་གཞི་སྡུག་བདེན་དང་ངོ་བོ་གཅིག་ཡིན་པར་གསུངས་པ་ལས་དེ་གཉིས་འདུས་བྱས་ ཡིན་པར་གསུངས་པ་མིན་ནོ། ། གཞན་དུ་ན། དེ་གཉིས་སྡུག་བདེན་ལས་འོས་མེད་ཅིང་། ངེས་པར་འབྱུང་བྱ་ཡིན་པས་སྨོན་མེད་དུ་ཐལ་ཞིང་། མཛོད་ཊཱིཀ་ལས། དེ་བཞིན་ཉིད་བདག་མེད་པ་ལ་འདོད་ན། ཆོས་ཀྱི་ བདག་མེད་ནི་འདིར་མི་འདོད་ལ། གང་ཟག་གི་བདག་མེད་ནི་འདུས་མ་བྱས་དང་། བདེན་བཞིའི་མི་རྟག་ལ་སོགས་པ་བཅུ་དྲུག་གི་རྣམ་པ་སྟོང་ བདག་མེད་གཉིས་མ་གཏོགས་པ་འགའ་ཞིག་ནི་འདུས་བྱས་ཡིན་ཞིང་། དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། ། ཞེས་གསུངས་པ་དང་ཡང་འགལ་ལོ། ། དེ་ལྟར་བྱེ་སྨྲའི་རྣམ་ཐར་སྒོ་གསུམ་ལས་འཕྲོས་པའི་དོགས་པ་དང་འདོད་ཚུལ་མང་ཞིང་། མཐའ་གཅིག་ཏུ་འདི་ཡིན་དེ་མིན་གྱི་ཁ་ཚོན་གཅོད་མི་ཐུབ་མོད་རང་གི་འདོད་ཚུལ་ཕྱོགས་ཙམ་གོང་དུ་བཀོད་པ་དེ་ལྟར་ལགས་སོ། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn