གསེར་ཕྲེང་བགྲོ་གླེང་དྲི་བ་དྲི་ལན་སྐོར།

ཡོང་ཁུངས།   གསེར་ཕྲེང་བགྲོ་གླེང་ཐེངས་གཉིས་པ།     སྤེལ་དུས།  2016-03-30 16:00:02     རྩོམ་པ་པོ།   བསོད་ནམས་དབང་ལྡན་གྱིས་ཟིན་བྲིས    ཀློག་ཐེངས།  

 718029834015094628.jpg

           བགྲོ་གླེང་པ་བཅུ་པ།སེར་བྱེས་དགེ་བཤེས་ལྷ་རམས་པ་བློ་བཟང་རྒྱལ་མཚན་གྱིས་སྒྲོག་སྦྱངས་གནང་སྐབས།
           གསེར་ཕྲེང་དུ་ཉོན་ཡིད་ལན་མང་དུ་གསུངས་ཤིང་།འགོག་སྙོམས་ཀྱི་དགག་བྱ་ལ་ཚོགས་བདུན་གསུངས་པ་སོགས།འདོད་ཉོན་སྤངས་ཚུལ་སྐོར་མི་འདྲ་བ་མང་ཞིང་།ཡིག་ཆ་མང་པོར་འདོད་པར་འདུན་པའི་ཉོན་མོངས་མ་གཏོགས་འདོད་ཉོན་མ་སྤངས།འཇིག་རྟེན་པའི་སྒོམ་སྤང་ཉོན་མོངས་སྤངས།གསུངས་པ་སོགས་ཡོད་ཀྱང་།ཉོན་ཡིད་ལས་གཞན་པའི་འདོད་ཉོན་ཀུན་སྤངས་ལ།ཚོགས་དྲུག་ཙམ་འདོད་ན།འདོད་ཉོན་སྤངས།སྦྱོར་ལམ་སྟན་གཅིག་པ་ལ།ཀུན་བཏུས་དར་ཊཱིཀ་ལ་བརྟེན་ནས་རྗེ་བཙུན་པས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མེད་པར་བཞེད།བཞེད་ཚུལ་གསུམ་ཙམ་ཡོད་ཀྱང་གསེར་ཕྲེང་ལྟར་ན་ཡོད་པར་བཞེད།དབུ་མའི་སྐབས་ཤཱཀ་མཆོག་པས།སྔོན་སོང་གི་དགྲ་བཅོམ་ཞུགས་པ་ཡོད་པའི་ཐལ་བ་བཏང་བ་ལ་དོགས་གཅོད་དགོས།ཀུན་བཏུས་ཀྱི།འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བའི།ཞེས་སོགས་ཀྱི་ཚིག་ཟིན་ལྟར་ན།བྲལ་མ་བྲལ་གྱི་ཕྱིར་མི་འདྲ་བ་གཉིས་ཡོད་པ་བརྟག་དགོས།ཡོད་མེད་ཀྱི་མཐའ་གཉིས་མདོ་ལས་གསུངས་པ་ལ་དབུ་སེམས་སོ་སོས་བཀྲལ་བ་ལྟར།འབྲས་བུ་བཞི་རྣམས་བཞག་པ་ནི།།ཞེས་སོགས་ལ་དོགས་གཅོད་རྩོམ་ཤོག་ཏུ་གསལ།
           དྲི་ལན་སྐབས།
           སེར་བྱེས་ལྷ་རམས་པ་ཞིག་གིས།༡དྲོད་ནས་བཞག་ན།སྟན་གཅིག་པ་སྟེ་མཉམ་གཞག་གཅིག་པ་མིན་ནམ།༢ཚོགས་བརྒྱད་འདོད་པ་ལྟར་ན།ཞི་རགས་རྣམ་ཅན་གྱི་ལམ་གྱིས་གང་ཟག་རྟག་འཛིན་དང་བདག་ཏུ་ཁས་ལེན་པའི་ཁས་ལེན་སོགས་ཇི་ལྟར་སྤངས།༣ཆགས་བྲལ་སྔོན་སོང་ལ་ཐ་སྙད་མི་འདྲ་བ་གཉིས་ལྟར་ན།འཆིམས་མཛོད་དུ།ཆགས་བྲལ་སྔོན་སོང་ལ་རྫས་བདུན་ཡོད་པར་གསུངས་པ་ཅི་ཡིན།ལན།༡རྒྱུན་ཞུགས་ཞུགས་པ་དྲོད་ནས་འཇོག་པ་ནི།ཀུན་བཏུས་འགྲེལ་པར།སྟན་གཅིག་པ་དྲོད་ནས་འཇོག་པར་གསལ་བས་སོ།།དྲོད་ནས་མཐོང་ལམ་བཅས་སྦྱོར་བ་རྒྱུན་ཆགས་སུ་སོང་བའི་བར་སྟན་གཅིག་པ་ཡིན་ཡང་།མཉམ་གཞག་ཐུན་གཅིག་པ་མིན།༢གསེར་ཕྲེང་ལྟར་ན་ཉོན་ཡིད་བཞེད་པས།ཐོད་རྒལ་གྱི་ཕྱིར་འོང་ཞུགས་པའང་འདོད་ཉོན་དྲུག་པ་མ་སྤངས་པས།གསེར་ཕྲེང་གི།འདོད་ཉོན་དྲུག་པ་མ་སྤངས་པའོ།།ཞེས་པ་ལ་དོགས་པ་གཅད་རྒྱུ་ཡོད།དེ་དག་སྲེད་ལྟ་ང་རྒྱལ་རྨོངས།།གཟུགས་མེད་ལྟ་བས་ཉོན་མོངས་པར་བྱེད་ཚུལ་སྐབས།སྔར་གྱི་བསམ་གཏན་བཞི་པའི་ལྟ་བ་དེ་གཟུགས་མེད་སས་བསྡུས་སུ་འགྱུར་ཡང་བློའི་ངོ་བོ་རང་སོར་གནས་པས།དེས་ཉོན་མོངས་པར་བྱེད་པ་བཞིན་ནོ།།དགེ་བཤེས་ཟླ་བ་ཚེ་རིང་གིས།༡ཞི་རགས་རྣམ་ཅན་གྱིས་བདག་འཛིན་ཀུན་བརྟགས་གཉེན་པོས་སྤངས་པ་མིིན་པར།སས་བསྡུས་འགྱུར་བའི་སྒོ་ནས་ཡིན་ན།འདོད་པའི་སས་བསྡུས་ཀྱི་དགེ་བ་ཟག་བཅས་ཀུན་ཀྱང་གོང་མའི་སས་བསྡུས་སུ་འགྱུར་རམ།དམིགས་པ་ཀུན་གཞི་ལ་དམིགས་པ་མིན་ན།གང་ཟག་དེའི་ཉོན་ཡིད་དེ་འདོད་པའི་སས་བསྡུས་ཡིན་པ་གང་ཡིན།དངོས་གཞི་ཐོབ་པའི་བྱང་འཕགས་ལ་འདོད་ཉོན་ཡོད་དམ།༢སྔོན་སོང་གི་ཕྱིར་འོང་ཡོད་པ་མཛོད་ཊཱིཀ་ཐར་གསལ།ཀུན་བཏུས་དར་ཊཱིཀ་དང་།འཆིམས་མཛོད་སོགས་ལ་བརྟེན་ནས་སྒྲ་ཇི་བཞིན་པར་བཞེད།དེ་ཡོད་ཀྱང་དེ་ཆགས་བྲལ་སྔོན་སོང་མིན་པར་བཞེད།
           ལན།ཉོན་མོངས་རིགས་ལ་སྐྱོན་དུ་བལྟས་ཏེ་ཤུགས་ཆུང་དུ་འགྲོ་ཡང་།དགེ་བའི་རིགས་རྣམས་ཤུགས་ཆུང་དུ་མི་འགྲོ་བས་མི་མཚུངས།སྐྱེ་འཕགས་གཉིས་ཀ་ལ་སྤངས་མ་སྤངས་ཆ་གཉིས་རེ་ཡོད།དགེ་བཤེས་ཚེ་དབང་སྟོབས་ལྡན་གྱིས།གོང་མས་འོག་མ་ལ་མི་དམིགས་པ་སྤྱི་སྐད་ཡིན་པས།དངོས་གཞི་ཐོབ་པས།དགེ་བཤེས་བྱམས་པ་ཆོས་འཕེལ་གྱིས།༡ཀུན་གཞི་རྒྱ་ཆེར་འགྲེལ་དུ།འདོད་པའི་སོ་སྐྱེ་འདོད་པ་ལ་ཆགས་པ་དང་བྲལ།ཞེས་སོགས་ཉོན་ཡིད་དེའང་གོང་མའི་སས་བསྡུས་སུ་འགྱུར་རམ།༢ཐལ་འགྱུར་བའི་ལུགས་ལ།དངོས་གཞི་ཐོབ་ཚེ་འདོད་ཉོན་སྤངས་ན།རང་རྐྱ་བས་སྟོང་པར་རྟོགས་པའི་བློས་མངོན་གྱུར་ཙམ་ཡང་མི་སྤོང་གསུངས་པ་ཅི་ཡིན།ཆགས་པ་ལམ་ཁྱེར་སྐོར་ལན།བདག་ལྟ་དང་མཚུངས་ལྡན་དུ་སོང་ཞིང།ཉོན་ཡིད་ནི་བརྟན་པས་ཕྲ་རགས་སུ་མི་འགྱུར།༢བདེན་འཛིན་མཐོང་ལམ་ནས་ས་བཅུ་པའི་བར་ཐད་ཀར་འགྲོ་ཞིང་།དགྲ་བཅོམ་པས་དེ་ལ་སྲེད་པ་མེད་ཀྱང་དོན་དུ་གཉེར་བ་མི་འགལ་བར་གསུངས་པ་དང་མཚུངས།ལྷ་རམས་པ་བསོད་ནམས་འགྱུར་མེད་ཀྱིས།སྔོན་སོང་གི་ཕྱིར་འོང་ཞུགས་པ་དེས།ལན།དྲུག་པ་ལ་ཆགས་པ་དང་བྲལ་ཡང་།མཐོང་ལམ་མ་ཞུགས་བར་དགེ་སྦྱོང་གི་ཚུལ་ལ་མ་ཞུགས་པས།སྦྱོར་བ་རྒྱུན་ཆགས་སུ་གནས་པར་མི་འཇོག་སྟེ།དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཞེས་པ་ལ་བསམས་པས་ཤེས་སོ།།
            བགྲོ་གླེང་པ་མཁས་དབང་དགེ་བཤེས་རྣམ་པས་བཀའ་སློབ་གནང་སྐབས།སེར་བྱེས་དགེ་བཤེས་བློ་བཟང་གིས།གསེར་ཕྲེང་ཆ་ཚང་ཚར་ན་ཤིན་ཏུ་ལེགས་ཤིང་།གལ་ཏེ་མ་ཚར་རུང་སྐབས་དང་པོ་ངེས་པར་དུ་ཚར་དགོས།བགྲོ་གླེང་སྐབས་སུ་ཐལ་ཕྱིར་ཞེས་པའི་རྟགས་བསལ་ལྟ་བུ་མིན་པར།གཞུང་བཤད་ལྟ་བུའི་བཀའ་མོལ་རང་ག་བའི་ཚུལ་དུ་གསུངས་ན་ལེགས།སློབ་ཕྲུག་ཁག་སོགས་དང་ཐུག་འཕྲད་སྐབས་སུ་བཟོད་བསྲན་དང་འབྲེལ་ནས་བཀའ་མོལ་ལྷོད་པོ་གནང་དགོས།བཀྲིས་ལྷུན་དཀའ་ཆེན་བློ་བཟང་ཤེས་རབ་ཀྱིས།བགྲོ་གླེང་འདི་རིགས་ནི་ཆོས་འཇིག་རྟེན་གང་གི་ཆ་ནས་ཀྱང་གལ་ཆེ་ཞིང་།འགོ་བརྩམས་ཟིན་པ་མཇུག་འཁྱོལ་བ་ཞིག་གནང་དགོས་པ་ནི།ཕྱག་ལས་གནང་མཁན་ཚོ་ལའང་ལས་ཀ་ཞིག་བྱས་ཡོད་བསམ་པ་འོང་།སྤྱིར་རིགས་པས་བརྡར་ཤ་གཅོད་ལུགས་ལེགས་པོ་ཡོད་ཀྱང་།བགྲོ་གླེང་སྐབས་སྤྱི་མཚུངས་ལྟར་དྲི་ལན་གནང་བ་མ་གཏོགས་རྟགས་བསལ་གཏོང་བ་ལྟར་གྱི་ལུགས་སྲོལ་མི་འདུག།ཁ་ཕྱོགས་དེའང་སྤྱི་མཚུངས་ཀྱི་བགྲོ་གླེང་(Seminar)ལྟར་གནང་གལ་ཆེ།སེར་བྱེས་དགེ་བཤེས་ཚེ་དབང་སྟོབས་ཀྱིས།གྲྭ་མང་མང་པོ་བསྐང་མི་ཐུབ་པས།མ་འོངས་པར་དཔེ་ཁྲིད་དགེ་རྒན་རྣམ་པ་ཕེབས་དགོས་པའི་འབོད་སྐུལ་ཞུ་དགོས།བྱང་རྩེ་དགེ་བཤེས་ཚེ་རིང་རྡོ་རྗེས།ཁོང་རྣམ་པས་གསུངས་པ་ལྟར་ཡིན།སྒོ་མང་དགེ་བཤེས་གྲགས་པ་རྒྱལ་མཚན་གྱིས།རྩོམ་ཤོག་ཁག་ཕྱིས་སུ་དེབ་གཟུགས་སུ་བསྐྲུན་པའི་ཚེ།མཁས་དབང་གཞན་དང་གཞན་གྱིས་བསྒྱུར་བཅོས་གང་མང་གཏོང་རོགས་གནང་།སེར་སྨད་དགེ་བཤེས་བློ་བཟང་དོན་གྲུབ་ཀྱིས།ལེགས་བཤད་འདི་ལྟ་བུ་བགྲོ་གླེང་གནང་བ་ནི་ཤིན་ཏུ་ལེགས་ཤིང་།སྐབས་དེར་བགྲོ་གླེང་གནང་སྟངས་དེ་འགྱུར་བ་ཅུང་གཏང་དགོས།ལས་བྱེད་པ་ཀུན་ལ་ཐུགས་རྗེ་ཆེ་ཞུ་བ་དང་།བསྟན་འགྲོར་སྨན་པ་སོགས་ཀྱི་སྨོན་འདུན་ཞུ།བློ་གླིང་དགེ་བཤེས་ཟླ་བ་ཚེ་རིང་གིས།བགྲོ་གླེང་འདི་རིགས་རྒྱ་ཆེན་དང་རྒྱུན་རིང་དུ་གནས་དགོས་ན།བརྗོད་གཞི་གཏིང་ཟབ་དགོས་ཤིང་།མཉམ་ཞུགས་བྱེད་མཁན་མང་པོ་དགོས་གལ་ཆེ།
          རྩོམ་པ་པོ་སོགས་མང་པོས་གདན་སའི་དགེ་བཤེས་རྣམ་པ་ནི་བཀའ་པོད་ལྔ་ཀ་ལ་མཁས་ཤིང་ཡིག་ཆ་རྣམས་ལ་ཤིན་ཏུ་མཁས་ཀྱང་།ཆོས་བརྒྱུད་སོ་སོ་དང་།རྒྱ་བོད་ཀྱི་གཞུང་ལུགས་ཁག་ལ་འདྲིས་པོ་མེད་ཚུལ་བཤད་པས་འདྲིས་པོ་དགོས་གལ་ཆེ།
སེར་སྨད་དགེ་བཤེས་བྱམས་པ་ཆོས་འཕེལ་གྱིས།རྩོམ་ཤོག་པར་སྐྲུན་བྱ་ཚེ།ད་ལྟར་བགྲོ་གླེང་བྱུང་བ་ཁག་སོགས་སྣོན་འཕྲི་བྱས་པ་སོགས་བྱུང་ན་ལེགས།ཕྱག་ལས་འདི་ནི་རླབས་ཆེ་བས།ནམ་ཡང་རྒྱུན་གནས་ཐུབ་གལ་ཆེ།ཤར་རྩེ་དགེ་བཤེས་བློ་བཟང་རྣམ་རྒྱལ་གྱིས།པར་སྐྲུན་བྱེད་སྐབས།བསྟན་བཅོས་ཀྱི་རྣམ་པར་མེད་པར།བགྲོ་གླེང་གི་རྣམ་པར་སྐྲུན་ཚེ།མི་མང་ལ་ཁྱབ་ཆེ་བ་སོགས་ཀྱི་དགོས་པ་ཡོད།གཞུང་ཚན་བྱེ་བྲག་པ་ཞིག་ལ་ཐལ་ཕྱིར་སོགས་ཀྱི་དོགས་གཅོད་བྱས་པ་ཙམ་གྱིས་གཞུང་སྤྱི་ལ་ཨེ་ཕན་སྙམ།
          ལྷ་རམས་པ་རྒན་བསོད་ནམས་འགྱུར་མེད་ཀྱིས།ཕྱག་ལས་གནང་མཁན་སོགས་ཀུན་ལ་ཐུགས་ཆེ་ཞུ་རྒྱུ་ཡིན།ཟིན་བྲིས་པའི་བསམ་འཆར།བགྲོ་གླེང་རླབས་པོ་ཆེ་འདི་འདྲའི་སྐབས་སུ་དོན་གཉེར་ཅན་གྱི་སློབ་གཉེར་བ་གང་མང་མཉམ་ཞུགས་གནང་ཐབས་བྱ་དགོས་པ་གལ་ཆེ་བར་མཐོང་ལ།ཁྱད་པར་དུའང་བགྲོ་གླེང་པ་ནང་ཕན་ཚུན་གསོལ་ཇ་བཞེས་སྐབས་སོགས་བར་གསེང་གི་སྐབས་སུ་སྙིང་ཉེ་བའི་མཛའ་བརྩེའི་རྣམ་པ་གང་ཐོན་དང་།འབྲེལ་འདྲིས་གང་ཐུབ་གནང་བ་མ་གཏོགས།སྤམ་མདོག་ཆེ་མདོག་ཤ་སྟག་གིས་བཞུགས་མི་ཉན་པར་འདུག་སྟེ།གཞན་དུ་ན་དེང་གི་མཁས་པ་གཞན་གྱིས་སྤྱི་ཚོགས་ཀྱི་འགྲོ་སྟངས་མེད་པའི་ངོས་འཛིན་བྱེད་པའི་ཉེན་ཡང་ཆེ་ཞིང་།དེ་ལྟར་བྱེད་ཚེེ་གྲྭ་པའི་མཚན་མཐོང་ཆགས་པའི་རྒྱུར་ཡང་འགྲོ་ཉེན་འདུག་པས་གཟབ་གལ་ཆེ་ཞེས་ཞུ་ཐལ་ཆེ་སོང་རུང་།དགེ་འདུན་གྱི་སྡེའི་མཐོང་ལ་བསམ་ཁུལ་ཡིན་པས་དགོངས་ཚོམ་མི་འོང་བ་མཁྱེན།༡༽སེར་བྱེས་དགེ་བཤེས་ལྷ་རམསས་པ་ཚེ་དབང་སྟོབས་ལྡན་མཆོག་ནས་རྩོམ་ཤོག་སྒྲོག་སྦྱོང་དང་དྲི་བ་དྲིས་ལན།སྤྱན་ལྔ་མངོན་ཤེས་སྐོར།ཉི་སྣང་ལས།ཤའི་སྤྱན་གྱི་ཡུལ་སྟོང་གསུམ་ཚུན་ཆད་ངེས་པའི་རྒྱུ་མཚན་གཉིས་ཏེ།སྐབས་འདིའི་ཤའི་མིག་དེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་དང་།ཚེ་འདིར་བསམ་གཏན་སྒོམ་པའི་སྟོབས་ལས་བྱུང་བས་སོ།ཤའི་མིག་དེ་ཕ་མའི་ཤ་ཁྲག་འདྲེས་པ་ལས་བྱུང་ཞིང་སྔོན་དགེ་བ་གོམས་པ་དང་ཚེ་འདིར་བསམ་གཏན་གྱིས་སྟོབས་ཀྱིས་སྔར་གྱི་མིག་དབང་ཉིད་ལ་འཇོག་པ་དང་།ལྷ་ཡི་མིག་གི་ཤེས་པ་སྔོན་དགེ་བ་གོམས་པའི་སྟོབས་ཀྱིས་མིག་དབང་གི་ཐད་ཀོར་དུ་གོང་མའི་སས་བསྡུས་པའི་གཟུགས་ཅན་ཞིག་འབྱུང་བར་གསུངས་སོ།།
          ཉི་ཁྲི་དང་ཉི་ཁྲི་ལེའུ་བརྒྱད་མར་ཤེས་རབ་ཀྱི་སྤྱན་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཁྱབ་པར་གསུངས་པ་དང་།གསེར་ཕྲེང་ལས་བགྲང་པའི་ཉི་ཁྲིའི་གཞུང་དེ་ད་ལྟའི་ཉི་ཁྲིའི་ནང་དུ་མི་སྣང་ཞིང་ལེའུ་མང་ཉུང་གཉིས་ཡོད་པས་འདི་ནི་ལེའུ་ཉུང་བ་དེ་ཡིན་པར་བཤད་སྲོལ་ཡོད་པ་དང་།ཉི་ཁྲི་དག་གཏུག་བོད་དུ་འགྱུར་མེད་པར་བཤད་སྲོལ་འདུགམངོན་ཤེས་ཀྱི་སྐབས་ལས།རབ་མཐའི་བསམ་གཏན་གྱི་དོན་ལ་དྭོགས་པ་ནི།མངོན་ཤེས་དྲུག་པ་སེམས་རྟེན་རབ་ཀྱི་མཐར་ཕྱིན་པ་བརྟེན་པར་གསུངས་སྦྱོར་བ་དང་པོར་ཡིན་གྱི་རྗེས་སུ་ངེས་པ་མེད་དོ།།དྲི་བ་འདོན་མཁན་ལྷ་རམས་ཞིག་གིས།དྲི་བ།ཤོག་གྲངས་ལྔ་བའི་ནང་དུ་ཐུན་མོང་མ་ཡིན་པའི་བདག་རྐྱེན་རང་གི་ཕ་མ་ལས་བྱུང་བའི་ཤ་ཁྲག་འདྲེས་པའི་མིག་དེ་སྔ་མའི་མིག་དེའི་རྫས་རྒྱུན་ཕྱི་མ་ཡིན་ནམ་མ་ཡིན།ཡིན་ན་སྔ་མ་དབང་ཤེས་སུ་འགྱུར་བ་ཕྱི་མ་མི་འགྱུར་བའི་རྒྱུ་མཚན་གང་ཡིན།སངས་རྒྱས་ས་དང་གཟུགས་ཁམས་སུ་ཤའི་མིག་དེ་མེད་པས་དེའི་རྒྱུད་ཀྱི་ཤའི་སྤྱན་ལ་སྔར་གྱི་མཚན་ཉིད་མ་ཚང་བའི་ཐལ་བ་དང་།ཡིག་ཆར་གཟུགས་ཅན་པར་གསུངས་པ་མི་འགལ་ལམ།ལན།བདག་རྐྱེན་བྱེད་ཚུལ་མི་འདྲ་བ་སྔ་མ་ཡུལ་འཛིན་པར་བྱེད་པའི་བདག་རྐྱེན་དང་ཕྱི་མ་ལ་དེ་དགོས་པར་ཞི་ལྷག་གི་ཏིང་ངེ་འཛིན་གྱི་བསྐྱེད་པས་སྐྱོན་མེད་དོ།།སངས་རྒྱས་ཀྱི་སར་སྐྱོན་མེད་ཀྱི་ལན་ནི།དེའི་གནས་སྐབས་སུ་ཤའི་མིག་མེད་ཀྱང་དེའི་རྫས་རྒྱུན་ཡོད་པས་སྐྱོན་མེད་དོ།།དྲི་བ།རྣམ་ཐར་སྒོམ་པ་ལ་བསམ་གཏན་གྱི་དངོས་གཞི་ཐོབ་དགོས་སམ་མི་དགོས།ལན།རྣམ་ཐར་སྒོམ་མཁན་གྱི་གང་ཟག་ལ་དངོས་གཞི་ཐོབ་པ་ཞིག་དགོས་པར་སྣང་སྟེ།གང་གིས་སྒོམ་པའི་ས་མཚམས་ལས་ཤེས་སོ།སེམས་རྟེན་ལ།མཁས་གྲུབ་རྗེས་གསུངས་ལུགས་མི་འདྲ་བ་ཕྱེ་འདུག་པས་དེའི་དོན་གང་ཡིན་དཔྱད་དགོས།རབ་མཐའི་བསམ་གཏན་ལ་སྤེལ་བ་གསུམ་གྱི་མཐའ་ལ་བྱུང་བ་ཞིག་དགོས་ཤིང་།དེ་ལ་བསམ་གཟུགས་བརྒྱད་ཀ་ཐོབ་དགོས་པ་ཡིག་ཆར་གསལ།གསེར་ཕྲེང་ལས་གསུངས་པ་དེའི་སྐྱོན་མེད།རྣམ་ཐར་མ་ཐོབ་ཀྱང་དེའི་དམིགས་རྣམ་སྦྱོང་བ་ལས་དེ་སྐད་བཤད་དོ།།དྲི་བ།དབང་པོ་དྭངས་བ་དང་དྭངས་བ་མ་ཡིན་པའི་ཁྱད་པར་གང་ཡིན་ཞེ་ན།ལན་ནི།དབང་པོ་དྭངས་བ་ཡིན་མིན་གཉིས་མེད་དེ།དབང་པོ་གཟུགས་ཅན་པ་ལ་དྭངས་བ་ཡིན་པས་ཁྱབ་བོ།།
          དྲི་བ།ཕྱིར་མི་ལྡོག་པའི་རྟགས་ཀྱི་སྐབས་སུ་དབང་པོ་རྟུལ་པོས་རྟོགས་པ་མཐོ་བ་དཔོག་མི་ནུས་པར་གསུངས་པས།ཆོས་ཀྱི་སྤྱན་གྱིས་འཕགས་པའི་གང་ཟག་གིས་དབང་པོ་རྣོ་རྟུལ་སོགས་ཇི་ལྟ་བ་བཞིན་རྟོགས་པ་ཇི་ལྟར་འཐད།འཆི་འཕོ་བ་སོགས་ཅུང་ཟད་ལྐོག་གྱུར་ཡིན་པས་མངོན་སུམ་དུ་ཇི་ལྟར་རྟོགས།ལན།འཆི་འཕོ་བའི་གཟུགས་དང་སྐྱེ་བའི་གཟུགས་མཐོང་བས་སྐྱོན་དེ་དག་མེད་དོ།།དྲི་བ།མིག་དབང་གི་ཐད་ཀོར་དུ་མིག་གསར་པའི་ངོ་བོར་འགྱུར་ངེས་ཀྱི་བག་ཆགས་དེ་འདོད་པའི་སས་བསྡུས་སམ་གང་གི་སས་བསྡུས།ལན།བག་ཆགས་དེ་འདོད་པའི་སས་བསྡུས་ཡིན་ནོ།།དྲི་བ།ཁྱེད་རང་ལྟར་ན་སྔར་གྱི་མིག་དབང་དེ་བསམ་གཏན་གོམས་སྟོབས་དང་།ད་ལྟའི་མིག་དབང་དེ་འཕེན་བྱེད་ལས་ཀྱི་འཕངས་འབྲས་སུ་འདོད་པས།འདོད་ཁམས་ནས་གོང་མར་སྐྱེས་པའི་གང་ཟག་གི་མིག་དབང་དུ་གྱུར་པའི་ཚེ་སྔར་འཕངས་འབྲས་སུ་གྱུར་པའི་མིག་དབང་གོང་མའི་དབང་པོར་ཇི་ལྟར་འགྱུར་རམ།དེའི་རྒྱུད་ལ་མིག་ཡོད་དམ་མེད།ལན།དངོས་གཞི་མངོན་དུ་གྱུར་པའི་ཚེ་མིག་དབང་ཁྱད་པར་ཅན་དུ་གྱུར་པ་ཡིན་ཡང་རྗེས་རང་སར་གནས་སོ།།མིག་ཤེས་ཀྱིས་གཟུགས་ལས་གཞན་པ་མི་མཐོང་བའི་རྒྱུ་མཚན་རྒྱུན་ལྡན་གྱི་བཤད་ལྟར་དང་།།མཛོད་ལུགས་ལྟར་ནའང་འཇིག་རྟེན་གྲགས་ཚོད་ལྟར་མིག་གིས་གཟུགས་མཐོང་ཡང་སྤྱིར་མིག་གིས་གཟུགས་མི་མཐོང་སྟེ།ཡུལ་ཅན་ལ་སྒྲ་བློ་གང་ཟག་གསུམ་ལས་མེད་པས་སོ།།དྲི་བ།མིག་མ་དག་པའི་ངོ་བོ་སྦྱངས་ཏེ་དེའི་བདག་རྐྱེན་བྱས་ནས་དཔག་བརྒྱ་ཚུན་ཆད་མཐོང་བའི་ཤའི་སྤྱན་གྱི་བདག་རྐྱེན་བྱེད་པའི་མིག་དབང་གསར་བ་ཞིག་གྲུབ་པར་བཤད་པས།ཐ་མལ་བའི་མིག་གི་དབང་པོ་བསམ་གཏན་སྒོམ་པའི་སྟོབས་ཀྱིས་དཔག་བརྒྱ་ཚུན་ཆད་ཀྱི་གཟུགས་མཐོང་བའི་བདག་རྐྱེད་བྱེད་ཚུལ་ཇི་ལྟར་ཡིན་ནམ།ལན།བསམ་གཏན་གོམས་སྟོབས་ཀྱིས་མིག་དབང་དེའི་ནང་ཤར་བའི་སྒོ་ནས་བདག་རྐྱེན་བྱེད་དོ།།དྲི་བ།ཤའི་སྤྱན་དང་ཤའི་མིག་གི་ཉེར་ལེན་གང་འཇོག་གམ།ལན།མིག་དབང་ཕལ་བ་དེའི་ཉེར་ལེན་དང་ཚེ་འདིར་བསམ་གཏན་སྒོམ་པའི་སྟོབས་ཀྱིས་བྱུང་བའི་ཏིང་ངེ་འཛིན་གྱིས་སྤྱན་དེའི་ལེན་བྱེད་ལ།དང་པོ་དེའི་ཁུངས་ནི།དམ་པད་དཀར་ལས།ཕ་མ་ལས་བྱུང་བ་ཡིན།ཞེས་སོགས་གསུངས་པའི་ཕྱིར།ལྷ་ཡི་མིག་དང་ཤའི་མིག་གཉིས་ཀྱི་ཁྱད་པར་དཀའ་གནད་གཙོ་བོ་ཞིག་གོ།༢༽རྭ་སྟོད་ལྷ་རམས་པ་རྒན་བསོད་ནམས་འགྱུར་མེད་མཆོག་ནས་རྩོམ་ཡིག་སྒྲོག་སྦྱོང་དང་དྲི་བ་དྲིས་ལན་གནང་སྐབས་སུ།བརྗོད་གཞི་སྨོན་འཇུག་གི་སྐོར་ལ་དྭོགས་གཅོད།དྲི་བ།སེར་སྨད་སློབ་གཉེར་བ་ཞིག་ནས།སྨོན་འཇུག་གི་ཁྱད་པར་གསེར་ཕྲེང་སོར་བཞག་བྱས་ཏེ།ལུང་མང་པོ་དྲངས་འདུག་པས་ཚང་མ་འདིའི་ཁུངས་སུ་འགྲོ་ཡི་ཡོད་དམ་མེད།རྒྱབ་རྟེན་གྱི་ལུང་ནང་དུ་ལྟོས་མི་དགོས་པའི་རིགས་སུ་གནས་པ་གསུངས་པ་དེའི་གཅད་བྱ་ཡོད་དམ་མེད།ལན།གསེར་ཕྲེང་ལས་སྨོན་སེམས་ཚོགས་ལམ་ཆུང་ངུ་ཁོ་ན་གསུངས་པ་མི་སྣང་བ་དང།དེ་ཁོ་ན་ལ་བཞག་ན་༧གོང་ས་ལྔ་བའི་གསུངས་ལས་དང་པོར་འཇུག་སེམས་སྐྱེད་དེ་འཇུག་སྡོམ་ཐོབ་པ་ཡོད་པར་གསུངས་འདུག་པས་དེ་གང་ཡིན་དཔྱད་དགོས་ལ།ལྔ་པའི་གསུང་ཁུངས་སུ་དྲངས་མིན་པར་གསུང་སྲོལ་དེ་འདྲ་ཞིག་འདུག་ཞེས་ངོ་སྤྲོད་བྱས་པ་ཙམ་ཡིན་ནོ།།དྲི་བ།གསེར་ཕྲེང་ལས།སྨོན་སེམས་ས་མཚམས་ཚོགས་ལམ་ཆུང་ངུ་ཁོ་ནར་ཡོད་པར་བཤད་པ་དང་།རྣམ་བཤད་ལས་དེ་ལས་ལོགས་སུ་གསུངས་པས་རྗེའི་དགོངས་པ་གང་ཡིན་ནམ།བློ་ཡིན་ན་བློ་མངོན་གྱུར་ཡིན་པའི་ཁྱབ་བམ་མ་ཁྱབ།སོ་སོའི་ཉམས་མྱོང་དང་འབྲེལ་ལན་གནང་རོགས།།ལན།ཐེག་ཆེན་མཐོང་པའི་རྒྱུད་ལ་སེམས་བསྐྱེད་ཡོད་མེད་གསལ་ཁ་མེད།བློ་ཡིན་ན་མངོན་གྱུར་བ་ཡིན་པས་ཁྱབ།རྣམ་བཤད་ཀྱི་གསུངས་ཚུལ་དང་མི་འདྲ་བར་སྣང་ངོ།།
          དྲི་བ།གསེར་ཕྲེང་ལས་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་སེམས་བསྐྱེད་ཡོད་མེད་གསལ་ཁ་ཡོད་དམ་མེད།དགེ་བཤེས་བློ་བཟང་ལགས་ཀྱིས།རིགས་བསྒྲེ་ན་ཡོད་པར་དཔོག་ཐུབ་བོ།སེམས་བསྐྱེད་ཐ་མ་གསུམ་ནི་སྦྱོར་དངོས་མཇུག་གསུམ་གྱིས་སངས་རྒྱས་སས་བསྡུས་ཚུལ་གསུངས་སྐབས་ཡིན་པར་སྣང་ངོ་།།ཞེས་གསུངས།ཚོགས་སྒྲུབ་ཀྱི་སྐབས་འདའ་བྱ་མཐོང་ལམ་ཡོད་པར་གསུངས་པ་ཡང་དེ་དང་མཐུན་ནོ།།རྣམ་བཤད་ལས།སེམས་བསྐྱེད་ཐ་མ་གསུམ་སངས་རྒྱས་ས་ཁོ་ནར་བཞག་དང།སེམས་བསྐྱེད་ལ་སྐུ་བཞི་ཀར་དམིགས་དགོས་མིན་དང་།གང་ཟག་གཅིག་རྒྱུད་ལ་བུ་རམ་ཤིང་ཤུན་ལྟ་བུའི་སེམས་བསྐྱེད་བཞི་ཡོད་པས་མྱོང་བ་ཐོན་མཉམ་ཡིན་མིན་དང་ཡིན་ན།སེམས་བསྐྱེད་དང་པོ་ལ་རྗེས་ཐོབ་ཡེ་ཤེས་ཡིན་པའི་མ་ཁྱབ་པར་འགྱུར་རོ།།ཞེས་དྲི་བ་དོགས་གཅོད་འདྲེས་མར་གནང་།དགེ་བཤེས་ཟླ་བ་ཚེ་རིང་ནས་ལན།མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་སེམས་བསྐྱེད་ཡོད་མེད་གསུངས་ཚུལ་གཉིས་ཡོད་ལ།རྗེ་ཡབ་སྲས་ཀྱི་གསུང་ལས་ཡོད་མེད་བཤད་སྲོལ་གཉིས་ཡོད་པར་མངོན།རྣམ་བཤད་ལས་ཡོད་ན་མངོན་གྱུར་དུ་ཡོད་ག་ལ་དགོས།ཞེས་དང་།གསེར་ཕྲེང་ལས་རྒྱུན་མཐའི་རྒྱུད་ལ་སེམས་བསྐྱེད་ཡོད་པར་གསུངས་པ་དང་།ཚོགས་སྒྲུབ་ཀྱི་ཐད་ཀར་སྒོམ་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་འདའ་བྱའི་མཐོང་ལམ་ཡོད་པར་གསུངས་པས་སོ།།རྭ་སྟོད་པས།རྒྱུན་མཐའ་ཟེར་བ་ལ་མཉམ་རྗེས་གཉིས་ཡོད་དོ།།དགེ་བཤེས་ཟླ་བ་ཚེ་རིང་ནས།འཇུག་འགྲེལ་ལས་གསུངས་པ་དེ།དམ་པའི་ཆོས་ཀྱི་བདུད་རྩིའི་རོ་ཞེས་སོགས་ཀྱི་རྫོགས་བྱང་གི་ཁྱད་ཆོས་སྟོན་པ་ཡིན་གྱི་སེམས་བསྐྱེད་ལ་སྐུ་བཞི་ལ་དམིགས་པའི་ཁྱབ་པ་བསྟན་པ་མ་ཡིན་ནོ།།པན་ཆེན་གྱིས་བར་ཆད་མེད་ལམ་པའི་རྒྱུད་ལ་སེམས་བསྐྱེད་མེད་པར་གསུངས་པའི་ཁུངས་རང་གི་རྨོངས་འཆར་ལྟར་ན།ཀུན་གཞི་རྒྱ་ཆེན་འགྲེལ་ལས་འགོག་སྙོམས་མངོན་དུ་གྱུར་བའི་རྒྱུད་ལ་ཀུན་གཞི་མེད་པར་གསུངས་པས་མཐོང་ལམ་བར་ཆད་མེད་པའི་རྒྱུད་ལ་སེམས་བསྐྱེད་མེད་པར་བཞེད་པར་མངོན་ནོ།།འོན་ཀྱང་མ་ཉམས་པའི་ཚུལ་གྱིས་ཡོད་པར་འདོད་དོ།མདོར་ན།ཡབ་སྲས་ཀྱི་གཞུང་ལས་བར་ཆད་མེད་ལམ་པའི་རྒྱུད་ལ་སེམས་བསྐྱེད་ཡོད་པར་བཞེད་པ་དང་མེད་པར་བཞེད་པའི་ཕྱོགས་གཉིས་ཁས་ལེན་པར་སྣང་ངོ།།དགེ་བཤེས་ཚེ་དབང་སྟོབས་ལྡན་གྱི་དྲི་བ།འཇུག་ཤེས་ལ་མངོན་གྱུར་བ་ཡིན་དགོས་མིན་དང་།ཤེས་སྒྲིབ་ལ་མངོན་གྱུར་བ་ཡིན་མིན་གཉིས་ཡོད་ཚུལ་དང་སྦྱར་ནས་དྭོགས་སློང་བྱས།སེར་སྨད་དགེ་བཤེས་ཤིག་གིས་གསེར་ཕྲེང་ལས་མི་གསལ།རྣམ་བཤད་གོང་དུ་དྲངས་ཟིན།མཁས་གྲུབ་བསྟན་དར་བས།སེམས་བསྐྱེད་ཐ་མ་གསུམ་རྒྱུན་མཐའི་སྦྱོར་བ་ལ་སྦྱར་རོ།སྟོང་ཐུན་ལས།དབང་ཤེས་ཐམས་ཅད་འགགས་ནས་ཡིད་ཤེས་ཟག་མེད་ཀྱི་ངོ་བོར་གྱུར་ཟིན་པས་ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་བློ་མེད་པར་གསུངས་པ་ལྟ་བུར་བཤད།བློ་ཡིན་ན་བློ་མངོན་གྱུར་ཡིན་པས་ཁྱབ་པར་འདོད་དོ།།༣༽བློ་གླིང་དགེ་བཤེས་ཟླ་བ་ཚེ་རིང་ནས།གསེར་ཕྲེང་།སེམས་བསྐྱེད་སྐོར།དེ་ལྟར་ན་རྩོད་ལན་འདི་གཉིས་ཀས་སེམས་དང་སེམས་བྱུང་རྫས་ཐ་དད་པར་འདོད་པར་སྣང་ཞིང་།ཐོགས་མེད་སྐུ་མཆེད་ཅེས་སོགས་ལྟར།མངོན་པ་གོང་མ་ལྟར་རྫས་ཐ་དད་བཀྲལ་བར་སྣང་ངོ།།བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་པར་གསུངས་པའི་བདག་གཞན་མཉམ་བརྗེའི་བསམ་པ་དེ་མན་ངག་དྲུག་པོ་གང་གིས་སྐབས་སུ་བསྐྱེད་དགོས།ཡིད་འོང་བྱམས་པའི་སྔོན་དུ་འགྲོ་དགོས་མི་དགོས་སོགས་དཔྱད་གཞི་ཡོད་ཅིང་།དགོངས་པ་རབ་གསལ།ཡིད་འོང་བྱམས་པའི་གསལ་བ་དང་།སྙིང་རྗེའི་སྔོན་དུ་ཡིད་འོང་བྱམས་པ་སྐྱེ་དཀའོ།གཞན་དུ་བཤད་ཟིན་པ་ཤེས་པར་བྱའོ།ཞེས་པའི་གཞན་དེ་ལམ་རིམ་ཆེ་ཆུང་གཉིས་ཀ་ལ་ཟེར་བ་དང་།རྒྱུ་འབྲས་མན་ངག་བདུན་མཁས་པ་གོང་མས་རྒྱུ་འབྲས་ཟུང་ལ་སྦྱར་བ་དང།སེམས་བསྐྱེད་བླ་མེད་བྱང་ཆུབ་དང་སྦྱར་རོ།།གྲོགས་མིང་གྲོགས་ཅན་ལ་བཏགས།སྙིང་རྗེའི་འཛིན་སྟངས་ཡུལ་དེ་གཞན་གྱི་འཐོབ་བྱའི་མྱང་འདས་ལ་གོ་དགོས་པ་ལྟ་བུར་སྣང་སྟེ།དེ་གཉིས་མཚུངས་ལྡན་ཡིན་པས་སོ།སྙིང་རྗེ་དང་ངེས་འབྱུང་གཉིས་དམིགས་པའི་ཁྱད་པར་མ་གཏོགས་ཁྱད་པར་མེད་དོ།།

          མཁས་པ་འགའ་ཞིག་གིས་སྙིང་རྗེ་སྡུག་བསྔལ་གྱི་རྣམ་ཅན་དུ་འཇོག་མཁན་ཡོད་ཚོད་འདུག་གོ།ཐོགས་མེད་ཀྱིས་སྨོན་ལམ་སེམས་བསྐྱེད་དུ་གསུངས་པ་དང་།དབྱིག་གཉེན་གྱིས་སེམས་པ་སེམས་བསྐྱེད་དུ་གསུངས་པ་གསེར་ཕྲེང་ལས་དེ་གཉིས་འགལ་སྤོང་མཛད་དེ།དོན་གཉིས་ལྡན་སེམས་འབྱུང་བ་ཞེས་གསུངས་པ་དང་འགལ་སྤོང་བྱེད་དགོས་སོ།།འགྲེལ་བར།སྨོན་ལམ་ནི་དོན་དུ་གཉེར་བ་སྟེ།ཞེས་གསུངས་ཤིང་མདོ་སྡེ་རྒྱན་དང་མི་འགལ་ཚུལ་གསལ་བཤད་གནང་།སེམས་བསྐྱེད་གྲོགས་ཀྱི་སྐོར་དང་།བདག་གཞན་མཉམ་བརྗེའི་བློ་སྐྱེ་བའི་དུས་སོགས་ལ་དཔྱད་བརྗོད་གནང་སོང་།དྲི་བ།གོང་དུ་སྨོན་འཇུག་གི་མཚན་ཉིད་བཞག་པ་དེ།གསེར་ཕྲེང་གཞིར་བཞག་ཡིན་མིན་དང་།གསེར་ཕྲེང་ལྟར་ན་འཇུག་སེམས་ལ་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་དགོས་སམ་མི་དགོས།དགོས་ན་གཞུང་ལས་དེ་ལྟར་གོ་ཚུལ་གང་ཡིན་ནམ།སེམས་བསྐྱེད་ཀྱི་མཚན་ཉིད།ཐོགས་མེད་སྐུ་མཆེད་ཀྱིས་སེམས་བསྐྱེད་སེམས་བྱུང་དུ་བཞེད་པ་དང་གསེར་ལས་གསུངས་པ་དེ་རྗེའི་དགོངས་པ་ཡིན་མིན་དང་།གསེར་ཕྲེང་རང་ལུགས་དེ་རྗེའི་དགོངས་པ་ཡིན་ནམ།མདོར་ན་རྗེའི་དགོངས་པ་དངོས་དེ་གང་ཡིན་ནམ།ལན།གྲུབ་མཐའི་ཁྱད་པར་ལས་སེམས་ཙམ་ལུགས་ལ་སེམས་བྱུང་བཞེད་པར་བཤད་སྲོལ་ཡོད།པཎ་ཆེན་ཡིག་ཆར་དེ་མི་འཐད་པར་གསུངས།དྲི་བ།གསེར་ཕྲེང་ལས།སྙིང་རྗེ་ཆེན་པོའ་ིའཛིན་སྟངས་ཡུལ་གཞན་རྒྱུད་ཀྱི་མྱང་འདས་ལ་བཞག་པ་དང་།གཞན་དོན་གཞན་རྒྱུད་ཀྱི་མྱང་འདས་བཞག་ཀྱང་།ཐར་ལམ་གསལ་བྱེད་ལས།མངོན་མཐོ་དང་ངེས་ལེགས་གཉིས་གཞན་དོན་དུ་བཞག་པ་དང་།སེམས་བསྐྱེད་ཀྱི་དམིགས་ཡུལ་གཞན་དོན་རྒྱས་བཤད་ཀྱི་སྐབས་སུ།ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་དང་ཞེས་སོགས་གསུངས་པས།མི་གནས་པའི་མྱང་འདས་ཀྱང་སྙིང་རྗེའི་དམིགས་ཡུལ་དུ་ཐལ་བ་ཡོད་ལ།དེ་ལྟར་ན་གསེར་ཕྲེང་དང་འགལ་བར་སྣང་བས་དེའི་དགོངས་གང་ཡིན་ནམ།ལན།གཞན་དོན་སྐབས་བབ་ལ་འཇོག་པ་སྐབས་འདིར་གཞན་རྒྱུད་ཀྱི་མྱང་འདས་མ་གཏོགས་མེད།ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་འགོད་ཞེས་སོགས་ཀྱིས་ལམ་སློབ་ཚུལ་སྟོན་པ་ཡིན་ནོ།རྒྱས་བཤད་ཀྱི་སྐབས་ཀྱི་དངོས་བསྟན་གྱི་གཞན་དོན་ལ་མྱང་འདས་ཡིན་པས་ཁྱབ་བོ།།དྲི་བ།སྨོན་འཇུག་གི་མཚན་ཉིད་རྣམ་བཤད་གཉིས་མི་མཐུན་པས་དོན་དངོས་ཐོག་གང་ཞིག་འཐད་དམ།འཇུག་སེམས་ལ་སྦྱིན་སོགས་ཀྱི་སྤྱོད་པ་ལ་ཞུགས་མ་ཙམ་གྱིས་ཆོག་གམ།
           ལན།ཀུན་མཁྱེན་གྱིས་གསེར་ཕྲེང་ལས་ས་མཚམས་བཞག་པ་དེ་དངོས་བསྟན་དབང་དུ་བྱས་པར་གསུངས་སོ།ས་ཐོབ་ཕྱིན་ཆད་སྨོན་སེམས་བཞག་པའི་རྒྱ་གཞུང་གང་དུ་མཐོང་བ་མེད་པས་གསེར་པྲེང་ལྟར་བཞེད་མཁན་ཡོད།དགེ་ལུགས་དྲུང་ཡིག་ནས།མདོ་སྡེ་རྒྱན་ལས།བརྟན་པ་རྣམས་ཀྱི་སྨོན་ལམ་ནི།སེམས་པ་འདུན་དང་བཅས་པ་སྟེ།ཞེས་པ་སྨོན་ལམ་བཏགས་པ་བ་ཡིན་ནོ།།དགེ་བཤེས་བློ་བཟང་གིས།སེམས་སེམས་བྱུང་རྫས་ཐ་དད་པ་ཞེས་པའི་དོན་མཁས་པ་རྣམས་ཀྱིས་དེའི་འཕགས་ཡུལ་གྱི་སློབ་དཔོན་མང་པོས་བུད་དྷ་ཤི་རི་སོགས་ཀྱིས་བྱེད་ལས་སོ་སོའི་ཆ་ནས་མིང་སྣ་ཚོགས་བཏགས་པ་ལས་དོན་ལ་གཅིག་རང་བཞེད་དོ།གསེར་ཕྲེང་ལས།བུད་དྷ་ཤི་རིས་དོན་དུ་གཉེར་བ་ཉིད་རྣམ་རིག་པའི་བདག་ཡིན་པའི་ཕྱིར་དེ་སྐད་ཅེས་བརྡ་སྦྱར་བར་ཟད་དོ།།ཞེས་གསུངས་པའི་ཕྱིར།དྲི་བ་གཉིས།དེ་ལྟར་ན་སེམས་སེམས་བྱུང་ཞེས་སོགས་གསེར་ཕྲེང་དེ་ལྟར་བསྟན་པ་ཇི་ལྟར་འགྲེལ།རྩོད་ལས་གཉིས་ཀས་ཞེས་པ་ནི།འགྲེལ་བའི་གཞུང་ཚིག་ཡིན་པས་དྭོགས་སློང་བྱས།གཞུང་དེ་དག་གིས་ལུང་གི་རྗེས་སེམས་ཙམ་པའི་འདོད་པ་ལྟར་བསྟན་ནམ་མ་བསྟན།ལན།པཎ་ཆེན་གྱི་གསལ་ཁ་མེད།༤༽སེར་སྨད་ལྷ་རམས་དགེ་བཤེས་བྱམས་པ་ཆོས་འཕེལ་མཆོག་ནས་རྩོམ་ཡིག་སྒྲོག་སྦྱོང་དང་དྲི་བ་དྲིས་ལན་སྐབས།གསེར་ཕྲེང་ལས།སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་སྐོར།ཕྱེ་བའི་ཐ་དད་ནི་ཕལ་ཆེར་ངོ་བོ་ཐ་དད་དེ།ཞེས་པའི་དོན་སེམས་བསྐྱེད་ཉེར་གཉིས་ངོ་བོ་ཐ་དད་མིན་པར་བསྟན་པ་མ་ཟད།དངོས་བསྟན་གྱི་ཉེར་གཉིས་ལའང་ངོ་བོ་གཅིག་དང་ཐ་དད་ཅི་རིགས་པ་ཡོད་དེ།ཕལ་ཆེར་ཞེས་པའི་ཚིག་ལས་ཐོན་ནོ།།དབང་རྣོན་ཚོགས་ལམ་པ་ལ་དང་པོར་ས་གསེར་གཉིས་ངོ་བོ་གཅིག་པ་ཡིན་ཏེ།རྣམ་བཤད་ཀྱི་ལུང་གོང་འོག་གཉིས་ལས་ཤེས་སོ།།ཕྱི་མ་གཉིས་ཞེས་པ།སངས་རྒྱས་མ་ཐག་པའི་ལོངས་སྐུའི་སེམས་བསྐྱེད་དེ་སྤྲིན་དང་ཆུ་རྒྱུན་ལྟ་བུ་གཉིས་ཀ་ཡིན་ནོ།།བསྡུས་ཚུལ་ལའང་དངོས་དང་མཇུག་གི་སྒོ་ནས་ཞེས་པས་མི་གནོད་དེ་སངས་རྒྱས་ལ་མཉམ་རྗེས་ངོ་བོ་གཅིག་ཡིན་པས་སོ།།གསེར་ཕྲེང།༡༦༩འདུན་ལྡན་སེམས་བསྐྱེད་ཅེས་སོགས་དང་།༡༧༧གོང་དུ་ཕལ་ཆེར་ཞེས་པ་མར་བླངས་ཏེ་གོ་རིམས་བསྒྲིགས་དགོས་སོ།།དྲི་བ།སྔ་མ་ནི་ཞེས་པ་ཕྱི་མ་ཟེར་དགོས་པ་ལས་སྔ་མ་གཉིས་ལབ་པ་ཡི་གེ་ནོར་བ་ཡིན་པར་མངོན་ཏེ།ཉ་ཊིག་སོགས་དང་མི་མཐུན་པས་སོ།སྔ་ཕྱི་གཉིས་ཀ་ལ་ངོ་བོ་གཅིག་དང་ཐ་དད་པ་ཡོད་ན་སྔ་མ་གཉིས་ལ་དངོས་བསྟན་དབང་དུ་བྱས་ན།ངོ་བོ་གཅིག་ཚུལ་ཇི་ལྟར་ཡིན།དངོས་བསྟན་བསམ་པ་དང་ལྡན་པའི་སེམས་བསྐྱེད་ཚོགས་ལམ་ཆུང་ངུར་འགྲོ་སྟངས་ཇི་ལྟར་ཡིན་ནམ།རིམ་བཞིན་བསྡུས་ཞེས་པ་འགལ་བ་ཡོད་མེད་དང་།རྒྱུན་མཐའི་སྐབས་སུ་བསྡུས་ཚུལ་བཤད་དགོས་པས་དེ་ནི་བར་ཆད་མེད་ལམ་ལ་འཇོག་དགོས་པ་རྣམ་བཤད་ལས་གསུངས་སོ།།ལན་ནི།ཡི་གེ་ནོར་བ་ལབ་ན་མི་འགྲིགས།རྣམ་བཤད་ལས།ཚོགས་ལམ་ཆུང་ངུར་བསམ་ལྡན་བཞག་པའི་མདོའི་ཁུངས་ནས་བྱང་ཆུབ་རྒྱས་བཤད་ཀྱི་ཕྱིན་དྲུག་ལ་སློབ་པའི་མདོར་ཡིན་པས་སོ།།རིམ་བཞིན་བསྡུས་ཚུལ་ལ་བསམ་ལྡན་ཚོགས་ལམ་ནས་ཐོབ་པ་དང་།འགའ་ཞིག་ལ་ཚོགས་ལམ་འབྲིང་ནས་ཐོབ་པས་རིམ་བཞིན་བསྡུས་སོ།།དྲི་བ།རྣམ་བཤད་ཀྱི་ལུང་དེ་ཤེས་བྱེད་ཇི་ལྟར་འགྲོརྣམ་བཤད་ཀྱི་ལུང་དེ་ཆོས་ཅན་དེ་འདྲ་ཞིག་ཡོད་ན་ཞེས་ཁུངས་སུ་དྲངས་སོ།།སེར་སྨད་དགེ་བཤེས་དོན་གྲུབ་ནས།ཡིག་ནོར་རེད་ཟེར་བའི་དེ་མི་འགྲིགལེགས་བཤད་གསེར་ཕྲེང་ཟེར་བ་དེ་བོད་སྔ་མའི་གསུང་ཕྱོགས་བསྡུས་བྱས་པ་མ་ཡིན་པར་རྒྱ་བོད་མཁས་པའིི་གཞུང་ལ་དྲི་མེད་རིགས་པའི་ལམ་ནས་དག་ཐེར་ལེགས་པར་མཛད་དེ་གསེར་དང་རིན་ཐང་མཚུངས་པའི་ཚིག་གཉིས་ཀའི་སྒོ་ནས་ཕྲེང་བསྟར་བའོ།།ལན།བསམ་ལྡན་སེམས་བསྐྱེད་དེ་ཚོགས་ལམ་འབྲིང་གི་སྐབས་སུ་འཇོག་མོད།དེ་ནི་སྤྱིར་བཏང་ཡིན་གྱི་ཁྱབ་པ་མེད་དེ།ཐེག་ཆེན་རིགས་ཅན་དབང་པོ་རྣོན་པོ་དེ་ཚོགས་ལམ་ཆུང་ངུ་ཐོབ་པ་དང་བསམ་ལྡན་དང་འདུན་ལྡན་གཉིས་ཀ་ཐོབ་བོ།།དགེ་ལུགས་དྲུང་ཡིག་ནས།ལམ་དུ་ཞུགས་པ་གྲངས་མེད་གསུམ་གྱི་ཚོགས་ཀྱི་འགོ་བརྩམ་པ་དུས་མཉམ་པ་ཡོད་དམ།ཡོད་ན་སྐབས་བཞི་པར་མཚན་མེད་རབ་ཏུ་སྦྱིན་ལ་སོགས།ཞེས་པས་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་ཀྱི་འགོ་བརྩམ་པ་ལ་སྡེ་ཚན་ཉེར་གཅིག་ལ་མཁས་པ་ཞིག་དགོས་ལ།ཚོགས་ལམ་ཐོབ་མ་ཐག་ནས་དེ་འདྲ་མེད་པའི་ཕྱིར།ལན།བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་ཀྱི་འགོ་བརྩམས་པ་ཐེག་ཆེན་ཚོགས་ལམ་ལ་ཞུགས་པ་དུས་མཉམ་པ་ཞིག་ཡོད་པར་མངོན་ནོ།།
          དྲི་བ།སྐབས་འདིའི་མཚུངས་ལྡན་ཟེར་བ་དེ་གང་ལ་འཇོག་དགོས་སམ།ལན།མཚུངས་ལྡན་ལ་རྣམ་པ་ལྔ་མཚུངས་ཡིན་དགོས་ཀྱང་།སྐབས་འདིའི་མཚུངས་པར་ལྡན་པ་ནི་འདུན་པ་ལ་སྦྱར་ན་འདུན་ཟིན་པས་ནུས་ཤུགས་དེ་སེམས་བསྐྱེད་ལ་ཁྱབ་པས་ཟིན་པའོ།།དོན་དུ་འདུན་པ་སེམས་བསྐྱེད་དང་འདུན་པ་གཉིས་ཀར་ནུས་མཚུངས་སུ་སོང་བས་མཚུངས་པར་ལྡན་པར་གསུངས་སམ་སྙམ།ས་མཚམས་སྐོར་ལ་དྲི་བ།ཚོགས་ལམ་ཆུང་ངུའི་སེམས་བསྐྱེད་ལ་ཕྱིན་དྲུག་གི་བྱ་བས་མ་ཟིན་པས་ཁྱབ་དོན་གང་ཡིན།ལན།ཚོགས་ལམ་འབྲིང་ནས་གསེར་ལྟ་བུའི་སེམས་བསྐྱེད་དགོས་པའི་རྒྱུ་མཚན་ཕྱིན་དྲུག་ལ་དངོས་སུ་སློབ་པའི་གནད་ཀྱིས་རེད།དགེ་བཤེས་བློ་བཟང་།སེམས་བསྐྱེད་དངཔོ་གཉིས་གཞི་མཐུན་ཡོད་མོད།འདི་ལྟར་ཚོགས་ལམ་དང་པོ་སོགས་སུ་གསུངས་པ་་ས་དང་གསེར་ལྟ་བུའི་སེམས་བསྐྱེད་དང་པོ་གཉིས་ཕྱི་མ་རྣམས་ཀྱི་གཞི་ཡིན་པར་བཤད་སྲོལ་འདུག་ལ།དེ་གཉིས་ཀྱི་གཞི་མཐུན་ཡོད་ན།རིགས་ངེས་ཚོགས་ལམ་འབྲིང་པ་ཡན་ཆད་ཀྱི་སེམས་བསྐྱེད་ཐམས་ཅད་གསེར་ལྟ་བུའི་སེམས་བསྐྱེད་དུ་འགྱུར་བས་སངས་རྒྱས་སར་གསེར་ལྟ་བུའི་སེམས་བསྐྱེད་ཡོད་པར་ཐལ་བའོ།།དེ་ལྟ་བུའི་སེམས་བསྐྱེད་དེ་གསེར་ལྟ་བུའི་སེམས་བསྐྱེད་ཡིན་པའི་ངེས་པ་མེད་དེ།སོ་སོའ་ིནུས་ཤུགས་བརྟན་པོ་ཞིག་ཡོད་པ་ཡིན་ན་གསེར་ལྟ་བུའི་སེམས་བསྐྱེད་དུ་འཇོག་གོ།བཀྲ་ལྷུན་དགེ་བཤེས་བློ་བཟང་ཤེས་རབ་མཆོག་ནས་རྩོམ་ཡིག་སྒྲོག་སྦྱོང་དང་།དྲི་བ་དྲིས་ལན་ནོ།།དགེ་འདུན་ཉི་ཤུའི་སྐོར།གསེར་ཕྲེང་ལས།ཁ་ཅིག་བསེ་རུ་ལྟ་བུ་ནི་ཅིག་ཅར་བའོ་ཞེས་སོགས་དོན་དང་།སྦྱོར་ལམ་སྐྱེས་ཕྱིན་ཆད་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་དགོས་པས་སོ།ཕྱིར་མི་འོང་གི་འབྲས་བུ་ཐོབ་ཚུལ་ཡིག་ཆ་སོ་སོར་མི་འདྲ་བ་ཡོད་པ་དང་།ལྷག་པར་བཀྲ་ལྷུན་གྱི་མཁས་པའི་གསུང་ལས་ཐོན་ནོ།།སེམས་རྟེན་སྐོར་གནད་འགག་ཆེན་བས་དེའི་སྐོར་བགྲོ་གླེང་གནང་རོགས།།དྲི་བ།ལམ་དེ་དང་དེའི་སེམས་རྟེན་དགོས་པའི་ས་མཚམས་གང་ཡིན།སེམས་རྟེན་གྱི་ངོ་བོ་གང་ཡིན།སེམས་ཅན་ལ་དམིགས་པའི་སྙིང་རྗེ་སོགས་སེམས་བསྐྱེད་ཀྱི་སེམས་རྟེན་དུ་གསུངས་པ་རྣམས་ཀྱི་དོན་གང་ཡིན།ལན།གསེར་ཕྲེང་ལས།ངོ་བོར་བསྐྱེད་པ་ལ་གསུངས་ཚུལ་གཅིག་དང་།སེམས་བསྐྱེད་ཀྱི་སྐབས་རྒྱལ་བ་ལ་དམིགས་པའི་དད་སོགས་སེམས་རྟེན་དུ་གསུངས་པ་
ཡོད་དོ།།སེམས་བསྐྱེད་སྐབས་སུ་གསུངས་པ་དེ་རྒྱུའི་སེམས་རྟེན་གྱི་ཆ་ནས་འཇོག་པར་སྣང་།དྲི་བ།གསེར་ཕྲེང་ལས་ངོ་བོར་སྐྱེ་བར་གསུངས་པ་དེའི་དོན་དང་།ས་དགུ་ལ་ནི་ཆེན་པོ་ཡིན།ཞེས་པའི་སྒོམ་ལམ་བར་ཆད་མེད་ལམ་གྱི་སེམས་རྟེན་འདོད་སེམས་ཡོད་མེད།མེད་ན།ས་དགུ་ལ་ནི་ཞེས་པའི་དོན་ཇི་ལྟར་འགྲེལ།ལན།ངོ་བོ་གཅིག་པའི་སེམས་རྟེན་ནི།བརྟེན་པ་རང་ཉིད་རྟེན་དེའི་ངོ་བོར་འཕོ་བ་དང།གསེར་ཕྲེང་གིས་སེམས་རྟེན་ལ་ངོ་བོ་གཅིག་པར་བསྒྲུབ་ཀྱི་ཡོད།སེམས་རྟེན་ཁམས་གསུམ་ས་དགུ་ཀ་ཡོད་ཀྱང་སྒོམ་ལམ་གྱི་གནས་སྐབས་སུ་ཏིང་ངེ་འཛིན་ལ་རྩལ་བྱང་བར་བཤད་པ་མི་འཐད་དོ།།དགེ་བཤེས་བློ་བཟང་།སེམས་རྟེན་སྐོར།སྒོམ་ལམ་ཁམས་གསུམ་ས་དགུ་ལས་ཐོབ་ལ་དེས་མཐོང་ལམ་ལ་མཚོན་མི་ནུས་སོ།།ཞེས་གསུངས་པས་སྦྱོར་ལམ་གྱི་སེམས་རྟེན་ལ་དངོས་གཞི་ཡིན་དགོས།དེ་ཡང་བུར་ཤིང་སེམས་བསྐྱེད་ཀྱི་སྐབས་སུ་སེམས་བརླིང་བ་ཞིག་རྟེན་དགོས།སྒོམ་ལམ་ཁམས་གསུམ་ས་དགུ་ལ་རྟེན་ནུས་ཏེ།བསྐལ་ཆེན་གྲངས་མེད་གཉིས་ལས་ལྷག་པར་ཚོགས་བསགས་ཟིན་པས་སོ།འོན་ཀྱང་དེ་གཉིས་རྒྱུ་འབྲས་སུ་མི་འགྱུར་རམ་སྙམ་པའི་དྭོགས་པ་འབྱུང་ཡང་སྐྱོན་མེད་དེ།སྦྱོར་བའི་སྔོན་དུ་ཐོབ་དགོས་ཀྱང་སེམས་རྟེན་ནི་དངོས་གཞི་འམ་ཉེར་བསྡོགས་སོགས་གང་ཟག་གིས་བྱེ་བྲག་མ་ཕྱེ་བས་སོ།དགེ་བཤེས་ཚེ་དབང་སྟོབས་ལྡན།སེམས་རྟེན་ཡོད་པའི་ལམ་གྱི་ཚད།སྙིང་རྗེ་ལ་སེམས་རྟེན་མི་དགོས་པ་དང་།སྙིང་རྗེ་ཚད་མེད་ལ་སེམས་རྟེན་དགོས་པའི་རྒྱུ་མཚན་གང་ཡིན།དམྱལ་བའི་རྟེན་ལ་སེམས་བསྐྱེད་གསར་དུ་སྐྱེ་བ་ཡོད་དམ་མེད།འདིའི་ལན་དུ་མཁས་པ་རྣམས་ཀྱིས་དགོངས་ཚུལ་སྣ་ཚོགས་གསུངས་པ་འདིར་ལྟར།ཉེར་བསྡོགས་མ་ཐོབ་པར་སེམས་གསར་དུ་བསྐྱེད་པའི་སེམས་རྟེན་གང་ཡིན།བློ་གླིང་ལྟར་ན།སེམས་རྟེན་ཟེར་བ་དེ་རྟེན་བརྟེན་པ་ཐ་དད་པ་དགོས།བར་ཆད་མེད་ལམ་སྐྱེ་སའི་བློ་དེ་ལ་ཟག་མེད་ས་དགུ་ཡོད།རྟེན་ཟེར་བ་ངོ་བོ་གཅིག་པའི་རྟེན་དང་སྐྱེ་བའི་རྟེན་གཉིས་ཡོད་ཅིང་།སྦྱོར་ལམ་གྱི་སེམས་རྟེན་དེ་རྫས་རྒྱུན་གཞན་ཞིག་དེའི་ངོ་བོར་གྱུར་པ་ཡིན་ནམ།འདོད་པའི་སས་བསྡུས་ཀྱི་རྗེས་དཔག་ལྟ་བུ་བསྒོམས་སྟོབས་ཀྱིས་དངོས་གཞིའི་ངོ་བོར་སྐྱེས་ན་དེའི་སེམས་རྟེན་གང་འཇོགདམྱལ་བའི་རྟེན་སེམས་བསྐྱེད་ཀྱི་སེམས་རྟེན་ནི།རྒྱུ་འབྲས་མན་ངག་བདུན་ཀ་ལ་སེམས་རྟེན་ཡོད་ཟེར།བློ་རང་ཉིད་དམིགས་རྣམ་རྩོལ་བས་བསྒྲུབ་དགོས་པ་ལ་སེམས་རྟེན་ཡོད་དགོས་ཟེར།ཉེར་བསྡོགས་མ་ཐོབ་པ་ལ་སེམས་བསྐྱེད་པ་ཡོད་ཟེར།སེམས་རྟེན་དང་བརྟེན་པ་གཉིས་ཀ་སྦྱོར་བའི་གནས་སྐབས་སུ་འབད་པས་བསྒྲུབ་ཅིང་དམིགས་རྣམ་བསྐྱངས་ནས་ཐོབ་པ་ཅིག་དགོས་སོ།།

          ཤར་རྩེ་ལྷ་རམས་པ།སྐབས་གཉིས་པའི་ལམ་ཤེས་ཀྱི་སྐོར།ལམ་ཤེས་ཀྱི་ཡན་ལག་བསྟན་པའི་མདོ།དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ཞེས་སོགས་ཀྱི་སྐབས་སུ།ཡུལ་ངེས་དང་ཁྱབ་པ་གཉིས་བསྟན་པའི་མདོ་གཉིས་ཡོད་ཅིང་།གསེར་ཕྲེང་གྱིས་ཡུལ་ངེས་ཀྱི་མདོར་བཞེད་པ་རྣམ་བཤད་ཀྱིས་ཁྱབ་མདོར་གསུངས་པས་ཀྱང་སྒྲ་དེས་རྣམ་བཤད་ལས་སེམས་ཅན་ཐམས་ཅད་ལ་རིགས་ཀྱིས་ཁྱབ་པ་དང་།གང་ཡང་དག་པ་ཞེས་སོགས་ཀྱིས་མཐར་ཐུག་ཐེག་པ་གསུམ་དུ་སྟོན་པས་ཁྱབ་མདོར་སྦྱར་ཚུལ་བརྟགས་དགོས་སོ།།བཟློས་སྐྱོན་མེད་ཚུལ་སྔ་མ་ཞར་བྱུང་དང་འདིར་གཙོ་བོར་སྟོན་པ་ཡིན་ནོ།།ཁྱབ་ཟེར་བ་རིགས་ཀྱིས་ཁྱབ་ཟེར་རམ།རྒྱུ་རྐྱེན་གྱིས་ཁྱབ་པ་ལ་ཟེར་བརྟགས་དགོས།སྟོང་ཉིད་རྟོགས་པའི་ཤེས་རབ་སྲིད་མཐའ་འགོག་བྱེད་དང་།སྙིང་རྗེ་ཞི་མཐའ་འགོག་བྱེད་ལ་བཞག་ན།འགྲེལ་བར།སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར།ཞེས་པའི་དོན།གོ་ལྡོག་དགོས་པར་གསུངས་པ་དེ་རྣམ་བཤད་ཀྱིས་མི་ལྡོག་པར་གསུངས་པ་གཉིས་ཀྱི་སྐོར་ལ་དཔྱད་གཞི་ཡོད།གཞན་ཡང་ཆོས་ཀྱི་བདག་མེད་རྟོགས་པའི་བློས་འཁོར་བའི་སྐྱོན་ཇི་ལྟར་མཐོང་།མཐོང་བྱའི་སྐྱོན་གང་ཡིན་ནམ་ཞེ་ན།རང་བཞིན་མེད་པ་ཞེས་པ་གསེར་ཕྲེང་ལྟར་ན།ཆོས་ཀྱི་བདག་མེད་ལ་འཇོག་དགོས་པས་སྣང་སྟེ།དབུས་མཐའ་སོགས་ཀྱི་ལུང་ལས་ཤེས་སོ།རང་བཞིན་མེད་རྟོགས་ཀྱིས་འཁོར་བའི་སྐྱོན་མི་མཐོང་བར་རྣམ་བཤད་ལས་བཤད་པ་དང་།འཁོར་བའི་སྐྱོན་མཐོང་བ་ལ་དེ་རྟོགས་དགོས་མིན་དང་།ཤེས་རབ་དང་བྲལ་བས་སྲིད་མཐར་ལྷུང་ཚུལ་དང་།སྙིང་རྗེ་དང་བྲལ་བས་ཞི་མཐའ་ལྷུང་ཚུལ་ལ་དཔྱད།སྒྲོ་འདོགས་སོ་གཉིས་ཀྱི་གྲངས་འདྲེན།སྐབས་བཞི་པར་བསྟན་པའི་སྦྱོར་མཐོང་སྒོམ་གསུམ་མཚན་ཉིད་པ་འཇོག་དགོས་པར་བཤད་དོ།
            དྲི་བ།ལམ་ཤེས་ཀྱི་ཡན་ལག་ལྔ་སྟོན་པའི་སྐབས་སུ་བྱང་ཆུབ་མཆོག་སེམས་བསྐྱེད་ཅེས་པའི་སེམས་དེ།བུར་ཤིང་སེམས་བསྐྱེད་ལ་བྱེད་དམ་མི་བྱེད།ལན།ལམ་མ་ཞུགས་ཀྱི་སེམས་བསྐྱེད་ལ་བྱེད།ཁུངས་གསེར་ཕྲེང་ལས་གསལ་པོ་ཡོད་པར་གསུངས་སོ།ལམ་ཤེས་ལ་སེམས་བསྐྱེད་པ་སྔོན་དུ་འགྲོ་དགོས་པ་ནི་ལམ་ཤེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྐད་ཅིག་གཉིས་པ་ནས་འཇོག་པས་སོ།།རྒན་བློ་བཟང་།ལམ་ཤེས་བསྐྱེད་པ་ལ་སེམས་བསྐྱེད་པ་སྔོན་དུ་འགྲོ་དགོས་གསུངས་དེ་ལ།སྐབས་གཉིས་པའི་ལམ་ཤེས་ལ་སེམས་བསྐྱེད་སྔོན་དུ་འགྲོ་དགོས་པ་དང་།མཆོད་བརྗོད་སྐབས་ཀྱི་ལམ་ཤེས་ལ་སེམས་བསྐྱེད་སྔོན་དུ་འགྲོ་མི་དགོས་པར་གསུངས་སྲོལ་ཡོད།དེ་ཡང་སྐབས་དང་པོ་སྐྱེ་ཟེར་བ་དེ་ལམ་སྐྱེ་བའི་སྐབས་དང་པོ་ཟེར་བ་ཡིན་གྱི་རྒྱན་གྱི་སྐབས་དང་པོ་ཟེར་མིན་ནོ།།དྲི་བ།འཁོར་བ་མི་འདོར་བའི་རང་བཞིན་ཞེས་པའི་སྐབས་སུ་རྣམ་བཤད་དང་གསེར་ཕྲེང་གཉིས་བཤད་ཚུལ་མི་མཐུན་པ་འདུག་པས་དེ་གཉིས་མི་འགལ་བའི་རྒྱུ་མཚན་གང་ཡིན་ནམ།ལན།འཁོར་བ་མི་འདོར་བའི་རང་བཞིན་ཟེར་བ་དེ།ཉན་རང་གི་འཁོར་བ་ཆེད་དུ་སྤོང་བས་རྣམ་བཤད་ཀྱིས་ཉོན་མོངས་མཚན་ཉིད་ཡིན་པར་གསུངས་ཤིང་།བྱང་སེམས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་བ་དེ་གཞན་དོན་བྱེད་པའི་ཡན་ལག་ཏུ་བསྒྱུར་བས་སོ།གསེར་ཕྲེང་།ཉོན་མོངས་ཆེད་དུ་གཉེར་ནས་སྤོང་པ་མ་ཡིན་པས་དེའི་འབྲས་བུ་ཆེད་དུ་གཉེར་ནས་མི་སྤོང་བས་དེ་ལ་ཉོན་མོངས་ཀྱིས་མིང་བཏགས་སོ།
          བཤད་སྲོལ་མི་འདྲ་ཙམ་མ་གཏོགས་དོན་ལ་ཁྱད་པར་མེད།་འཁོར་བར་སྐྱེ་བའི་རྒྱུ་ཆེད་དུ་གཉེར་ནས་མི་སྤོང་ཡང་ཉོན་མོངས་ཆེད་དུ་གཉེར་ནས་སྤོང་པར་གསུངས་སོ།།འཁོར་བར་སྐྱེ་བའི་རྒྱུ་ལ་ཉོན་མོངས་ཀྱི་མིང་གིས་བསྟན་ཀྱང་ཉོན་མོངས་མིན་ནོ།དགེ་བཤེས་བློ་བཟང་།དགེ་འདུན་ཉི་ཤུའི་སྐོར།སྡེ་ཚན་ལྔའི་སྒོ་ནས་འཆད་པར་པ་ལ།རྒྱུན་ཞུགས་ཞུགས་པའི་མཚན་ཉིད་འདོད་ཉོན་དྲུག་པ་མ་སྤང་བ་ཙམ་ལ་བཞག་ན།ལྷག་པར་གསེར་ཕྲེང་སྐབས་སུ་ཉོན་ཡིད་ཡང་ཡང་ཐོན་པས་སེམས་ཙམ་ལུགས་སུ་བཀྲལ་ན་བདེ་བོ་མེད་པ་དང་།འདོད་ཉོན་སྤངས་མ་སྤང་ཐད་ཡིག་ཆ་སོ་སོར་མི་འདྲ་ཞིང་།རྗེ་བཙུན་པས་སྤངས་པར་གསུངས།ལ་ལས་འདོད་འདུན་སྤངས་པ་དང་།ལ་ལས་འཇིག་རྟེན་པའི་སྒོམ་སྤོང་སྤངས་པ་དང་།རང་ལུགས་ཉོན་ཡིད་ལས་གཞན་པ་སྤངས་པར་འདོད་དེ།རྗེའི་སྔགས་ཀྱི་མཐའ་དཔྱོད་ལས།འདོད་ཉོན་སྤངས་པའི་ལུང་སྣང་ངོ་།།སྦྱོར་ལམ་སྟན་གཅིག་པ་ཟེར་བ་ཆོས་མཆོག་ལ་བཞག་པ་མི་འཐད་པ་ནི།གསེར་ཕྲེང་ལས་ཤེས་སོ།།ཕྱིར་འོང་ལ་ཆགས་བྲལ་སྔོན་སོང་ཡོད་པར་མཛོད་དང་གསེར་ཕྲེང་ལས་བྱུང་བ་དང་།ཀུན་བཏུས་དར་ཊིག་ལྟར་རྗེ་བཙུན་གྱིས་མེད་པར་བཞེད།ལ་ལས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་ཀྱང་མ་ཡིན་པར་གསུངས་མཁན་ཡོད་པ་དང་།ཆགས་བྲལ་སྔོན་སོང་ཟེར་བ་འདོད་ཉོན་དྲུག་པ་དང་དགུ་པ་སྤངས་པའི་ཆ་ནས་བཞག་ན་ཉོན་ཡིད་ཡོད་ན་འདོད་ཉོན་དགུ་སྤངས་པའི་ཆ་ནས་ཕྱིར་མི་འོང་འཇོག་མི་ཐུབ་དང་།དེ་ཡོད་ན་འདོད་པ་ལ་འདུན་ཡོད་པར་འགྱུར་རོ།ཞུགས་པའི་ས་མཚམས་ལ།མཐོང་ལམ་སྔ་རོལ་དུ་སྤངས་ན་སྦྱོར་ལམ་སྟན་གཅིག་པ་འཇོག་པ་ལྟ་བུར་གསུངས་སོ།ཆགས་བྲལ་སྔོན་སོང་ཕྱིར་འོང་མི་འོང་ལ་མཐོང་ལམ་ཁོ་ནར་བཞག་ཡོད་དོ།།འབྲས་བུ་བཞིར་འཇོག་པའི་རྒྱུ་མཚན།མཛོད་རྩ་བར།འབྲས་བུ་བཞིར་རྣམ་བཞག་པ་ནི།།ཞེས་སོགས་དོན་ལ་གྲུབ་མཐའ་སོ་སོའི་འགྲེལ་ཚུལ་སྣ་ཚོགས་ཡོད་མེད་དཔྱད་དགོས་སོ།།གཞན་ཐོབ་པ་དང་ཟད་སྡོམ་དང་།།ཞེས་པ་སྤང་བྱ་རེ་རེ་ལ་བྲལ་བ་རེ་རེ་བྱེ་བྲག་སྨྲ་བས་མི་འདོད་པས་ཟད་པ་སྡོམ་ཚུལ་ཇི་ལྟར་ཡིན།མཛོད་ཀྱི་བཤད་ཚུལ་ལོགས་སུ་ཡོད་པས་དེའི་འགྲེལ་ཚུལ་གསལ་པོ་དགོས་སོ།།དྲི་བ།ཞུགས་པའི་ས་མཚམས་དྲོད་ནས་ལམ་རྗེས་བཟོད་བར་སྟན་གཅིག་པར་གསུངས་འདུག་པས་དེའི་དོན་གང་ཡིན་དང་།ཀུན་གཞི་ཁས་ལེན་པའི་དབང་དུ་བྱས་ན་ཞི་རགས་རྣམ་ཅན་གྱི་ལམ་གྱིས་གང་ཟག་རྟག་འཛིན་དང་།བདག་ཁས་ལེན་པའི་ཁས་ལེན་སོགས་སྤངས་ཚུལ་ཇི་ལྟར་ཡིན།ལན།དྲོད་ནས་ཟེར་བ་དེས་སྦྱོར་ལམ་ཆོས་མཆོག་ནས་བཞག་པ་མི་འཐད་པར་གོ་སྟེ།ཀུན་བཏུས་ལས།སྦྱོར་ལམ་ཟེར་བ་མ་གཏོགས་མེད་ཀྱི་འགྲེལ་བར་སྟན་གཅིག་པ་ལ་སྦྱར་བས་དྲོད་འོང་ཆོག་ཅིང་སྟན་གཅིག་པ་དེ་ཉི་འོག་པ་རྣམས་ཀྱིས་དཀྱིལ་ཀྲུང་མི་ཤིགས་པ་དང་།ཁ་ཆེ་བས་དེ་བཀག་ནས་མཉམ་བཞག་ཐུན་གཅིག་ལ་བྱེད་དགོས་པར་བཤད་དེ།སྐབས་འདིར་སྟན་གཅིག་པ་ཟེར་བ་དེ་བསམ་གཏན་མཐའ་རྟེན་ཞེས་པ་དང་མི་འདྲ།སྦྱོར་བ་རྒྱུན་ཆགས་སུ་གནས་པ་ལ་འཇོགསྟན་གཅིག་པ་ཞེས་པ་ནི་སྤོང་བའི་སྦྱོར་བ་མཚམས་མ་ཆད་པ་ལ་བྱའོ།།
          དྲི་བ།རིགས་ཀྱི་ས་སྦྱོར་ལམ་ནས་འཇོག་པས་སྦྱོར་ལམ་དྲོད་ནས་རྒྱུན་ཞུགས་པ་འཇོག་ཅི་ལྟར་འཐད།དྲི་བ།བདག་འཛིན་ཀུན་བཏགས་རྒྱུད་ལ་ལྡན་པའི་གང་ཟག་ཅིག་གིས་ཞི་རགས་རྣམ་ཅན་གྱི་བློ་དེའི་འདོད་ཡོན་ལྔ་ལ་ཆགས་པའི་ཆགས་པ་ལ་གཉེན་པོ་བསྟེན་པ་གོ་སླ་ཡང་དེས་བདག་འཛིན་ལ་གཉེན་པོ་ཇི་ལྟར་འགྲོ།ལན།དེ་ནི་མ་ཡིན་།ཉེས་དམིགས་ལྟ་སྟངས་ཀྱི་ཐད་ནས་དེ་དང་ཕྱོགས་གཏོགས་གཞན་རྣམས་སྤངས་པས་སྤང་ནུས་སོ།།དྲི་བ།འདོད་པའི་ཕུང་པོ་ལ་དམིགས་པའི་གོང་མའི་ཉོན་མོངས་ཡོད་ན་འདོད་པའི་ཉོན་ཡིད་ལ་འདོད་པའི་སས་བསྡུས་ཡི་དགོས་པའི་རྒྱུ་མཚན་གང་ཡིན་ནམ།ལན།དེ་ནི་ཀུན་གཞི་དང་ལྷན་དུ་འབྱུང་གི་ཡོད་ཅིང་དམིགས་པ་བརྟན་པ་དང་།ཉོན་ཡིད་ཀྱང་དེ་དང་ཕྲ་རགས་མཉམ་པས་འདོད་པའི་སས་བསྡུས་སོ།
དགེ་བཤེས་ཚེ་དབང་སྟོབས་ལྡན་ལགས།གོང་མའི་ཉོན་མོངས་ཀྱིས་འོག་མའི་ཆོས་ལ་དམིགས་པ་མེད་པ་ཆོས་མངོན་པའི་སྤྱི་སྐད་ཡིན་པས་གོང་འོག་གཉིས་ཀར་གོ་དགོས་སོ།རྟག་འཛིན་དང་ཆགས་པ་མི་འདྲའོ།།
སེར་སྨད་དགེ་བཤེས་ལགས།ཀུན་གཞི་རྒྱ་ཆེར་འགྲེལ་གྱི་ནང་དུ།འདི་ལྟར།འདོད་པའི་སོ་སྐྱེ་འདོད་པ་ཆགས་པ་བྲལ་ཞེས་པ་ནི་གཙོ་བོར་འཁྲིག་པ་ལ་ཆགས་པ་དང་བྲལ་བ་ཡིན་གྱི་ཞཻས་སོགས་གསུངས་སོ།།ཉོན་ཡིད་དེ་བདག་ལྟ་ལྷན་སྐྱེས་དང་མཚུངས་ལྡན་ཡིན་པས་གཉེན་པོ་ཟག་མེད་དགོས་པར་གསུངས་པས་རང་རྒྱུད་པའི་ལུགས་སུ་མཚུངས་པར་བསྟན་པ་ལྟ་བུར་སྣང་ངོ།ཞེས་དྲིས།ཉོན་ཡིད་ཕྲ་རུ་འགྲོ་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།ལན་ནི།བདག་ལྟ་སོགས་བཞིའི་དབང་གིས་ལོག་པར་ཞུགས་པས་ཡིན་།རྫས་རྒྱུན་གསལ་རིག་གི་ངོ་བོ་འགག་པའི་སྒོ་ནས་རགས་པ་དེ་དག་སྤང་ངོ་།།
          དྲི་བ།ཐལ་འགྱུར་བའི་ལུགས་ལ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་སྟོང་བ་རྟོགས་པའི་བློ་དེས་བདེན་འཛིན་མངོན་གྱུར་ཙམ་ཡང་ལྡོག་མི་ཐུབ་ན་ཞི་རགས་རྣམ་ཅན་གྱི་ལྟ་ཅི་སྨོས།ཞེས་གསུངས་པས་ཞི་རགས་རྣམ་ཅན་གྱིས་བདག་འཛིན་ཇི་ལྟར་སྤང་ངམ།ལན།ཐལ་འགྱུར་བའི་ལུགས་ལ་བསམ་གཏན་གྱི་དངོས་གཞི་ཐོབ་ན་འདོད་ཉོན་སྤངས་དགོས་པར་འདོད་ཀྱིན་ཡོད་པ་དང་།ཞི་རགས་སོགས་ཀྱིས་སྤྱི་ལྡོག་གི་ཆ་ནས་ཟེར་བ་ཡིན་གྱི།གཞན་དུ་ཞུགས་འབྲས་བརྒྱད་ཀྱི་རྣམ་བཞག་འཇོག་ཚུལ་དཀའ་བར་སྣང་ངོ།།དྲི་བ།ཞུགས་པ་དང་པོ་སྦྱོར་ལམ་ན་འཇོག་ཅེས་པ་རྒྱུན་ཞུགས་ཞུགས་པ་ངོས་བཟུང་ན།ཐོད་བརྒལ་བའི་ཕྱིར་འོང་གི་ས་མཚམས་མཐོང་ལམ་ནས་འཇོག་དགོས་ཏེ།དེའི་སྐབས་སུ་དགེ་སྦྱོང་གི་ཚུལ་ལ་ཞུགས་པ་ཡིན་པས་དེའི་ཆེད་དུ་སྦྱོར་བ་རྒྱུན་ཆགས་སུ་གནས་པའོ།།གང་ཡང་ཆགས་བྲལ་མ་བྱས་ན་ས་མཚམས་སྔར་ལྟར་རོ།འདི་ནི་ཀུན་བཏུས་དང་གསེར་ཕྲེང་གི་དོན་དུ་སྣང་བས་སོ།།དྲི་བ།ཞི་རགས་རྣམ་ཅན་གྱི་ལམ་ལ་བརྟེན་ནས་ཆགས་བྲལ་བྱེད་པ་ན་སྒོམ་སྤང་སྤངས་པ་ཡིན་གྱི་མཐོང་སྤང་མི་དགོས་པར་འདོད་དགོས་སམ་སྙམ་མོ།།
            ༄༅།།བགྲོ་གླེང་བ་རྣམས་ཀྱིས་སློབ་གསོའི་གོང་འཕེལ་གྱི་ཐབས་ལམ་ཇི་ཡོད་སྐོར་ལ་བཀའ་སློབ། སེར་ལྷོ་རྒན་བློ་བཟང་མཆོག་ནས།
          དེ་སྔ་གཉའ་ཁྲི་དཔེ་མཛོད་ཁང་ནས་གསེར་ཕྲེང་བགྲོ་གླེང་ཐེངས་གཉིས་ཚོགས་ཟིན་པ་རེད།རེ་བར་མངོན་རྟོགས་རྒྱན་གྱི་ཚིག་བཅད་ཡོངས་ཀྱི་དོན་འགྲེལ་བའི་གསེར་ཕྲེང་ལ་བགྲོ་གླེང་ཞིག་འགྲོ་ཐུབ་ན་ལེགས་པར་མཐོང་།བྱུང་ན་གསེར་ཕྲེང་ཡོངས་རྫོགས་བགྲོ་གླེང་ལམ་ནས་འགྲོ་ཐུབ་ན་དཔེ་ཡག་པོ་འདུག་བགྲོ་གླེང་གི་རྣམ་པ་མཚོན་ཐུབ་པ་ཞིག་རྩལ་དུ་འདོན་རྒྱུ་གལ་འགངས་ཆེ།གང་ལྟར་དྲི་བ་དང་ལན་གཉིས་ཀའི་གནས་སུ་བགྲོ་གླེང་གི་རྣམ་པ་མངོན་དགོས་སོ།།བཀྲ་ལྷུན་རྒན་ལགས།བགྲོ་གླེང་ཟེར་བ་དེ་དགེ་མཚན་ཆེན་པོ་ཡོད་པ་དང།བགྲོ་གླེང་འདི་མུ་མཐུད་དེ་གསེར་ཕྲེང་ཆ་ཚང་ཞིག་འགྲོ་ཐུབ་ན་ལེགས་པོ་འདུགབྱ་བ་གང་ཡིན་ཡང་འགོ་བརྩམས་ནས་མཇུག་བསྐྱེལ་ཐུབ་ན་ཡག་པོ་འདུག་གཏམ་བཤད་ཀྱི་སྐོར་བློ་བཟང་གི་གསུངས་པ་ལྟར་མང་པོ་མཐོང་ཚུལ་དེ་ཡག་པོ་མེད་པར་གསུངས་སོ།།བགྲོ་གླེང་གི་རྣམ་པའི་ཐོག་ནས་ད་ལྟ་ང་ཚོས་ཏག་ཏག་འགྲོ་ཐུབ་ཀྱི་ཡོད་མ་རེད།དྲི་བ་འདོན་མཁན་གྱིས་དྲི་བ་གཅིག་དང་ལན་འདེབས་པོས་ཀྱང་ལན་ཐེབས་ན་ཐད་ཀར་རྒྱག་པ་དང་།ལན་མ་ཐེབས་ན་དྲི་བ་གཞན་གྱི་ཐོག་ནས་འགྲོ་དགོས་རེད།སྔོན་མ་བཀྲ་ལྷུན་དགོན་དུ་བགྲོ་གླེང་དེ་ལྟར་བྱེད་ཀྱིན་འདུགལ་བགྲོ་གླེང་བྱེད་སྟངས་དེ་ལྟར་ཡིན་པ་འདྲ།མ་འོངས་པར་བགྲོ་གླེང་གི་རྣམ་པའི་ཐོག་ནས་ཕྱིན་ཐུབ་པ་ཡིན་ཚང་མ་ཡིད་ཚིམ་པོ་ཞིག་ཡོང་གི་རེད་དྲན་གྱི་འདུག་དེ་རིང་གི་བགྲོ་གླེང་འདི་ང་རང་ཕན་ཐོགས་ཆེན་པོ་བྱུང་།ཐུགས་རྗེ་ཆེ།ཚེ་དབང་སྟོབས་ལྡན་ལགས།ངའི་མཐོང་ཚུལ་ལ་གྲྭ་མང་མང་པོ་སྐོང་ཐུབ་ཀྱི་མི་འདུག་འདི་སྐོང་ཐབས་བྱེད་དགོས།རྗེས་མ་དཔེ་ཁྲིད་རྒན་དང་རྒན་པ་རྣམས་མང་ཙམ་གདན་ཞུ་བྱས་ན་ལེགས་པར་སེམས་སོ།།སྒོ་མང།དེབ་བཏང་ན་དཀའ་གནད་ཐད་དམིགས་འཛུགས་ཀྱིས་བྲིས་ན་ཡག་པོ་འདུགསྒོ་མང་ཡིན་ན་གསེར་ཕྲེང་ལྟ་བར་སྐྱོན་བྱེད་ཀྱི་འདུག་པས་འདྲ་མི་འདྲ་བྲི་མ་འོངས་གསུངས་སོང་།དེར་བརྟེན་དེབ་བཏང་ན་སྤུས་དག་པོ་དགོས་གསུངས་།སེར་སྨད།རྗེས་མ་བགྲོ་གླེང་གི་རྣམ་པ་ཐོན་པ་གལ་ཆེན་པོ་ཡིན་པ་དང།ལྷག་པར་གློག་བརྙན་གང་སར་ཁྱབ་ཀྱི་ཡོད་པས་གཟབ་གཟབ་བྱེད་དགོས།གྲྭ་མང་སྐོང་ཐབས་ལ་འབད་དགོས་གསུངས་སོང་།ཟླ་བ་ཚེ་རིང་།བགྲོ་གླེང་འདི་ལྟ་བུ་ཞིག་རྒྱུན་རིང་པོར་གནས་པ་ལ་བགྲོ་གླེང་བ་ཚད་དང་ལྡན་པ་ཞིག་དགོས་པ་དང་།མཉམ་ཞུགས་བྱེད་མཁན་མང་ཙམ་དགོས་རྒྱུ་གལ་ཆེ།བོད་ཕྱི་ནང་གི་མཁས་པ་མང་པོས་ག་རེ་ཟེར་གྱི་འདུག་ཟེར་ན།སོ་སོའི་ཡིག་ཆའམ་རང་གཞུང་མ་གཏོགས་གཞན་རྣམས་ལ་དོ་སྣང་ཆུང་བས་བགྲོ་གླེང་སྐབས་ཏོག་ཙམ་དཀའ་ལས་འདུག་ཟེར་ནས་བོད་ནས་གསུང་མཁན་འདུག་གསེར་ཕྲེང་བགྲོ་གླེང་རྒྱུན་མཐུད་པ་དང་།རྗེའི་ལྟ་བའི་ཁུངས་གཏུད་ས་འཚོལ་སྒྲུབ་བྱེད་རྒྱུ་གལ་ཆེ་བར་མཐོང་ངོ།།

          སྒོ་མང།རྩོམ་ཤོག་དེ་པར་སྐྲུན་བྱས་པ་ཡིན་ན་དག་ཐེར་ཚིག་སྐྱོན་མེད་པར་ལྷུ་བསྒྲིགས་ཏེ་བཏོན་ན་ཡག་པོ་ཡོད་ས་རེད།ལྷག་པར་ལས་བྱ་འདི་རྒྱུན་མཐུད་དེ་སེམས་ཤུགས་མ་ཆགས་པར་བྱ་གལ་ཆེ་བར་གསུངས།ཤར་རྩེ་དགེ་བཤེས།དེབ་བཏང་བ་ཡིན་དེབ་སྒང་ཇི་ལྟར་བྲིས་པ་ལྟར་འགོད་དགོས་པ་ལས་བསྲེ་ལྷད་མེད་པར་བྱེད་རྒྱུ་གལ་ཆེ་བ་དང་།དེ་ཡང་བསྟན་བཅོས་ཀྱི་རྣམ་པ་མིན་པར་དྭོགས་གཅོད་ཀྱི་རྣམ་པའི་ཐོག་ནས་འོང་ཐབས་སུ་འབད་དགོས་པར་གསུངས་སོང་།བགྲོ་གླེང་སྐབས་སུ་རྟགས་གསལ་གྱི་རྣམ་པམེད་པར་བགྲོ་གླེང་རང་གི་ངོ་བོ་མཚོན་ཐུབ་པར་བྱ་རྒྱུ་ཧ་ཅང་གལ་ཆེ་བར་གསུངས་སོ།།གཉའ་ཁྲི་དཔེ་མཛོད་ཀྱི་འགན་འཛིན་ངག་དབང་སྟོབས་ལྡན་མཆོག་ནས་དགེ་བའི་བཤེས་གཉེན་རྣམས་ཀྱིས་དཔེ་ཁྲིད་བཞག་སྟེ།དུས་ཡུན་རིང་པོར་བགྲོ་གླེང་འདིར་ཕེབས་ཐུགས་རྗེ་ཆེ་ཞེས་མཇུག་གི་གསུངས་བཤད་གནང་སོང་།འདི་ནི་སྐབས་དེར་ཐད་ཀར་ཟིན་བྲིས་སུ་བཀོད་ནས་ཡུན་རིང་སོང་བ་དང་།ཕྲན་ལས་ཤིན་ཏུ་ཆེའི་བའི་ཆ་ཚང་བ་སྤུས་དག་པོ་བྱུང་མ་སོང་།ལས་ཀའི་བར་གསེང་ཁག་ཏུ་དྲན་གསོ་གང་ཐོབ་ཀྱིས་བཅོས་ཁུལ་བྱས་ཡོད་ཀྱང་ཡི་གེ་འགའ་ཞིག་གློག་ཀླད་ནང་བོར་བརླགས་སོང་དང་།གནད་དོན་ལ་ལ་བརྗེད་ངེས་རྐུན་པོས་ཁྱེར་བའི་དབང་གིས་མ་དག་ནོར་བའི་སྐྱོན་ཆ་རི་བས་ཆེ་སྲིད་པས་དྲན་དབང་རྣམས་ཀྱིས་བཀའ་བཀྱོན་དང་ལམ་སྟོན་ཇི་འདྲ་ཞིག་གནང་རུང་དང་ལེན་བྱ་ངེས་ཡིན།དྲི་བ་དྲིས་ལན་རྣམས་བགྲོ་གླེང་སྐབས་བརྗེད་ཐོར་བཀོད་པ་ཙམ་ལས་ཆ་ཚང་བའི་ཟིན་བྲིས་བྱེད་མ་ཐུབ་པས་ནོར་འཁྲུལ་ཡོད་སྲིད་པས་རྒྱ་ཆེའི་ཀློག་པ་པོ་དང་མཁས་དབང་བགྲོ་གླེང་བ་རྣམས་ལ་དགོངས་སེལ་ཞུ།།མཇུག་མཐར།གཉའ་ཁྲི་དཔེ་མཛོད་འགན་འཛིན་ངག་དབང་སྟོབས་ལྡན་མཆོག་ནས་ཁྱེད་རང་བགྲོ་གླེང་དེར་དངོས་སུ་ཞུགས་མཁན་ཞིག་ཡིན་པའི་ངོས་ནས་མ་འོངས་པའི་བགྲོ་གླེང་བྱེད་ཕྱོགས་ཐད་བསམ་ཚུལ་ཞིག་བྲི་ཐུབ་ན་ཡག་པོ་འདུག་ཅེས་ཡང་ཡང་བསྐུལ་བར་བརྟེན་རྨོངས་འཆར་མདོར་བསྡུས་ཤིག་ཞུ་འདོད་བྱུང་།གཉའ་ཁྲི་དཔེ་མཛོད་ཁང་གི་ལས་བྱེད་མི་སྣས་དཀའ་བ་དང་དུ་བླངས་ངལ་བ་ཆེད་དུ་བསད་དེ།གཉིད་བཅགས་ཟས་བཅད་ཀྱིས་བོད་ཀྱི་ནང་བསྟན་རིག་གཞུང་མི་ཉམས་གོང་འཕེལ་དང་།ཉམས་པ་སླར་གསོའི་ཆ་རྐྱེན་དུ་གཞུང་ལུགས་སྣ་ཚོགས་དང་།ལྷག་པར་རྗེ་ཙོང་ཁ་པའི་རྨད་དུ་བྱུང་བའི་ལེགས་བཤད་དག་ལ་བགྲོ་གླེང་ཐེངས་མང་གོ་སྒྲིག་གནང་བ་དེར་སེམས་བསམ་པའི་ཟབ་ས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།བགྲོ་གླེང་འདིའི་རིགས་ལོ་ལྟར་གནང་བའི་རེ་བཞག་ཅི་བས་ཆེ།ད་རེས་ཀྱི་གསེར་ཕྲེང་བགྲོ་གླེང་འདི་ལ་མཚོན་ན་གདན་ས་གསུམ་གྲྭ་ཚང་དྲུག་དང་རྭ་སྟོད་བཀྲིས་ལྷུན་པོ་བཅས་ཀྱི་མཁས་དབང་མང་པོ་གཞི་གཅིག་ཏུ་འདུས་ནས་ལེགས་བཤད་གསེར་ཕྲེང་གི་དཀའ་བའི་གནད་དག་དྲི་མེད་ལུང་རིགས་ཀྱི་ལམ་ནས་གཞུང་དོན་གཏན་ལ་ཕབ་པ་དེར་དགའ་མགུ་ཡི་རངས་ཀྱི་གནས་སུ་འཁུམས།འོན་ཀྱང་ཐེངས་འདིའི་བགྲོ་གླེང་སྐབས་བགྲོ་གླེང་གི་རྣམ་པ་ལས་རྟགས་གསལ་གྱི་རྣམ་པ་ཤུགས་ཆེར་སོང་བའི་ཚོར་སྣང་བྱུང་།མ་འོངས་པར་བགྲོ་གླེང་སྐབས་བགྲོ་གླེང་ལ་བགྲོ་གླེང་གི་རྣམ་པ་གཙོར་འདོན་བྱ་རྒྱུ་གལ་འགངས་ཆེ་བར་སེམས།བརྗོད་གཞིའི་ཐད་ནས་བཤད་ན།གཞུང་ཚན་དང་ཤོག་གྲངས་ཆ་བགོས་བྱས་ཚེ་གཞུང་ཚན་དེའི་ཁོག་བསྒྲིགས་ཏེ་ཚིག་འགྲེལ་གཙོར་འདོན་བྱེད་པ་ལས་གཞུང་ཚན་དེ་དང་དེའི་ནང་གི་དཀའ་གནད་དག་ལ་དམིགས་བསལ་དཔྱད་བརྗོད་བྱ་མཁན་དཀོན་པོ་འོང་གི་འདུག་དེར་བརྟེན་མ་འོངས་པར་གཞུང་ཚན་ནམ་ཤོག་གྲངས་ཆ་བགོས་བྱས་ནས་གཞུང་ཚན་དེ་དང་ཤོག་གྲངས་དེའི་ནང་གི་དཀའ་གནད་ཀྱི་རིགས་གསུམ་མམ་བཞི་བརྗོད་གཞིར་གནང་སྟེ།བཤད་ཚུལ་མི་མཐུན་པའི་རིགས་ལ་རང་ལུགས་གང་ཡིན་སྒྲུབ་བྱེད་དང་བཅས་པ་གཙོར་འདོན་བྱ་རྒྱུ་དང་།བཤད་ཚུལ་མི་མཐུན་པ་དག་གི་ཁུངས་དང་རིགས་པ་ཅི་ཞིག་ལ་གཏུགས་ཡོད་མེད་དང་།དྭོགས་གཞིའི་རིགས་ལ་དྭོགས་པ་ཡོང་བའི་རྒྱུ་མཚན་གསལ་པོར་བརྗོག་དགོས་པ་དང་།ལྷག་པར་དཀའ་གནད་རིགས་གསེད་དཀྲོལ་བྱས་ཏེ་ཁུངས་གཏུགས་སའི་ལུང་དང་།ལུང་དོན་རིགས་པས་གྲུབ་པའི་སྒྲུབ་བྱེད་ཀྱི་རིགས་པ་གང་ཡོད་གཙོར་འདོན་བྱས་པ་ཡིན་ན་ཕན་ཐོགས་ཆེ་བར་མངོན།འདི་ནི་ཁོ་བོའི་རྨོངས་འཆར་ཙམ་ཡིན་པས་ལེགས་ཆ་ཡོད་མེད་བཤད་པར་མ་སྤོབས་མོད།གལ་ཏེ་དགེ་བའི་ཆ་ཅུང་ཟད་ཡོད་ཚེ་མ་འོངས་པར་ལམ་བུ་འདི་ཕྱོགས་སུ་བསྐྱོད་ཐུབ་པའི་རེ་བའི་མིག་ཟུང་ཅེར་ནས་ཡོད།།སེར་ལྷོ་བློ་རྒྱམ་པས།དཔར་བྱང་སྨོན་ཚིགརྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ།།གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབ་ཀླུང་།།ཚིག་གི་གཟེགས་མ་རེས་ཀྱང་དུག་གསུམ་གྱི།།དྲི་མ་ཡོངས་འཁྲུད་ལེགས་བཤད་བདུད་རྩི་འདི།།དཔར་དུ་བསྐྲུན་པའི་རྣམ་དཀར་ཕུང་པོའི་མཐུས།།ཡང་དག་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱ།།གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ།།ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག།ཅེས་ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་དག་དཔར་བསྐྲུན་དང་བསྐྲུན་འགྱུར་གང་ལའང་སྦྱར་ཆོག་པའི་དགེ་བསྔོའི་སྨོན་ཚིག་ཏུ་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ།།
༢༠༡༢།༣།༣༡ནས༤།༢བར་འཚོགས་པའི་གསེར་ཕྲེང་བགྲོ་གླེང་ཐེངས་གཉིས་པའི་སྐབས་ཀྱི་ཟིན་བྲིས།

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།