གསེར་ཕྲེང་བགྲོ་གླེང་དྲི་བ་དྲི་ལན་སྐོར།
༡སེར་བྱེས་དགེ་བསྐོས་དགེ་བཤེས་ཡ་མ་བསོད་ནམས་མཆོག་གིས་གསུང་དོན།
མཛོད་དུ་འཇིག་རྟེན་ཆགས་ཚུལ་དང།རྒྱུར་ཉོན་མོངས་གསུངས་པའི་མངོན་གྱུར་པ་མནོན་ཐབས་སུ་འདུལ་བ་གསུངས་ཤིང་།ཕར་ཕྱིན་ནི་ནང་ཆོས་ཀྱི་སྲོག་རྩ་ལྟ་བུ་ཡིན་ཚུལ་རྒྱས་པར་གསུངས།བོད་སྔ་མའི་ལེགས་བཤད་ཁག་ནི་གསེར་ལྟ་བུ་དང་།དེ་དག་ཕྲེང་བ་ལྟར་བསྒྲིགས་པས་ན།ལེགས་བཤད་གསེར་ཕྲེང་ཞེས་བྱ་གསུངས།རྩོམ་ཤོག་སྒྲོག་སྐབས་སུ་ཚིག་མང་འདོན་མི་དགོས་པར།ཡོངས་སུ་མ་གྲགས་པའི་དཀའ་གནད་དང་འཛིན་མཚམས་སོགས་གསུང་དགོས་པའི་བཀའ་གནང་།
༢སེར་སྨད་དགེ་བསྐོས་དགེ་བཤེས་བློ་བཟང་འབྱུང་གནས་མཆོག་གིས་གསུང་གསལ།
བསྟན་འགྲོ་རྒྱས་ཤིང་།གསེར་ཕྲེང་བགྲོ་གླེང་གི་བརྒྱུད་ནས་བསྟན་འགྲོར་སྨན་པར་དམིགས་ཏེ་འདིར་བགྲོ་གླེང་པ་མཁས་དབང་རྣམ་པ་ཆེད་ཕེབས་གནང་བར་ཐུགས་ཆེ་གསུངས།
དཔེ་ཀློག་མང་དུ་གནང་སྟེ་ཕེབས་པས།བརྗོད་གཞི་དང་འབྲེལ་བའི་ངག་ཐོག་གི་ལེགས་བཤད་ཀྱང་གང་མང་གནང་དགོས་པར་གསུངས།མཐོ་སློབ་གསུམ་ཙམ་འགྲིམས་པའི་ཉམས་མྱོང་ལས།དེང་གི་ཕྱིའི་གཙུག་ལག་སློབ་གཉེར་ཁང་དག་གིས་གདན་སའི་ལྷ་རམས་པ་ལ་ཡོངས་སུ་རྫོགས་པའི་མཁས་དབང་དུ་ངོས་འཛིན་པར་འདུག་ལ།ཆེད་དམིགས་ཀྱིས་གསལ་བསྒྲགས་བརྒྱུད་དྲི་བ་ཀུན་གྱི་ལན་ཐེབས་ནུས་པའི་ཆེ་མཐོང་སྤྲོད་བཞིན་འདུག་གསུངས།དེ་ཀུན་གྱི་རྒྱུ་གཙོ་བོའང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཁོ་ན་ཡིན་ཚུལ་གསུངས།སྔར་དང་མི་འདྲ་བར་མཁས་པ་སོ་སོའ་ིརྣམ་དཔྱོད་ཀྱིས་ལུང་ཁུག་ཏུ་འཛུལ་བ་མིན་པར།སྤྱི་ཚོགས་སུ་ཐོན་ཏེ་ཕྱག་ལས་གང་ཐུབ་གནང་དགོས་གསུངས།ཉིན་དང་པོའི་ཚོགས་ཐུན་དང་པོ།
བགྲོ་གླེང་པ་དང་པོ།སེར་བྱེས་དགེ་བཤེས་ལྷ་རམས་པ་ཚེ་དབང་སྟོབས་ལྡན་གྱིས་རྩོམ་ཤོག་སྒྲོག་སྦྱངས་གནང་སྐབས།
རྩོམ་ཤོག་ཏུ་ཤའི་སྤྱན་གྱི་མཚན་ཉིད་འཇོག་པ་དེ་བྱང་སེམས་ལ་སྦྱར་ཡོད་ཀྱང་།དེ་མིན་པར་སྤྱིའི་མཚན་ཉིད་ཡིན།ཤའི་མིག་ནི་ཤ་ཁྲག་ལས་གྲུབ་པར་དམ་ཆོས་པད་དཀར་ལས་གསུངས་ཏེ།དེ་དང་ད་ལྟའི་བསམ་གཏན་གྱི་ཏིང་འཛིན་བསྒོམས་སྟོབས་ཀྱིས་མིག་དབང་ཁྱད་པར་ཅན་འགྲུབ།ལྷའི་མིག་ནི་ཚེ་འདིའི་ཤ་ཁྲག་འདྲེས་པ་མིན་པར།གོང་སའི་ཏིང་འཛིན་བསྒོམས་སྟོབས་ཀྱིས་མིག་གི་ཐོད་ཀོར་དུ་གཟུགས་ཅན་དྭངས་པ་ཞིག་གསར་དུ་འགྲུབ་དགོས།ཤེས་རབ་ཀྱི་སྤྱན་སྐབས་སུ་ཉེ་ལེའི་བོད་དཔེར།མི་ཤེས་པ་དྲངས་པ་མ་གཏོགས་མི་ཤེས་པ་མེད་པ་མ་དྲངས་པའི་སྐོར་གུང་ཐང་གིས་གསུངས་ཤིང་།ཉི་ཁྲི་ལ་མང་ཉུང་གི་པར་མ་གཉིས་རྒྱ་གར་དུ་ཡོད་པར་གྲགས་པ་ལས།ལེའུ་ཉུང་བ་ལ་ཉི་ཁྲི་དག་གཏུགས་ཀྱང་ཟེར་ལ།འགའ་ཤས་ཀྱིས་དག་ལྡན་ལ་བཞེད་པའང་ཡོད་ཀྱང་ནོར་རམ་སྙམ་སྟེ།གསེར་ཕྲེང་སོགས་དང་བསྡུར་ན་གསལ།ཉི་ཁྲིའི་ལུང་གི་མིང་ཅན་མ་རྙེད་པའི་ལུང་ཁུངས་མང་པོའང་དག་གཏུགས་སུ་གསལ་ལོ་སྙམ།ཀུན་བཏུས་དར་ཊཱིཀ་ལ་བལྟས་ན།རབ་མཐའི་བསམ་གཏན་ནི།རབ་ཀྱི་མཐར་ཐུག་པ་དང་།འཕེལ་བ་གསུམ་གྱི་མཐའ་ལས་བྱུང་བ་སོགས་དང་།ཡོན་ཏན་ཁྱད་པར་ཅན་གྱི་རྟེན་དུ་རུང་བར་གསུངས་པས།དེ་ལའང་གོ་རྒྱུ་ཁྱད་ཅན་ཡོད་པར་གསུངས།
དྲི་ལན་སྐབས།སེར་བྱེས་གྲྭ་པ་རྒན་པ་ཞིག་གི་བསམ་ཚུལ་ལ།༡ཤའི་མིག་དེ་ཤ་རང་ཡིན་ན།དག་པ་མ་བསྒྲུབས་གོང་དང་རྗེས་སུ་དེ་དང་དེའི་སྔ་ཕྱི་ལ་བརྟེན་པའི་ཤེས་པ་རྣམས་དབང་ཤེས་ཡིད་ཤེས་སུ་འགྱུར་ཚུལ་གང་ཡིན།སངས་འཕགས་དང་གཟུགས་ཁམས་པའི་རྒྱུད་ལ་བདག་རྐྱེན་ཤ་དེ་མེད་ན།ཤའི་མིག་དེ་ཇི་ལྟར་ཡོད།ཡིག་ཆར།འདོད་ན།དབང་ཤེས་སུ་ཐལ་ལོ་གསུངས་པའི་དོན་གང་ཡིན།རྣམ་ཐར་སྒོམ་པ་ལ་དེ་ཐོབ་མི་དགོས་པར་རྩོམ་ཤོག་ཏུ་གསུངས་ན།གསེར་ཕྲེང་དུ་རྟེན་སོགས་གསུངས་པ་དང།མཁས་གྲུབ་ཀྱི་སྟོང་ཐུན་ལ་བལྟས་ན།གཟུགས་མེད་ལ་བརྟེན་ནས་འགྲུབ་པར་གསུངས་པ་ཐེག་ཆེན་ལུགས་ཡིན་མིན་གསུངས་རོགས།ལན།མིག་དབང་ཕལ་པས་ཡུལ་འཛིན་པ་གཙོ་བོར་བསྐྱེད་ཅིང་།འདིར་ནི་བསམ་གཏན་གྱིས་ཡུལ་འཛིན་པ་གཙོ་བོར་བསྐྱེད་པས།དབང་ཡིད་དུ་འགྱུར་མི་འགྱུར་
མི་འདྲ།༢ཡིག་ཆར་གསུངས་པའང་བདག་རྐྱེན་བྱེད་ཚུལ་གོང་ལྟར་ཡིན་པ་ལ་ཐལ་བ་འཕངས་པའོ།།༣སངས་འཕགས་ཀྱི་ཤའི་སྤྱན་ནི།དེའི་ཚེ་བདག་རྐྱེན་ཤ་དེ་མེད་ཀྱང་སྔར་གྱི་ཤ་དེ་ལས་བྱུང་བའོ།།༤བསམ་གཟུགས་མ་ཐོབ་པར་སྒོམ་མཁན་ཡོད་པར་གསེར་ཕྲེང་དུ་གསུངས་པ་སོགས་བསྡུར་ན།རྣམ་ཐར་གྱི་དམིགས་རྣམ་སྒོམ་པ་ལ་དེ་སྒོམ་པར་འཇོག་དགོས་སམ་སྙམ།
དྲི་བ་གཞན་ཞིག་ནི།དབང་པོ་གཟུགས་ཅན་པ་ཚེ་འཕོས་ཚེ་བག་ཆགས་སུ་འགྱུར་ཞིང།དེ་ལྟར་ན་ཚེ་འདིིའི་ཕ་མའི་ཁུ་ཁྲག་གིས་ཉེར་ལེན་བྱས་པར་འགྱུར་བས།དབང་པོ་དེས་ཤའི་སྤྱན་གྱི་རྟེན་ཇི་ལྟར་བྱེད།ལན།ཤའི་མིག་ནི་ཤ་ཁྲག་མིན་ཡང་།ཤ་ཁྲག་འདྲེས་པའི་དབང་པོ་ཡིན་ཞིང་།ཚེ་སྔ་མའི་བག་ཆགས་ལས་བྱུང་།བགྲོ་གླེང་པ་བྱང་རྩེ་དགེ་བཤེས་ཚེ་རིང་རྡོ་རྗེས།༡དབང་པོ་རྣོ་རྟུལ་མངོན་སུམ་དུ་རྟོགས་ན།ཕྱིར་མི་ལྡོག་པའི་སྐབས་སུ་དབང་པོ་རྟུལ་པོས་རྣོན་པོའི་དེ་མི་རྟོགས་པར་གསུངས་པ་ཇི་ལྟར་ཡིན།༢ཤི་འཕོས་སྐྱེ་བ་མངོན་སུམ་དུ་མཐོང་ན།དེ་ཤིན་ལྐོག་མིན་ནམ།ལན།༡མཚན་ཉིད་ཟུར་དུ་རབ་ཕྱེ་སོགས་ཡོད།གང་ཟག་གཅིག་གཉིས་སོགས་ཀྱི་དབང་པོ་རྟོགས་པ་དེ་དེས་བསྡུས།༢འཆི་འཕོས་སྐབས་ཀྱི་གཟུགས་དེ་མངོན་སུམ་དུ་མཐོང་བ་ལ་བྱ་དགོས་པ་འདྲ།བཀྲས་ལྷུན་དཀའ་ཆེན་བློ་བཟང་ཤེས་རབ་ཀྱིས།དབང་པོ་དེ་བག་ཆགས་སད་སྟོབས་ཀྱིས་གྲུབ་ན།དབང་པོ་དེ་འདོད་པའི་སས་བསྡུས་མིན་ནམ།ལན།བག་ཆགས་སད་སྟོབས་ཀྱིས་གྲུབ་ཀྱང་།བག་ཆགས་དེ་གོང་མའི་སས་བསྡུས་ཡིན་མི་དགོས།བགྲོ་གླེང་པ་སྒོ་མང་དགེ་བཤེས་གྲགས་པ་རྒྱལ་མཚན་གྱིས།༢མིག་གིས་གཟུགས་མི་མཐོང་བར་གསུངས་ཀྱང་།གྲུབ་མཐའ་གོང་མས་དེ་ལྟར་མཐོང་བར་གསུངས་པས།ཇི་ལྟར་ཡིན།ལན།༡ཤའི་མིག་དེ་བསམ་གཏན་བསྒོམ་ཚེ་དེ་ལྟར་མཐོང་ཡང་།ཕྱིས་སུ་དེ་ལྟར་མི་མཐོང།༢མིག་གིས་གཟུགས་མཐོང་བ་སོགས་ནི་འཇིག་རྟེན་གྲགས་ཚོད་ཀྱི་དབང་དུ་བྱས་པ་སྟེ།དེ་མིན་ན།ཁ་དོག་དབྱིབས་ལ་ས་ཞེས་བརྗོད།།གསུངས་པ་ལྟར་ཁས་ལེན་དགོས་པར་འགྱུར།སེར་བྱེས་དགེ་བསྐོས་ལགས་ཀྱིས།༡ཕ་མའི་ཤ་ཁྲག་འདྲེས་པའི་ཕལ་པ་དེ་ཤའི་མིག་ཏུ་འགྱུར་ན།ཉེར་ལེན་སྔ་མ་ཕ་མའི་ཁུ་ཁྲག་དེ་ཡིན་ནམ།གཞན་ཚེ་སྔ་མའི་བག་ཆགས་ཤིག་ཡིན།༢ཤའི་སྤྱན་ཕ་མ་ལས་བྱུང་བར་གསུངས་ཀྱང་།ཤ་ཁྲག་འདྲེས་པར་གསུངས་མེད་པས།ཇི་ལྟར་ཡིན།༣མིག་ཕལ་པ་དེ་བསམ་གཏན་བསྒོམས་སྟོབས་ཀྱིས་སྟོང་གསུམ་གྱི་གཟུགས་ཇི་ལྟར་མཐོང།ལན།༡ཚེ་འདི་དང་ཏིང་འཛིན་གྱི་རྐྱེན་གཉིས་ཀྱིས་དེ་ལྟར་མཐོང་ཡང་།ཏིང་འཛིན་ཉམས་ཚེ་སྔར་ལྟར་མི་མཐོང་བར་འགྱུར།༢ཕ་མའི་ཁུ་ཁྲག་འདྲེས་པའང་ཆུ་བྱེ་མ་ལ་སིམ་པ་ལྟར་ཡིན་ཞིང་།ཤའི་མིག་ལ་ཚེ་འདིའི་ཤ་ཁྲག་འདྲེས་ནས་གནས་ཀྱང་།ཚོགས་པ་དེ་མིན།སེར་སྨད་དགེ་བསྐོས་ལགས་ཀྱིས།ཤའི་མིག་གི་ངོ་བོ་གང་ཡིན།ཕ་མའི་ཁུ་ཁྲག་ལས་གྲུབ་པ་དེ་དེའི་ངོ་བོར་སོང་ངམ།
ལན།བྱེ་མར་ཆུ་འདྲེས་ཀྱང་།ཆུའི་ཚོགས་པར་བྱེ་མ་མེད་པ་ལྟར་ཤའི་མིག་ཀྱང་ངོ་།བགྲོ་གླེང་པ་གཉིས་པ།རྭ་སྟོད་ལྷ་རམས་པ་རྒན་བསོད་ནམས་འགྱུར་མེད་ཀྱིས་རྩོམ་ཤོག་སྒྲོག་སྦྱངས་གནང་།སེར་སྨད་གྲྭ་པ་ཞིག་གིས།༡སྨོན་འཇུག་གི་ཁྱད་པར་གསེར་ཕྲེང་ལྟར་བཞག་འདུག་ཅིང།རྒྱབ་རྟེན་གྱི་ལུང་དུ་ལྟོས་མི་དགོས་པའི་རིགས་གནས་ཤིག་སྨོས་པ་ཇི་ལྟར་ཡིན།༢འཇུག་སྡོམ་ཐོབ་ཚེ་འཇུག་སེམས་ཐོབ་པ་ལྟར་བཤད་འདུག་ཀྱང་།རྒྱལ་དབང་ལྔ་པའི་གསུང་སོགས་དྲངས་པའི་ནང་གོ་རིམ་མེད་པར་གསུངས་པ་ཇི་ལྟར་ཡིན།ལན།༡ཕྱིན་དྲུག་ཉམས་ལེན་གྱིས་ཟིན་པ་དེ་ལ་བསམས་ནས་དྲངས་པ་ཡིན།རིགས་གནས་སྨོས་པ་དེ་གསེར་ཕྲེང་སྤྱོད་འཇུག་རྣམ་བཤད་གཉིས་མི་འདྲ།༢༸རྒྱལ་དབང་ལྔ་པའི་གསུང་དྲངས་པ་ནི་བཞེད་ཚུལ་མི་འདྲ་བ་བཀོད་པའོ།།གསེར་ཕྲེང་ལྟར་ཁས་ལེན་པས།རྣམ་བཤད་ཀྱི་གསུང་ཚུལ་བཀོད་པ་ཙམ་ཡིན།ཉིན་དང་པོའི་ཚོགས་ཐུན་གཉིས་པ།
སེར་བྱེས་གྲྭ་པ་ཞིག་གིས།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་སྨོན་སེམས་ཡོད་པར་མཁས་པ་མང་པོས་བཞེད་པ་ལྟར།སེམས་བསྐྱེད་དེ་ཡོད་ཕྱིན་མངོན་དུ་གྱུར་དགོས་མི་དགོས་སྐོར་རྗེའི་གསུང་ལ་གཏུགས་པ་དང་།བློ་ཡིན་ན་མངོན་དུ་གྱུར་པས་ཁྱབ་མ་ཁྱབ་སྐོར་ཉམས་མྱོང་ཐོག་ནས་གསུང་རོགས།ལན།རྗེའི་གསུང་ལ་གསལ་ཁ་ཡོད་ས་མ་རེད་དེ།རྣམ་བཤད་ལས་གསུངས་པ་ལ་བརྟེན་ནས་དགོངས་པ་འགྲེལ་ཚུལ་མི་འདྲ་བ་གཉིས་ཡོད།ཉམས་མྱོང་ལ་དཔགས་ན།བློ་ནི་ཡུལ་ལ་བྱ་བ་བྱེད་བཞིན་པ་ལ་གོ་བས།བློ་ཐམས་ཅད་མངོན་གྱུར་པ་ཡིན་དགོས།བགྲོ་གླེང་པ་དགེ་བཤེས་ཟླ་བ་ཚེ་རིང་གིས།པཎ་ཆེན་དང་རྗེ་བཙུན་གཉིས་ཀྱིས་མི་འདྲ་བ་གསུངས་པ་ནི།རྣམ་བཤད་གཉིས་ལས་གསུངས་ཚུལ་ལ་བརྟེན་པ་སྟེ།གསུང་ཕྲེང་ལས།ཉེར་གཉིས་ལས་སྦྱོར་དངོས་རྗེས་ཀྱི་སེམས་བསྐྱེད་གང་གི་རྒྱུད་ལ་ཡོད་མེད་གསུངས་པ་ལ་བརྟེན་པ་དང་གཅིག།འདའ་བྱའི་མཐོང་ལམ་ཡོད་པར་གསུངས་པ་སོགས་ལ་བརྟེན་པ་འདྲ་ཞིང་།པཎ་ཆེན་གྱིས་གསུངས་པ་ནི།ཀུན་གཞི་དཀའ་འགྲེལ་དུ་འཇུག་ཤེས་ཀུན་གཞི་གཉིས་ཀ་མེད་པ་འགོག་སྙོམས་མངོན་དུ་བྱས་པའི་ས་བརྒྱད་པ་པ་ལ་བྱས་པའི་རིགས་པས་དཔགས་ནུས་པས།གསུང་ཚུལ་མི་འདྲ་བ་སོ་སོ་ལ་བརྟེན་པ་འདྲ།བགྲོ་གླེང་པ་དགེ་བཤེས་ཚེ་དབང་སྟོབས་ལྡན་གྱིས།ཤེས་སྒྲིབ་མངོན་གྱུར་པ་ནི།འཇུག་ཤེས་དྲུག་ལ་བདེན་གྲུབ་སྣང་བའི་ཆ་ལ་བྱེད་པས།འཇུག་ཤེས་ནི་མངོན་གྱུར་པ་ཁོ་ན་ཡིན་པས།དེ་མེད་པ་ཙམ་གྱིས་སྒྲུབ་མི་ནུས།དབུ་སེམས་གཉིས་ཀྱི་ལུགས་མི་འདྲ།བགྲོ་གླེང་པ་དགེ་བཤེས་ཟླ་བ་ཚེ་རིང་གིས།དེ་ནི་སྒྲུབ་བྱེད་ཡིན་པས་བསྒྲུབ་མི་ནུས།བགྲོ་གླེང་པ་དགེ་བཤེས་བློ་བཟང་གིས།ཉེར་གཉིས་བཞག་སྐབས།སྦྱོར་དངོས་མཇུག་གསུམ་གྱིས་བསྡུས་པའི་སྦྱོར་བའི་སེམས་བསྐྱེད་རྒྱུན་མཐའི་བར་ཆད་མེད་ལམ་པའི་རྒྱུད་ལ་ཡོད་པར་སྦྱར་བ་དང་།འདའ་བྱའི་མཐོང་ལམ་སོགས་ལ་བརྟེན་ནས་གསེར་ཕྲེང་དུ་དངོས་སུ་མེད་ཀྱང་།དེའི་རིགས་པས་གོ་ནུས།སེམས་བསྐྱེད་ནི།དམིགས་ཡུལ་སྐུ་བཞི་བསྟན་པའི་རང་འགྲེལ་དེ་ལྟར་ན།དམ་པའི་ཆོས་ཀྱི་སོགས་ནི།ལོངས་སྐུ་ཆོས་སྐུ་སོགས་གསུངས་ཡོད་པས།སེམས་བསྐྱེད་ཀྱིས་བཞི་ཀ་ལ་དམིགས་སམ།མི་འདྲ་བ་བཞི་ཡོད་དམ།ཡོད་ན།བག་ལ་ཉལ་བའི་སེམས་བསྐྱེད་མེད་པ་གང་ཡིན།བགྲོ་གླེང་པ་རྒན་བསོད་ནམས་འགྱུར་མེད་ཀྱིས།རྒྱུན་མཐའ་ནི་སེམས་ཅན་དང་།མཉམ་གཞག་གི་རྒྱུན་གྱི་ཐ་མ་ལ་བྱེད་ཚུལ་གཉིས་ལས།གཞན་དོན་དུ་དམིགས་པ་ལྟར་སྐུ་བཞི་ལ་དམིགས་པར་གསུངས་པའང་དེ་དང་དེའི་མིང་གིས་བཏགས་པ་ཙམ་མོ།།
བགྲོ་གླེང་པ་དགེ་བཤེས་ཟླ་བ་ཚེ་རིང་གིས།དམ་པའི་ཆོས་ཀྱི།སོགས་ཀྱིས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་ལྡན་པའི་སྐུ་ལ་དམིགས་པར་བསྟན་གྱི།དམིགས་ཡུལ་སོ་སོ་བ་མ་བསྟན།བགྲོ་གླེང་པ་དགེ་བཤེས་བློ་བཟང་གིས།རྗེ་བཙུན་པས་གསུངས་པ་ལྟར་དམ་པའི་ཆོས་ཀྱི་ཞེས་སོགས་ཀྱིས་སྐུ་བཞི་སོ་སོ་ནས་དེའི་དམིགས་པར་བསྟན་ལ།དེའང་སེམས་བསྐྱེད་ནི་སྐུ་བཞི་སོ་སོ་ལ་དམིགས་པ་ཞིག་ཡོད་མི་ཆོག་པའི་རྒྱུ་མཚན་གང་ཡིན།བགྲོ་གླེང་པ་དགེ་བཤེས་བློ་བཟང་དོན་གྲུབ་ཀྱིས།མཁས་གྲུབ་བསྟན་དར་བའི་གསུང་ལྟར་ན།སེམས་བསྐྱེད་ནི་བར་ཆད་མེད་ལམ་པའི་རྒྱུད་ལ་མེད་ཀྱང་།སྦྱོར་དངོས་མཇུག་གསུམ་གྱི་སྦྱོར་བ་ནི།རྒྱུན་མཐའི་སྦྱོར་བའི་སྐབས་ཏེ་རྒྱུན་མཐའི་བར་ཆད་མེད་ལམ་མིན།དགོངས་པ་རབ་གསལ་དང་།སྟོང་ཐུན་སོགས་ཀྱིས་མེད་པའི་ཕྱོགས་བཟུང་།ཉམས་མྱོང་ལ་དཔགས་ན།རྟོག་པ་དོན་མཐུན་སོགས་ནི་དེ་དང་དེ་རེད་མ་རེད་ཡིན་མིན་སྙམ་པ་སོགས་ཡིན་པས།བློ་ཀུན་ཀྱང་མངོན་གྱུར་པ་ཡིན་སྙམ།བགྲོ་གླེང་པ་གསུམ་པ།བློ་གླིང་དགེ་བཤེས་ལྷ་རམས་པ་ཟླ་བ་ཚེ་རིང་གིས་རྩོམ་ཤོག་སྒྲོག་སྦྱངས་གནང་སྐབས།
མངོན་པ་གོང་མ་སོགས་ལྟར་ན།སེམས་སེམས་བྱུང་གཉིས་ནི་རྫས་གཞན་ཡིན་ཞིང་།རྗེ་རིན་པོ་ཆེས་རང་རྒྱུད་པའི་གཞུང་གི་དགོངས་པ་བཀྲལ་ཡང་།མངོན་པ་སོགས་ལས་གསུང་ཚུལ་ཡང་སྦྱར།གཞན་དུ་བཤད་ཅེས་པ་ལམ་རིམ་ཆེ་ཆུང་གཉིས་ལ་བཞེད་པ་ཡོད་ཀྱང་།རྩོམ་རིམ་གྱི་དབང་དུ་བྱས་ན།ལམ་རིམ་ཆུང་བ་ལ་བྱས་ན་དཀའོ།།པཎ་ཆེན་གསུང་དུ་སྙིང་རྗེའི་འཛིན་སྟངས་ཡུལ་སོགས་མི་གསལ་ཡང་།རྣམ་བཤད་དུ་གཞན་དོན་དོན་གཉེར་མདུན་པ་དང་སྙིང་རྗེ་ཆེན་པོ་གཉིས་མཚུངས་ལྡན་དུ་གསུངས་ཤིང།གཞན་དོན་ནི་མྱང་འདས་ལ་བྱ་བ་སོགས་ལ་བརྟེན་ནས་སྙིང་རྗེ་ཆེན་པོའི་དམིགས་རྣམ་གསལ།ཀ་རུ་ན་ཞེས་པ་ཡིད་མུག་ལ་འཇུག་པས།སྙིང་རྗེ་ནི་སྡུག་བསྔལ་གྱི་རྣམ་པ་ཅན་དུ་བཞེད་པའང་ཡོད།དྲི་ལན་སྐབས།
སེར་བྱེས་ལྷ་རམས་པ་ཞིག་གིས།༡རྩོམ་ཤོག་ཏུ་སྨོན་འཇུག་གི་མཚན་ཉིད་བཞག་པ་གསེར་ཕྲེང་ལྟར་ཡིན་ན།མདོ་རྒྱན་སོགས་ལ་ཁུངས་གཏུགས་པ་ཡིན་ཡང་།དེ་དག་ཏུ་མི་གསལ་མོད།ཕྱིན་དྲུག་སྤྱོད་པའི་ཉམས་ལེན་གྱིས་དངོས་སུ་ཟིན་ཚུལ་གསེར་ཕྲེང་ལྟར་ན་ཇི་ལྟར་ཡིན།འཇུག་སེམས་ཀྱི་ས་མཚམས་སྐོར།༢སེམས་བསྐྱེད་ཀྱི་ངོ་བོ་འདུན་པར་བཞེད་མི་བཞེད་གཉིས་ཡོད་ཅིང་།གསེར་ཕྲེང་དུ་ཁུངས་དང་བཅས་ཏེ་ཐོགས་མེད་སྐུ་མཆེད་ཀྱིས་སེམས་བསྐྱེད་འདུན་པར་བཞེད་པར་གསུངས་ཡོད་པ་དེ་རྗེའི་དགོངས་པ་ཨེ་ཡིན།ལན།༡མཚན་ཉིད་དེ་གསེར་རྣམ་གཉིས་ཐུན་མོང་བའི་བཞེད་པ་ལྟར་ཡིན།བློ་གླིང་གི་མཁས་པ་སྔ་མའི་གསུང་རྒྱུན་ལ།སྨོན་སེམས་ཚོགས་ལམ་ཁོ་ནར་བཞག་པ་ནི་རང་རྒྱུད་པའི་ལུགས་ཏེ།གཞན་ས་ཐོབ་པ་ཡན་ཆད་ལ་འཇོག་པའི་རྒྱ་གཞུང་ཚད་ལྡན་མེད་པས་སོ།།ཞེས་གསུང་སྲོལ་ཡོད།༢གཞུང་ཁོག་གཅིག་གིས་སེམས་སེམས་བྱུང་གཉིས་ཀ་ཡིན་པར་གསུངས་དཀའ་བས།ལུང་དེ་ལ་བརྟག་དགོས།སེར་བྱེས་ལྷ་རམས་པ་ཞིག་གིས།༡སྙིང་རྗེ་ཆེན་པོའི་འཛིན་སྟངས་ཀྱི་ཡུལ་གཞན་རྒྱུད་ཀྱི་མྱང་འདས་ལ་བཞག་པ་དེ་ལྟར་ན།རྩ་བའི་མདོ་ལས།གཞན་རྒྱུད་ཀྱི་ཕྱིན་དྲུག་རྣམས་གཞན་དོན་དུ་གསུངས་པས།དེ་དག་ཀྱང་གཞན་དོན་དོན་གཉེར་གྱི་ཡུལ་དུ་འཇོག་གམ།མི་གནས་པའི་མྱང་འདས་དེའང་གཞན་དོན་དོན་གཉེར་གྱི་ཡུལ་དུ་འགྱུར་ན།འདུན་པ་དེས་བྱང་ཆུབ་ལ་མ་དམིགས་པར་གསུངས་པ་ཇི་ལྟར་ཡིན།༢གཞན་དོན་ཕྱིར།།ཞེས་པའི་གཞན་དོན་ལ་ཕྱིན་དྲུག་སོགས་མེད་ན།གསེར་ཕྲེང་དུ་གནས་སྐབས་དང་མཐར་ཐུག་གི་གཞན་དོན་གཉིས་གསུངས་པས།མདོ་རྒྱས་ཀྱིས་བསྟན་པའི་གཞན་དོན་སོ་སོ་བ་ཇི་ལྟར་ཡིན།ལན།༡གཞན་དོན་མདོ་རྒྱས་ཀྱི་གཞུང་དེས་བསྟན་པའི་སྐབས་བབ་ཀྱི་གཞན་དོན་ལ་བྱ་ཞིང་།མི་གནས་པའི་མྱང་འདས་ནི་རང་གི་བྱང་ཆུབ་སྟེ།གཞན་དོན་འདུན་པས་གཞན་དོན་ཀུན་ལ་མི་དམིགས།༢མདོ་རྒྱས་ཀྱི་གཞན་དོན་གཉིས་སོ་སོ་བ་མིན།དགེ་ལུགས་དྲུང་ཡིག་ཆེན་མོས།སེམས་བསྐྱེད་ཀྱིས་བྱང་ཆུབ་ལ་དམིགས།སྙིང་རྗེས་སེམས་ཅན་ལ་དམིགས་ཤིང་།བྲལ་འདོད་ཀྱི་རྣམ་པ་ཅན་དུ་གསུངས་པས།བྲལ་ན་ལེགས་པའི་ཆ་ལ་བྱེད་པ་མང་།ལན།ཡིག་ཆ་ཁག་ཏུ་མི་འདྲ་བ་ཡོད་ཀྱང་།གསེར་ཕྲེང་གཞིར་བཞག་ན།སློབ་དཔོན་གཞན་གྱི་ལུགས་ཞེས་གསུངས་སྟབས།སློབ་དཔོན་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་མེད་ན་དེ་མི་འགྲིག་པས་དཔྱད།
བགྲོ་གླེང་པ་དགེ་བཤེས་བློ་བཟང་གིས།རི་བོང་ཅན་དང་བསིལ་ཟེར་ཅན་དོན་གཅིག་པ་ལྟར།སེམས་སེམས་བྱུང་གཉིས་ལྡོག་ཆ་ཙམ་མ་གཏོགས་གཅིག་པར་བཞག་ན་ལེགས།༢གསེར་ཕྲེང་དུ་བཞེད་པ་ཁག་བཀོད་པ་མ་གཏོགས་རྗེ་རང་གིས་དེ་ལྟར་བཞེད་པ་ཇི་ལྟར་བསྒྲུབ།འགྲེལ་པའི་རྩོད་ལན་ལ་བལྟས་ན།ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་ལུགས་ལྟར་ཡིན་ནམ།ལན།དམིགས་བརྟག་རྩ་བར།ནང་གི་ཤེས་བྱ་ཞེས་སོགས་དང་།འགྲེལ་པར།ཡང་ན།ཞེས་སོགས་ལ་བརྟེན་ནས་དམིགས་རྐྱེན་བཞེད་པར་གསལ།༼བརྟག༽བགྲོ་གླེང་པ་བཞི་པ།སེར་སྨད་དགེ་བཤེས་ལྷ་རམས་པ་བྱམས་པ་ཆོས་འཕེལ་གྱིས་རྩོམ་ཤོག་སྒྲོག་སྦྱངས་གནང་སྐབས།ཉེར་གཉིས་ཀྱི་དང་པོ་གཉིས་ནི་མདུན་བསམ་གྱི་སེམས་བསྐྱེད་དེ།ངོ་བོ་གཅིག་ཅིང་།ཕྱི་མ་གཉིས་ནི་ཆུ་བོ་དང་སྤྲིན་ལྟ་བུའི་སེམས་བསྐྱེད་གཉིས་ལོངས་སྐུའི་རྒྱུད་ཀྱི་དང་པོ་ལ་བྱ་བས།ངོ་བོ་གཅིག་པ་སྟེ།གསེར་ཕྲེང་ལས།ཕལ་ཆེར་ཞེས་གསུངས་པའི་ཚིག་གི་ནུས་པའོ།།འདིའི་མཚུངས་ལྡན་ནི་ལྔ་མཚུངས་ལ་མི་བྱ་བ་མངོན་ཤེས་དང་མཚུངས་ལྡན་གསུངས་པས།མངོན་སུམ་དང་རྟོག་པ་ཡིན་མིན་སོགས་ལ་དཔྱད་ན་ཤེས།དྲི་ལན་གྱི་སྐབས།
སེར་བྱེས་ལྷ་རམས་པ་ཞིག་གིས།༡དངོས་བསྟན་གྱི་དབང་དུ་བྱས་ན།ངོ་བོ་གཅིག་པ་འོང་ཆོག་པའི་རྒྱུ་མཚན་གང་ཡིན།བསམ་པ་དང་ལྡན་པ་ཟེར་བ་བླ་མེད་རྫོགས་བྱང་གི་བསམ་པ་ཙམ་ལ་བྱེད་ན།ས་མཚམས་སྐབས་རིམ་གྱིས་བསྡུས་ཞེས་དང་པོ་མདུན་ལྡན་ཚོགས་ལམ་ཆུང་ངུར་བཞག་པ་དང་མི་འགལ་ལམ།༢སྔ་མ་གཉིས་ཞེས་པ་ཡིག་ནོར་ཏེ།སྔ་མ་ནི་ཟེར་དགོས་པ་བུ་སྟོན་གྱི་ལུང་གི་སྙེ་མ་དང།ཉ་ཊཱིཀཨར་གྱི་འགྲེལ་པ་སོགས་སུ་གསལ་ཚུལ་མཁས་པ་འགས་གསུངས།༣མི་ཟད་པ་བརྒྱད་ཅུར་སྦྱར་ཏེ་གྲོགས་སུ་འགྲོ་ཚུལ་ཇི་ལྟར་ཡིན།ཁྱད་པར་གྱི་ལམ་ནི་བར་རྩེ་སོགས་ཏེ་བར་ཆད་མེད་པའི་རྩེ་སྦྱོར་ནི་རྒྱུན་མཐའི་བར་ཆད་མེད་ལམ་ལ་བྱ་བས།དེ་ལྟར་ན་དེའི་རྒྱུད་ལ་མངོན་ཤེས་དང་མཚུངས་ལྡན་སེམས་བསྐྱེད་ཡོད་ན།མངོན་ཤེས་ཉམས་ལེན་གཙོ་ཚུལ་ཇི་ལྟར་ཡིན།ལན།༡ཕྱེ་བའི་ཕལ་ཆེར་ནི་ཞེས་པས་ཕྱེ་བའི་ཉེར་གཉིས་ཀྱི་ནང་ཚན་ལ་བྱ་དགོས་པ་ཚིག་གི་ནུས་པ་ལས་གསལ།༢ཡིག་ནོར་དུ་མི་འདོད་པས།ཉ་ཊཱིཀ་སོགས་སུ་མ་ཟད།ཐུབ་པའི་དགོངས་རྒྱན་དུའང་དེ་ལྟར་ཡོད་མོད།དེ་ལྟར་མི་འདོད།གསེར་ཕྲེང་དུ་ལེགས་བཤད་བསྡུས་པ་ཙམ་མིན་པར་རང་ལུགས་ཀྱང་ཡོད།དགེ་ལུགས་དྲུང་ཡིག་ཆེན་མོས།མཚན་མེད་རབ་ཏུ་སྦྱིན་ལ་སོགས།།ལྟར་ཚོགས་ལམ་ཐོབ་པ་དང་ཐར་པ་ཆ་མཐུན་ཐོབ་པ་དུས་མི་མཉམ་མམ།
ལན།རྣམ་བཤད་ལས།བསྐལ་པ་གྲངས་མེད་གསུམ་ནས།ཞེས་སོགས་ལྟར་ན།ཚོགས་ལམ་དང་།སྒྲ་བཤད་ཅན་གྱི་ཚོགས་ལམ་གཉིས་མི་འདྲ་སྟེ།ཕྱི་མ་ནི་ཐར་པ་ཆ་མཐུན་གྱི་ཚོགས་ལམ་ལ་བྱེད་དགོས་པ་འདྲ།དགེ་བཤེས་བློ་བཟང་དོན་གྲུབ་ཀྱིས།༡རྗེའི་ཕྱག་བྲིས་རྙིང་པ་ལྟ་བུ་ཞིག་མེད་ན།སྔ་མ་གཉིས་ནི།ཞེས་པ་ཡིག་ནོར་དུ་སྨྲ་མི་རིགས།༢དངོས་བསྟན་ས་གསེར་ལྟ་བུའི་སེམས་བསྐྱེད་གཉིས་རྒྱུ་འབྲས་མིན་པའི་རྒྱུ་མཚན་ཅི་ཡིན།ལན།དེ་གཉིས་རྒྱུ་འབྲས་ཡིན་ན།སྔ་མ་ནི་ཕྱི་མ་རྣམས་ཀྱི་རྒྱུ་ཞེས་གསུང་རིགས་པ་ལས་དེ་ལྟར་མ་གསུངས་པས་སོ།།དགེ་བཤེས་ཚེ་རིང་རྡོ་རྗེས།༡འདིའི་མཚུངས་ལྡན་དེ་ལྔ་མཚུངས་མིན་ན།གང་ཡིན།ལན།འདིར་མདུན་པ་དང་མཚུངས་པར་ལྡན་པ་ཞེས་པ་ནི།ཡོད་པ་ཙམ་ལ་གོ་སྟེ།དེའང་མདུན་པ་དེས་ཟིན་པའམ།དེའི་ནུས་ཤུགས་ཀྱིས་འགོས་པ་ལྟ་བུ་ལ་གོ་བས།
ཐ་སྙད་དེ་ལྟར་བྱ།དགེ་བཤེས་གྲགས་པ་རྒྱལ་མཚན་གྱིས།ཚོགས་ལམ་ཆུང་ངུར་འཇུག་སེམས་ཡོད་དམ་མེད།སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་མེད་པའི་རྒྱུ་མཚན་ཅི་ཡིན།དགེ་བཤེས་བློ་བཟང་གིས།ས་ནི་ཀུན་གྱི་གཞི་དང་།གསེར་ནི་འགྱུར་བ་མེད་པ་སྟེ།དེ་དག་དང་མཚུངས་ལྡན་གྱི་སེམས་བསྐྱེད་རྣམས་ཀྱང་ཕྱི་མ་རྣམས་ཀྱི་རྒྱུ་ཞེས་འགྲེལ་ན།བཅོས་མི་དགོས་པའི་དགོས་པ་ཡོད་སྙམ།ཉིན་གཉིས་པའི་ཚོགས་ཐུན་དང་པོ།བགྲོ་གླེང་པ་ལྔ་པ།སེར་སྨད་དགེ་བཤེས་ལྷ་རམས་པ་བློ་བཟང་དོན་གྲུབ་ཀྱིས་སྒྲོག་སྦྱངས་གནང་སྐབས།
གདམས་ངག་ཁྱད་ཅན་ཉན་པ་ལ་ཚོགས་ལམ་ཆེན་པོར་སོན་དགོས་ན།མཆོག་སྤྲུལ་གྱིས་དེ་བསྟན་པའི་ཚེ་ཉན་མཁན་ལམ་མ་ཞུགས་པ་སོགས་ཡོད་མེད་དཔྱད་དགོས།རྗོད་བྱེད་མཚན་ཉིད་པ་ལ་ངག་གིས་ཁྱབ་མ་ཁྱབ།གདམས་ངག་ལ་ངག་གིས་ཁྱབ་མ་ཁྱབ།ངག་ལ་སྐྱེས་བུའི་ལྕེ་རྐན་ལས་བྱུང་བས་ཁྱབ་མ་ཁྱབ་སོགས་ཀྱི་དོགས་པ་འདུག།ཡུམ་གསུམ་གནོད་འཇོམས་རྩོམ་པ་པོ་དབྱིག་གཉེན་ཡིན་མིན་སྐོར་གསེར་ཕྲེང་དང་ལེགས་སྙིང་མི་འདྲ་བ་གང་ཡིན།བདེ་བ་ཅན་དུ་སྐྱེ་བ་ལའང་དེར་སྐྱེ་བའི་རྒྱུ་གསོག་དགོས་པར་གསུངས་ཡོད།དྲི་ལན་སྐབས།
སེར་བྱེས་ལྷ་རམས་པ་ཞིག་གིས།༡རྩོམ་ཤོག་༼༡༡༽ཏུ།དེ་ལྟར་ན།ཞེས་པའི་འབྲེལ་གང་ཡིན།༢སོ་སྐྱེ་ཐམས་ཅད་ལས་ཉོན་དབང་གིས་བྱུང་དགོས་པ་གང་ཡིན།དེ་ལུང་རིགས་གང་གིས་གྲུབ།༣དགོངས་གསལ་གྱི།མཐའ་མ་ཆོད་པའོ།།ཞེས་པ་འགོག་བདེན་ཀུན་རྫོབ་བདེན་པ་ཡིན་པའི་ཁུངས་སུ་དྲངས་འདུག་ཀྱང་།སྟོང་ཐུན་དང་མི་མཐུན་པ་ཇི་ལྟར་ཡིན།༤འགོག་བདེན་མེད་དགག་ཏུ་བཞག་ན།དགག་བྱ་གློ་བུར་གྱི་དྲི་མའང་འགོག་པས།བདེན་གྲུབ་བཀག་ཙམ་ཇི་ལྟར་ཡིན།ལེགས་སྙིང་གིས་ཆོས་གཞན་འཕེན་པ་གཅོད་གསུངས་པ་ཇི་ལྟར་དྲངས།ལན།༡སོ་སྐྱེ་ཀུན་ལས་ཉོན་དབང་གིས་བྱུང་དགོས་པས་རེད།༢ཡིག་ཆ་དང་།ཀུན་བཏུས་ཀྱི།སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ།།ཞེས་པས་གྲུབ།རིགས་པས་ནི་འདི་ལྟར།ཟག་མེད་ལས་ཀྱིས་ནི་མི་འབྱུང་བས།ཟག་བཅས་ཀྱི་ལས་མ་གཏོགས་གཞན་མེད།༣མཁས་གྲུབ་བསྟན་དར་བས།ལུང་དེས་བོད་དུ་རང་རྒྱུད་པའི་ལུགས་ལ་འགོག་བདེན་ལ་ཀུན་རྫོབ་བདེན་པས་ཁྱབ་པར་འདོད་པ་བཀག་པར་གསུངས་ཡོད།༤སྟོང་ཉིད་ཡིན་པ་དགག་བྱ་བདེན་གྲུབ་བཀག་ཙམ་གྱིས་གྲུབ་ཀྱང་།འགོག་བདེན་ཡིན་པ་གློ་བུར་གྱི་དྲི་མས་དག་པས་ནའོ།།སེར་བྱེས་ལྷ་རམས་པ་ཞིག་གིས།༡བསྟན་བཅོས་ཀྱི་ངོ་བོ་ངག་སྒྲ་རང་མཚན་པ་མ་ཡིན་པ་གསེར་ཕྲེང་ལས་གསུངས་པ་དྲངས་ཀྱང་།གདམས་ངག་ལ་ངག་སྒྲས་ཁྱབ་པ་དང་།མངོན་རྟོགས་རྒྱན་གདམས་ངག་ཏུ་གསེར་ཕྲེང་ལས་གསུངས་པས་ཅི་ཡིན།༢ཞིང་བཀོད་ཀྱི་མདོས་བདེ་བ་ཅན་དུ་ཚོར་བ་བདེ་སྡུག་མེད་པར་གསུངས་ན།དེའི་རྟེན་ཅན་གྱི་སོ་སྐྱེའི་རྒྱུད་ལ་བསམ་གཏན་བཞི་པའི་ཉེར་བསྡོགས་ཀྱི་ཚོར་བ་བདེ་བ་སོགས་མེད་དམ།དངོས་གཞི་མ་ཉམས་པའི་སོ་སྐྱེ་བདེ་བ་ཅན་དུ་སྐྱེ་བ་མེད་དམ།
ལན།༡གདམས་ངག་ལ་ངག་གིས་ཁྱབ་ཀྱང་།བསྟན་བཅོས་ལ་ངག་སྒྲ་རང་མཚན་པས་མ་ཁྱབ་པ་བསེ་རུ་ལྟ་བུས་ལུས་ཀྱིས་ཆོས་བསྟན་པ་ལྟ་བུའོ།།སྙམ་ཡང་མི་བདེ།༢དེའི་རྒྱུད་ལ་ཟག་མེད་བདེ་བ་ནི་མེད།གལ་ཏེ་ཟག་བཅས་ཀྱི་བདེ་བ་མེད་ན།དེར་སྐྱེ་བའི་སྨོན་ལམ་རྒྱག་པའི་དགོས་པ་མི་འདུག།དེ་མ་ཉམས་པའི་སོ་སྐྱེ་དེར་སྐྱེ་བ་མེད།དགེ་བཤེས་བློ་བཟང་གིས།༡འོད་དཔག་མེད་ཀྱི་ཞིང་དུ་འཁོར་རྣམས་མངོན་ཤེས་ལྔ་ལྡན་ཡིན་པས། བདེ་ཅན་ཞིང་འོད་དཔག་མེད་ཀྱི་ཞིང་ཁོ་ནར་བཞག་ན་མི་འགྲིག།༢དངོས་གཞི་རྒྱུད་ལྡན་ལ་འཕོ་བ་རྒྱག་རྒྱུ་མེད་པ་ཅི་ཡིན།ལན།༡བྱང་སེམས་ཀྱི་སྨོན་ལམ་ལ་མཐའ་མེད་པས།སྨོན་ལམ་བརྒྱབ་པ་ཙམ་ལས་གཞན་དེ་ལྟར་མེད།༢དེར་བདེ་བ་མེད་པས་སོ།།བགྲོ་གླེང་པ་དྲུག་པ།སྒོ་མང་དགེ་བཤེས་ལྷ་རམས་པ་གྲགས་པ་རྒྱལ་མཚན་གྱིས་སྒྲོག་སྦྱངས་གནང་སྐབས།གསེར་ཕྲེང་དུ་ལུགས་མང་པོ་བཀོད་ནས་མ་བཀག་པ་གང་ཡིན་པ་དེ་རང་ལུགས་ཡིན་ཞེས་སྒོ་མང་གི་ཞལ་རྒྱུན་དུ་ཡོད།
དྲི་ལན་སྐབས།སེར་བྱེས་ལྷ་རམས་པ་ཞིག་གིས།༡བདེན་བཞི་ནང་ཕན་ཚུན་འགལ་མི་འགལ་བཤད་སྐབས་སུ་ཚོར་བ་ཙམ་དང་ལམ་བདེན་ལ་བཤད་ན།འབྲེལ་ཅི་ཡོད།༢ཀུན་འབྱུང་བདེན་པ་རྣམ་བྱང་ཕྱོགས་ཡིན་པའི་རྒྱུ་མཚན་ཅི་ཡིན།༣སྡུག་བདེན་གྱི་ཁྱད་ཆོས་བཞིའི་གོ་རིམ་ལ།གལ་ཏེ་སྟོང་པ་ཕྲ་ན།ཕལ་མོ་ཆེར་སྟོང་བདག་མེད་གཉིས་ལས་སྟོང་པ་བདག་མེད་པའི་སྒྲུབ་བྱེད་དུ་འགྲོ་ཚུལ་ཅི་ཡིན།༤གསེར་རྣམ་གཉིས་མི་འགལ་ན།འགྲེལ་པར།ཀུན་འབྱུང་ལ་གཟུགས་ལ་སོགས་པ།ཞེས་སོགས་འཇོག་པ་ལྟར་ཀུན་བདེན་ལ་གཟུགས་མེད་པའི་རྒྱུ་མཚན་གང་ཡིན།ལན།༡དེ་ནི་སྡུག་བསྔལ་ཙམ་དང་སྡུག་བདེན་གྱི་ཁྱད་མ་ཤེས་པ་དེ་ལ་ལན་བཏབ་པ་ཡིན་ཞིང་།སྡུག་ལམ་གཉིས་འགལ་མི་འགལ་བཤད་པ་མ་རེད།དེ་གཉིས་མི་འགལ།༢འགྲེས་རྐང་བརྒྱ་རྩ་བརྒྱད་ལས་བདེན་བཞི་རྣམ་བྱང་ཕྱོགས་སུ་བཞག་ཡོད།༣སྟོང་བདག་མེད་ལ་ཕྲ་རགས་མེད་པར་གསུངས་ཚུལ་ཡང་ཡོད་ལ།རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་ཡང་བཞག།དགེ་བཤེས་ཚེ་དབང་སྟོབས་ལྡན་གྱིས།བདེན་བཞི་རྟོགས་པའི་ལམ་དེ་རྣམ་བྱང་ཕྱོགས་སུ་བཞེད་པའི་དོན་ཡིན།༣སྟོང་པའི་རྣམ་པར་བདག་ཕུང་ངོ་བོ་ཐ་དད་པ་སྟེ།དེ་ལ་མུ་སྟེགས་པའི་བདག་ལས་མེད་པས།རྟག་གཅིག་རང་དབང་ཅན་གྱི་བདག་གོ།ལན།དེ་ལྟར་ན་ཀུན་ཀྱང་རྣམ་བྱང་ཕྱོགས་སུ་བཞག་དགོས།
སེར་བྱེས་དགེ་བསྐོས་དགེ་བཤེས་ཡ་མ་བསོད་ནམས་ཀྱིས།ཀ༽རྗེ་རིན་པོ་ཆེས་སྟོང་ཉིད་མ་ཡིན་དགག་དང་།མཐའ་བཞི་འགོག་པ་སོགས་བཞེད་འདུག་ཟེར་བ་ཆོས་བརྒྱུད་གཞན་པས་བཤད་ཅིང་།གསེར་ཕྲེང་དུ་གསུངས་པར་འཇོག་སྟེ།མཐའ་བྲལ་དུ་བཞག་ཚེ་མ་ཡིན་དགག་ཏུ་འགྱུར་འགྲོ།རེད་འདའ་པའི་དྲིས་ལན་དུ་རྗེའི་ཤོག་དྲིལ་ཞིག་ཡོད་པ་དེར་མེད་དམ་ཟེར་སྲོལ་འདུག།རྗེའི་རྟག་ངུའི་རྟོགས་བརྗོད་དུ་ཀློང་ཆེན་གྱི་གསུང་ལྟར་ཡོད།ཁ༽སྟོང་པ་ལ་རྣམ་རྩར།བདེ་དང་ང་དང་ངའི་ཞེས་སོགས།།ཞེས་པ་དང་།དེའི་རྩ་བའི་མདོ།མཛོད།གསེར་ཕྲེང་བཅས་སུ་ང་ཡི་བ་ལ་སྦྱར་བ་དང་།རྣམ་རྩའི་བདེན་བཞི་སྤྱི་བཤད་སྐབས་སོགས་སུ་བདག་དོན་གཞན་གྱིས་སྟོང་པ་ལ་སྦྱར་ཡོད།གོང་ལྟར་བཤད་ཚུལ་གསུམ་དང་།སྟོང་བདག་མེད་གོ་རིམ་བརྗེ་བ་བཅས་བཞི་ཡོད་པ་དགོངས་པ་གཅིག་གམ།དབང་རྣོན་གྱིས་མངོན་སུམ་གྱིས་གྲུབ་ཚུལ་ཅི་ཡིན།ག༽རྣམ་བྱང་ཕྱོགས་ཀྱི་ཆོས་ནི་དགེ་བ་དང་དོན་གཅིག་ཏུ་འཇོག་ལ།རྣམ་བྱང་ཕྱོགས་ཀྱི་བདེན་པ་ལ་སྟོང་ཉིད་ཀྱང་འཇོག་པས།དེ་དང་མི་འདྲ།ང༽གཅིག་པ་བཀག་པའི་ཐ་དད་ཅེས་པའི་ཐ་སྙད་འདི་ཐོག་མར་གང་ལས་བྱུང་།དེ་ནི་བོད་སྔ་མས་ངོ་བོ་གཅིག་པ་བཀག་པའི་ཐ་དད་བྱས་ལ།རྫས་གཅིག་བཀག་པའི་ཐ་དད་ཟེར་བའི་ཐ་སྙད་གཞན་ཡང་ཡོད།ལན།ཀུན་བྱང་གི་ཆོས་ནི།སྤང་བླང་གི་ཕྱོགས་ཀྱི་ཆོས་སོ།།
དགེ་བཤེས་བློ་བཟང་དོན་གྲུབ་ཀྱིས།རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་དེ་སྟོང་པར་འཇོག་ན།སྒོམ་པ་ལྷག་མ་དེ་དོན་ཡིན།།ཞེས་པ་ཅི་ཡིན།༢བཞིའི་སྟོང་བདག་མེད་དེ་རང་རྐྱ་བས་སྟོང་པ་ལ་བྱེད་ན།རྩ་བའི་རྟགས་ཀྱི་བསྒྲུབ་བྱ་དང་ཁྱད་མེད་དུ་འགྱུར་བས་ཅི་ཡིན།ལན།༡དེ་དེའི་སྒྲུབ་བྱེད་ཙམ་ཡིན།དགེ་བཤེས་ཚེ་རིང་རྡོ་རྗེས།སྟོང་བདག་མེད་གཉིས་རང་རྐྱ་བས་སྟོང་པ་ལ་བཞག་ན།དེ་ལ་བརྟེན་ནས་ཞེས་སོགས་དང་།རྩ་བའི་རྟགས་ལ་བརྟེན་ནས་ཞེས་སོགས་གསུངས་པ་ཇི་ལྟར་ཡིན།༢ཀུན་བྱང་ཕྱོགས་ཀྱི་བདེན་པ་གཉིས་མི་འགལ་ལམ།ལན།ཀུན་བྱང་གཉིས་འགལ་ཡང་།ཀུན་བྱང་ཕྱོགས་གཉིས་མི་འགལ།སེར་བྱེས་ལྷ་རམས་པ་ཞིག་གིས།རང་དབང་བའི་གང་ཟག་ཆོས་ཅན།ཞེས་སོགས་ཀྱི་རྟགས་ཀྱི་ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པ་དེ་རང་རིག་གིས་གྲུབ་བམ།དགེ་བསྐོས་ལགས་ཀྱིས།ཕྱི་རྒོལ་དབང་པོ་རྣོ་རྟུལ་ཞེས་པ་ནི་ཐ་སྙད་ཙམ་ལ་རྨོངས་མ་རྨོངས་ཀྱི་གང་ཟག་ལ་བྱེད་པ་མ་གཏོགས་སྤྱིའི་དབང་པོ་རྣོ་རྟུལ་ལ་མི་བྱེད།དགེ་བཤེས་ཟླ་བ་ཚེ་རིང་གིས།རྟགས་ཡང་དག་ཀུན་ལ་རྟགས་ཆོས་དོན་གསུམ་ཡོད་ཅིང།དེ་འདྲའི་རྟགས་དེ་ཡང་དག་ཡིན་ཞིང་།དེ་གསུམ་ཡོད་དེ།དེ་སེམས་ཙམ་པའི་ལུགས་ལ་ཡིན་པས།རང་བཞིན་གྱིས་མེད་པ་དང་རང་མཚན་གྱིས་སྟོང་པ་དོན་གཅིག་ཅིང་།དེ་ལྟར་ན་རྟགས་དེའི་བསྒྲུབ་ཆོས་ཡོད་པ་དང་།བདག་ཕུང་ངོ་བོ་ཐ་དད་དུ་གྲུབ་པ་དང་།ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་གཉིས་མི་འདྲ།ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པ་ནི་མྱོང་སྟོབས་ལ་བྱ་དགོས་པ་འདྲ།ཚོགས་ཐུན་གཉིས་པ།བགྲོ་གླེང་པ་བདུན་པ།བྱང་རྩེ་དགེ་བཤེས་ལྷ་རམས་པ་ཚེ་རིང་རྡོ་རྗེས་སྒྲོག་སྦྱངས་གནང་།དྲི་ལན་སྐབས།སེར་སྨད་གྲྭ་པ་རྒན་པ་ཞིག་གིས།༡གང་ཞིག་གསུམ་ལ་སྐྱབས་འགྲོ་དེ།།ཞེས་པའི་ཐད་ཀྱི་མཛོད་རང་འགྲེལ་དང་།རྒྱལ་སྲས་མ་བཅས་སུ་རྟེན་སངས་རྒྱས་སུ་གསུངས་པ་ཅི་ཡིན།༢རྩོམ་ཤོག་ཏུ་དཀོན་མཆོག་གི་སྒྲ་བཤད་མི་འདྲ་བ་བྱས་པ་ཁུངས་བཅས་གསུངས་རོགས།ལན།༡བྱེ་སྨྲ་ལ་མང་དུ་ཡོད་པའི་ནང་ནས་དེ་ནི་མང་བཀུར་སྡེ་པའི་ལུགས་སོ།།
༢ཚིག་མཛོད་སོགས་སུའང་གསལ།༣ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད།།ཅེས་བྱེ་སྨྲའི་གཞུང་ཡིན་པར་བཤད།དགེ་བཤེས་ཚེ་དབང་སྟོབས་ལྡན་གྱིས།མཛོད་དེ་མདོ་སྡེ་པའི་ལུགས་ཡིན་པའི་ཁུངས་ཅི་ཡོད།དགེ་བཤེས་ཟླ་བ་ཚེ་རིང་གིས།༡དེ་མདོ་སྡེ་པའི་ལུགས་སུ་བྱས་ནས་བརྩམས་པའོ།།བྱེད་ཆོས་ཞེས་པའང་རྟེན་དེ་སངས་རྒྱས་སུ་བྱེད་པའི་ཆོས་ལ་བྱའོ།།མཛོད་ནི་མདོ་སྡེ་པའི་ལུགས་ཏེ།དེར་བཤད་པ་བྱེ་སྨྲས་ཁས་མི་ལེན་པས།གཞུང་དེ་མདོ་སྡེ་པའི་གཞུང་དུ་གྲུབ།དེར་བྱེ་སྨྲའི་ལུགས་བརྗོད་པ་མང་ཞིང་།ལོ་གྲག་ཟེར་གསུམ་མང་དུ་སྤྱད་ཡོད།༢སྐུ་དེ་སངས་རྒྱས་མིན་ཡང་།དེ་ལ་གནོད་པ་བྱས་པས་བརྟེན་པ་ལ་གནོད་པར་འཇོག།སེར་བྱེས་ལྷ་རམས་པ་ཞིག་གིས།ཁྲག་ཕྱུང་བའི་མཚམས་མེད་སྐབས་སངས་རྒྱས་ལ་གནོད་ཚུལ་ཅི་ཡིན།ལན།བྱེ་སྨྲའི་ལུགས་ལ་སངས་རྒྱས་ལ་ཚེར་མ་ཟུག་པ་སོགས་ཀྱི་ཚོར་བ་སྡུག་བསྔལ་ཡོད།མདོ་སྡེ་པ་ཡན་ལ་མེད།དགེ་བཤེས་བྱམས་པ་ཆོས་འཕེལ་གྱིས།༡གྲོལ་བའི་ཡོན་ཏན་ཉིད་ཆོས་དཀོན་མཆོག་ཡིན་ནམ།༢མིག་གི་སྟོང་ཉིད་ལ་སྦྱར་ནས་ངོ་བོ་ཉིད་སྐུ་སྲོག་དང་ལྡན་མིན།ལན།༡རྣམ་བྱང་བདེན་པ་མིན་པས་དེ་མིན།༢དེ་སྲོག་དང་ལྡན་ཡང་སྲོག་ལྡན་མིན།དགེ་བཤེས་བློ་བཟང་གིས།༡སྒྲིབ་པ་དེ་སླར་མི་སྐྱེ་བའི་ཆ་དེ་བརྟགས་མིན་ཡིན་ན།སེམས་ཅན་ཀུན་ལ་ཡོད་པར་ཐལ།ལན།གཉེན་པོའི་སྟོབས་ཀྱིས་དེ་མི་སྐྱེ་བའི་ཆ་ལ་བྱེད།དགེ་བསྐོས་ལགས་ཀྱིས།༡མུ་བཞིར་རྟོག་གེ་པའི་བློས་བསམ་མེད་ཀྱི་མུ་བཞིའི་ཁུངས་གང་ཡོད།༢རྟོག་གེ་པའི་བློས་ཞེས་བཤད་པས་སྒྲ་སོགས་ལ་སྦྱར་དུ་མེད།ཐེག་བསྡུས་ཡིན་ནམ་སྙམ་པ་ཞིག་ཏུའང་ཡོད།ལན།མུ་བཞི་སྐྱེ་འགོག་ལ་སྦྱར།དགེ་བཤེས་ཟླ་བ་ཚེ་རིང་གིས།༡སྒྲ་དང་།རྟོག་པ་དང་།གཉིས་ཀ་དང་དེ་གཉིས་ལ་མ་བལྟོས་པར་ཇི་བཞིན་བརྗོད་དུ་མེད་པ་རྒྱུད་བླའི་དར་ཊཱིཀ་ཏུ་གསལ།༢དམན་སྒྲིབ་དེ་རང་དོན་ཡིད་བྱེད་དུ་བཞག་པས།དེ་ནི་ཐར་ལམ་དུ་པཎ་ཆེན་གྱིས་གསུངས་པས་དོགས་པ་ཆེ།བགྲོ་གླེང་པ་བརྒྱད་པ།བཀྲས་ལྷུན་དཀའ་ཆེན་བློ་བཟང་ཤེས་རབ་ཀྱིས་སྒྲོག་སྦྱངས་གནང་།དྲི་ལན་སྐབས།
དགེ་བཤེས་ཡ་མ་བསོད་ནམས་ཀྱིས།སེམས་རྟེན་ཡོད་པའི་ལམ་གྱི་དོན་དང་།སེམས་རྟེན་གྱི་ངོ་བོ་གང་ཡིན།དགེ་བཤེས་བློ་བཟང་དོན་གྲུབ་ཀྱིས།ས་དགུ་ལ་ནི་ཆེན་པོ་ཡིན།།སྒོམ་ལམ་བར་ཆད་མེད་ལམ་ས་དགུ་ལ་བརྟེན་པར་གསུངས་པས།དེར་གྱུར་པའི་འདོད་སེམས་ཡོད་དམ།འགོག་སྙོམས་སོགས་ལ་སེམས་རྟེན་ཡོད་པས།སེམས་རྟེན་ཡོད་པའི་གཞི་གང་དང་གང་ལ་བྱ་བ་དང་།གསེར་ཕྲེང་ལས་གསུངས་པ་ལྟར་ངོ་བོ་གཅིག་པར་ཨེ་བཞག།དགེ་བཤེས་བློ་བཟང་གིས།མཐོང་ལམ་ལ་བསམ་གཏན་ས་དྲུག་གང་རུང་དང་།སྒོམ་ལམ་ལ་དགུ་ཀ་ཡོད་པ་དང་།ཐེག་ཆེན་སྦྱོར་ལམ་པ་ལ་བརྒྱད་ཀ་མ་ཉམས་པར་ཡོད་པས།དཀའ་བ་ཉེར་བསྡོགས་ལ་བརྟེན་པའི་དགོས་པ་མེད་པར་གསུངས་ཡོད།སེམས་རྟེན་ཡོད་པའི་ལམ་ནི་ཐོག་མའི་ལམ་རྣམས་ལ་བྱེད་ཀྱི།ཀུན་ལ་མི་བྱེད་དེ།དཔེར་ན།འགར་བས་བཟོ་བྱེད་ཚེ།མ་བྱང་ན་སླ་བ་རྣམས་བཟོ་ཞིང་།བྱང་ཚེ་ཀུན་ཀྱང་བྱེད་ཆོག་པ་ལྟ་བུའོ།།རྟེན་ས་དེ་རྒྱུའི་སྐབས་སུ་ངེས་པར་དུ་ཡོད་དགོས་ཀྱང་།སེམས་རྟེན་དུ་གྱུར་ཚེ་ངོ་བོ་གཅིག་པར་འགྱུར་དགོས།རྗེ་བཙུན་ཡིག་ཆར་ཡང་ངོ་བོ་གཅིག་པ་ལ་བྱ་དགོས་པར་གསུངས་ཡོད།གསེར་ཕྲེང་དང་མཛོད་ཊཱིཀ་ཐར་གསལ་དུའང་།རྟེན་བརྟེན་པ་གཉིས་དོན་གཞན་པའམ་རྫས་གཞན་མིན་པར་གསུངས་ཡོད།ཡང་སེམས་རྟེན་ལ་སྙིང་རྗེ་སོགས་གསུངས་པ་ལྟར་ན།རྒྱུ་ལ་བྱ་དགོས་སམ་དོགས་པ་ཡོད།དམྱལ་བའི་རྟེན་ལ་སེམས་བསྐྱེད་གསར་དུ་སྐྱེ་བ་ཡོད་པར་གསུངས་པས།དམྱལ་བར་སྐྱེ་ཚེ་དངོས་གཞི་ནི་ཉམས།ཉེར་བསྡོགས་རྒྱུད་ལ་ལྡན་བཞིན་དུ་མི་སྐྱེ་བས་དཀའ་ཞིང་།དེའི་ཕྱིར་འདོད་སེམས་ཀྱང་སེམས་རྟེན་དུ་བྱེད་པ་ཡོད་དམ་སྙམ།དགེ་བཤེས་ཚེ་རིང་རྡོ་རྗེས།ཏིང་འཛིན་ལ་རྩལ་ལེགས་པར་བྱང་བ་ན།སྒོམ་ལམ་ཉིད་འདོད་སེམས་སུ་འགྱུར་བ་ཡོད།༢རིམ་གྱིས་པའི་ཕྱིར་འོང་དེ་དྲུག་པ་སྤངས་པའི་ལམ་དང་སྤངས་པ་གང་ཡིན།ལན།མཐོང་ལམ་མ་ཐོབ་གོང་གི་བརྡའི་འགོག་པ་དེར་མི་འཇོག་ཀྱང་།རྗེས་སུ་མངོན་གྱུར་སྤངས་པ་དག་ཕྱིར་འོང་སོགས་སུ་འཇོག།དགེ་བཤེས་ཚེ་དབང་སྟོབས་ལྡན་གྱིས།སྙིང་རྗེ་ཚད་མེད་ལ་སེམས་རྟེན་ཡོད་ཀྱང་།སྙིང་རྗེ་ཆེན་པོ་ལ་མེད་པའི་རྒྱུ་མཚན་གང་ཡིན།དགེ་བཤེས་ཟླ་བ་ཚེ་རིང་གིས།སེམས་རྟེན་བྱེད་ཚུལ་གཉིས་ཏེ།ལྕགས་གོང་མེར་གྱུར་པ་ལྟར་ངོ་བོ་གཅིག་ཏུ་གྱུར་པ་དང་།སྙིང་རྗེས་སེམས་བསྐྱེད་ཀྱི་རྟེན་བྱེད་པ་ནི་དེ་ལས་བྱུང་བ་ཡིན།དེ་ནི་ཁམས་གསུམ་གང་རུང་གིས་སེམས་རྟེན་བྱེད་ཚུལ་དེ་མིན།ཁམས་གསུམ་གང་རུང་གི་སེམས་རྟེན་ནི།རྒྱུའི་སྐབས་སུ་བསྒྲུབས་ཏེ་དངོས་གཞིའི་ཚེ་ངོ་བོ་གཅིག་པ་སྟེ།དམིགས་རྣམ་བརྗེ་བ་ཙམ་ཡིན།༢ཀུན་བཏུས་ལུགས་ལ་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་དེ་འདོད་ཉོན་དྲུག་པ་ནས་དང་།མཛོད་ལུགས་ལ་བདུན་པ་ནས་བྱེད་པ་ཐེམ་སྐས་སུ་གསལ།མཐོང་ལམ་རྗེས་ཐོབ་ཏུ་དྲུག་པ་གསར་དུ་སྤངས་པ་ཡོད་མེད།ཀུན་བཏུས་ལུགས་ལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་ལ་སྦྱོར་ལམ་པ་མེད་པའི་རྒྱུ་མཚན་གང་ཡིན།ལན།སྔོན་སོང་གི་ཕྱིར་འོང་ཞུགས་པ་ལ་སྦྱོར་ལམ་པའང་ཡོད་པར་གསུངས་འདུག།
དགེ་བཤེས་གྲགས་པ་རྒྱལ་མཚན་གྱིས།རྟེན་ནི་ངོ་བོ་གཅིག་པའི་རྟེན་དང་།རྒྱུ་འབྲས་ཀྱི་རྟེན་གཉིས་ཀ་ཡོད།སྦྱོར་ལམ་གྱི་སེམས་རྟེན་དེ་དེའི་སྔ་རོལ་ཏུ་ཡོད་དམ་དུས་མཉམ།༢གཉིས་སྦྱོར་ལ་དགོངས།ཞེས་པ་ཞིག་ཡོད།ལན།ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པས།དུས་མཉམ།ལྷ་རམས་པ་བསོད་ནམས་འགྱུར་མེད་ཀྱིས།མཐོང་ལམ་རྗེས་ཐོབ་ཏུ་ཞི་རགས་རྣམ་ཅན་གྱིས་དེ་ལྟར་སྤངས་པ་ཡོད་ན།འཇིག་རྟེན་པའི་མཐོང་ལམ་མེད་པའི་རྒྱུ་མཚན་གང་ཡིན།དགེ་བཤེས་ཟླ་བ་ཚེ་རིང་གིས།ཞི་རགས་རྣམ་ཅན་ཚོགས་ལམ་པར་སྐྱེས་པ་ན་དེས་འདོད་ཉོན་མངོན་གྱུར་པ་སྤངས་ཤིང་།མཐོང་ལམ་ལ་དེ་ལྟར་མེད་པ་ཅི་ཡིན།ཚེ་རྡོར།ཞི་རགས་རྣམ་ཅན་མཐོང་ལམ་དུ་མེད་པ་ནིི་ཡུན་ཐུང་བས་དང་།སྦྱོར་ལམ་སོགས་ལ་ཡོད།སེར་བྱེས་གྲྭ་པ་ཞིག་གིས།དམྱལ་བའི་རྟེན་ལ་བསམ་གཏན་ཉེར་བསྡོགས་ཉམས་དགོས་པའི་རྒྱུ་མཚན་གང་ཡིན།དེ་ཉམས་བྱེད་ཅི་ཡིན།སེམས་རྟེན་ཞེས་པ་མངོན་པའི་ཐུན་མོང་མིན་པའི་བརྡ་ཡིན་པ་མ་གཏོགས་རྒྱུ་འབྲས་ཀུན་ལ་མི་བྱེད།དགེ་བཤེས་ཟླ་བས།འཕགས་རྒྱུད་ལ་སོར་རིག་ཡིད་བྱེད་སོགས་ཡིད་བྱེད་བརྒྱད་པོ་གང་ཡང་མེད།སེར་བྱེས་གྲྭ་པ་ཞིག་གིས།གོང་མའི་རྟེན་ལ་མཐོང་ལམ་གསར་དུ་སྐྱེ་བ་མེད་པ་གང་ཡིན།ཚེ་རྡོར།གོང་མ་རྣམས་སྙོམས་འཇུག་གི་བདེ་བ་ལ་ཆགས་པས་སྐྱོ་སེམས་ཆུང་བའི་ཕྱིར་རོ།།དམྱལ་བ་ལ་སྐྱེས་ཚེ་དངོས་གཞི་ཉེར་བསྡོགས་སོགས་སྒོམ་པ་ལ་མི་ཁོམ་པས།དེ་རྒྱུད་ལྡན་མེད།ཉིན་གསུམ་པའི་ཚོགས་ཐུན།བགྲོ་གླེང་པ་དགུ་པ།ཤར་རྩེ་དགེ་བཤེས་ལྷ་རམས་པ་བློ་བཟང་རྣམ་རྒྱལ་གྱིས་སྒྲོག་སྦྱངས་གནང་སྐབས།
ཁྱབ་མདོ་སོགས་ཀྱི་སྐབས་སུ་ཀྱང་སྒྲ་སྔ་ཕྱི་གཉིས་ཀྱིས་རིམ་བཞིན་ཞར་དང་གཙོ་བོར་བསྟན།དྲི་ལན་སྐབས།སེར་བྱེས་གྲྭ་པ་ཞིག་གིས།༡བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་པ་དེ་བྱང་སེམས་ཀྱི་སྔོན་དུ་འགྲོ་རྒྱུའི་སེམས་བསྐྱེད་མཚན་ཉིད་པ་ལ་བྱེད་པའི་ཁུངས་གང་ཡོད།༢འགྲེལ་པར།བྱང་སེམས་ཉན་རང་རྣམས་ཀྱིས་མི་སྤང་བ་དང་སྤང་བའི་ཉོན་མོངས་གསེར་རྣམ་གཉིས་ལས་གསུངས་པ་གཉིས་འདྲ་མི་འདྲ་དང་འགལ་མི་འགལ་ཅི་ཡིན།གསེར་ཕྲེང་ལ་བལྟས་ན་སྤང་མི་སྤང་ནི་འབྲས་བུ་འཁོར་བ་ལ་བྱས་པ་འདྲ་བས།ཇི་ལྟར་ཡིན།ལན།༡ལམ་ཤེེས་ཡན་ལག་གི་སེམས་བསྐྱེད་དེ་བཏགས་པ་བ་ལ་བྱེད།༢ཆེད་དུ་གཉེར་ནས་འཁོར་བ་སྤང་བྱར་བཟུང་བས།རྣམ་བཤད་ལས་གསུངས་པ་དེ་མཚན་ཉིད་པ་དང་།བྱང་སེམས་ཀྱིས་དེ་ལྟར་མི་བྱེད་པས་གཞན་དོན་དུ་བསྒྱུར་ཐུབ་པའི་ཉོན་མོངས་པ་ནི་མི་སྤོང་བའི་དེའོ།།བཤད་ཚུལ་མི་འདྲ་བ་ཙམ་ལས་མི་འགལ་ལོ།།དགེ་བཤེས་ཟླ་བ་ཚེ་རིང་གིས།དེ་ལམ་མ་ཞུགས་ལ་བཞག་པའི་ཁུངས་ནི།གསེར་ཕྲེང་དུ་ཐེག་གསུམ་གྱི་མངོན་རྟོགས་རྣམས་ལམ་གསུམ་དུ་བསྡུས་པར་གསུངས་པས།ལམ་ཤེས་ཀྱི་ཡན་ལག་གམ་ལམ་ཤེས་ཀྱི་སྔོན་དུ་འགྲོ་རྒྱུའི་དེ་ལམ་མ་ཞུགས་ལ་བཞག་སྟེ།ཐེག་ཆེན་ཚོགས་ལམ་ལ་བྱེད་ཕྱིན་ལམ་ཤེས་ཀྱིས་བསྡུས་པས་སོ།།པཎ་ཆེན་གྱིས་སྐབས་དང་པོའ་ིལམ་ལ་སྦྱར་གསུངས་པ་ཚོགས་ལམ་གྱི་སྐབས་དང་པོ་ལ་བྱ།དགེ་བཤེས་བློ་བཟང་གིས།སྐབས་གཉིས་པའི་ལམ་ཤེས་ཀྱི་སྔོན་དུ་འགྲོ་རྒྱུའི་སེམས་བསྐྱེད་དེ་ལམ་ཡིན་པ་དང་།མིན་པར་གསུངས་པའི་ཚུལ་གཉིས་ཡོད།དགེ་བཤེས་ཚེ་རིང་རྡོ་རྗེས།དེ་ལྟར་ན།ཁྱབ་མདོའི་དོན་ཇི་ལྟར་འགྲེལ།
༢༠༡༢།༣།༣༡ནས༤།༢བར་འཚོགས་པའི་གསེར་ཕྲེང་བགྲོ་གླེང་ཐེངས་གཉིས་པའི་སྐབས་ཀྱི་ཟིན་བྲིས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn