གསེར་ཕྲེང་བགྲོ་གླེང་གཉིས་པའི་རྩོམ་གཞི་བཅུ་པ་འི་དྲིས་ལན།།
༄༅།།གཉིས་པ་ལ་བཞི།རྒྱུན་ཞུགས།ཕྱིར་འོང་།ཕྱིར་མི་འོང་།དགྲ་བཅོམ་མོ་ཞེས་པ་ནས་མཛོད་ལས།འདོད་པར་གསུམ་ཐོབ་ཐ་མ་ནི།།གསུམ་དུའོ།།ཞེས་པའི་བར་གྱི་དྲིས་ལན།
འགྲོ་ལ་བརྩེ་བའི་ས་བོན་བསྐལ་མང་གྱི།།བརྩོན་པའི་རླན་དང་སེམས་སྙོམ་ས་གཞི་ལས།།སྐྱེས་ཤིང་ཀུན་ལ་དགོས་འདོད་སྦྱིན་མཛད་པའི།།དཔག་བསམ་ཤིང་བཞིན་ཐུབ་ཆེན་དེས་སྐྱོངས་ཤིག།།འཇམ་དབྱངས་མཁྱེན་པའི་རྫས་ཀྱི་ཉེར་ལེན་དང་།།འགྲོ་བའི་བསོད་ནམས་ལྷན་ཅིག་བྱེད་པ་ལས།།ཉེར་འཁྲུངས་ཆོས་ཀུན་མ་ནོར་འདོམས་མཛད་པའི།།བློ་བཟང་གྲགས་པ་ཉིད་ལས་སྐྱབས་གཞན་སུ།།རྟག་ཏུ་ངེས་དོན་ཆོས་ཉིད་གོམས་པའི་མཐུས།།ཚེ་འདིའི་བདེ་འབྱོར་སྒྱུ་མས་སླུ་ཁྲིད་ལ།།སྐད་ཅིག་ཙམ་དུའང་སྨོན་པར་མི་བྱེད་བའི།།བྱ་བཏང་བདག་གི་བླ་མར་གུས་བཏུད་དེ་།།ལེགས་བཤད་རིན་ཆེན་གཏེར་ལ་དབང་སྒྱུར་ཞིང།།གཞན་ཕན་བརྩེ་བས་ཐུགས་རྒྱུད་ཡོངས་གང་བའི།།མཁས་མང་གསེར་རིའི་དབུས་སུ་ཞུགས་འབྲས་ལ།།ཅུང་ཟད་དཔྱད་དེ་མཆོད་ཡོན་དེང་འདིར་བསྒྲུབ།།
དེ་ལ་གང་བཤད་པར་བྱ་བ་ནི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས་གཉིས་པ་ལ་བཞི།རྒྱུན་ཞུགས།ཕྱིར་འོང་།ཕྱིར་མི་འོང་།དགྲ་བཅོམ་མོ།ཞེས་པ་ནས་མཛོད་ལས།འདོད་པར་གསུམ་ཐོབ་ཐ་མ་ནི།།གསུམ་དུའོ།།ཞེས་པའི་བར་གྱི་གཞུང་ཚན་རྣམས་བགྲོ་གླེང་འདིའི་སྐབས་སུ་བདག་གི་ངོ་སྐལ་གྱི་བཤད་བྱར་ལགས་ཤིང་དེ་ཡང་ལེགས་བཤད་གསེར་ཕྲེང་ལས།གཉིས་པ་ལ་བཞི།རྒྱུན་ཞུགས།ཕྱིར་འོང་།ཕྱིར་མི་འོང་།དགྲ་བཅོམ་མོ།དང་པོ་ལ་ཞུགས་པ་དང་།གནས་པ་གཉིས་ལས།དང་པོ་ནི།དྲོད་ནས་ལམ་ལ་རྗེས་བཟོད་ཀྱི་བར་ལ་གནས་པའི་ཉན་ཐོས་གང་འདོད་ཉོན་དྲུག་པ་མ་སྤངས་པའོ།དེ་ལ་དབྱེ་ན་མཐོང་ལམ་གྱི་སྔོན་དུ་སྒོམ་སྤང་གཅིག་ཀྱང་མ་སྤངས་པ་དང་།གཅིག་ནས་ལྔའི་བར་གང་རུང་སྤངས་པ་གཉིས་སོ།དང་པོའ་ིམཚམས་སྦྱོར་ལམ་ནས་འཛིན་པར་ཀུན་ལས་བཏུས་པ་འདོད་དེ།ཇི་སྐད་དུ།རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་གང་ཞེ་ན།གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གནས་པའི་གང་ཟག་གོ།ཞེས་སོ་ཞེས་གསུངས།གསེར་ཕྲེང་གཞིར་བྱས་ན་འདིའི་སྐབས་སུ་འདི་ལྟར་དོགས་ཏེ་ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་དེ་ཡང་རྒྱུན་ཞུགས་ཞུགས་པར་ཅིའི་ཕྱིར་མི་འགྱུར་ཏེ་འདོད་ཉོན་དྲུག་པ་མ་སྤངས་ཤིང་སྦྱོར་ལམ་སྟན་གཅིག་པ་ནས་ལམ་རྗེས་བཟོད་ཀྱི་བར་གང་རུང་ལ་གནས་པའི་ཉན་ཐོས་ཡིན་པའི་ཕྱིར།མ་ཁྱབ་ན་རྒྱུན་ཞུགས་ཞུགས་པའི་ངོ་བོར་བཤད་པའི་སྐབས་སུ་ལེགས་བཤད་གསེར་ཕྲེང་ལས།དྲོད་ནས་ལམ་ལ་རྗེས་བཟོད་ཀྱི་བར་ལ་གནས་པའི་ཉན་ཐོས་གང་འདོད་ཉོན་དྲུག་པ་མ་སྤངས་པའོ།ཞེས་དང་རྗེས་མཛད་པའི་དགེ་འདུན་ཉི་ཤུ་བསྡུས་པ་ལས།འདོད་ཉོན་དྲུག་པ་མ་སྤངས་པར།།སྦྱོར་ལམ་སྟན་གཅིག་ནས་བཟུང་སྟེ།།ལམ་ལ་རྗེས་བཟོད་བར་དག་ལ།།གནས་པ་དེ་ནི་རྒྱུན་ཞུགས་ཞུགས།།ཞེས་གསུངས་པ་དང་འགལ་ལ་དེས་འདོད་ཉོན་དྲུག་པ་སྤངས་ན་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་སྐོར་དགུ་ཡོད་པ་ལས་དྲུག་པའི་བར་ཡང་སྤངས་པར་འགྱུར་ལ་དེ་ཡང་འདོད་ན་སོ་སྐྱེས་བསམ་གཏན་དང་པོའི་དངོས་གཞི་ཐོབ་པ་ན་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་ཀྱང་སྤངས་དགོས་པས་དེ་ལྟར་ན་བསམ་གཟུགས་ཀྱི་སྐབས་སུ་ལེགས་བཤད་གསེར་ཕྲེང་ལས།འོན་ཀྱང་ཞིབ་ཏུ་དཔྱད་ན་བྱིས་པས་ཞི་རགས་སུ་སྒོམ་པའི་ལམ་གྱིས་འདོད་པའི་སྒོམ་སྤང་གི་ཉོན་མོངས་མངོན་གྱུར་ཀྱང་མ་ལུས་་པར་སྤོང་མི་ནུས་ཏེ།འདོད་པའི་རྟེན་ཅན་ཀྱི་ཉོན་ཡིད་འཕགས་ལམ་མ་ཐོབ་བར་དུ་ལྡོག་པ་མི་སྲིད་ལ།དེ་འདོད་པའི་སར་གཏོགས་པའི་སྒོམ་སྤང་ཉོན་མོངས་ཡིན་པས་སོ།ཞེས་དང་སའི་ཚོགས་སྒྲུབ་ཀྱི་སྐབས་སུ་གསེར་ཕྲེང་ལས།དེས་ན་ངེས་པའི་དོན་དུ་ན་གོང་མའི་སེམས་ཐོབ་ཀྱང་འོག་སའི་ཉོན་མོངས་མངོན་གྱུར་བ་ཀུན་ལྡོག་མི་དགོས་ཏེ།འོག་མའི་རྟེན་ལ་གོང་མའི་སེམས་ཐོབ་པའི་ཚུར་མཐོང་གི་ཉོན་ཡིད་བཞིན་ནོ།ཞེས་གསུངས་པ་རྣམས་དང་འགལ་བར་དོགས་སོ།འདི་ལ་ཚིག་ལ་བྱང་བ་འགའ་ཞིག་རྒྱུན་ཞུགས་ཞུགས་པའི་མཚན་ཉིད་བཤད་པའི་སྐབས་སུ་འདོད་ཉོན་དྲུག་པ་མ་སྤངས་པའོ་ཞེས་པའི་གང་མ་སྤངས་བའི་འདོད་ཉོན་དྲུག་པ་དེ་སྤྱིར་འདོད་ཉོན་དྲུག་པ་ལ་མི་བྱེད་པར་འཇིག་རྟེན་པའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་གྱིས་སྤོང་ནུས་ཀྱི་འདོད་ཉོན་དྲུག་པ་ལ་བྱེད་པས་ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་དེས་མཐོང་ལམ་གྱི་སྔོན་དུ་དེ་སྤངས་ཟིན་པས་ཁྱོད་ཀྱི་དོགས་པ་དེའི་སྐྱོན་མེད་དོ་ཞེ་ན།
འོ་ན་ཐོད་རྒལ་བའི་ཕྱིར་འོང་འབྲས་གནས་དེས་ཀྱང་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་འཁོར་བཅས་ལས་གཞན་པའི་འདོད་ཉོན་དྲུག་པ་མ་སྤངས་པར་འགྱུར་བས་དེ་འདྲའི་འདོད་ཉོན་དྲུག་པ་ཕྱིར་འོང་ཞུགས་པའི་སྤང་བྱའི་གཙོ་བོ་མ་ཡིན་པར་འདོད་དགོས་ལ་དེ་ལྟར་ན་ཉོན་ཡིད་མི་འདོད་པའི་ལུགས་ལ་ཡང་འདོད་ཉོན་དྲུག་པ་ཕྱིར་འོང་ཞུགས་པའི་སྤང་བྱའི་གཙོ་བོ་མ་ཡིན་པར་ཐལ་ཞིང་འགྲེལ་ཆེན་ལས།དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དྲུག་སྤངས་པས་ལན་ཅིག་ཕྱིར་འོང་བ་ཡིན་ནོ་ཞེས་དང་།རྗེ་བཙུན་པས་འདོད་ཉོན་ལ་སྐོར་དགུ་ཕྱེ་བའི་དྲུག་པ་མན་ཆད་ཕྱིར་འོང་ཞུགས་པའི་སྤང་བྱའི་གཙོ་བོ་དང་བདུན་པ་ནས་དགུ་པའི་བར་ཕྱིར་མི་འོང་ཞུགས་པའི་སྤང་བྱའི་གཙོ་བོར་བཤད་པ་དང་།བློ་གསལ་བགྲོད་པའི་ཐེམ་སྐས་ལས།ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་གང་ཞེ་ན།བཅུ་དྲུག་པ་ཐོབ་ལ་འདོད་ཉོན་དྲུག་པ་སྤངས་ཤིང་དགུ་པ་མ་སྤངས་བའི་ཐེག་དམན་ནོ།།ཞེས་གསུངས་པ་འདི་དག་ཀུན་དང་འགལ་བར་འགྱུར་རོ།གཞན་ཡང་ཀུན་གཞི་མི་འདོད་པའི་ལུགས་ལ་འཇིག་རྟེན་པའི་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཅི་ཡང་མེད་མན་ཆད་ཀྱི་སས་བསྡུས་པའི་མཐོང་སྤང་རྣམས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་སྤོང་མི་ནུས་པར་ཐལ།རྩ་བའི་དམ་བཅའ་དེའི་ཕྱིར།འདོད་ན།རྗེ་བླ་མས་མཛད་པའི་མཐའ་གཅོད་རིན་ཆེན་མྱུ་གུ་ལས།སོ་སོའི་སྐྱེ་བོའི་སྐབས་སུ་བསམ་གཏན་གྱི་དངོས་གཞི་རྒྱུད་ལ་སྐྱེད་པ་ན་འདོད་པའི་ཉོན་མོངས་སྤངས་དགོས་ལ།དེ་ཡང་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་སྒོམ་པ་མེད་ན་མི་འགྲུབ་པ་ནི་འདིར་ཡང་འདྲ་ལ།ཞེས་དང་།མཛོད་ལས།སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས།།གཞོམ་བྱ་མཐོང་བས་སྤང་བྱ་ཉིད་།།ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས།།བཟོད་པས་གཞོམ་མིན་སྒོམ་ཁོ་ནས།།ཞེས་དང་།མཆིམས་མཛོད་ལས།སྲིད་རྩེ་ལས་གཞན་པའི་མཐོང་སྤང་ས་ལྷག་མ་ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ལས་སྐྱེས་པའི་མཐོང་སྤང་རྣམས་ནི་མཐོང་བ་དང་སྒོམ་པའི་ལམ་གཉིས་ཀྱིས་ཅི་རིགས་པར་སྤོང་སྟེ།འཕགས་པ་རྣམས་ནི་མཐོང་ལམ་དང་།སོ་སོའི་སྐྱེ་བོ་རྣམས་ནི་ས་གོང་མ་ཞི་བ་དང་འོག་མ་ལ་རགས་པར་ལྟ་བའི་འཇིག་རྟེན་པའི་སྒོམ་ལམ་གྱིས་ཀྱང་སྤོང་བའི་ཕྱིར་རོ།ཞེས་དང་།མཛོད་འགྲེལ་ཐར་ལམ་གསལ་བྱེད་ལས།ས་ལྷག་མ་བརྒྱད་ལས་སྐྱེས་པ་བཟོད་པའི་གཞོམ་བྱ་དེ་མཐོང་ལམ་དང་སྒོམ་ལམ་གཉིས་ཀྱིས་སྤོང་སྟེ།འཆིང་བ་ཀུན་ལྡན་གྱི་འཕགས་པས་བདེན་པ་མངོན་སུམ་དུ་མཐོང་བའི་མཐོང་ལམ་གྱིས་སྤོང་།བྱིས་པས་མཐོང་སྤང་དང་སྒོམ་སྤང་ཆ་གཅིག་ཏུ་བསྒྲིལ་ནས་སྤོང་བའི་ཚེ་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བའི་ཕྱིར།ཞེས་དང་།ཡང་མཆིམས་མཛོད་ལས།ཡང་དེ་གཉིས་སྔར་འཇིག་རྟེན་པའི་ལམ་ཀྱིས་འདོད་པའི་ཉོན་མོངས་པ་མ་ལུས་པ་ལས་འདོད་ཆགས་དང་བྲལ་བའམ་ཡང་ན་དེ་ནས་བཟུང་སྟེ་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གང་ཡང་རུང་བ་ལས་འདོད་ཆགས་དང་བྲལ་བ་ཞིག་གིས་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་ཐོབ་པ་ནི་འབྲས་བུ་གསུམ་པ་ཕྱིར་མི་འོང་ལ་ཞུགས་པ་ཡིན་ནོ།།ཞེས་དང་།རྗེ་བཙུན་པའི་རྟེན་འབྲེལ་དང་བསམ་གཟུགས་སོགས་ཀུན་དང་འགལ་ལོ།ཡང་འགའ་ཞིག།གསེར་ཕྲེང་གཞིར་བྱས་ན་དེར་ཉོན་ཡིད་ཞེས་ཚིག་ཟིན་ལ་ཡོད་ཀྱང་དེ་ནི་ཡིད་ཤེས་སུ་གྱུར་པའི་བདག་འཛིན་ལ་མིང་དེ་ལྟར་བཏགས་ཀྱང་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་དུ་གྱུར་པའི་ཉོན་ཡིད་མེད་པས་དོགས་དེའི་སྐྱོན་མེད་དོ་ཞེས་ཟེར་བ་ནི་རང་གསེར་ཕྲེང་ལ་ཆ་རྒྱུས་མེད་པར་གཞན་ལ་བསྟན་ཏེ་འགོག་སྙོམས་ཀྱི་སྐབས་སུ་གསེར་ཕྲེང་ལས།བཞི་པ་ནི།ཚོགས་དྲུག་དང་ཉིན་ཡིད་དེ་བདུན་འཁོར་དང་བཅས་པ་འགོག་སྟེ་འདི་ལ་ཉོན་ཡིད་མ་བཀག་ན་འདུ་ཤེས་མེད་པའི་སྙོམས་འཇུག་དང་འདི་གཉིས་ལ་ཞི་མ་ཞིའི་ཁྱད་པར་མེད་པར་འགྱུར་བས་སོ།ཞེས་གསུངས་པ་འདིའི་དོན་ཇི་ལྟར་འགྲེལ་སེམས་ཤིག།།དེས་ན་རང་ལུགས་ནི་རྒྱུན་ཞུགས་ཞུགས་པའི་མཚན་ཉིད་བཤད་པའི་སྐབས་སུ་འདོད་ཉོན་དྲུག་པ་མ་སྤངས་པའོ་ཞེས་པའི་གང་མི་སྤོང་རྒྱུའི་འདོད་ཉོན་དྲུག་པ་ནི་ཉོན་ཡིད་འཁོར་བཅས་ལས་གཞན་པའི་འདོད་པའི་སས་བསྡུས་ཀྱི་ཉོན་མོངས་ལ་སྐོར་དགུར་ཕྱེ་བའི་འདོད་ཉོན་དྲུག་པ་མ་སྤངས་པའོ་ཞེས་པའི་དོན་ཡིན་པས་དོགས་པ་དེའི་སྐྱོན་མེད་དོ་ཞེས་པ་ནི་རྣལ་ལན་ཡིན་ནོ།།ཡང་དེང་སང་གི་རྩོད་པ་སྨྲ་བ་ཕལ་ཆེ་བས་རྒྱུན་ཞུགས་ཞུགས་པའི་མ་མཐའི་ས་མཚམས་སྦྱོར་ལམ་སྟན་གཅིག་པ་ཆོས་མཆོག་ནས་འཛིན་ཏེ་དེ་ནི་མཐོང་ལམ་དང་མཉམ་བཞག་ཐུན་གཅིག་ལ་སྐྱེ་དགོས་པས་དྲོད་རྩེ་སོགས་ལ་དེ་ལྟར་མེད་པའི་ཕྱིར་ཞེས་སྨྲ་བར་བྱེད་དོ།ཁྱེད་ཅག་ལ་འདི་ལྟར་ཞུ་སྟེ་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས།དང་པོ་ནི།དྲོད་ནས་ལམ་ལ་རྗེས་བཟོད་ཀྱི་བར་ལ་གནས་པའི་ཉན་ཐོས་གང་འདོད་ཉོན་དྲུག་པ་མ་སྤངས་པའོ།།ཞེས་དང་།
ཀུན་བཏུས་དར་ཊཱིཀ་ལས།སྦྱོར་ལམ་དྲོད་ནས་མཐོང་ལམ་གྱི་བར་སྟན་དེ་ཉིད་ལ་བར་མ་ཆད་དུ་སྐྱེ་ནུས་པ་མ་མཐའ་དྲོད་ནས་སྟན་གཅིག་པ་གཟུང་གི།ཆོས་མཆོག་ཁོ་ན་ནས་མི་བཟུང་སྟེ།དོགས་པ་མེད་པའི་ཕྱིར་རོ།།ཞེས་པའི་ལུང་ཚན་འདི་གཉིས་ལ་སྤྱན་ཟུར་གཟིགས་ཙམ་མཛོད་ཅིག་ཅེས་སྐུལ་ལས་དེང་དུས་ཀྱི་བློ་གསལ་བ་རྣམས་ཤེས་འཇོན་གཉིས་ལྡན།སྐད་གཉིས་སྨྲ་བ།བརྡ་སྤྲོད་པ་ཙམ་ནས་དོན་གོ་བར་རློམ་པ་རྣམས་ལ་འཁོར་གསུམ་དང་ལུང་འགལ་སོགས་སྨྲ་ག་ལ་སྤོབས།འོན་ཀྱང་ཉན་ཐོས་སྦྱོར་ལམ་དྲོད་ནས་དེས་མཐོང་ལམ་གྱི་བར་མཉམ་བཞག་ཐུན་གཅིག་ལ་སྐྱེ་བའི་ཁྱབ་ན་རྗེས་མཛད་པའི་བློ་གསལ་བགྲོད་པའི་ཐེམ་སྐས་ལས།དེ་ཡང་སྟན་གཅིག་ལ་སྦྱོར་ལམ་དང་མཐོང་ལམ་གཉིས་བར་མ་ཆད་དུ་བསྐྱེད་པའི་སྦྱོར་ལམ་ཡིན་ལ།ཚེ་བརྗེས་ནས་མཐོང་ལམ་སྐྱེད་པའི་སྦྱོར་ལམ་པ་དང་།ཚེ་འདི་ཉིད་ལ་མཐོང་ལམ་སྐྱེད་ཀྱང་སྟན་གཅིག་ལ་མི་སྐྱེད་པའི་སྦྱོར་ལམ་པ་རྣམས་ཀྱི་སྦྱོར་ལམ་ལ་མི་བཞེད་པར་མངོན་ཏེ།ཞེས་གསུངས་པ་དང་འགལ་ལ།དེའི་སྦྱོར་ལམ་དྲོད་ནས་མཐོང་ལམ་གྱི་བར་མཉམ་བཞག་ཐུན་གཅིག་ལ་སྐྱེ་བ་མེད་ན་སྟན་གཅིག་པའི་དོན་ཇི་ཡིན་དང་མཛོད་ལས།དང་པོར་མ་ཡིན་སྐད་ཅིག་མ།།སུམ་བཅུ་རྩ་བཞིས་ཐོབ་ཕྱིར་རོ།།ཞེས་པའི་སྐབས་སུ་མཆིམས་མཛོད་ལས།ཁ་ཆེ་བ་ན་རེ་ཟད་པ་དང་མི་སྐྱེ་བ་ཤེས་པའི་དང་པོར་ཏེ་སྔོན་དུ་ནི་འགོག་པ་མངོན་དུ་བྱས་པ་མ་ཡིན་ཏེ།ཅིའི་ཕྱིར་ཞེ་ན།བྱང་ཆུབ་སེམས་དཔའ་ནི་སྟན་གཅིག་ཁོ་ན་ལ་བར་ཆད་མེད་པ་དང་རྣམ་གྲོལ་གྱི་ལམ་གྱི་ཡེ་ཤེས་སྐད་ཅིག་མ་སུམ་བཅུ་རྩ་བཞི་རྒྱུན་ཆགས་སུ་བསྐྱེད་ནས་བྱང་ཆུབ་འཐོབ་པའི་ཕྱིར་རོ།ཞེས་དང་།ཁ་ཆེ་བ་རྣམས་ན་རེ།འགོག་པས་བར་ཆོད་ན་བྱང་ཆུབ་སེམས་དཔའ་བསམ་པ་ལྡང་བ་ཅན་དུ་འགྱུར་རོ་ཞེས་ཟེར་རོ།ནུབ་ཕྱོགས་པ་ནི་མི་འགྱུར་ཏེ།ལུང་གཞི་ལས་ཇི་སྲིད་ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་གཞིག་པར་མི་བྱའོ་ཞེས་དམ་བཅས་པར་གསུངས་ཀྱི་ཟག་མེད་ཀྱི་ལམ་ལས་མི་ལྡང་བར་ནི་མ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་ལན་འདེབས་པར་བྱེད་དོ།འགྲེལ་བ་ལས་ནི།སྔ་མ་ཁོ་ན་ཡིན་ནོ་ཞེས་བརྗོད་དེ་ཞེས་འབྱུང་བས་བར་དུ་འགོག་པ་མ་བསྐྱེད་ཀྱི་ཟད་པ་མཁྱེན་པ་དང་དུས་མཉམ་དུ་བརྙེས་པ་ཉིད་རིགས་སོ་ཞེས་བྱ་བའོ།།ཞེས་སློབ་དཔོན་གྱིས་ནུབ་ཕྱོགས་པ་རྣམས་བཀག་ནས་སྟན་གཅིག་པའི་དོན་མཉམ་བཞག་ཐུན་གཅིག་ལ་གསུངས་པ་དང་།
ཡང་ཉན་ཐོས་ལ་ཉན་ཐོས་ཀྱི་སྦྱོར་ལམ་དྲོད་ནས་ལམ་རྗེས་ཤེས་ཀྱི་བར་མཉམ་བཞག་ཐུན་གཅིག་ལ་སྐྱེ་བ་དང་མི་སྐྱེད་པའི་ཕྱོགས་གཉིས་ཡོད་ན་དེ་དག་དབང་པོ་རྣོ་རྟུལ་ལམ་ཚོགས་སོགས་གང་གི་སྒོ་ནས་དེ་ལྟར་འགྱུར་བ་སོགས་དཔྱད་བྱ་མང་ཡང་རེ་ཞིག་བཞག་གོ།ཡང་ཕྱིར་འོང་གི་སྐབས་སུ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་མེད་ལ་ཅུང་ཟད་དཔྱད་ན་མཆིམས་མཛོད་ལས།དེ་འཆད་པ་ན་བརྒྱད་དུ་དབྱེ་བ་དང་།བདུན་དུ་དབྱེ་བ་དང་།གཉིས་སུ་དབྱེ་བ་གསུམ་ལས་དང་པོ་ལའང་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་དང་།མཐར་གྱིས་པ་དང་།ཁྱད་པར་བཤད་པ་གསུམ་གྱི་དང་པོ་ནི་འཇིག་རྟེན་པའི་སྒོམ་ལམ་གྱིས་སྲིད་རྩེ་མ་གཏོགས་པའི་ས་བརྒྱད་པོ་ལས་ཅི་རིགས་པར་འདོད་ཆགས་དང་བྲལ་བ་སྔོན་དུ་སོང་ནས་མཐོང་ལམ་ཐོབ་པར་བྱེད་པ་སྟེ།དེ་ཡང་འགྲེལ་བ་ལས་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་གཉིས་བཤད་པ་ལས་དང་པོ་ནི་འདོད་པའི་རྣམ་པ་དྲུག་པ་ནས་བརྒྱད་པའི་བར་སྤངས་པ་དང་།གཉིས་པ་ནི་འདོད་པའི་རྣམ་པ་དགུ་པ་སྤངས་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དགུ་པ་སྤངས་པའི་བར་ལ་ཊཱིཀས་བཤད་ཀྱི་རྣམ་པ་ལྔ་པ་སྤངས་ནས་མཐོང་ལམ་ཐོབ་པ་ནི་ཆགས་བྲལ་སྔོན་འགྲོར་མ་བཤད་ལ།འཇིག་རྟེན་པ་ཡིས་ཐོབ་འབྲས་ནི་ཞེས་པའི་འགྲེལ་པར་ཡང་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་གཉིས་ཞེས་འབྱུང་བའི་ཕྱིར་འབྲས་བུ་བར་པ་གཉིས་ལ་ཡོད་ཀྱི་སྔ་ཕྱི་གཉིས་ལ་ནི་ཆགས་བྲལ་སྔོན་འགྲོ་མེད་དོ།ཞེས་དང་།
མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ལས།དེ་དབང་པོ་དགུས་ཐོབ་པ་ཡོད་དེ་།ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གི་འབྲས་བུ་དེ་དབང་པོ་དགུས་ཐོབ་པའི་ཕྱིར།ཞེས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་པར་བཤད་ལ་དེ་བཞིན་དུ་ལེགས་བཤད་གསེར་ཕྲེང་ལས།གཞན་ཡང་དེ་གཉིས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་ཞུགས་པ་དང་།ཕྱིར་མི་འོང་དང་དགྲ་བཅོམ་ཞུགས་པ་གཞི་མཐུན་པ་ཡིན་ཀྱང་ཆགས་བྲལ་སྔོན་སོང་གི་ཞུགས་པ་ནི་མིན་ཏེ།ཞེས་དང་།དེ་བཞིན་དུ་གུང་ཐང་བློ་གྲོས་རྒྱ་མཚོས་མཛད་པའི་འགྲེལ་བ་དོན་གསལ་གྱི་མཆན་འགྲེལ་དང་།དགེ་བཤེས་དཔལ་ལྡན་བཟང་པོས་མཛད་པའི་གསེར་ཕྲེང་གི་མཆན་འགྲེལ་དང་།དགེ་བཤེས་སུ་ཉིད་ཡེ་ཤེས་རྒྱ་མཚོས་མཛད་པའི་གསེར་ཕྲེང་གི་ཚིག་སྡོམ་སོགས་ལས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་པར་གསུངས་པའི་ཕྱོགས་སོ།ཀུན་བཏུས་དར་ཊཱིཀ་ལས།དེ་ཉིད་ལ་ཡང་མཐོང་ལམ་གྱི་སྔ་རོལ་ཏུ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་དང་།སྒོམ་ལམ་གྱིས་ཐོབ་པ་གཉིས་ཡོད་ལ།སྔ་མ་ལ་ཆགས་བྲལ་སྔོན་སོང་དུ་འདོད་པ་ནི་ཧ་ཅང་ཐལ་བའོ།ཞེས་གསུང་པ་ལ་བརྟེན་ནས་འཇམ་དབྱངས་རྣམ་རོལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དགེ་འདུན་ཉི་ཤུའི་སྤྱི་དོན་ལས།དེ་འདྲའི་ཕྱིར་འོང་མེད་དེ་།ཆགས་བྲལ་སྔོན་སོང་ཞེས་པའི་ཆགས་པ་དེ་སྤྱིར་འདོད་ཉོན་དང་ཁྱད་པར་དུ་འཇིག་རྟེན་པའི་སྒོམ་སྤང་དུ་གྱུར་པའི་འདོད་པའི་འདོད་ཆགས་ལ་བྱེད་རིགས་པ་གང་ཞིག།མཐོང་ལམ་གྱི་སྔ་རོལ་ཏུ་དེ་ལ་ཆགས་བྲལ་བྱས་པའི་ཕྱིར་འོང་མེད་པའི་ཕྱིར་ཏེ།དེའི་སྔ་རོལ་ཏུ་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱིར་འོང་མེད་པའི་ཕྱིར།ཞེས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མེད་པར་གསུངས་ལ།དེ་དང་མཐུན་པར་མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་མཐའ་དཔྱོད་དང་།བྱང་རྩེའི་མཁས་དབང་སྦྱིན་པ་དར་རྒྱས་སོགས་ཡིག་ཆའི་བདག་པོ་མང་པོས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མེད་པར་གསུངས་སོ།དེ་ལྟར་ཕྱོགས་གཉིས་ཡོད་ཀྱང་དགོངས་པར་འགལ་བ་མེད་དེ་།རང་གི་ཞུགས་པའི་སྤངས་བྱའི་གཙོ་བོ་ལ་མཐོང་ལམ་གྱི་སྔོན་དུ་ཆགས་བྲལ་བྱས་པ་ལ་ཆགས་བྲལ་སྔོན་སོང་གི་བརྡ་སྦྱར་མི་སྦྱོར་གྱི་ཁྱད་པར་ཙམ་མོ།འོ་ན་ཁྱོད་ཁས་ལེན་གང་གི་ཕྱོགས་འཛིན་ཞེ་ན་རེ་ཞིག་ལེགས་བཤད་གསེར་ཕྲེང་ལྟར་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་ཅེས་སྨྲ་བར་བྱ་ལ།བླ་མ་རྗེ་བཙུན་པས་མཛད་པའི་ཤཱཀ་ལན་ལྟར་ན་ཡང་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་པར་འདོད་དགོས་ཏེ་ཤཱཀ་ལན་ལས།ཤེས་བྱ་ཆོས་ཅན།གསུང་འདིས་དགྲ་བཅོམ་ལ་ཆགས་བྲལ་སྔོན་སོང་ཡོད་པར་བསྟན་པ་མ་ཡིན་པར་ཐལ།འདིས་དགྲ་བཅོམ་ལ་ཆགས་བྲལ་སྔོན་སོང་མེད་པར་བསྟན་པ་ཡིན་པའི་ཕྱིར།དེར་ཐལ།ཆགས་བྲལ་སྔོན་སོང་ཞེས་པ་མཐོང་ལམ་གྱི་སྔ་རོལ་ཏུ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་རང་གི་ཞུགས་པའི་སྤང་བྱའི་གཙོ་བོ་ལ་ཆགས་པ་མངོན་གྱུར་བ་དང་བྲལ་བར་བྱས་པ་ཅིག་ལ་འཇོག་རིགས་པ་གང་ཞིག་ཊཱིཀ་ཆེན་གྱིས་གསུང་དེས།ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལམ་གྱིས་མངོན་པ་ནས་བཤད་པའི་སྲིད་རྩེའི་སས་བསྡུས་ཀྱི་ཉོན་མོངས་མངོན་གྱུར་ཡང་སྤོང་མི་ནུས་པར་བསྟན་པའི་ཕྱིར།རྟགས་དང་པོ་མ་གྲུབ་ན།དགེ་འདུན་ཉི་ཤུའི་རྣམ་གཞག་མ་ཆགས་པར་གསལ་ལོ།ཞེས་གསུངས་པའི་ཕྱིར་རོ།སྐབས་འདིར་ཁ་ཅིག།རྗེ་བཙུན་གྱི་དགེ་འདུན་ཉི་ཤུའི་སྤྱི་དོན་ལྟར་ན།ཆགས་བྲལ་སྔོན་སོང་ཡིན་ན་རང་གི་ཞུགས་པའི་སྤང་བྱའི་གཙོ་བོ་ལ་མཐོང་ལམ་གྱི་སྔ་རོལ་ཏུ་ཆགས་བྲལ་བྱེད་དགོས་པར་ཐལ།ཆགས་བྲལ་སྔོན་སོང་གི་རྒྱུན་ཞུགས་ཡོད་ན་དེ་ལྟར་དགོས་པའི་ཕྱིར་ཟེར་ན་མི་འདྲ་སྟེ།མཐོང་ལམ་གྱི་སྔ་རོལ་ཏུ་འདོད་ཉོན་དགུ་པ་སྤངས་པའི་ཉན་ཐོས་ཀྱིས་ལམ་རྗེས་ཤེས་ཐོབ་པ་ན་ཕྱིར་མི་འོང་འགྱུར་གྱི་རྒྱུན་ཞུགས་སུ་མི་འགྱུར་པས་གལ་ཏེ་ཆགས་བྲལ་སྔོན་སོང་གི་རྒྱུན་ཞུགས་ཡོད་ན་རང་གི་ཞུགས་པའི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་བྱས་ལས་འོས་མེད་དོ་ཞེས་པ་སྤྱི་དོན་གྱི་དགོངས་པ་ཡིན་ལ།མ་གྲུབ་ན།དགེ་འདུན་ཉི་ཤུའི་སྤྱི་དོན་ལས།ཆགས་བྲལ་སྔོན་སོང་གི་རྒྱུན་ཞུགས་མེད་དེ་།མཐོང་ལམ་གྱི་སྔ་རོལ་ཏུ་འཇིག་རྟེན་པའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་གྱིས་རྒྱུན་ཞུགས་ཞུགས་པའི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་བྱེད་མི་ནུས་པའི་ཕྱིར་ཏེ།དེའི་སྔ་རོལ་ཏུ་མཐོང་སྤང་ཀུན་སྦྱོར་གསུམ་ལ་ཆགས་བྲལ་བྱེད་མི་ནུས་པའི་ཕྱིར།ཞེས་གསུངས་པའི་ཕྱིར།གོང་དུ་འདོད་ན་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཆོས་ཅན།མཐོང་ལམ་གྱི་སྔ་རོལ་ཏུ་རང་གི་ཞུགས་པའི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་བྱས་པར་ཐལ།ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར།འདོད་ན་དེས་མཐོང་ལམ་གྱི་སྔ་རོལ་ཏུ་ཐ་མའི་ཆ་མཐུན་ལྔ་ལ་ཆགས་བྲལ་བྱས་པར་ཐལ།དེ་དེའི་ཞུགས་པའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར།མ་གྲུབ་ན་རྗེ་བཙུན་གྱི་དགེ་འདུན་ཉི་ཤུའི་སྤྱི་དོན་ལས།ཐ་མའི་ཆ་མཐུན་ལྔ་པོ་དེ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་གེགས་བྱེད་པའི་གཙོ་བོ་ཡིན་པས་དེ་ལྟར་བཞག་པའི་ཕྱིར།ཞེས་དང་།
ཀུན་བཏུས་དར་ཊཱིཀ་ལས།གཉིས་པ་རྩོད་པ་ནི།གང་གི་ཚེ་ཞེས་ཏེ།འདོད་ཉོན་དགུ་པ་སྤངས་པས་ཕྱིར་མི་འོང་དུ་འགྱུར་ན།ཐ་མའི་ཆ་མཐུན་ལྔ་སྤངས་པས་འགྱུར་བར་བཤད་པ་དང་འགལ་ལོ་ཞེ་ན། མདོ་ནི་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་པོ་འཇིག་ཚོགས་ལ་ལྟ་བ་དང་།ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་།ཐེ་ཚོམ་དང་།འདོད་པ་ལ་འདུན་པ་དང་།གནོད་སེམས་ཏེ་དེ་དག་སྤངས་པས་ཕྱིར་མི་འོང་བ་ཡིན་ཞེས་བཤད་དོ་།ལན་ནི།གཙོ་བོ་ཞེས་ཏེ།འགལ་བ་མེད་པར་ཐལ།ཕྱིར་མི་འོང་གི་སྤང་བྱའི་གཙོ་བོ་ཡིན་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར།གཙོ་བོ་ཡིན་ཏེ།གསུམ་གྱིས་འགྲོ་བ་ཐ་མ་སོ་སྐྱེ་ལས་མི་འདའ་བའི་རྒྱུ་བྱེད་།གཉིས་ཀྱིས་ཁམས་ཐ་མ་འདོད་པ་ལས་མི་འདའ་བའི་རྒྱུ་བྱེད་ཅིང་།ཕྱིར་མི་འོང་ཐོབ་པ་ལ།མཐོང་ལམ་ཐོབ་དགོས་པར་མ་ཟད་།འདོད་པ་ལས་ཀྱང་ཆགས་པ་དང་བྲལ་དགོས་པས་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར།ཞེས་གསུངས་པ་དང་འགལ་ལོ།ཡང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མེད་པའི་རྒྱུ་མཚན་དུ་།ཀུན་བཏུས་དར་ཊཱིཀ་ཀྱི་ཚིག་འདི་ལ་མཐོང་ལམ་གྱི་སྔ་རོལ་ཏུ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་དང་སྒོམ་ལམ་གྱི་སྟོབས་ཀྱིས་ཐོབ་པ་གཉིས་ལས་སྔ་མ་ལ་ཆགས་བྲལ་སྔོན་སོང་དུ་འདོད་པ་ནི་ཧ་ཅང་ཐལ་ཆེས་སོ།ཞེས་པའི་ལུང་འདི་དྲངས་འདུག་པས།ལུང་འདི་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མེད་པའི་སྒྲུབ་བྱེད་དུ་ཇི་ལྟར་འགྱུར་ཏེ་ལུང་འདིའི་དོན་ཐོད་རྒལ་བའི་ཕྱིར་འོང་འབྲས་གནས་ཁྱད་དེ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པར་འདོད་ན་ཧ་ཅང་ཐལ་ཆེས་སོ་ཞེས་པ་ཡིན་པའི་ཕྱིར་ཏེ་ཀུན་བཏུས་དར་ཊཱིཀ་ལས།གསུམ་པ་ཕྱིར་མི་འོང་ཞུགས་གནས་ལ་གཉིས།དངོས་དང་རྩོད་པ་སྤང་བའོ།དང་པོ་ནི།ཕྱིར་མི་འོང་ཞེས་ཏེ།ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་གང་ཟག་དང་།དེས་ཕྱེ་བའི་འབྲས་བུ་ལ་གནས་པའི་གང་ཟག་གོ།འདིར་ཡང་བདུན་པ་དང་།བརྒྱད་པ་སྤང་བར་བཤད་པ་ནི།དེ་གཉིས་སྤངས།དགུ་པ་སྤང་བའི་སྦྱོར་བ་ལ་བརྩོན་པ་གཙོ་བོའི་དེ་དབང་དུ་བྱས་པའོ།འདི་ལ་ཡང་།མཐོང་ལམ་གྱི་སྔོན་དུ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་དང་།སྒོམ་ལམ་གྱིས་ཐོབ་པ་གཉིས་ཡོད་ལ།སྔ་མ་ཆགས་བྲལ་སྔོན་སོང་དུ་འདོད་པ་ནི་ཧ་ཅང་ཐལ་བའོ།ཞེས་ཕྱིར་མི་འོང་ཞུགས་པ་ལ་དེ་ལྟར་གསུངས་ཀྱི་ཕྱིར་འོང་ལ་དེ་ལྟར་མ་གསུངས་པའི་ཕྱིར་སྙམ་ན།ཁྱེད་ཀྱི་གསུང་པ་ལྟར་དོགས་པ་དེ་ལྟར་སྐྱེ་བའི་གཞིར་མཆིས་ཀྱང་ཀུན་བཏུས་དར་ཊཱིཀ་ཀྱི་ཚིག་དེས་དོན་ལ་ཐོད་རྒལ་བའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དེ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པར་འདོད་ན་ཧ་ཅང་ཐལ་བར་འགྱུར་ཞེས་གོ་ཡང་ཚིག་གི་དངོས་ཟིན་ལ་ཐོད་རྒལ་བའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དེ་ཆགས་བྲལ་སྔོན་སོང་དུ་འདོད་ན་ཧ་ཅང་ཐལ་བའོ་ཞེས་ཡོད་པ་ནི་སྙོན་དུ་མེད་ལ་དེ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མིན་ན་ཐོད་རྒལ་བའི་ཕྱིར་འོང་འབྲས་གནས་ཙམ་པོ་བ་དེ་ཡང་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དུ་མི་འགྱུར་བའི་ཕྱིར།དར་ཊཱིཀ་ཀྱི་ལུང་དེ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མེད་པའི་སྒྲུབ་བྱེད་དུ་མི་འགྱུར་བའི་སྐྱོན་མེད་དོ་།འོན་ཀྱང་མཛོད་འགྲེལ་གྱི་རྒྱ་གཞུང་མང་པོས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་པར་བཤད་པས་རྒྱལ་ཚབ་ཀྱིས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་མེད་པས་ཁུངས་རྒྱ་གཞུང་གང་ལ་གཏུགས་དཔྱོད་ཅིག།
ཡང་དགེ་བཤེས་དཔལ་ལྡན་བཟང་པོས་མཛད་པའི་གསེར་ཕྲེང་གི་མཆན་འགྲེལ་ལས།ཐོད་རྒལ་བའི་ཕྱིར་འོང་དེ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཆགས་བྲལ་སྔོན་སོང་མ་ཡིན་པ་གཉིས་ཀ་ཡིན་ཏེ།ཕྱིར་འོང་ཞུགས་པའི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་སྔོན་དུ་སོང་བ་དང་འདོད་ཆགས་དང་བཅས་པ་གཉིས་ཀ་ཡིན་པས་སོ།ཞེས་དང་དགེ་བཤེས་བློ་གསལ་རྒྱ་མཚོས་མཛད་པའི་ཕར་ཕྱིན་སྐབས་དང་པོའི་བརྗེད་བྱང་སྐལ་བཟང་མགྲིན་རྒྱན་ལས།སྔ་མ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་ཀྱང་དེ་ཆགས་བྲལ་སྔོན་སོང་མ་ཡིན་པར་བཞེད་ཅིང་།ཞེས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཡོད་ཀྱང་དེ་ཆགས་བྲལ་སྔོན་སོང་མ་ཡིན་པར་བཞེད་པ་སོགས་ཁས་ལེན་སྣ་ཚོགས་པར་ཡོད་ཀྱང་རང་ལུགས་གོང་སྨྲས་བཞིན་ལེགས་བཤད་གསེར་ཕྲེང་ལྟར་ཁས་ལེན་བྱེད་ན་མཐུན་ཚབས་ཆེའོ།།ཡང་ཞུགས་པའི་ས་མཚམས་ལ་བོད་སྔ་རྗེས་མང་པོར་ཁས་ལེན་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་པ་ལས་ཅུང་ཟད་དཔྱད་ན་དེ་ཡང་ཀུན་བཏུས་ལས།རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་གང་ཞེ་ན།གང་ངེས་པར་འབྱེད་བའི་ཆ་དང་མཐུན་པ་ལ་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ་གནས་པའི་གང་ཟག་གོ།རྒྱུན་དུ་ཞུགས་པ་གང་ཞེ་ན།གང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་གནས་པའི་གང་ཟག་གོ།མཐོང་བའི་ལམ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་པ་སྟེ།ཆོས་མངོན་པར་རྟོགས་པ་ཡང་དེ་ཡིན་ནོ།འདོད་པ་རྣམས་ལས་འདོད་ཆགས་དང་མ་བྲལ་བའི་གང་ཟག་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་རྒྱུན་དུ་ཞུགས་པར་འགྱུར་རོ།ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་ལན་ཅིག་ཕྱིར་འོང་བར་འགྱུར་རོ།འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ནས་ཕྱིར་མི་འོང་བར་འགྱུར་རོ།ཞེས་རྒྱུན་ཞུགས་ཞུགས་པའི་ས་མཚམས་སྦྱོར་ལམ་ནས་ལམ་རྗེས་བཟོད་ཀྱི་བར་དང་།ཕྱིར་འོང་དང་ཕྱིར་མི་འོང་གཉིས་ཀྱི་ཞུགས་པའི་ས་མཚམས་མཐོང་ལམ་ནས་འཛིན་པར་གསུངས་ལ་དེ་བཞིན་ལེགས་བཤད་གསེར་ཕྲེང་ལས།དེ་ལ་མཛོད་ལྟར་ན་བརྒྱད་ཀ་ལ་འཕགས་པས་ཁྱབ་སྟེ།ཞུགས་པ་དང་པོ་རྟོགས་པ་དམའ་ཤོས་ཡིན་ན་དེ་ཡང་སྡུག་བསྔལ་ལ་ཆོས་བཟོད་ཚུན་ལ་གནས་པར་བཤད་པས་སོ།དེ་དང་ཆགས་བྲལ་སྔོན་སོང་གི་ཞུགས་པ་གཉིས་མཐོང་ལམ་པ་དང་།མཐར་གྱིས་པའི་ཞུགས་པ་གསུམ་ནི་སྒོམ་ལམ་པ་དང་།འབྲས་གནས་གང་ཡིན་ལ་སྒོམ་ལམ་ཐོབ་པས་ཁྱབ་སྟེ།བཅུ་དྲུག་པ་སྒོམ་ལམ་ཡིན་པས་སོ།ཀུན་བཏུས་ལྟར་ན་ཞུགས་པ་དང་པོ་ལ་སྦྱོར་ལམ་པའང་ཡོད་ལ་ཞུགས་པ་གཞན་རྣམས་མཚུངས་སོ།ཞེས་དང་ཐོད་རྒལ་བའི་ཕྱིར་འོང་བཤད་པའི་སྐབས་སུ་གསེར་ཕྲེང་ལས།ཕྱིར་འོང་ཞུགས་པ་ནི།མཐོང་ལམ་གྱི་སྔོན་དུ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་སྒོམ་སྤང་དྲུག་པ་སྤངས་ལ་བདུན་བརྒྱད་སྤངས་པའམ་མ་སྤངས་ཀྱང་རུང་དགུ་པ་མ་སྤངས་པ་དང་།སྡུག་བསྔལ་ལ་ཆོས་བཟོད་ནས་ལམ་ལ་རྗེས་བཟོད་ཀྱི་བར་གང་ཐང་རུང་བ་ལ་གནས་པ་རྟོགས་པའི་ཁྱད་པར་ཏེ་སྤངས་རྟོགས་དེ་གཉིས་དང་ལྡན་པའོ།ཕྱིར་མི་འོང་ཞུགས་པ་ནི།མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དགུ་པ་སྤངས་ལ།བསམ་གཏན་དང་པོ་ནས་གོང་མ་ཅི་ཡང་མེད་པ་མན་ཆད་ལ་ཆགས་པ་དང་བྲལ་བའམ་མ་བྲལ་ཡང་རུང་བའི་རྟོགས་པའི་ཁྱད་པར་སྔ་མ་ལྟ་བུ་དང་ལྡན་པ་སྟེ།ཞེས་ཐོད་རྒལ་བའི་ཞུགས་པ་གཉིས་ཀྱི་མ་མཐའི་ས་མཚམས་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ནས་འཛིན་པར་གསུངས་སོ།
རྒྱུན་ཞུགས་ཞུགས་པ་བཤད་པའི་སྐབས་སུ་རྣམ་བཤད་སྙིང་པོ་རྒྱན་ལས།ས་མཚམས་སྦྱོར་ལམ་སྟན་གཅིག་པ་ནས་རྒྱུན་ཞུགས་ཀྱི་འབྲས་བུས་བསྡུས་པའི་རྣམ་གྲོལ་ལམ་མ་ཐོབ་ཚུན་ཆད་དོ་།ཞེས་དང་།ཕྱིར་འོང་གི་སྐབས་སུ།ཐོད་རྒལ་བའི་ཞུགས་པ་ནི་རྒྱུན་ཞུགས་ལྟར་ཏེ།མཐོང་ལམ་གྱི་སྔོན་དུ་སྒོམ་སྤང་དྲུག་པ་ནས་བརྒྱད་པའི་བར་གང་རུང་སྤངས་པ་ནི་ཁྱད་པར་རོ།ཞེས་དང་།ཕྱིར་མི་འོང་གི་སྐབས་སུ།ས་མཚམས་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པའི་ས་མཚམས་ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་དང་འདྲ་ལ།ཞེས་ཐོད་རྒལ་བའི་ཞུགས་པ་གཉིས་ཀྱི་ས་མཚམས་ཡང་སྦྱོར་ལམ་ནས་འཛིན་པར་གསུངས་སོ།དེ་དང་མཐུན་པར་བླ་མ་རྗེ་བཙུན་པས་ཐོད་རྒལ་བའི་ཞུགས་པ་གཉིས་ཀྱི་ས་མཚམས་སྦྱོར་ལམ་ནས་འཛིན་པར་གསུངས་སོ།དེ་ལྟར་ཕྱོགས་གཉིས་ལས་རང་ལུགས་གསེར་ཕྲེང་ལྟར་ཁས་ལེན་ན་ཀུན་བཏུས་དང་མཐུན་ཚབས་ཆེའོ།ཡང་འབྲས་གནས་ལ་བཞིར་འཇོག་དགོས་པའི་རྒྱུ་མཚན་བཤད་པའི་སྐབས་སུ་ལེགས་བཤད་གསེར་ཕྲེང་ལས།གསུམ་པ་ནི།རྒྱུན་ཞུགས་སོགས་འབྲས་བུ་བཞིར་ངེས་པ་ཅི་ཞེ་ན།སྤྱིར་འབྲས་བུར་འཇོག་པ་ལ་རྒྱུ་མཚན་ལྔ་སྟེ་ཞུགས་ལམ་སྔོན་དུ་བཏང་བ་དང་།འབྲས་གནས་ཀྱི་ལམ་ཐོབ་པ་དང་།མཐོང་སྤང་སྤངས་བའི་སྤང་བྱ་ཐམས་ཅད་ཀྱི་བྲལ་ཐོབ་གཅིག་རྙེད་པ་ལྟ་བུའི་ཟད་པ་བསྡོམས་པ་དང་།ཤེས་པ་བརྒྱད་།མི་རྟག་སོགས་ཀྱི་རྣམ་པ་བཅུ་དྲུག་ཐོབ་པ་ཡིན་ལ།རྒྱུ་མཚན་འདི་ཡང་བཞི་པོ་དེ་ལ་སྲིད་ཀྱི་གཞན་དུ་མེད་པས་བཞག་སྟེ།མཛོད་ལས།འབྲས་བུ་བཞི་རྣམ་བཞག་པ་ནི།།
རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ།།འབྲས་ལ་སྔོན་ལམ་བཏང་བ་དང་།།གཞན་ཐོབ་པ་དང་ཟད་བསྡོམས་དང་།།ཤེས་པ་བརྒྱད་ཚན་ཐོབ་པ་དང་།།རྣམ་པ་བཅུ་དྲུག་ཐོབ་པ་འོ།།ཞེས་གསུངས་སྐབས་འདིར་འདི་ལྟར་དོགས་ཏེ་འབྲས་ལ་སྔོན་ལམ་བཏང་བ་དང་ཞེས་པའི་མཛོད་ཚིག་འདིས་བསྟན་པ་ལྟར་ཁས་ལེན་ན་འབྲས་གནས་བཞི་པོ་གང་རུང་ཐོབ་པ་ན་གང་ཐོབ་པའི་འབྲས་གནས་དེའི་ཞུགས་པའི་ལམ་བཏང་བར་ཐལ།མཛོད་ཚིག་དེས་དེ་ལྟར་བསྟན་པ་གང་ཞིག་ཚིག་དེ་སྒྲ་ཇི་བཞིན་པ་ཡིན་པའི་ཕྱིར།འདོད་ན།རྒྱུན་ཞུགས་འབྲས་གནས་དེས་ཉན་ཐོས་ཀྱི་སྦྱོར་ལམ་དང་ལམ་རྗེས་བཟོད་ཡན་ཆད་ཀྱི་མཐོང་ལམ་རྣམས་ཀྱང་བཏང་བར་ཐལ་ལོ།དེ་ཡང་འདོད་ན།འཕགས་པས་དེ་དག་ས་བོས་ནས།།གཏོང་ངོ་འཕགས་མིན་འཆི་བས་སོ།།ཞེས་པའི་གཞུང་འདི་དག་ཀྱང་སྒྲ་ཇི་བཞིན་པར་འགྱུར་རོ།མཛོད་ཚིག་དེས་འབྲས་གནས་ཀྱི་རྟོགས་པ་ཐོབ་པ་ན་དེ་ཐོབ་བྱེད་ཀྱི་ཞུགས་ལམ་སྔོན་དུ་སོང་བར་བསྟན་ཀྱི་འབྲས་གནས་ཐོབ་པ་ན་སྔོན་གྱི་ཞུགས་ལམ་བཏང་དགོས་པར་མ་བསྟན་ནོ་སྙམ་ན།ཁྱོད་ཀྱིས་ལེན་དེས་ཁྱོད་མཛོད་ལ་ཆ་རྒྱུས་མེད་པར་གསལ་བས་མཛོད་རང་འགྲེལ་དང་།མཆིམས་མཛོད།མཛོད་ཊཱིཀ་ཐར་ལམ་གསལ་བྱེད་སོགས་ལ་ངལ་བ་ཆེན་པོས་གཟིགས་ཤིང་དཔྱོད་ལ་གཞི་ནས་ལན་ཐོབས་ཤིག།གཞན་ཡང་མཛོད་ལས།གཞན་ཐོབ་པ་དང་ཟད་བསྡོམས་དང་།ཞེས་པའི་ཟད་བསྡོམས་བཤད་པའི་སྐབས་སུ་མཆིམས་མཛོད་ལས།དེ་ཡང་ཟད་པ་བསྡོམས་པ་ནི་སྤངས་པ་སོ་སོ་བ་རྣམས་བཏང་ནས་ཐམས་ཅད་སྡོམ་པའི་བྲལ་ཐོབ་ཟག་མེད་གཅིག་རྙེད་པ་སྟེ།འབྲས་བུ་དང་པོ་ལ་མཐོང་སྤང་གི་ཟད་པ་སྡོམ་པ་གཅིག་རྙེད་པ་དང་།གཉིས་པ་ལ་མཐོང་སྤང་དང་འདོད་པའི་སྒོམ་སྤང་དྲུག་ཟད་པ་སྡོམ་པ་ལ་སོགས་པའོ།ཞེས་བྱེ་བྲག་སྨྲ་བས་བཤད་པ་ལྟར་ལུགས་འདིར་ཁས་ལེན་དུ་མི་རུང་བས་ལུགས་འདིར་ཟད་པ་སྡོམ་ཚུལ་གང་ཡིན་དང་།རྣམ་པ་བཅུ་དྲུག་ཐོབ་པ་འོ།།ཞེས་པ་ཡང་མཆིམས་མཛོད་ལས།དེ་ལ་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་མན་ཆད་ལ་ནི་རྒྱུ་མཚན་ལྔ་ག་མེད་པའི་ཕྱིར་དང་ཞུགས་པ་ཕྱི་མ་གསུམ་ལ་ནི་རྒྱུ་མཚན་ཕྱི་མ་གཉིས་ཡོད་ཀྱང་སྔ་མ་གསུམ་མེད་པའི་ཕྱིར་འབྲས་བུར་མ་བཤད་དོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ་།ཞེས་བྱེ་སྨྲས་ཉན་ཐོས་མཐོང་ལམ་རྗེས་བཟོད་མན་ཆད་དུ་བདེན་བཞི་མི་རྟག་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་མཁྱེན་པ་མ་ཐོབ་པར་གསུང་པ་ཡང་ཐེག་ཆེན་གྱི་ལུགས་དང་མི་འདྲ་བས་དེ་དག་གི་ཁྱད་པར་དང་།ཡང་མཆིམས་མཛོད་ལས།འོ་ན་བཅུ་དྲུག་པའམ་ལམ་ལ་ངེས་པར་འབྱིན་པའམ།ལམ་ལ་རྗེས་བཟོད་སྔར་མ་མཐོང་བ་མཐོང་བའི་ཕྱིར་མཐོང་ལམ་དུ་འགྱུར་རོ་ཞེ་ན།མཐོང་མ་མཐོང་ནི་བདེན་པ་མཐོང་བ་དང་མ་མཐོང་བའི་དབང་དུ་བྱས་ཀྱི་རྣམ་པའི་དབང་དུ་མ་བྱས་པས་རྣམ་པ་གཅིག་མ་མཐོང་བས་ནི་མ་མཐོང་བར་མི་འགྱུར་ཏེ་ཉག་མ་གཅིག་མ་བརྔས་ཀྱང་ཞིང་མ་བརྔས་པར་མི་འགྱུར་བ་བཞིན་ནོ།།
ཞེས་བྱེ་སྨྲས་ལུགས་ལ་ཉན་ཐོས་རྣམས་ཀྱིས་བདེན་བཞི་མི་རྟག་བཅུ་དྲུག་གོ་རིམ་བཞིན་དུ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་རེ་རེས་རིམ་གྱིས་རྟོགས་དགོས་པར་འདོད་པས་བདེན་བཞི་མི་རྟག་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཐོབ་ན་བཅུ་དྲུག་པ་ལམ་རྗེས་ཤེས་ཐོབ་པའི་ཁྱབ་པས་ཉན་ཐོས་ཀྱིས་དེ་ཐོབ་ན་དེ་དང་དུས་མཉམ་དུ་འབྲས་གནས་དང་པོ་གསུམ་གང་རུང་མ་ཐོབ་པ་མི་སྲིད་པས་འབྲས་གནས་དེ་དག་གི་ཁྱད་ཆོས་སུ་འགྱུར་གྱི་ཐེག་ཆེན་གྱི་ལུགས་ལའང་དེ་ལྟར་འགྱུར་མིན་དང་མཛོད་ཚིག་དེ་དག་ལས་བསྟན་པ་ལྟར་ཁས་ལེན་མིན་སོགས་ལའང་དཔྱད་བྱ་མང་ཡང་བགྲོ་གླེང་ཕྱག་ཚོད་གཉིས་ལ་ཐམས་ཅད་སྨྲ་བར་མི་ནུས་སོ་སྙམ་སྟེ་རེ་ཞིག་བཞག་གོ༑༑འདིར་འབད་དགེ་འདིས་འདི་ནས་བྱང་ཆུབ་བར།།འཇམ་མགོན་བླ་མའི་བསྟན་ལ་ཐོས་སོགས་ཀྱིས།།ངེས་པར་བྱེད་པའི་ཤེས་རབ་མི་རྟུལ་བར།།ཀུན་མཁྱེན་བསྒྲུབ་ལ་མཐུ་དང་ལྡན་པར་ཤོག།།སེར་ལྷོ་དགེ་བཤེས་བློ་བཟང་གིས་བྲིས།།།བཀྲ་ཤིས་པར་གྱུར་ཅིག།།བཀྲ་ཤིས་བདེ་ལེགས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn