གསེར་ཕྲེང་བགྲོ་གླེང་གཉིས་པའི་རྩོམ་གཞི་བརྒྱད་པའི་དྲིས་ལན།།

༄༅།བཞི་པ་ལ་བཞི།སྒྲུབ་པའི་མི་མཐུན་ཕྱོགས་སྤོང་བ་དང་ཞེས་པ་ནས་ཡུལ་དེ་དྲུག་དང་འབྲེལ་བའི་ཡུལ་ཅན་མངོན་ཤེས་དྲུག་ཐ་སྙད་དུ་རྒྱུད་ལ་བསྐྱེད་ཅིང་དོན་དམ་པར་དེ་དག་རྣམས་གཟོད་མ་ནས་སྤྲོས་པ་ཉེ་བར་ཞི་བ་ཉིད་དུ་རྟོགས་ཏེ་བསྒྲུབ་བོ་ཞེས་སྟོན་པའོ།།ཞེས་པའི་བར་གྱི་དྲིས་ལན།
ཨོཾ་སྭསྟི།།ཟབ་རྒྱས་ཆོས་ཚུལ་མཐའ་དག་མངོན་དུ་གྱུར།།དམིགས་མེད་བརྩེ་བས་ཐུགས་རྒྱུད་ཡོངས་སུ་གཏམས།།ཉམ་ཐག་འགྲོ་བའི་ཚོགས་རྣམས་འདྲེན་པ་ལ།།ཟླ་མེད་བླ་མ་མཆོག་དེར་རྟག་ཏུ་མཆོད།འདི་ཕྱི་ལེགས་ཚོགས་ཀུན་གྱི་འབྱུང་གནས་གཅིག་པུ།།ཐར་འདོད་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དམ་པ།།རྗེ་བཙུན་བླ་མ་གང་ཉིད་སྤྱི་བོར་བཞུགས་ནས།།གཞུང་ཆེན་དགོངས་པ་དགྲོལ་བའི་གྲོགས་སུ་བྱོན་ཅིག།།
ཞེས་མཆོད་པ་བརྗོད་པ་སྔོན་དུ་བཏང་ནས་སྐབས་དོན་ད་ལན་མཉའ་ཁྲི་དཔེ་མཛོད་ཁང་གིས་ལྷག་བསམ་གྱི་འོ་མཚོ་གྱེན་དུ་འཕྱུར་ཏེ་ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་སྐབས་གཉིས་པའི་ཐོག་ཁོ་བོར་གསེར་ཕྲེང་ལས་གསུངས་པའི་བརྩོན་འགྲུས་གསུམ་དང་སྤྱན་ལྔ་མངོན་ཤེས་དྲུག་སྟེ་དོན་ཚན་གསུམ་པོ་བརྗོད་གཞིའི་ཐོག་རྩོམ་ཡིག་དང་བགྲོ་གླེང་དུ་ཡོང་དགོས་པའི་བཀའ་གནང་བྱུང་ཡང་ཁོ་བོ་སྐྱེས་སྦྱངས་ཀྱི་ཤེས་རབ་དམན་པས་ནོངས་པ་ཡོང་རྒྱུར་སོམ་ཉི་མི་དགོས་པས་མཁས་དབང་རྣམས་ཀྱི་སྤྱན་སྔར་བཟོད་པ་མཛད་དུ་གསོལ་ཞེས་ཐོག་མ་ཉིད་དུ་ཞུའོ།།
དེ་ཡང་གསེར་ཕྲེང་ལས།སྒྲུབ་པ་ཕུན་སུམ་ཚོགས་པའི་རྒྱུ་ལ་གདམས་པ་ལ།སྒྲུབ་པའི་མི་མཐུན་ཕྱོགས་སྤོང་བ་དང།སྒྲུབ་པ་ལ་གཞན་དྲིང་མི་འཇོག་པ་དང་།སྒྲུབ་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་རྒྱུ་ལ་གདམས་པ་དང་གསུམ་ལས།དང་པོ་ནི།ཐེག་ཆེན་གྱི་སྒྲུབ་པའི་གཙོ་བོ་ནི་བརྩོན་འགྲུས་ཡིན་ལ།དེའི་སྤང་བྱ་སྟེ་མི་མཐུན་ཕྱོགས་ལ་ཡང་སྤྱོད་འཇུག་ལས།དགེ་བའི་ཆོས་ལ་མི་སྤྲོ་བའི་རྣམ་ཅན་གྱི་ལེ་ལོ་ལ་བྱ་བ་ངན་པ་སྟེ་ཕལ་པ་ལ་ཞེན་པ་དང་།ལམ་སོགས་ལ་ཡུན་རིང་གོམས་པ་ན་འདོད་དོན་མ་འགྲུབ་པའི་ཚེ་སྐྱོ་བའི་སྒྱིད་ལུག་པ་དང་དེ་ལྟ་བུའི་བརྩོན་འགྲུས་སོགས་བདག་གིས་མི་ནུས་སོ་ཞེས་བདག་ཉིད་ལ་བརྙས་པའི་ལེ་ལོའོ།།ཞེས་གསུངས་པ་ལྟར་གསུམ་ལས།དང་པོ་སྙོམས་ལས་འཛིན་པ་སྟེ་བདེ་བ་ཕྲན་ཚེགས་ཀྱི་ཆེད་བྱ་བ་ཕལ་པ་ལ་ཆགས་པའི་ལེ་ལོ་སྤོང་བྱེད་སྒྲུབ་པ་མི་ཉམས་པའི་རྒྱུ་མ་ཞེན་པའི་བརྩོན་འགྲུས་ལ་གདམས་པ་ནི།མདོ་ལས་འདོམས་སོ།།གང་བརྗོད་བྱར་བྱས་པ་ལ་གདམས་པ་ནི།བྱ་བ་ངན་པ་ལ་མ་ཞེན་པ་སྟེ་མ་ཆགས་པའི་བརྩོན་འགྲུས་ལའོ།།ཚུལ་ཇི་ལྟ་བུས་ནི།ལུས་དང་སོགས་པས་ངག་དང་ཡིད་ཀྱི་བྱ་བ་དམན་པ་རྣམས་ལ་དོན་དམ་པར་ཞེན་བྱའི་ངོ་བོ་ཉིད་མེད་པར་བསྟན་པའི་ཚུལ་གྱིས་སོ།།དགོས་པ་ཅིའི་ཕྱིར་དུ་ནི།ལུས་དང་སོགས་པས་ངག་དང་ཡིད་ཀྱི་བྱ་བ་དམན་པ་ལ་ཆགས་པས་བསོད་ནམས་ཏེ་གནས་སྐབས་བདེ་བ་ཕྲ་མོ་ཙམ་སྐྱེས་པ་ཉིད་ཀྱིས་དེ་སྐྱེད་པའི་རྒྱུ་སྒོ་གསུམ་གྱི་བྱ་བ་ངན་པ་དེ་ལ་བྱང་སེམས་དབང་རྟུལ་ལ་ལས་མངོན་པར་ཞེན་པ་སྟེ་ཆགས་པར་འགྱུར་བས་དེ་བསལ་བའི་ཕྱིར་རོ།།
དུས་གང་གི་ཚེ་འདོམས་ན།བྱང་ཆུབ་ཀྱི་དོན་དུ་སྒྲུབ་པའི་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་སྔར་སེམས་བསྐྱེད་ཀྱི་སྐབས་སུ་ཇི་སྐད་བཤད་པའི་སེམས་བསྐྱེད་ཀྱི་ཐོབ་བྱའི་དོན་བྱང་ཆུབ་དང་གཞན་དོན་སྒྲུབ་པ་ལ་ནན་ཏན་བྱེད་པའི་དུས་ནའོ།།དེ་ལྟར་ཡང་མདོ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དོན་དམ་པར་མི་དམིགས་པ་དང་ངག་དོན་དམ་པར་མི་དམིགས་པ་དང་སེམས་དོན་དམ་པར་མི་དམིགས་པར་རྟོགས་པ་དེའི་ཚེ་ན་བྱང་ཆེན་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་ལ་ཞེན་པའི་ལེ་ལོ་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་སོ།།དེ་ལྟར་ན་ལུས་ལ་སོགས་པའི་བྱ་བ་དམན་པ་རྣམས་དོན་དམ་པར་མི་དམིགས་ཞེས་་གདམས་པ་ལ་བསླབས་པས་དེ་དག་བདེན་མེད་དུ་རྟོགས་པར་འགྱུར་ལ་དེ་ལས་ལུས་ལ་སོགས་པའི་བྱ་བ་ངན་པ་ལ་མངོན་པར་ཞེན་པའི་ལེ་ལོ་འགོག་པར་འགྱུར་རོ།།འདིར་འགྲེལ་བ་དང་གསེར་ཕྲེང་གི་དཔེ་ཁ་ཅིག་ལས་བསོད་ཉམས་ཉིད་ཀྱིས་ཞེས་དང་།ཉ་ཊཱིཀ་དང།ཀུན་མཁྱེན་འཇམ་བཞད་ཀྱི་ཕར་ཕྱིན།གུང་ཐང་གི་མཆན་འགྲེལ་སོགས་ལས་ཀྱང་དེ་བཞིན་དུ་གསལ་ཀྱང་འགྲེལ་བ་དང་གསེར་ཕྲེང་གི་དཔེ་ཁ་ཅིག་ཏུ་བསོད་ནམས་ཉིད་ཀྱིས་ཞེས་དང་།དེ་བཞིན་དུ་སྣང་བ་གཉིས་དང་།རྣམ་བཤད་སྙིང་རྒྱན་དང་།ཕར་ཕྱིན་རྟོགས་སྣང་དང་།རྗེ་བཙུན་པའི་ཕར་ཕྱིན་རོལ་མཚོ་སོགས་སུ་བསོད་ནམས་ཉིད་ཀྱིས་ཞེས་གསལ་འདུག་པས་དོན་ལ་འགལ་བར་མི་སེམས་སོ།།
གཉིས་པ་སྒྱིད་ལུག་པའི་ལེ་ལོ་སྤོང་བྱེད་ཀྱི་གཉེན་པོ་སྒྲུབ་པ་འཕེལ་བའི་རྒྱུ་ཐེག་པ་ཆེན་པོའ་ིལམ་སྒྲུབ་པ་ལ་ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ལ་གདམས་པ་ནི།གདམས་ངག་གོ།གང་བརྗོད་བྱ་བྱས་པ་ལ་གདམས་པ་ནི།ཡོངས་སུ་ངལ་བ་མེད་པའི་བརྩོན་འགྲུས་ལའོ།།ཚུལ་ཇི་ལྟ་བུས་ནི།དོན་དམ་པར་གཟུགས་ཀྱི་ཕུང་པོ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱི་ཆོས་གང་ལ་ཡང་རློམ་པར་བྱར་མེད་པ་ཉིད་དུ་བསྟན་པའི་ཚུལ་གྱིས་གདམས་སོ།།དགོས་པ་ནི།དུས་ཡུན་རིང་མོ་བསྐལ་པ་མང་པོ་ཞིག་ཏུ་ཐེག་པ་ཆེན་པོའི་ལམ་ལ་གོམས་པར་བྱས་ཀྱང་ཇི་ལྟར་འདོད་པའི་དོན་བྱང་ཆུབ་ཆེན་པོ་སོགས་མ་འགྲུབ་པའི་ཚེ་ན་བྱང་སེམས་དབང་རྟུལ་ལ་ལ་དངང་ཞིང་སྐྲག་པའི་རང་བཞིན་ནམ་ངང་ཚུལ་ཅན་རྣམས་སྒྲུབ་པ་ལ་རིང་དུ་གོམས་པར་བྱས་པ་ལ་དངང་ཞིང་སྐྲག་པས་སེམས་རློམ་པའི་རྒྱུ་ལ་བརྟེན་ནས་ཡོངས་སུ་སྟེ་ལྷག་པར་སྐྱོ་ཞིང་སྒྱིད་ལུག་པར་འགྱུར་བས་དེ་བསལ་བའི་ཕྱིར་ཏེ།མདོ་ལས་དོན་དམ་པར་གཟུགས་སུ་མི་རློམ་པ་དང་ཞེས་པ་ནས་བླ་མེད་རྫོགས་བྱང་དུ་རློམ་པ་མེད་པ་དེ་ལྟར་ན་ཤཱ་རིའི་བུ་བྱང་ཆེན་དེ་ནི་ཕར་ཕྱིན་དྲུག་གིས་སྒྲུབ་པ་རྣམ་པར་འཕེལ་ཏེ་གཞན་སུས་ཀྱང་ཐུབ་པ་མ་ཡིན་ནོ་ཞེས་སོ།།དེ་ལྟར་ན་དེ་ལྟར་བསླབས་པས་གཟུགས་ནས་རྫོགས་པའི་བྱང་ཆུབ་བར་གྱི་འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་སྟོང་རོ་གཅིག་ཏུ་རྟོགས་པར་འགྱུར་ལ།དེ་ལྟར་རྟོགས་པས་ཡོངས་སུ་ངལ་བའི་སྒྱིད་ལུག་པའི་ལེ་ལོ་འགོག་པར་འགྱུར་རོ།།
གསུམ་པ་བདག་ཉིད་ལ་བརྙས་པའི་ལེ་ལོ་སྤོང་བྱེད་ཀྱི་གཉེན་པོ་ཐེག་པ་ཆེན་པོའི་ལམ་གྱི་ཆ་ཡོངས་སུ་རྫོགས་པར་འཛིན་པའི་བརྩོན་འགྲུས་ལ་གདམས་པ་ནི་གདམས་གོ།གང་བརྗོད་བྱར་བྱས་པ་ལ་གདམས་པ་ནི།ཐེག་དམན་དུ་མི་ལྟུང་བའི་རྒྱུ་ཐེག་ ངག་ཆེན་གྱི་ལམ་གྱི་ཆ་ཡོངས་སུ་ཚང་བར་བཟུང་བའི་བརྩོན་འགྲུས་ལའོ།།ཚུལ་ཇི་ལྟ་བུས་ནི།ཆོས་རྣམས་དོན་དམ་པར་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་རྟོགས་ཏེ་བསླབ་བོ་ཞེས་པའི་ཚུལ་གྱིས་གདམས་སོ།།དགོས་པ་གང་གི་ཕྱིར་དུ་ནི།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་སོགས་པས་བསྡུས་པ་བྱང་ཆུབ་སེམས་དཔའ་ལ་་ཐེག་པ་ཆེན་པོའི་གསུང་རབ་ཀྱི་བརྗོད་བྱའི་དོན་མི་འདྲ་བར་ཇི་སྙེད་ཅིག་ཡོད་པ་དེ་དག་རེ་རེའི་ཕྱིར་དུ་ལམ་སྒྲུབ་པར་བྱེད་པའི་ལུང་ཡང་དེ་སྙེད་ཅིག་ནོད་པར་སྟེ་དང་དུ་བླང་བར་བྱ་དགོས་ཤིང་དཀའ་སྤྱད་ཀྱང་བརྟེན་དགོས་ན་དེ་འདྲ་བ་བདག་གིས་མི་ནུས་སོ་ཞེས་སྙམ་དུ་སེམས་ཞུམ་པར་འགྱུར་བས་དེ་བསལ་བའི་ཕྱིར་ཏེ།མདོ་ལས་བྱང་ཆེན་ཡེ་ཤེས་གང་བདེན་མེད་དུ་རྟོགས་པ་དང་ལྡན་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒྭའི་ཀླུང་གི་སྟེ་ཆུ་ཀླུང་ཆེན་པོའི་བྱེ་མ་ཇི་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒྭའི་ཀླུང་གི་བྱེ་མ་དེ་སྙེད་ཀྱང་མཐོང་ངོ་།།མཐོང་ནས་སངས་རྒྱས་དེ་དག་ལ་སྐྱབས་སུ་འགྲོ་ཞིང་།དེ་དག་གིས་ཟབ་རྒྱས་ཀྱི་ཆོས་བསྟན་པ་ཡང་ཉན་ནོ།།ཉན་ནས་ཆོས་ལ་སྐྱབས་སུ་འགྲོ་ལ།དེ་ཚུལ་བཞིན་དུ་སྒྲུབ་པའི་གྲོགས་དགེ་འདུན་ལ་ཡང་བསྙེན་བཀུར་བྱེད་དོ།།བྱས་ནས་དེ་ལ་ཡང་སྐྱབས་སུ་འགྲོའོ།།དེ་ལྟར་བྱས་པས་སངས་རྒྱས་ཀྱི་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམ་པར་དག་པ་དག་ཀྱང་མཐོང་ངོ་སྟེ་རྟོགས་སོ།།
དེ་བཞིན་དུ་ཕྱོགས་ལྷག་མ་ལྷོ་ལ་སོགས་པ་དགུ་ལ་ཡང་སྦྱར་ནས་གསུངས་སོ།།འོ་ན།སྐྱེ་མེད་ཀྱི་གདམས་ངག་ལ་བསླབས་པས་སེམས་ཞུམ་པ་སེལ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན།བདེན་པའི་སྐྱེ་མེད་ཀྱི་གདམས་ངག་ལ་བསླབས་པས་སེམས་ཞུམ་པ་སེལ་བའི་རྒྱུ་མཚན་ནི།སྐྱེ་མེད་ཀྱི་གདམས་ངག་དེ་ལ་བསླབས་ན་ཆོས་ཀུན་གྱི་གནས་ལུགས་བདེན་པར་མེད་པ་ལ་བསླབས་པར་འགྱུར་བའི་ཕྱིར་རོ།།དེའི་ཚུལ་ཡང་སྐྱེ་མེད་ཀྱི་གདམས་ངག་ལ་བསླབས་པས་ཆོས་རྣམས་བདེན་མེད་དུ་རྟོགས་པར་འགྱུར་ལ་དེའི་ཚེ་སྤྱིར་ཆོས་མཐའ་དག་ལ་བདེན་པར་མེད་ཀྱང་ཐ་སྙད་དུ་བྱ་བྱེད་འཐད་པ་དང་།ཁྱད་པར་དུ་ཐེག་ཆེན་གྱི་ལམ་འབྲས་དེ་དག་ཀྱང་དོན་དམ་པར་མེད་ཀྱང་ཐ་སྙད་དུ་རྒྱུད་ལ་ཐོབ་བྱ་དང་དེ་ལྟར་ཐོབ་ནུས་པ་ཡང་རྟོགས་པར་འགྱུར་བས་བྱང་ཆུབ་སྒྲུབ་པ་ལ་སེམས་ཞུམ་པ་དེ་སེལ་ནུས་སོ།།མདོར་ན་འགྲེལ་བའི་མཆན་ལས་གསུངས་པ་ལྟར་བརྩོན་འགྲུས་གསུམ་ལ་འདོམས་པའི་མདོ་དང་པོས་ལུས་ལ་སོགས་པའི་བྱ་བ་དམན་པ་རྣམས་བདེན་པར་མེད་པས་ཞེན་བྱ་མིན་པ་དང་།གཉིས་པས་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་རྣམས་བདེན་མེད་དུ་རྟོགས་ན་ལམ་སྒྲུབ་པ་ལ་སྐྱོ་མི་དགོས་པ་དང་།འགྲེལ་བའི་མཆན་ལས་བྱ་བ་ངན་པ་ལ་སྐྱོ་མི་དགོས་ཞེས་གསལ།གསུམ་པས་བདེན་མེད་རྟོགས་པའི་ཡེ་ཤེས་སྐྱེས་ན་གདུགས་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཐོང་བ་དང་དེ་དག་ལས་ཆོས་ཐོས་པས་སེམས་ཞུམ་མི་དགོས་པ་གསུངས་སོ།ལམ་རིམ་ཆེན་མོར་ལེ་ལོ་གསུམ་གྲངས་འདྲེན་སྐབས་བྱ་བ་ཕྱི་ཤོལ་གྱི་ལེ་ལོ་དང་བྱ་བ་ངན་པ་ལ་ཆགས་པའི་ལེ་ལོ་དང་སྒྱིད་ལུག་པའམ་བདག་ཉིད་ལ་བརྙས་པའི་ལེ་ལོ་གསུམ་གསུངས་པ་གཞུང་འདི་དང་ཅུང་མི་མཐུན་ནོ།།
གཉིས་པ་སྒྲུབ་པ་ལ་གཞན་དྲིང་མི་འཇོག་པ་སྟེ་རང་དབང་དུ་འཇུག་པའི་རྒྱུ་ལ་གདམས་པ་ནི།སྤྱན་ལྔ་བརྗོད་བྱར་བྱས་པ་ལ་འདོམས་སོ།།འདི་ལ་གཉིས།གང་ལ་གདམས་པའི་ཡུལ།དེ་ལ་ཇི་ལྟར་འདོམས་པའི་ཚུལ་ལོ།།དང་པོ་ལ་བཞི།མཚན་ཉིད།ས་མཚམས།རྒྱུ།དགོས་པའོ།།དང་པོ་ནི།སྤྱིར་སྤྱན་གྱི་མཚན་ཉིད་ནི།རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་བྱུང་ཞིང་རང་ཡུལ་མངོན་སུམ་མཐོང་བས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་རིག་པ།དེ་ལ་ཤའི་སྤྱན་སོགས་ལྔ།མདོ་ལས།འདི་ལྟ་སྟེ།ཤའི་མིག་དང།ལྷའི་མིག་དང།ཤེས་རབ་ཀྱི་མིག་དང།ཆོས་ཀྱི་མིག་དང།སངས་རྒྱས་ཀྱི་མིག་གོ།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཤ་རི་དྭ་ཏིའི་བུ་བྱང་ཆེན་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ།།ཞེས་སོགས་ཀྱིས་བསྟན་པ་སྔ་མ་ལྔ་ནི་མིང་ངམ་མཚོན་བྱ་དང་ཕྱི་མ་ལྔ་ནི་དོན་ཏེ་མཚན་ཉིད་ཡིན་པས་མིང་དོན་གྲངས་བཞིན་དུ་སྦྱར་རོ།།ཤྭ་རི་དྭ་ཏི་བུ་དང་ཤྭ་རིའི་བུ་ཞེས་པ་ནི།རིགས་ཤྭ་རི་དྭ་ཏི་ཡིན་པས་ན་ཤྭ་རི་དྭ་ཏི་བུ་དང་།མ་ཤྭ་རིའི་བུར་སྐྱེས་པས་ཤྭ་རིའི་བུ་ཞེས་བརྗོད་པའོ།།སྦྱར་ཚུལ་ནི།སྤྱན་ལྔ་པོ་དེ་ལ་སྟེ་དེའི་ནང་ནས་དང་པོ་བྱང་སེམས་གྱི་ཤའི་སྤྱན་གྱི་མཚན་ཉིད་ནི།སྤྱན་གང་ཞིགརང་གི་བདག་རྐྱེན་ཤའི་མིག་ལ་བརྟེན་ནས།རང་ཡུལ་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་ཀྱི་དངོས་པོ་རྣམས་ས་མཐོ་དམའ་དང་ཡོན་ཏན་ཆེ་ཆུང་གི་དབང་ལས་ཡུལ་སོ་སོར་ངེས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་ཡུལ་ཅན་ཏེ།མདོ་ལས།བྱང་ཆེན་ཤའི་མིག་གིས་སམ་སྤྱན་གྱིས་སོར་མོ་ཉེར་བཞི་ལ་ཁྲུ་གང་།ཁྲུ་བཞི་ལ་གཞུ་འདོམ་གཅིག་གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིགརྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་དུ་བྱས་པའི་དཔག་ཚད་བརྒྱ་མཐོང་བ་ཡོད་དོ།།
དེ་བཞིན་དུ་དཔག་ཚད་ཉིས་བརྒྱ།གསུམ་བརྒྱ།བཞི་བརྒྱ།ལྔ་བརྒྱ།སྟོང་།རི་རབ་ཀྱི་ལྷོ་ན་ཤིང་འཛམ་བུས་མཚོན་པ་དང་མཐར་ཆུ་འཁོར་ཞིང་རང་གི་ངོ་བོ་སྐམ་སར་གནས་པས་འཛམ་གླིང།དེ་དང་གླིང་གཞན་གཅིག་སྟེ་གླིང་གཉིས།གླིང་གསུམ།གླིང་བཞི།ལྷ་ཚངས་པའི་འཇིག་རྟེན་མན་ཆད་ཉི་ཟླ་རི་རབ་དང་བཅས་པ་སྟོང་གཅིག་ལ་སྟོང་དང་པོ།དེ་སྟོང་གཅིག་ལ་སྟོང་གཉིས་པ།དེ་སྟོང་གཅིག་ལ་སྟོང་གསུམ་པ་སྟེ་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་ལ་ཐུག་གི་བར་མཐོང་བ་ཡོད་དོ་ཞེས་སོ།།སྤྱན་འདི་ཡི་ཡུལ་ཡ་མཐར་སྟོང་གསུམ་གྱི་འཇིག་རྟེན་ཚུན་ཆད་དུ་ངེས་སམ་ཞེ་ན།ཉི་ཁྲི་སྣང་བ་ལས།བྱང་སེམས་ཀྱི་སྤྱན་དེ་ནི་སྔར་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པ་སོགས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་ཉིད་ཀྱིས་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་ཡུལ་སོ་སོར་ངེས་པ་ཉིད་ཡིན་པའི་ཕྱིར་རམ་ཤའི་མིག་གིས་བདག་རྐྱེན་བྱས་པ་ལས་བྱུང་བའི་ཤའི་སྤྱན་ནི་རང་གི་བདག་རྐྱེན་ཤའི་མིག་དེའི་བདག་པོའི་འབྲས་བུའི་ཡུལ་ཅན་ཡིན་ལ་བདག་འབྲས་ཀྱི་གཟུགས་དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་རོ་ཞེས་བྱང་སེམས་ཀྱི་ཤའི་སྤྱན་དེའི་ཡུལ་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་དུ་ངེས་པར་གསུངས་སོ།།
ཉི་སྣང་གི་ལུང་དེས་བྱང་སེམས་སམ་སེམས་ཅན་གྱི་ཤའི་སྤྱན་གྱི་ཡུལ་གཟུགས་ཡ་མཐའ་སྟོང་གསུམ་ཚུན་ཆད་དུ་ངེས་ཀྱི་དེ་ལས་བརྒལ་བའི་འཇིག་རྟེན་ཁམས་ཀྱི་གཟུགས་ཡུལ་དུ་བྱེད་མི་ནུས་པའི་རྒྱུ་མཚན་གཉིས་བསྟན་ཏེ།རྒྱུ་མཚན་དང་པོ་ནི་སྔོན་ཟག་བཅས་དགེ་བའི་ལས་ཀྱི་རྣམ་སྨིན་ལས་བྱུང་བའི་ཕྱིར་ཞེས་པ་ཡིན་ལ།རྒྱུ་མཚན་གཉིས་པ་ནི་ཤའི་མིག་གི་བདག་རྐྱེན་བྱས་པ་ལས་བྱུང་བའི་ཤའི་སྤྱན་ནི་བདག་རྐྱེན་ཤའི་མིག་དེའི་བདག་འབྲས་གཟུགས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཞེས་པའོ།།ལས་ཀྱི་རྣམ་སྨིན་ལས་བྱུང་བ་དང་བདག་འབྲས་ཀྱི་ཡུལ་ཅན་ཡིན་པ་དེ་ལ་དེའི་ཡུལ་སྟོང་གསུམ་ཚུན་ཆད་དུ་ངེས་པས་ཁྱབ་པ་འོང་བའི་རྒྱུ་མཚན་ནི།སྤྱིར་ཕྱིའི་ཡུལ་གཟུགས་སོགས་དོན་ལྔ་པོ་འདི་ནང་གི་མིག་སོགས་དབང་པོ་ལྔའི་བདག་འབྲས་སམ་དབང་འབྲས་ཡིན་ཏེ།ནང་དུ་མིག་སོགས་དབང་པོ་ལྔ་གྲུབ་པའི་དབང་གིས་བདག་འབྲས་དབང་ཤེས་ལྔའི་གཟུང་བྱར་ཕྱིའི་གཟུགས་སོགས་ཀྱི་ཡུལ་ལྔ་འགྲུབ་པའི་ཕྱིར་རོ།།དེས་ན་སྐབས་འདིའི་ཤའི་མིག་ཀྱང་སྔོན་གྱི་དགེ་བའི་ལས་དང་ཚེ་འདིར་བསམ་གཏན་སྒོམ་པའི་སྟོབས་ཀྱིས་ཡོངས་སུ་དག་པར་བྱས་པའི་མིག་དབང་ཁྱད་པར་ཅན་ཞིག་ཡིན་པས་དེས་བདག་རྐྱེན་བྱས་པ་ལས་བྱུང་བའི་སྤྱན་དེ་ཡང་རང་གི་བདག་རྐྱེན་ཤའི་མིག་གི་བདག་འབྲས་གཟུགས་ཀྱི་ཡུལ་ཅན་ཡིན་ལ།འདིའི་ཤའི་མིག་གི་དབང་པོས་ཀྱང་རང་གི་བདག་འབྲས་གཟུགས་མ་ཡིན་པ་ལ་ལོངས་སྤྱོད་དམ་མཐོང་བའི་བདག་རྐྱེན་བྱེད་མི་ནུས་པས་ཤའི་སྤྱན་དེ་ཡུལ་དེ་ལྟར་ངེས་ཏེ།ལས་དབང་གིས་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལོངས་སྤྱད་བྱའི་འཇིག་རྟེན་ལ་སྟོང་གསུམ་གཅིག་ལས་མི་འགྲུབ་པས་སོ།།དེའི་ཕྱིར་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ཀྱིས་གྲུབ་པའི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གཅིག་ནི་འཇིག་པ་དང་ཆགས་པ་མཉམ་དུ་བྱེད་ལ་དེ་ལས་འདས་ནས་འཇིག་རྟེན་གྱི་ཁམས་གཞན་རྣམས་དང་འཇིག་ཆགས་མཉམ་པའི་ངེས་པ་མེད་པར་གཞུང་ལུགས་རྣམས་སུ་བཤད་དོ།།སྤྱིར་གཟུགས་ལ་སོགས་པའི་ཡུལ་ལྔ་པོ་དེ་ནང་གི་དབང་པོ་ལྔའི་བདག་འབྲས་སུ་འཇོག་པ་ནི་ནང་གི་དབང་པོ་ལྔ་གྲུབ་པའི་དབང་གིས་ཕྱིའི་ཡུལ་ལྔ་རྣམ་ཤེས་ལྔའི་ཡུལ་དུ་གྲུབ་པ་ཙམ་ལ་འཇོག་གམ་སྙམ་མོ།།
འདིར་ཅུང་ཟད་དཔྱད་ན།སྤྱི་དོན་དགའ་བར་བསྐྱེད་པའི་རོལ་མཚོར།ཤའི་སྤྱན་གྱི་མཚན་ཉིད་ཀྱི་ཟུར་དུ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཤའི་མིག་ལ་བརྟེན་ནས་ཞེས་གསུངས་པ་ལ།ཁ་ཅིག་གིས།དེ་ལྟར་ན་ཤའི་སྤྱན་དབང་ཤེས་སུ་ཐལ།ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་དངོས་སུ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར།ཁྱབ་སྟེ།དེ་དབང་ཤེས་ཀྱི་གོ་དོན་ཡིན་པའི་ཕྱིར་ཏེ།ཚད་མ་མདོ་ལས།ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར།།དེ་ཡི་ཐ་སྙད་དབང་པོས་བྱས།།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།ཡིད་ཤེས་ཡིན་པའི་ཕྱིར་ཏེ།སྤྱན་ཡིན་པའི་ཕྱིར་ཞེ་ན།དེ་ལ་ཁོ་བོའི་རྣམ་རྟོག་ལ་འཆར་ཚུལ་བྱས་ན་སྐྱོན་མེད་དེ།ཤའི་སྤྱན་གྱི་བདག་རྐྱེན་ཤའི་མིག་ནི་རྣལ་འབྱོར་པ་རྣམས་ཀྱིས་ཐོག་མར་སྒྲུབ་པ་ན་རང་གི་ཕ་མ་ལས་བྱུང་བའི་ཤ་ཁྲག་འདྲེས་པའི་མིག་ཐ་མལ་པ་དེ་སྔོན་གྱི་དགེ་བའི་ལས་དང་ཚེ་འདིར་བསམ་གཏན་སྒོམ་པ་སོགས་ཀྱི་མཐུས་ཡོངས་སུ་དག་པར་བྱས་ནས་མིག་དབང་ཁྱད་པར་དུ་གྱུར་པ་ཞིག་ལ་འདོད་དགོས་ཏེ།དམ་ཆོས་པད་དཀར་ལས།ཕ་དང་མ་ལས་བྱུང་བ་ཡིན།།དེ་ཡི་ཤ་ཡི་མིག་དེས་ནི།།འཇིག་རྟེན་ཁམས་འདི་ཐམས་ཅད་ཀྱང་།།ཕྱི་ནང་བཅས་པ་རབ་ཏུ་མཐོང་།།ཞེས་དང་།ཡང་དེ་ཉིད་ལས།དེའི་ཕ་དང་མ་ལས་བྱུང་བའི་ཤའི་མིག་ཐ་མལ་པ་དེ་ལྟར་ཡོངས་སུ་དག་པའི་མིག་གི་དབང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཕྱི་ནང་དང་།བྲག་དང་།ནགས་སྟུག་པོར་བཅས་པ་དང་།འོག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ལ་ཐུག་པ་ཡན་ཆད།སྟེང་དུ་སྲིད་པའི་རྩེ་མོར་ཐུག་པའི་བར་དེ་དག་ཐམས་ཅད་ཀྱང་མཐོང་ངོ་ཞེས་གསུངས་པའི་ཕྱིར།དེ་ལྟ་བུའི་ཤའི་མིག་དེ་མིག་དབང་གཟུགས་ཅན་པ་ཡིན་ཡང་དེ་རང་གི་བདག་འབྲས་ཤའི་སྤྱན་དེ་དབང་ཤེས་དང་ཡིད་ཤེས་གང་ཡིན་ཁྱད་པར་འབྱེད་བྱེད་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིན་པས།དེས་བདག་རྐྱེན་བྱེད་པ་ལས་བྱུང་བ་ཙམ་གྱིས་དབང་ཤེས་སུ་འགྱུར་མི་དགོས་སོ།།
ཡིག་ཆ་འགའ་ཞིག་ལས།མངོན་ཤེས་ལ་ཡིད་ཤེས་ཀྱིས་ཁྱབ།སྤྱན་ལྔ་ལས་ཤའི་སྤྱན་དང་ལྷའི་སྤྱན་གཉིས་རྣམ་སྨིན་སྐྱེས་ཀྱི་དབང་ཤེས་སུ་གསུངས་འདུག་པས།དེ་ལྟར་ན་བར་དུ་ཆོད་པའི་གཟུགས་མཐོང་བའི་སོ་སྐྱེའི་རྒྱུད་ཀྱི་དབང་ཤེས་ཡོད་པ་ཐལ།ཤའི་སྤྱན་དབང་ཤེས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།རྣམ་འགྲེལ་ལས།བར་ཆད་ལ་སོགས་ཡོད་ན་ཡང་།།དབང་ཤེས་བློ་ནི་སྐྱེ་བར་འགྱུར།།ཞེས་གསུངས་པ་མི་འཐད་པར་ཐལ་ལོ།།མ་ཟད་ལྷའི་སྤྱན་དབང་ཤེས་སུ་འདོད་པ་དང་དེའི་ས་མཚམས་སྦྱོར་ལམ་ནས་འཇོག་པ་གཉིས་འགལ་ཏེ།སྦྱོར་ལམ་སྐད་ཅིག་དང་པོ་ལ་གནས་པའི་སེམས་པའི་རྒྱུད་ལ་ལྷའི་སྤྱན་ཡོད་པར་ཐལ།ཁྱོད་ཀྱི་ས་མཚམས་དེའི་ཕྱིར།འདོད་ན།དེའི་རྒྱུད་ལ་དབང་ཤེས་ཡོད་པར་ཐལ།ལྷའི་སྤྱན་དབང་ཤེས་ཡིན་པའིཕྱིར།རྟགས་ཁས།རྩ་བ་འདོད་མི་ནུས་ཏེ།དེ་འདྲའི་གང་ཟག་དེ་སེམས་ཅན་མཉམ་གཞག་པ་ཡིན་པའི་ཕྱིར་ཏེ།སྦྱོར་ལམ་དྲོད་སྐད་ཅིག་དང་པོ་ལ་གནས་པའི་སེམས་དཔའ་ཡིན་པའི་ཕྱིར།དེ་ལ་ཁ་ཅིག་གིས་སྐྱོན་མེད་དེ།སྦྱོར་ལམ་རྗེས་ཐོབ་ནས་ཡོད་པས་སྦྱོར་ལམ་ནས་བཞག་པ་ཡིན་ཟེར་ན་ཡང་མི་འཐད་དེ།དེ་ལྟར་ན་ཆོས་ཀྱི་སྤྱན་མཐོང་ལམ་རྗེས་ཐོབ་ཡེ་ཤེས་དང་ཞེས་སྨོས་མི་དགོས་པར་མཐོང་ལམ་ནས་ཞེས་སྨྲ་དགོས་པ་འགྱུར་རོ།།དེ་ལྟར་ན་ཡང་རང་རེའི་ཡིག་ཆར་ཤའི་སྤྱན་གྱི་མཚན་ཉིད་ཀྱི་ཟུར་དུ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཤའི་མིག་ལ་བརྟེན་ནས་ཞེས་གསུངས་པ་ནི་ཤའི་མིག་དེས་སྤྱན་ལྔའི་ནང་ནས་ཤའི་སྤྱན་ཁོ་ནའི་བདག་རྐྱེན་བྱེད་པར་དགོངས་སོ།།
ཤའི་སྤྱན་དེ་མིག་དབང་གཟུགས་ཅན་པ་ཡིན་པ་དམ་ཆོས་པད་དཀར་དང་གསེར་ཕྲེང་སོགས་ཀྱིས་གྲུབ་བོ།།འོ་ན་འདིར་བསྟན་ཤའི་མིག་དང་ལྷའི་མིག་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན།ཤའི་མིག་ནི་གོང་དུ་བཤད་པ་ལྟར་དང་།འདིར་བསྟན་ལྷའི་མིག་ནི་རྣལ་འབྱོར་པ་གཙོ་བོར་རང་གི་སྔོན་གྱི་དགེ་བའི་ལས་དང་ཚེ་འདིར་བསམ་གཏན་བསྒོམས་པ་སོགས་ཀྱི་མཐུས་རང་གི་མིག་ཐོད་ཀོར་དུ་བསམ་གཏན་སས་བསྡུས་ཀྱི་གཟུགས་ཅན་ཤིན་ཏུ་དྭངས་བ་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་མཐོང་བའི་རྒྱུར་བྱེད་པའི་དབང་པོ་ཞིག་གསར་དུ་གྲུབ་པ་དེ་ལ་འཇོག་ཅིང་།འདི་དང་ལྷའི་མིག་གི་མངོན་ཤེས་ཀྱི་བདག་རྐྱེན་ལྷའི་མིག་གཉིས་ལ་ཁྱད་པར་ཡོད་དེ།སྔ་མ་ནི་གཙོ་བོར་སྔོན་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་དང་ཕྱི་མ་ནི་གཙོ་བོར་ཚེ་འདིར་བསམ་གཏན་གྱིས་མངོན་པར་འདུ་བྱེད་པ་ལས་བྱུང་བའི་ཁྱད་པར་ཡོད་དོ།།ཡིག་ཆ་ཁ་ཅིག་ལས།ཤའི་སྤྱན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་བསམ་གཏན་སས་བསྡུས་ཀྱི་དབང་པོ་ཞིག་གསར་དུ་བསྒྲུབས།དེ་ལ་བརྟེན་ནས་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་མཐོང་བའི་ཡུལ་ཅན་དུ་བྱེད་པ་ལྟར་ན།ཤའི་མིག་དེ་རྣལ་འབྱོར་པ་རང་གི་ཕ་མ་ལས་བྱུང་བའི་ཤ་ཁྲག་འདྲེས་པའི་མིག་དེ་ལས་ལོགས་སུ་གསར་དུ་བསྒྲུབ་དགོས་པའི་བསམ་གཏན་སས་བསྡུས་ཀྱི་དབང་པོ་ཞིག་ཏུ་འགྱུར་ལ།དེ་ལྟར་ན་གོང་དུ་དྲངས་པའི་དམ་ཆོས་པད་དཀར་དང་འགལ་བ་མ་ཟད་ཤའི་མིག་ཅེས་པའི་མིང་དེ་ཉིད་ཀྱིས་ཀྱང་མི་འཐད་པར་སེམས་སོ།།ཤའི་མིག་དེ་ཤ་ཁྲག་འདྲེས་པའི་མིག་ཡིན་ན་སངས་རྒྱས་ཀྱི་ས་དང་གཟུགས་ཁམས་པའི་ལྷའི་རྒྱུད་ལ་ཤའི་སྤྱན་མེད་པར་ཐལ་བར་འགྱུར་རོ་ཞེ་ན།མི་འགྱུར་ཏེ།དེ་རྣམས་ཀྱི་རྒྱུད་ལ་བདག་རྐྱེན་ཤའི་མིག་མེད་ཀྱང་སྐྱེ་བ་སྔ་མ་རྣམས་སུ་ཤའི་མིག་གི་བདག་རྐྱེན་ལས་སྐྱེ་བའི་ཤའི་སྤྱན་གྱི་རྫས་རྒྱུན་ཕྱི་མ་མི་ཉམས་པར་དེ་དག་གི་རྒྱུད་ལ་ཡོད་པས་སྐྱོན་མེད་དེ།དཔེར་ན།ཉན་རང་དགྲ་བཅོམ་པའི་རྒྱུད་ལ་སྐྱབས་འགྲོ་ཡོད་པ་བཞིན་ནོ།།
ཡང་ཁ་ཅིག་གིས།ཕྱི་རོལ་པའི་ཤའི་སྤྱན་ཆོས་ཅན།དཔག་ཚད་བརྒྱ་ཚུན་ཆད་ཀྱི་དུས་མཐའི་སྐད་ཅིག་མའི་ངོ་བོར་གྱུར་པའི་གཟུགས་རྟོགས་པར་ཐལ།ཤའི་སྤྱན་ཡིན་པའི་ཕྱིར་ཟེར་ན།མ་ཁྱབ་སྟེ།ཤའི་སྤྱན་གྱིས་དཔག་ཚད་བརྒྱ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་རྟོགས་ཞེས་པའི་གཟུགས་ནི་གཟུགས་ཀྱི་བསྐྱེད་མཆེད་དང་ཕྲ་རགས་ཀྱང་ཚུར་མཐོང་གི་མིག་ཤེས་ཀྱིས་མངོན་སུམ་དུ་རྟོགས་ནུས་པ་དང་མི་ནུས་པའི་རྡུལ་ཕྲ་རགས་ལ་གོ་དགོས་ཀྱི་སྐད་ཅིག་ཕྲ་རགས་སོགས་ལ་མི་བྱེད་པའི་ཕྱིར་རོ།།ཡང་ཁ་ཅིག་གིས།བྱང་སེམས་ཀྱི་ཤའི་སྤྱན་གྱི་ཡུལ་སྟོང་གསུམ་ཚུན་ཆད་དུ་ངེས་པར་ཐལ།ཉི་སྣང་གི་ལུང་དེའི་ཕྱིར།འདོད་ན།དེའི་ཡུལ་ལ་བསམ་གཏན་གཉིས་པ་ནས་འོག་མིན་བར་གྱི་གཟུགས་མེད་པར་ཐལ།འདོད་པ་དེའི་ཕྱིར།འདོད་མི་ནུས་ཏེ།དམ་ཆོས་པད་དཀར་ལས།འོག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ལ་ཐུག་པ་ཡན་ཆད།སྟེང་དུ་སྲིད་པའི་རྩེ་མོར་ཐུག་གི་བར་དུ་དེ་དག་ཐམས་ཅད་མཐོང་ངོ་།།ཞེས་དང་།ཡང་དེ་ཉིད་ལས།འོག་ཏུ་མནར་མེད་དམྱལ་བར་ཐུག།།སྟེང་དུ་སྲིད་པའི་རྩེར་གནས་པ།།བརྟན་པ་དེས་ནི་ཀུན་མཐོང་སྟེ།།ཤའི་མིག་ནི་དེ་འདྲའོ།།ཞེས་གསུངས་པའི་ཕྱིར་ཟེར་ན།དེ་ལ་ཁ་ཅིག་གིས།ཉི་སྣང་ལས་དེ་ལྟར་གསུངས་པ་དེ་མིར་གྱུར་པའི་བྱང་སེམས་ཀྱི་ཤའི་སྤྱན་ལ་དགོངས་ཀྱི་གཟུགས་ཀྱི་རྟེན་ཅན་གྱི་བྱང་འཕགས་ཀྱི་ཤའི་སྤྱན་གྱིས་སྟོང་གསུམ་ཕན་ཆད་ཀྱི་གཟུགས་མཐོང་བ་ཡོད་པས་སྐྱོན་མེད་ཅེས་ཟེར་ཡང་།མི་འཐད་དེ།གོང་དུ་དྲངས་པའི་དམ་ཆོས་པད་དཀར་ལས།དེའི་ཕ་དང་མ་ལས་བྱུང་བའི་ཤའི་མིག་ཐ་མལ་པ་དེ་ལྟར་ཡོངས་སུ་དག་པའི་མིག་གི་དབང་པོས་ཞེས་མིར་གྱུར་པའི་བྱང་སེམས་ཀྱི་ཤའི་སྤྱན་གྱིས་ཡུལ་མཐོང་ཚུལ་བསྟན་པར་གསལ་ལོ།།
འོ་ན་དེའི་དོན་ཇི་ལྟར་ཡིན་ཞེ་ན།ཉ་ཊཱིཀ་ལས།འདིར་དང་པོ་ཡུལ་ངེས་པ་བཤད་པ་ནི་མ་དག་ས་པ་འམ་སོ་སྐྱེའི་ས་ལ་དགོངས་སོ།།ཞེས་གསུངས་པ་ལྟར་ཟེར་དགོས་སམ་སྙམ་མོ།།འོན་ཀྱང་པད་དཀར་གྱི་ལུང་དེས་སྲིད་པའི་རྩེ་མོར་ཐུག་གི་བར་དེ་དག་ཐམས་ཅད་མཐོང་ངོ་།།ཞེས་དང་།ཡང་ལུང་དེའི་རྗེས་དེ་མ་ཐག་ཏུ།ཤའི་མིག་ཐ་མལ་པ་སེམས་ཅན་གང་དག་དེར་སྐྱེས་པ་དེ་དག་ཐམས་ཅད་མཐོང་སྟེ།དེ་དག་གི་ལས་ཀྱི་རྣམ་པར་སྨིན་པའང་ཤེས་སོ་ཞེས་སོགས་གསུངས་པའི་དགོངས་པ་གང་ཡིན་བཙལ་དགོས།ཡང་ཡིག་ཆ་ཁ་ཅིག་ལས།གསུམ་གྱི་གནོད་འཇོམས་ལས།གཟུགས་ཐམས་ཅད་ལ་འཇུག་པ་ནི་ཤའི་མིག་གོ་ཞེས་པ་དང་།གོང་གི་པད་དཀར་གྱི་ལུང་དེ་དག་ལ་བརྟེན་ནས་ཤའི་མིག་གཟུགས་སོགས་ཡུལ་ལྔ་ག་ལ་འཇུག་པ་སྒྲུབ་འདུག་ན།དེའི་ལུགས་ལ་ཤའི་མིག་གམ་སྤྱན་འདི་བདག་འབྲས་ཀྱི་ཡུལ་ཅན་ཡིན་དགོས་མིན་སོགས་དཔྱད་དགོས།རང་རེའི་ཡིག་ཆར།ཤའི་མིག་དང་ལྷའི་མིག་གི་གཟུགས་མི་མཐོང་གསུངས་པ་ལ་ཡིག་ཆ་ཁ་ཅིག་ཏུ།དབུ་མ་སྙིང་པོ་དང་།རྟོག་གེ་འབར་བ།མཛོད་འགྲེལ།བཞི་བརྒྱ་པའི་རྩ་འགྲེལ་བཅས་ཀྱི་ལུང་དྲངས་ནས་བཀག་འདུག་ཀྱང་མི་འཐད་པར་སེམས་ཏེ།ལུང་དེ་དག་གིས་ནི་མིག་ལ་བརྟེན་པའི་རྣམ་ཤེས་ཀྱིས་གཟུགས་མཐོང་བའམ་འཇིག་རྟེན་ན་གྲགས་པ་ཙམ་ལ་དགོངས་ནས་གསུངས་སམ་སྙམ་སྟེ།མཆིམས་འཇམ་དཔལ་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས།འོ་ན་མདོ་ལས་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་གསུངས་པ་དང་འགལ་ཞེ་ན།དེ་ནི་མིག་ལ་བརྟེན་པའི་རྣམ་ཤེས་ཀྱིས་མཐོང་བ་ལ་བཤད་པ་ཡིན་ཏེ།དཔེར་ན་ཁྲིའུ་དག་འབོད་དོ་ཞེས་བརྗོད་པ་ལྟ་བུའོ་ཞེས་གསུངས་པའི་ཕྱིར་དང་།
མཛོད་ལས།གང་ཕྱིར་བར་དུ་ཆོད་པ་ཡི།།གཟུགས་ནི་མཐོང་བ་མིན་ཕྱིར་ལོ།ཞེས་མ་རངས་པའི་ཚིག་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར།གཞན་ཡང།འཇིག་རྟེན་ན་གྲགས་པས་དེ་ལྟར་ཡིན་ན་སའི་ཁ་དོག་དང་དབྱིབས་སོགས་ཀྱང་ས་ཡིན་པར་ཐལ།འཇིག་རྟེན་ན་དེ་ལྟར་དུ་གྲགས་པའི་ཕྱིར་ཏེ།མཛོད་ལས།ཁ་དོག་དབྱིབས་ལ་ས་ཞེས་བརྗོད།།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།འབྱུང་བ་མ་ཡིན་པའི་ཕྱིར་ཏེ།འབྱུང་འགྱུར་ཡིན་པའི་ཕྱིར་རོ།།གཉིས་པ་སྐྱེ་བ་སྔ་མ་རྣམས་སུ་ཕར་ཕྱིན་དྲུག་དང་རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་སོགས་ཀྱི་དགེ་བའི་ལས་ཀྱི་རྣམ་སྨིན་ཙམ་ལས་བྱུང་བའི་བྱང་སེམས་ཀྱི་ལྷའི་སྤྱན་གྱི་མཚན་ཉིད་ནི།སྤྱན་གང་ཞིགརང་གི་བདག་རྐྱེན་ལྷའི་མིག་ལ་བརྟེན་ནས་རང་ཡུལ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་འདི་ནས་གཞན་དུ་འཆི་འཕོ་བ་དང་སྔོན་གྱི་སྐྱེ་བ་གཞན་ནས་འདིར་སྐྱེ་བ་མངོན་སུམ་དུ་མཐོང་བས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་ཡུལ་ཅན་ཏེ།མདོ་ལས།རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་ཕལ་པ་རྣམས་ཀྱི་མིག་སྟེ་སྤྱན་དེའི་ཡུལ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ལྷའི་སྤྱན་གྱིས་རབ་ཏུ་ཤེས་སོ།།དེ་བཞིན་དུ་སུམ་ཅུ་རྩ་གསུམ་ནས་འོག་མིན་བར་གྱི་ལྷའི་མིག་གི་ཡུལ་བྱང་སེམས་ཀྱིས་ཤེས་པ་དང།ལྷ་དེ་དག་གི་མིག་གིས་བྱང་སེམས་ཀྱི་མིག་གམ་ལྷའི་སྤྱན་གྱི་ཡུལ་མི་ཤེས་པ་དང་།བྱང་སེམས་ཀྱི་ལྷའི་མིག་སྟེ་སྤྱན་ཡོངས་སུ་དག་པ་དེ་ཉིད་ཀྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་སྟེ་ཆུ་ཀླུང་ཆེན་པོའི་བྱེ་མ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་འདི་ནས་གཞན་དུ་འཆི་འཕོ་བ་དང་།གཞན་ནས་འདིར་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་ཤེས་སོ།།དེ་བཞིན་དུ་ཕྱོགས་གཞན་ལྷོ་ལ་སོགས་པ་དགུ་ལ་ཡང་གསུངས་སོ།།
ལྷའི་སྤྱན་གྱི་མཚན་ཉིད་ལ་ཡིག་ཆ་འགའ་ཞིག་ལས།དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་གྱི་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པས་རབ་ཏུ་ཕྱེ་བ་ཞེས་གསུངས་འདུག་པས་སྤྱིར་ལྷའི་སྤྱན་གྱི་ཡུལ་ལ་སྟོང་གསུམ་ཕན་ཆད་ཀྱི་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་རྟོགས་པ་ཡོད་ཀྱང་གོང་གི་མཚན་ཉིད་ལ་སྟོང་གསུམ་ཚུན་ཞེས་གསུངས་པ་ནི་སེམས་ཅན་ནམ་བྱང་སེམས་ཀྱི་ལྷའི་སྤྱན་ལ་དགོངས་པ་ལྟ་བུ་ཡིན་འདུག་ཀྱང་དེ་ནི་མི་འཐད་པར་སེམས་ཏེ།བྱང་སེམས་ཀྱི་ལྷའི་སྤྱན་གྱིས་སྟོང་གསུམ་ཕན་གྱི་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་རྟོགས་པའི་ཕྱིར།དེར་ཐལ།མདོ་ལས།དེ་བཞིན་དུ་འོག་མིན་བར་གྱི་ལྷའི་མིག་བྱང་སེམས་ཀྱིས་ཤེས་པ་དང་ཞེས་དང་།ལྷའི་མིག་ཡོངས་སུ་དག་པ་དེ་ཉིད་ཀྱིས་ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཞེས་སོགས་གསུངས་པའི་ཕྱིར་དང་།གཞན་ཡང་མདོ་དང་དགོངས་འགྲེལ་གྱི་རྒྱ་གཞུང་གང་ལས་ཀྱང་སྤྱན་གཉིས་པ་འདིའི་ཡུལ་སྟོང་གསུམ་ཚུན་ཆད་དུ་ངེས་པར་གསུངས་པ་མི་སྣང་ངོ་།།ཡང་ཁ་ཅིག་གིས།བྱང་སེམས་ཀྱི་ལྷའི་སྤྱན་འདི་ཡང་རང་གི་བདག་རྐྱེན་ལྷའི་མིག་གི་བདག་འབྲས་ཀྱི་ཡུལ་ཅན་ཡིན་པས་འདིའི་ཡུལ་ཡང་སྟོང་གསུམ་ཚུན་ཆད་དུ་ངེས་དགོས་ཏེ།ཤའི་སྤྱན་བཞིན་ནོ་ཞེ་ན།འདིའི་ལྷའི་མིག་ནི་བསམ་གཏན་བཞི་པོ་གང་ཡང་རུང་བའི་སས་བསྡུས་པའི་དབང་པོ་ཡོངས་སུ་དག་པ་ཞིག་ཡིན་པས་བདག་འབྲས་སྟོང་གསུམ་ཕན་ཆད་ཀྱི་གཟུགས་ཡོད་ཆོག་པས་མི་མཚུངས་ཞེས་ཟེར་དགོས་སོ་སྙམ་མོ།།གསུམ་པ་ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད་ནི།སྤྱན་གང་ཞིགརང་ཡུལ་རྒྱུ་རྐྱེན་དུ་མ་འདུས་ནས་བྱས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་བདེན་གྲུབ་སོགས་ཅིར་ཡང་སྟེ་གང་ཡང་རྣམ་པར་མི་རྟོག་པའི་བདེན་མེད་མངོན་སུམ་དུ་རྟོགས་པས་རབ་ཏུ་ཕྱེ་བའི་ཡུལ་ཅན་ཏེ།མདོ་ལས།སྟོང་ཉིད་མངོན་སུམ་རྟོགས་པའི་ཤེས་རབ་ཀྱི་མིག་གང་དང་ལྡན་པས་འདུས་བྱས་མ་བྱས།དགེ་བ་དང་།མི་དགེ་བ།ཁ་ན་མ་ཐོ་བ་དང་བཅས་མ་བཅས།ཟག་པ་ཡོད་མེད་དམ་ཟག་བཅས་ཟག་མེད།ཉོན་མོངས་དང་བཅས་མ་བཅས།འཇིག་རྟེན་ཏེ་སོ་སྐྱེའི་ས་ལས་འདས་མ་འདས།ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་དང་རྣམ་བྱང་ཕྱོགས་ཀྱི་བདེན་པ་ཡང་རུང་སྟེ་དེ་དག་གིས་བསྡུས་པའི་ཆོས་གང་ལ་ཡང་བདེན་པར་རབ་ཏུ་མི་ཤེས་པ་དང།རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་མིག་སྟེ་སྤྱན་གང་གིས་བྱང་སེམས་ཆེན་པོས་འདུས་བྱས་འདུས་མ་བྱས་ལ་སོགས་པའི་ཆོས་གང་ལ་ཡང་བདེན་པར་མ་མཐོང་མ་ཐོས་མ་བསམས་ཁོང་དུ་མ་ཆུད་པའི་ཤེས་རབ་ཀྱི་མིག་འདི་ནི་ཤཱ་རིའི་བུ་བྱང་ཆེན་གྱི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ།།ཞེས་སོ།།
ཉི་ཁྲི་སྣང་བ་ལས་ཀྱང་།འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཅི་ཡང་མི་ཤེས་ཏེ་ཞེས་པའི་མདོ་དྲངས་ནས་ཤེས་རབ་ཀྱི་སྤྱན་གྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པར་གསུངས་ཤིང་།ཉ་ཊཱིཀ་ལས་ཀྱང་ཆོས་ཅི་ཡང་མི་ཤེས་ཏེ་ཞེས་ཨཱརྱས་དྲངས་སོ་ཞེས་གསལ།འབུམ་དང་ཉི་ཁྲི་བརྒྱད་སྟོང་པར་ཤེས་རབ་ཀྱི་མིག་ནི་སྔར་དྲངས་པའི་འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་དེ་དག་གང་ལ་ཡང་བདེན་པར་སྒྲོ་འདོགས་པའི་མི་ཤེས་པའི་རྨོངས་པ་མེད་པ་དང་།གནས་ལུགས་ཀྱི་ཆོས་གང་ཡང་མ་མཐོང་བའི་རྨོངས་པའང་མེད་མ་ཐོས་པ་མེད་མ་བསམས་པ་མེད་ཁོང་མ་དུ་ཆུད་པ་མེད་པ་འདྲེན་ནོ།།མདོ་དེ་ལ་འཕགས་པ་དང་སློབ་དཔོན་གྱིས་ནི་སྤྱན་གསུམ་པ་ཤེས་རབ་ཀྱི་སྤྱན་འདི་འདུས་བྱས་མ་བྱས་སོགས་ཆོས་གང་ལ་ཡང་བདེན་པར་རྣམ་པར་མི་རྟོག་པ་ལ་དགོངས་ནས་ཉི་ཁྲི་སྣང་བ་དང་ལེའུ་བརྒྱད་མར་འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་ཅི་ཡང་མི་ཤེས་ཏེ་ཞེས་པའི་མདོ་དེ་དྲངས་ཏེ་ཤེས་རབ་ཀྱི་སྤྱན་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་ཁྱབ་པར་གསུངས་ལ།ཡུམ་གསུམ་དང་འབུམ་རྐྱང་པའི་གནོད་འཇོམས་གཉིས་སུ་ཤེས་རབ་ཀྱི་སྤྱན་འདི་ཡི་ངོས་འཛིན་པའི་སྐབས་ལ་གསུམ་གྱི་གནོད་འཇོམས་ལས།ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་གོ་ཞེས་དང་།འབུམ་གྱི་གནོད་འཇོམས་ལས།འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་མིང་གིས་སྨོས་པ་ཐམས་ཅད་ཤེས་རབ་ཀྱིས་ཐོགས་པ་མེད་པར་འཇུག་ཅིང་མཁྱེན་པ་ལ་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ་ཞེས་བཤད་པ་ནི་ཆོས་གང་ཡང་མི་ཤེས་པ་མེད་པ་ཞེས་པའི་མདོ་ལ་དགོངས་ནས་གསུངས་སོ།།
འོན་ཀྱང་ཉི་སྣང་དང་ལེའུ་བརྒྱད་མའི་བོད་དཔེར་ཅི་ཡང་མི་ཤེས་པ་མེད་དེ་ཞེས་པའི་མདོ་དྲངས་པ་མ་གཏོགས་ཆོས་ཅི་ཡང་མི་ཤེས་ཏེ་ཞེས་དྲངས་པ་མི་སྣང་བ་ནི་གུང་ཐང་གི་འགྲེལ་བའི་མཆན་ལས་གསུངས་པ་ལྟར་ཕྱིས་སུ་ལོ་རྩཱ་བ་རྣམས་ཀྱིས་མདོ་ལེ་མང་དང་བསྟུན་ནས་འགྱུར་བ་བཏང་བ་མིན་ནམ་དཔྱད།ཡང་གཞུང་འདི་ཉིད་ལས་འབུམ་དང་ཉི་ཁྲི་བརྒྱད་སྟོང་པར་སྔར་དྲངས་པའི་ཆོས་དེ་དག་གང་ཡང་མི་ཤེས་པ་མེད་པ་དང་ཞེས་གསུངས་འདུག་ན།ཡུམ་འབུམ་པར།ཤཱ་རི་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་མིག་གང་དང་ལྡན་པས་འདུས་བྱས་སམ།འདུས་མ་བྱས་སམ།དགེ་བའམ།མི་དགེ་བའམ།ཁ་ན་མ་ཐོ་བ་དང་བཅས་པ།ཁ་ན་མ་ཐོ་བ་མེད་པའམ།ཀུན་ནས་ཉོན་མོངས་པའམ།ཀུན་ནས་ཉོན་མོངས་པ་མེད་པའམ།འཇིག་རྟེན་པའམ།འཇིག་རྟེན་ལས་འདས་པའམ།ཟག་པ་དང་བཅས་པའམ།ཟག་མེད་པའི་ཆོས་གང་ཡང་མི་ཤེས་པ་མེད་པ་དང་ཞེས་སོགས་གསུངས་པ་དང་།ཉི་ཁྲི་ལས་ཀྱང་དེ་བཞིན་དུ་གསུངས་འདུག་ཀྱང་བརྒྱད་སྟོང་པའི་བོད་དཔེར་གང་ཡང་མི་ཤེས་པ་མེད་གང་ཡང་མ་མཐོང་བ་མེད་མ་ཐོས་པ་མེད་མ་བསམས་པ་མེད་ཁོང་དུ་མི་ཆུད་པ་མེད་ཅེས་པའི་ཚིག་ཅིག་ཁོ་བོས་ཇི་ཙམ་བཙལ་ཀྱང་མ་རྙེད་དོ།།མ་ཟད་ཉ་ཊཱིཀ་ཏུ་ཡང་།རྒྱས་འབྲིང་ན་སྔར་སྨོས་ལྟར་ཀྱི་ཆོས་གང་ཡང་མི་ཤེས་པ་མེད་པ་དང་ཞེས་གསུངས་པས་གསེར་ཕྲེང་དུ་བརྒྱད་སྟོང་པར་གསུངས་པ་དཔྱོད།འོ་ན་འདིར་དྲངས་པའི་མ་མཐོང་མ་ཐོས་མ་བསམས་ཁོང་དུ་མ་ཆུད་པ་འདི་ནི་བྱང་ཆེན་གྱི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ་ཞེས་པའི་མདོ་ཚིག་དེ་རྒྱས་འབྲིང་གཉིས་དང་བརྒྱད་སྟོང་པར་ཡང་མི་སྣང་ན་མདོ་གང་ན་ཡོད་ཅེ་ན།དེ་ནི་ཉི་ཁྲི་ལ་ལེའུ་མང་བ་བདུན་བཅུ་རྩ་དྲུག་ཅན་པོད་ལྔ་ཡོད་པ་ཞིག་དང་།དེ་ལས་ལེའུ་ཉུང་བ་ཞིག་གཉིས་ཡོད་པ་ལས་ཕྱི་མ་དེར་ཡོད་སྙམ་སྟེ།བཤད་སྲོལ་ཞིག་ལ་སྔར་རྒྱ་གར་ལ་ཉི་ཁྲིའི་པར་མ་ལ་ལེའུ་མང་བ་ཞིག་དང་ཉུང་བ་ཞིག་གཉིས་ཡོད་པ་ལས་ཉུང་བ་དེ་ཉི་ཁྲི་དག་པར་བཟུང་བ་དང།ཉི་ཁྲི་དག་ལྡན་གྱི་ཁུངས་གཏུགས་སའང་དེ་ཡིན་པས་ཉི་ཁྲི་དག་གཏུགས་ཀྱང་ཟེར།དེར་བརྟེན་གཞུང་འདི་དང་རང་རེའི་ཡིག་ཆ་སོགས་སུ་དྲངས་པའི་ཉི་ཁྲིའི་མདོ་ཚིག་རྣམས་ད་ལྟའི་བོད་འགྱུར་ཉི་ཁྲི་ལེ་མང་ནང་ཡོད་པའི་ངེས་པ་མེད་ཟེར་རོ།།མདོར་ན་འདིར་བསྟན་ཤེས་རབ་ཀྱི་སྤྱན་ནི་རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་དགོས་པ་ནི་གོང་དུ་དྲངས་པའི་ཡུམ་གྱི་མདོ་རྣམས་དང་།འཕགས་པ་འཇམ་དཔལ་གྱི་དྲི་བ་ཞེས་བྱ་བའི་ཐེག་ཆེན་གྱི་མདོ་སྡེ་༼མ༽ལས།ཤའི་མིག་གིས་མ་མཐོང་གི་ཤེས་རབ་ཀྱི་མིག་གིས་མཐོང་སྟེ།ཇི་ལྟར་མི་མཐོང་ན་རྣམ་པར་མི་མཐོང་བ་དེ་ལྟར་མཐོང་ངོ་།།གང་ལ་མཐོང་བ་ཡང་མེད།རྣམ་པར་མཐོང་བ་ཡང་མེད་པ་དེ་ནི་གཉིས་སུ་མེད་པར་འཇུག་པའོ།།ཞེས་དང་།བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང།དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་གནས་ལ་གནས་པའི་ཆོས་ལྷག་པར་མཐོང་བ་གང་ཞེ་ན།དེས་ཆོས་གང་ལྷག་པར་མཐོང་བ་དེ་དག་ཤེས་རབ་ཀྱི་མིག་ཁོ་ནས་ལྷག་པར་མཐོང་གི་ཤའི་མིག་དང་ལྷའི་མིག་གིས་ཆོས་དེ་དག་ལྷག་པར་མཐོང་བ་མ་ཡིན་ནོ།།ཞེས་དང་།ཡང་དེ་ཉིད་ལས།མ་མཐོང་བ་ནི་ལྷག་པར་མཐོང་བ་ཡིན་ལ།བདག་མ་མཐོང་བ་དང་།སེམས་ཅན་མ་མཐོང་བ་དང་།སྲོག་དང་།གསོ་བ་དང།སྐྱེས་བུ་དང་།གང་ཟག་མ་མཐོང་བ་ནི་ཆོས་ལྷག་པར་མཐོང་བ་ཡིན་ཏེ།དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཆོས་དེ་དག་ཀྱང་ཇི་ལྟ་བ་བཞིན་དུ་མཐོང་ལ་ཞེས་དང་།གཞན་ཡང་འགྲེལ་བ་དོན་གསལ་དང་།སྣང་བ་གཉིས།གསེར་ཕྲེང་དང།རྣམ་བཤད།རྟོགས་དཀའི་སྣང་བ་སོགས་ཀྱིས་ཀྱང་གྲུབ་བོ།།ཡིག་ཆ་འགའ་ཞིག་ལས་དེ་ལ་བདག་མེད་ཕྲ་རགས་གང་རུང་མངོན་སུམ་དུ་རྟོགས་དགོས་པར་གསུངས་པ་ནི་ཁུངས་ཡོད་མིན་བཙལ་དགོས།དེས་ན་སྐབས་འདིའི་ཤེས་རབ་ཀྱི་སྤྱན་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་དགོས་ཀྱང་སྤྱིར་ཤེས་རབ་ཀྱི་སྤྱན་ཙམ་ལ་དེ་ལྟར་མི་དགོས་ཏེ།གཟུགས་ཙམ་རྟོགས་པའི་བྱང་སེམས་ཀྱི་ཤེས་རབ་ཀྱི་སྤྱན་ཡོད་པའི་ཕྱིར་ཏེ།རྣམ་པ་གཏན་ལ་དབབ་པའི་བསྡུ་བ་ལས།གཟུགས་བསྟན་དུ་ཡོད་པ་དང་།བསྒྲིབས་པ་དང་།མུན་ཁྲོད་ན་འདུག་པ་དང་།བསྐལ་པ་དང་།སྤྱོད་ཡུལ་ན་གནས་པ་ཡང་སྣང་བ་འགྱུར་རོ།།འཕགས་པའི་ཤེས་རབ་ཀྱི་མིག་ནི་གཟུགས་རྣམ་པ་ཐམས་ཅད་པའི་སྤྱོད་ཡུལ་དུ་འགྱུར་རོ་ཞེས་གསུངས་སོ།།
བཞི་པ་ཆོས་ཀྱི་སྤྱན་གྱི་མཚན་ཉིད་ནི།སྤྱན་གང་ཞིགརང་ཡུལ་སོ་སྐྱེའི་ས་ལས་འདས་པའི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་པོ་རྣོ་རྟུལ་དང་ལ་སོགས་པས་འབྲིང་སྟེ་དབང་པོའ་ིརིམ་པ་རྣམས་མངོན་སུམ་དུ་རྟོགས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་ཡུལ་ཅན་ཏེ།མདོ་ལས།བྱང་ཆེན་གྱི་ཆོས་ཀྱི་མིག་གིས་ཏེ་སྤྱན་གྱིས་གང་ཟག་འདི་ནི་ཆོས་སྟོན་པ་པོའམ་དེའི་ཚིག་ཙམ་ལ་ཡིད་ཆེས་སྐྱེས་པའི་དད་པའི་རྗེས་སུ་འབྲང་བའོ།།ཞེས་དེ་དག་ལ་སོགས་པའི་དབང་པོའ་ིཁྱད་པར་རྣམས་ཤེས་པར་གསུངས་སོ།།སོགས་པས་ནི་གང་ཟག་གཙོ་བོར་མི་བྱེད་པར་ཆོས་གཙོ་བོར་བྱས་ནས་དེའི་དོན་ལ་དཔྱད་དེ་འཇུག་པའི་ཆོས་ཀྱི་རྗེས་སུ་འབྲང་བ་དང་།རྒྱུན་ཞུགས་དང།ཕྱིར་འོང།ཕྱིར་མི་འོང་དང།དགྲ་བཅོམ་པ།ཕྱིར་མི་ལྡོག་པའི་དགེ་འདུན་བཅས་བསྡུས་སོ།།འདིའི་མདོ་ལས།འདི་ལ་སངས་རྒྱས་རྣམས་ལེགས་པ་བརྗོད་པ་མི་མཛད་དོ་ཞེས་དང།འདི་དག་ནི་ཉེ་བར་གནས་པར་མི་འགྱུར་རོ་ཞེས་དང་།རྒྱལ་ཆེན་བཞིའི་རིགས་ཀྱི་ལྷའི་ནང་དུ་སྐྱེའོ།།སུམ་ཅུ་རྩ་གསུམ་གྱིས་ལྷའི་ནང་དུ་སྐྱེའོ།།འཚེ་མའི་ལྷའི་ནང་དུ་སྐྱེའོ།།དགའ་ལྡན་གྱི་ལྷའི་ནང་དུ་སྐྱེའོ།།འཕྲུལ་དགའི་ལྷའི་ནང་དུ་སྐྱེའོ།།གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་སྐྱེའོ།།ཞེས་སོགས་གསུངས་པ་ལ་བརྟེན་ནས་ཉ་ཊཱིཀ་ལས་ཆོས་ཀྱི་སྤྱན་འདིས་སོ་སྐྱེའི་རྟོགས་པ་སྟེ་དབང་པོ་ཤེས་ཞེས་གསུངས་པ་དང་།ཡང་མདོ་དེ་ལས།ཀུན་འབྱུང་བའི་ཆོས་ཅན་དེ་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ་ཞེས་བྱ་བར་ཤེས་པས་དབང་པོ་ལྔ་ཐོབ་པར་འགྱུར་ཏེ།འདི་ནི་ཤཱ་རི་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ།།ཞེས་གསུངས་པའི་དོན་ལ་འབུམ་གྱི་གནོད་འཇོམས་ལས།མོས་སྤྱོད་ཀྱི་ས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཅན་དེ་ཐམས་ཅད་འགག་པའི་ཆོས་ཅན་དུ་ཤེས་པས་དབང་པོ་ལྔ་ཐོབ་པར་འགྱུར་བ་དེ་ལྟ་བུ་ཤེས་པ་ཡང་བྱང་ཆེན་ཆོས་ཀྱི་མིག་ཡོངས་སུ་དག་པའོ།།ཞེས་གསུངས་སོ།།ཡིག་ཆ་འགའ་ཞིག་ལས།ཆོས་ཀྱི་སྤྱན་གྱི་དབྱེ་བ་ལ།གནས་དང་གནས་མ་ཡིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་ཡོད་པའི་སྒྲུབ་བྱེད་དུ་གནོད་འཇོམས་ལས།གནས་དང་གནས་མིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་པོ་འདི་དག་ནི་ཆོས་ཀྱི་མིག་གོ་ཞེས་དང་།འགྲེལ་ཆེན་ལས་ཀྱང་།གསུང་རབ་ཡན་ལག་བཅུ་གཉིས་ལ་ཐོགས་མེད་དུ་འཇུག་པ་ནི་ཆོས་ཀྱི་སྤྱན་ནོ་ཞེས་གསུངས་པ་ཁུངས་སུ་དྲངས་འདུག་པས་ཡུམ་གསུམ་གྱི་གནོད་འཇོམས་དང་བློ་བརྟན་གྱི་མདོ་སྡེ་རྒྱན་གྱི་འགྲེལ་ཆེན་གྱི་བཤད་པ་གཉིས་ཀ་རང་ལུགས་སུ་མཛད་པ་དང་།སྤྱི་དོན་རོལ་མཚོར།ཁ་ཅིག་གིས།ལུང་གི་ཆོས་ཀྱི་སྤྱན་ཡོད་པའི་ཤེས་བྱེད་དུ།རྒྱན་སྣང་ལས་ཞེས་སོགས་གསལ་ཡང་དེ་ནི་ཡི་གེ་མ་དག་གམ་སྙམ་སྟེ།གང་དྲངས་པའི་ལུང་དེ་རྒྱན་སྣང་དུ་མེད་པས་ཕལ་ཆེར་བློ་བརྟན་གྱི་འགྲེལ་ཆེན་ཡིན་སྙམ་མོ།།གང་ལྟར་ཁ་ཅིག་གིས་ལུང་གི་ཆོས་ཀྱི་སྤྱན་ཡོད་པའི་ཤེས་བྱེད་དུ་ལུང་དེ་དྲངས་པར་རྗེ་བཙུན་གྱིས་དགག་པ་མཛད་མེད་ཀྱང་ལུང་དེ་ལུང་གི་ཆོས་ཀྱི་སྤྱན་ཡོད་པའི་ཁུངས་སུ་མི་འགྲོ་སྟེ།ལུང་དེས་ཆོས་ཀྱི་སྤྱན་གྱིས་གསུང་རབ་ཡན་ལག་བཅུ་གཉིས་ལ་བློའི་འཇུག་པ་མྱུར་བུལ་གྱི་དབང་པོའི་རིམ་པ་རྟོགས་པར་གསུངས་སོ།།ཡང་གཞུང་འགའ་ཞིག་ལས།ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད་ལ་བདག་མེད་རྟོགས་པ་དང།ཆོས་ཀྱི་སྤྱན་གྱི་མཚན་ཉིད་ལ་དབང་པོའི་རིམ་པ་རྟོགས་པ་སྦྱར་བ་ནི་ཡུམ་གྱི་མདོ་དང་འགྲེལ་བའི་དངོས་བསྟན་གྱི་གཙོ་བོའ་ིདབང་དུ་བྱས་ཀྱི་སྤྱིར་དེ་གཉིས་དོན་གཅིག་ཡིན་གསུངས།དེའི་ཁུངས་ཀྱང་བསྡུ་བ་ལས།ཤེས་རབ་ཀྱི་མིག་ནི་ཞེས་སོགས་དང་།ཉི་སྣང་ལས།ཆོས་ཀྱི་སྤྱན་གྱི་ཡུལ་ནི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པ་ཡིན་པའི་ཕྱིར་ཞེས་པ་དང་།རྣམ་བཤད་ལས།གསུམ་པས་གདུལ་བྱ་འདུལ་བའི་ཐབས་གནས་ལུགས་ཀྱི་དོན་མངོན་སུམ་དུ་ཤེས་ཤིང་ཞེས་གསུངས་པ་བཅས་ཡིན་འདུག་ཀྱང་དེ་དག་གིས་དེ་གཉིས་དོན་གཅིག་ཏུ་གཏན་ནས་སྒྲུབ་མི་ནུས་ཏེ།ལུང་དང་པོའི་དོན་ནི་སྔར་བཤད་པ་ལྟར་ཤེས་རབ་ཀྱི་མིག་ཙམ་ལ་དགོངས་ལ།ལུང་གཉིས་པ་ནི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པ་ཞེས་དྲུག་སྒྲ་སྦྱར་བས་འཕགས་པའི་གང་ཟག་རྣམས་ཀྱིས་རང་གི་ཡུལ་རྟོགས་པའི་ཡུལ་ཅན་རྟོགས་པའམ་ཡུལ་རྟོགས་པའི་དབང་པོ་དེ་ཆོས་ཀྱི་སྤྱན་གྱི་ཡུལ་ཡིན་པར་གསུངས་ཀྱི།འཕགས་པའི་གང་ཟག་ཐམས་ཅད་ཀྱིས་ཡུལ་གང་རྟོགས་ཚད་ཆོས་ཀྱི་སྤྱན་གྱི་ཡུལ་དུ་མ་བསྟན་ནོ།།རྣམ་བཤད་ལས་ཀྱང།གསུམ་པས་གདུལ་བྱ་འདུལ་བའི་ཐབས་གནས་ལུགས་ཀྱི་དོན་ཞེས་གསུངས་པས་ཤེས་རབ་ཀྱི་སྤྱན་གྱི་ཡུལ་ལ་སྟོང་ཉིད་དགོས་པར་གསུངས་སོ།།
ལྔ་པ་སངས་རྒྱས་ཀྱི་སྤྱན་གྱི་མཚན་ཉིད་ནི།སྤྱན་གང་ཞིགཇི་ལྟར་ཇི་སྙེད་ཀྱི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་དུ་ཕྱོགས་པར་རམ་གྱུར་པར་རྫོགས་པར་བྱང་ཆུབ་པ་སྟེ་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་ཡུལ་ཅན་ཏེ།མདོ་ལས།བྱང་སེམས་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ་སྟེ་མཐར་ཐེག་ཆེན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ནས་མཉམ་གཞག་གི་སེམས་ཀྱི་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སྐད་ཅིག་གཉིས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་ཐོབ་པ་གང་ཡིན་པ་དེ་ནི་ཆོས་ཉིད་དེ་བཞིན་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པའི་སར་གཤེགས་པའི་གནས་དང་གནས་མིན་མཁྱེན་པ་སོགས་སྟོབས་བཅུ་དང་ལྡན་པ་ཡིན།འཁོར་གྱི་དབུས་སུ་ང་ནི་སངས་རྒྱས་སོ་ཞེས་དམ་བཅའ་བ་སོགས་མི་འཇིགས་པ་བཞི་དང་།ཆོས་སོ་སོ་ཡང་དག་པར་རིག་པ་སོགས་བཞི་དང་།སྐུ་འཁྲུལ་བ་མི་མངའ་བ་ལུས་ཀྱི་ལས་དག་པ་སོགས་སངས་རྒྱས་ཀྱི་ཆོས་ཉན་རང་བྱང་སེམས་གསུམ་དང་རྗེས་མཐུན་ཙམ་ཡང་མ་འདྲེས་པ་བཅོ་བརྒྱད་དང་།སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་ཆེན་པོ་དང་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ།མདོ་ལས།སངས་རྒྱས་ཀྱི་མིག་གང་གིས་བྱང་ཆེན་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་མ་མཐོང་བའམ་མ་ཐོས་པའམ་མ་བསམས་པའམ་རྣམ་པར་མ་ཤེས་པ་ཅི་ཡང་མེད་པ་སྟེ་ཤཱ་རིའི་བུ་འདི་ནི་བྱང་ཆེན་བླ་མེད་རྫོགས་བྱང་དུ་མངོན་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པའོ་ཞེས་གསུངས་སོ།།
སྤྱན་ལྔ་པོ་དེ་ལ་སྟེ་དེའི་ནང་ནས་ཤའི་མིག་གི་སྐབས་སུ་དཔག་ཚད་བརྒྱ་ལ་སོགས་པ་མཐོང་བ་ཡོད་ཅེས་གསུངས་པ་ནི་བྱང་སེམས་ཀྱི་སའི་མཐོ་དམའ་དང་སྤངས་རྟོགས་ཀྱི་ཡོན་ཏན་ཆེ་ཆུང་གི་རིམ་པས་དེ་ལྟར་གསུངས་པ་ཡིན་ནོ།།མདོ་ལས།རྒྱལ་ཆེན་རིགས་བཞིའི་ལྷ་ནས་འོག་མིན་བར་གྱི་ལྷ་རྣམས་ཀྱི་མིག་གི་ཡུལ་བྱང་སེམས་ཀྱི་ལྷའི་མིག་གིས་ཏེ་སྤྱན་གྱིས་ཤེས་པར་གསུངས་པ་ནི་ལྷ་དེ་དག་གི་མིག་དང་དེའི་ཡུལ་དང་ལྷ་དེ་དག་གི་བསམ་གཏན་གྱི་དངོས་གཞི་དང་ཏེང་ངེ་འཛིན་རྣམས་ཤེས་ལ།རྒྱལ་རིགས་བཞི་ནས་འོག་མིན་བར་གྱི་འདོད་གཟུགས་ཀྱི་ལྷ་རྣམས་ཀྱིས་བྱང་སེམས་ཀྱི་ལྷའི་སྤྱན་ཇི་འདྲ་བ་དང་དེའི་སྤྱོད་ཡུལ་ཤེས་མི་ནུས་སོ་ཞེས་འབུམ་གྱི་གནོད་འཇོམས་ལས་གསུངས་སོ།།ཁ་ཅིག་གིས་གནོད་འཇོམས་ཀྱི་བཤད་པ་དེ་ལ་གཞུང་འདིར་དགག་པ་མ་མཛད་པས་རང་ལུགས་སུ་བཞེད་ཅེས་ཟེར་ཡང་དགག་པ་མ་མཛད་པ་ཙམ་ལས་རང་ལུགས་སུ་འདོད་མི་རིགས་ཏེ།དེ་ལྟ་བུའི་ལྷའི་སྤྱན་གྱི་བདག་རྐྱེན་ལྷའི་མིག་དེ་དབང་པོ་གཟུགས་ཅན་ཡིན་པས་དེས་བསམ་གཏན་དང་ཏེང་ངེ་འཛིན་དང་སྤྱན་སོགས་མཐོང་བའི་བདག་རྐྱེན་བྱེད་མི་ནུས་པའི་ཕྱིར།དེས་ན་གཞུང་འདིར་བཤད་ཡམས་ཙམ་ཞིག་བཀོད་པ་ཡིན་ནོ།།འོན་ཀྱང་སོ་སྐྱེ་དང་མ་འདྲེས་པས་གནས་གཙང་མའི་རིས་ཀྱི་ལྷ་ནི་འཕགས་པ་ཁོ་ནར་ངེས་པས་མདོ་ལས་ལྷ་དེ་དག་གིས་བྱང་སེམས་ཀྱི་ལྷའི་སྤྱན་གྱི་ཡུལ་མི་ཤེས་ཞེས་གསུངས་པ་ཇི་ལྟར་འཐད་ཅེ་ན།སྐྱོན་མེད་དེ་མདོ་ལས་གནས་གཙང་མའི་རིས་ཀྱི་ལྷ་དེ་དག་གིས་བྱང་སེམས་ཀྱི་ལྷའི་སྤྱན་གྱི་ཡུལ་མི་ཤེས་པར་གསུངས་པ་ནི་གནས་གཙང་མའི་རིས་ཀྱི་ཉན་ཐོས་འཕགས་པ་ལ་དགོངས་སོ།།ཡུམ་གསུམ་གྱི་གནོད་འཇོམས་ལས།དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་གྱི་གཟུགས་ཆེ་ཆུང་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག་གོ།འཆི་འཕོ་བ་དང་སྐྱེ་བ་དང་ཏེང་ངེ་འཛིན་དང་བསམ་གཏན་གྱི་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ནི་ལྷའི་མིག་གོ།རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་གོ།གནས་དང་གནས་མ་ཡིན་པ་མཁྱེན་པ་མ་གཏོགས་པའི་ལྷག་མ་ལས་ཀྱི་རྣམ་སྨིན་མཁྱེན་པ་སོགས་ཤེས་པ་དགུ་པོ་འདི་དག་ནི་ཆོས་ཀྱི་མིག་གོ།སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་སྤྱན་ཡིན་ནོ་ཞེས་གསུངས་ཤིང་།བློ་བརྟན་གྱི་མདོ་སྡེ་རྒྱན་གྱི་འགྲེལ་ཆེན་ལས།སྐྱེ་བ་སྔ་མར་རྫུ་འཕྲུལ་གྱི་རྐང་པ་སྟེ་ཞི་གནས་སོགས་བསྒོམས་པའི་མཐུས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པའི་གཟུགས་ཆེ་ཆུང་ཐམས་ཅད་མཐོང་བའི་རྣམ་སྨིན་གྱི་མིག་གྲུབ་པ་ནི་ཤའི་སྤྱན་དང།བསམ་གཏན་དང་པོ་ལ་སོགས་པ་བསྒོམས་པ་ལས་གྲུབ་པའི་འཕྲུལ་གྱི་སྤྱན་ཏེ་ལྷའི་སྤྱན་ནི།ཚེ་འདིར་བསམ་གཏན་དང་པོ་ལ་སོགས་པའི་དངོས་གཞི་བསྒོམས་པའི་སྟོབས་ལས་གྲུབ་ཅིང་སྤྱན་དང་པོ་ཤའི་སྤྱན་ལས་ཁྱད་ཞུགས་པ་སྟེ་ཁྱད་པར་འཕགས་པས་འཕགས་ཆོས་ནི་བདག་རྐྱེན་དབང་པོའི་སྒོ་ནས་སྟེང་འོག་སོགས་ཕྱོགས་བཅུ་དང་འདས་མ་འོངས་ད་ལྟའི་དུས་གསུམ་གྱི་གཟུགས་ཆེ་ཆུང་ཐམས་ཅད་མཐོང་བའོ།།བདེན་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་སྤྱན་ནོ།།མདོ་སྡེ་དབྱངས་བསྙད་སོགས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་དོན་ལ་ཐོགས་མེད་དུ་འཇུག་པ་ནི་ཆོས་ཀྱི་སྤྱན་ནོ།།
ཟག་བཅས་ཟག་མེད་དང་ལ་སོགས་པས་བསྡུས་པ་འདུས་བྱས་མ་བྱས་དགེ་མི་དགེ་ཁ་ན་ཐོ་མ་ཐོ་ཉོན་མོངས་དང་བཅས་མ་བཅས་འཇིག་རྟེན་ལས་འདས་མ་འདས་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་སྟེ་མངོན་སུམ་དུ་རྟོགས་པ་ནི་སངས་རྒྱས་ཀྱི་སྤྱན་ནོ་ཞེས་བཤད་ཅིང་ཕྱི་མ་སངས་རྒྱས་ཀྱི་སྤྱན་མ་གཏོགས་པ་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པའི་བཤད་སྦྱར་དང་ཡང་མཐུན་ནོ།།བཤད་ཚུལ་གཞན་ཡང་མདོ་སྡེ་རྒྱན་གྱི་འགྲེལ་ཆེན་ལས་འཕྲུལ་གྱི་སྤྱན་ལ་གཉིས་ཏེ་སྔོན་ཟག་བཅས་དགེ་བའི་ལས་དང་ཚེ་འདིར་བསམ་གཏན་བསྒོམས་སྟོབས་ཀྱིས་ཐོབ་པའི་འབྲས་བུའོ།།དང་པོ་ནི་གཟུགས་ཁམས་པའི་ལྷ་རྣམས་ཀྱིས་རང་གི་སྐྱེ་བ་སྔ་མར་རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་པའི་ཟག་བཅས་དགེ་བའི་ལས་ཀྱི་མཐུས་ཚེ་འདིར་སྐྱེས་ཐོབ་ཀྱི་དབང་པོ་གཟུགས་ཅན་དྭངས་མའི་མིག་ཐོབ་ནས་རང་ས་དང་འོག་སའི་གཟུགས་རྣམས་ཐོགས་མེད་དུ་མཐོང་བའོ།།གཉིས་པ་ནི།རྣལ་འབྱོར་པས་ཚེ་འདིར་བསམ་གཏན་གྱི་དངོས་གཞི་དང་ཏིང་ངེ་འཛིན་སོགས་བསྒོམས་པའི་མཐུས་སྦྱོར་བྱུང་གི་མིག་དབང་ཁྱད་པར་ཅན་ཐོབ་པ་སྟེ་དེས་སེམས་ཅན་རྣམས་སྐྱེ་བ་སྔ་མ་གང་ནས་འཆི་འཕོས་ཏེ་འདིར་སྐྱེ་བ་དང་འདི་ནས་གང་དུ་སྐྱེ་བ་དང་འདས་མ་འོངས་ཀྱི་གཟུགས་ཐམས་ཅད་མཐོང་ངོ་ཞེས་བཤད་དོ།།འགྲེལ་ཆེན་འདིར་འཕྲུལ་གྱི་སྤྱན་ཞེས་པ་ནི་ལྷའི་སྤྱན་ནོ།།ཀ་མ་ལ་ཤཱི་ལས་རྡོ་རྗེ་གཅོད་པའི་རྒྱ་ཆེར་འགྲེལ་ལས།མདོར་བསྡུ་ན་སྤྱན་རྣམ་པ་བཞི་སྟེ།ཤའི་སྤྱན་དང་ལྷའི་སྤྱན་གཉིས་གཟུགས་འཛིན་པ་དང་།ཤེས་རབ་ཀྱི་སྤྱན་དོན་དམ་པའི་བདེན་པ་འཛིན་པ་དང་།ཆོས་ཀྱི་སྤྱན་ཀུན་རྫོབ་ཀྱི་བདེན་པ་འཛིན་པ་དང་།སངས་རྒྱས་ཀྱི་སྤྱན་རྣམ་པ་ཐམས་ཅད་དུ་ཤེས་བྱ་འཛིན་པའོ།།གཟུགས་འཛིན་པ་ལའང་རྣམ་པ་གཉིས་ཏེ།སྔོན་གྱི་ལས་ཀྱིའབྲས་བུ་དང་།ཚེ་འདིར་བསམ་གཏན་བསྒོམས་པའི་འབྲས་བུའོ།།ཞེས་ཤའི་མིག་སྟེ་སྤྱན་ལས་ཀྱི་འབྲས་བུ་དང་ལྷའི་མིག་སྟེ་སྤྱན་ནི་བསྒོམས་འབྲས་སུ་གསུངས་པ་ལྟར་མདོ་སྡེ་རྒྱན་གྱི་འགྲེལ་ཆེན་གྱི་བཤད་ཡམས་གཞན་གཅིག་ལས་ཀྱང་ཀ་མ་ལ་ཤཱི་ལས་བཤད་པ་དེ་ཁོ་ན་ལྟར་གསུངས་སོ།།དེ་ལྟར་ན་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པའི་བཤད་སྦྱར་དང་།མདོ་སྡེ་རྒྱན་གྱི་འགྲེལ་ཆེན།ཀ་མ་ལ་ཤཱི་ལའི་རྡོར་གཅོད་ཀྱི་འགྲེལ་བ་རྣམས་ཀྱིས་ལྷའི་སྤྱན་གཙོ་བོར་ཚེ་འདིར་བསམ་གཏན་གྱིས་བསྒྲུབས་པ་ལ་བཤད་པ་ནི་འཕགས་པ་གྲོལ་སྡེ་དང་སློབ་དཔོན་སེང་བཟང་གཉིས་དང་མི་མཐུན་ནོ།།ཀ་ཤཱིའི་རྡོ་གཅོད་འགྲེལ་བ་ལས་སྤྱན་ལྔའི་གོ་རིམ་བསྟན་པ་ན།དེ་ཉིད་ལས།དེ་ལ་ཡུལ་རགས་པའི་ཕྱིར་དང་པོར་གཟུགས་འཛིན་པ་བསྟན་ཏོ།།དོན་དམ་པའི་དབང་གིས་ཀུན་རྫོབ་ཤེས་པ་ཡོངས་སུ་དག་པར་འགྱུར་ཏེ།དེས་ན་དོན་དམ་པའི་བདེན་པ་འཛིན་པ་ནི་སྔར་བསྟན་ལ།ཀུན་རྫོབ་ཀྱི་བདེན་པ་འཛིན་པ་ནི་ཕྱིས་བཤད་དོ་ཞེས་གོ་རིམས་བསྟན་པའི་མཚམས་སྦྱར་བའོ།།གང་ཟག་དང་ཆོས་ལ་བདག་མེད་པའི་ཡུལ་ལ་ནི་ཤེས་རབ་ཀྱི་སྤྱན་མངའོ།།ཀུན་རྫོབ་ཏུ་ཆོས་ཙམ་དུ་སྣང་བ་ཉིད་དེ་གང་ཟག་མ་ཡིན་ན་ཞེས་གང་ཟག་སྟོང་སྟེ།ཆོས་ཙམ་གྱི་ཡུལ་ལ་ནི་ཆོས་ཀྱི་སྤྱན་ནོ།།ཤེས་བྱ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ནི་སངས་རྒྱས་ཀྱི་སྤྱན་ཞེས་བྱ་སྟེ་ཞེས་གསུངས་འདུག་པས།ཀ་ཤཱིས་ཤེས་རབ་ཀྱི་སྤྱན་ལ་གང་ཟག་གི་བདག་མེད་རྟོགས་པ་ཡང་ཡོད་པ་དང་།གང་ཟག་གི་བདག་མེད་དོན་དམ་བདེན་པ་འདོད་པ་ལྟ་བུར་མངོན་ནོ།།ཉ་ཊཱིཀ་གི་མཆན་བུ་ལས།མདོ་རྒྱན་འགྲེལ་ཆེན་དུ་སྤྱན་རྣམ་པ་ལྔ་རྣམ་པ་གཞིར་བཞག་སྟེ།གཟུགས་མཐོང་བ་དང་།ཀུན་རྫོབ་ཀྱི་ཆོས་མཐོང་བ་དང་།ཤེས་བྱ་ཐམས་ཅད་ཁོང་དུ་ཆུད་པའོ།།དེ་ལ་གཟུགས་མཐོང་བ་རྣམ་གཉིས་ཏེ།ལས་ཀྱི་རྣམ་སྨིན་ལས་བྱུང་བ་དང་།བསམ་གཏན་གྱི་འབྲས་བུའོ་ཞེས་སོགས་དྲངས་པ་ནི།གཞུང་འདི་ཉིད་ལས་འགྲེལ་ཆེན་གྱི་བཤད་ཡམས་གཅིག་ལས་ཞེས་པའི་བཤད་ཡམས་དེ་ཡིན་སྙམ།ཡང་ཉ་ཊཱིཀ་ཏུ་འགྲེལ་ཆེན་གྱི་གཞུང་དྲངས་པ་ལས་ཤའི་སྤྱན་དང་ལྷའི་སྤྱན་གཉིས་ཀར་འཕྲུལ་གྱི་སྤྱན་ཞེས་གསལ་བ་དང།གཞུང་འདི་ཉིད་ལས་འདིར་འཕྲུལ་གྱི་སྤྱན་ཞེས་པ་ནི་ལྷའི་སྤྱན་ནོ་ཞེས་གསུངས་པ་གཉིས་མི་མཐུན་པས་དཔྱད་དགོས།
ཡང་གཞུང་འདི་ཉིད་ལས།ཕྱི་མ་མ་གཏོགས་པ་བཤད་སྦྱར་དང་ཡང་མཐུན་ཞེས་གསུངས་པ་ནི།ངོ་བོ་ཉིད་མེད་པའི་མདོ་རྒྱན་གྱི་བཤད་སྦྱར་ལས།སྤྱན་སྔ་མ་བཞི་མ་གཏོགས་ཚིག་གིས་མ་ཟིན་ཞིང་སྔ་མ་བཞི་ནི་གཞུང་འདིར་འགྲེལ་ཆེན་གྱི་བཞེད་པ་བཀོད་པ་དེ་དང་མཐུན་པ་ཡིན་ཏེ།བཤད་སྦྱར་ལས།ཤའི་སྤྱན་ཞེས་བྱ་བ་ནི།རྫུ་འཕྲུལ་རྐང་པ་བསྒོམས་པས་བྱང་ཆུབ་སེམས་དཔའ་གང་གི་ན་སྟོང་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་གཟུགས་ཀྱི་དབྱེ་བ་ཤིན་ཏུ་ཕྲ་བ་ཡང་མཐོང་བ་དེ་ལྟ་བུའི་རྣམ་པར་སྨིན་ལས་བྱུང་བའི་མིག་མངོན་པར་འགྲུབ་སྟེ།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལས་ཇི་སྐད་བྱུང་བ་ལྟ་བུའོ།།ལྷའི་སྤྱན་ནི།ཤའི་སྤྱན་བས་ཆེས་ཁྱད་པར་འཕགས་པའོ།།ཤེས་རབ་ཀྱི་སྤྱན་འཕགས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་བཞིན་ཉིད་སྤྱོད་ཡུལ་ཡིན་ནོ།།ཆོས་ཀྱི་སྤྱན་ནི།མདོ་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཆོས་ཐམས་ཅད་ཐོགས་པ་མེད་པ་ཡིན་ནོ་ཞེས་པ་ཙམ་ལས་སངས་རྒྱས་ཀྱི་སྤྱན་གྱི་ངོ་བོ་བཤད་མེད་དོ།།ཡང་ཉ་ཊཱིཀ་གི་ཚིག་ཟིན་ལྟར་ན་སྤྱན་ཕྱི་མ་འདི་འགྲེལ་ཆེན་གྱིས་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་ཟག་པ་ཟད་པ་མཁྱེན་པ་ལ་དང་།བཤད་སྦྱར་གྱིས་ཟག་པ་ཡོད་མེད་འདུས་བྱས་མ་བྱས་ལ་སོགས་པའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ལ་གསུངས་པར་བཤད་པས་གཞུང་འདི་དང་མི་མཐུན་ནོ།།གཉིས་པ་ས་མཚམས་ནི།དང་པོ་ཤའི་སྤྱན་ཐེག་ཆེན་གྱི་ཚོགས་ལམ་ནས་དང།གཉིས་པ་ལྷའི་སྤྱན་ཐེག་ཆེན་གྱི་སྦྱོར་ལམ།གསུམ་པ་ཤེས་རབ་ཀྱི་སྤྱན་ཐེག་ཆེན་གྱི་མཐོང་ལམ་མཉམ་བཞག།བཞི་པ་ཆོས་ཀྱི་སྤྱན་ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ།ལྔ་པ་སངས་རྒྱས་ཀྱི་སྤྱན་རྗེས་མཐུན་པ་ནི་ས་བརྒྱད་པ་ནས་རྒྱུན་མཐའི་བར་ཡོད་ལ།སངས་རྒྱས་ཀྱི་ས་ལ་ཡོད་པའི་སངས་རྒྱས་ཀྱི་སྤྱན་དེ་དང་ཡོད་པ་དེ་གཉིས་ཀྱི་ཁྱད་པར་ནི་སྒྲིབ་གཉིས་ཀྱིས་ཡོངས་སུ་དག་མ་དག་གོ་ཞེས་བོད་སྔ་མ་དག་འཆད་དོ།།འོན་ཀྱང་ལྷའི་མིག་སྟེ་སྤྱན་ཚོགས་ལམ་ནས་ཐོབ་པ་པ་ལ་སྐྱོན་མེད་ལ།ས་བདུན་པའི་ཡོངས་སྦྱོང་གི་སྐབས་སུ་མདོ་ལས།དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོགས་པ་མེད་པའི་ཡེ་ཤེས་གང་ཞེ་ན།འདི་ལྟ་སྟེ།སངས་རྒྱས་ཀྱི་སྤྱན་ཐོབ་པ་སྟེ།དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོགས་པ་མེད་པའི་ཡེ་ཤེས་སོ།།ཞེས་སངས་རྒྱས་ཀྱི་སྤྱན་ཐོབ་པར་གསུངས་པས་རྗེས་མཐུན་པ་ས་བདུན་པ་དེ་ནས་ཡོད་དོ།།འོན་ཀྱང་སངས་རྒྱས་ཀྱི་སྤྱན་མཚན་ཉིད་པ་ནི་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད་པ་འདོད་པར་བྱ་སྟེ་སྔར་དྲངས་པའི་བྱང་ཆེན་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ་ཞེས་སོགས་ཀྱི་མདོས་བྱང་སེམས་སངས་རྒྱས་པའི་ཚེའི་སངས་རྒྱས་ཀྱི་མིག་ལ་བཤད་པའི་ཕྱིར་རོ།།རྣམ་བཤད་དུ་སྤྱན་ལྔའི་ས་མཚམས་གསུངས་པ་ནི་བོད་སྔ་མའི་བཤད་པ་ལྟར་དང་།དེ་ཡང་ཐེག་ཆེན་གྱི་དབང་དུ་བྱས་ཀྱི་སྤྱན་དང་པོ་གཉིས་ལམ་མ་ཞུགས་དང་ཕྱི་རོལ་པའི་རྒྱུད་ལ་ཡང་ཡོད་ལ།སྔ་མ་བཞི་ཉན་རང་སློབ་པ་འཕགས་པ་ལའང་ཡོད་དོ།།འོ་ན་ས་མཚམས་དེ་ལྟར་གསུངས་པ་ཇི་ལྟར་ཡིན་ཞེ་ན།ས་དེ་དག་ཏུ་དེ་དག་ཐོབ་པས་ཁྱབ་པ་ལ་དགོངས་པ་ཡིག་ཆར་གསལ་ལོ།།རང་རེའི་ཡིག་ཆར།གསེར་ཕྲེང་ལས་འོན་ཀྱང་ལྷའི་སྤྱན་ཚོགས་ལམ་ནས་ཐོབ་པ་ལ་སྐྱོན་མེད་ལ།ས་བརྒྱད་པའི་ཡོངས་སྦྱོང་གི་སྐབས་སུ་སངས་རྒྱས་ཀྱི་སྤྱན་ཐོབ་པར་གསུངས་པས་རྗེས་མཐུན་པ་དེ་ནས་ཡོད་དོ་ཞེས་གསུངས་ཞེས་འདུག་ཀྱང་ས་བརྒྱད་པ་ཞེས་པ་དེ་ཡིག་ནོར་ཏེ་ས་བརྒྱད་པའི་ཡོངས་སྦྱོང་གི་སྐབས་སུ་རྒྱས་འབྲིང་བསྡུས་གསུམ་གང་ནའང་སངས་རྒྱས་ཀྱི་སྤྱན་ཐོབ་ཅེས་ཟུར་ཙམ་ཡང་མི་འབྱུང་བ་དང་ས་བདུན་པའི་ཡོངས་སྦྱོང་གི་སྐབས་སུ་ཡུམ་བར་མ་ལས།དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོགས་པ་མེད་པའི་ཡེ་ཤེས་གང་ཞེ་ན།འདི་ལྟ་སྟེ།སངས་རྒྱས་ཀྱི་སྤྱན་ཐོབ་པ་སྟེ་ཞེས་སངས་རྒྱས་ཀྱི་སྤྱན་ས་བདུན་པ་ནས་ཐོབ་ཅེས་གསུངས་པས་ས་བདུན་པ་ཞེས་བཅོས་དགོས།སྤྱིར་སྤྱན་ལྔ་ག་སངས་རྒྱས་ལ་མངའ་བར་རྡོར་གཅོད་ལས།དེ་བཞིན་གཤེགས་པ་ལ་ཤའི་སྤྱན་མངའ་འམ།རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས།དེ་ནི་དེ་ལྟར་ལགས་ཏེ།དེ་བཞིན་གཤེགས་པ་ལ་ཤའི་སྤྱན་མངའ་འོ་ཞེས་སོགས་ཀྱིས་བཤད་ཅིང་འབུམ་གྱི་གནོད་འཇོམས་ལས་ཀྱང་སངས་རྒྱས་ཀྱི་ས་ལ་སྤྱན་ལྔ་ག་ཡོད་པར་བཤད་པའི་ཕྱིར་རོ།།འོན་ཀྱང་སྔར་འཕགས་པའི་ཉི་སྣང་གི་ལུང་དྲངས་ནས་ཤའི་མིག་གི་ཡུལ་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་དུ་ངེས་པར་བསྟན་པ་ནི་བྱང་སེམས་ཀྱི་ཤའི་སྤྱན་ལ་དགོངས་སོ།།
གསུམ་པ་རྒྱུ་ནི།མདོ་ལས་བྱང་ཆེན་ཤའི་མིག་སོགས་མིག་ལྔ་ཡོངས་སུ་སྦྱོང་བར་འདོད་པ་དང་དེ་དག་ཐོབ་པར་འདོད་པ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལྟར་ཕྱིན་དྲུག་ལ་སློབ་པ་དང་།དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པའི་བཤད་སྦྱར་དང་།འགྲེལ་ཆེན་ལས་ཤའི་མིག་ལ་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པའི་ཞེས་བཤད་པ་ལྟར་སྤྱན་ལྷག་མ་རྣམས་ལ་ཡང་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པ་ཡང་རྒྱུ་ཡིན་ནོ།།བསྒོམས་པ་ཡང་ཞེས་པའི་ཡང་སྒྲས་ཕར་ཕྱིན་དྲུག་ལ་སློབ་པ་བསྡུས་སོ།།དེ་ཡང་ཐེག་ཆེན་གྱི་དབང་དུ་བྱས་སོ།།བཞི་པ་དགོས་པ་ནི།མིག་སྟེ་སྤྱན་ལྔ་པོ་དེ་དག་ལ་སློབ་པའི་བྱང་ཆེན་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་པ་ལྟར་སངས་རྒྱས་པ་ནི་མཐར་ཐུག་གི་དགོས་པའམ་འབྲས་བུ་དང་།སློབ་པའི་གནས་སྐབས་སུ་ཡང་གཞན་དོན་སྒྲུབ་པ་ན་རང་ཉིད་ཀྱིས་དེའི་ཐབས་རྣམས་ཤེས་པས་གང་ཟག་གཞན་ལ་རག་མི་ལས་པར་གཞན་དོན་སྒྲུབ་པ་ལ་རང་དབང་དུ་འཇུག་པ་ནི་གནས་སྐབས་ཀྱི་དགོས་པའོ།།གཉིས་པ་ཇི་ལྟར་འདོམས་པའི་ཚུལ་ནི།གཟུགས་དང་།སྐྱེ་འཆི།དབང་པོའ་ིརིམ་པ།སྟོང་པ་ཉིད།ཆོས་ཐམས་ཅད་དེ་ཡུལ་ལྔ་པོ་དེ་དག་དང་འབྲེལ་བའི་ཡུལ་ཅན་སྤྱན་ལྔ་པོ་དེ་དག་ཀུན་རྫོབ་ཐ་སྙད་ཙམ་དུ་རྒྱུད་ལ་བསྐྱེད་ནས་དོན་དམ་པར་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དུ་རོ་གཅིག་པ་སྟེ་བདེན་སྟོང་གི་ངོ་བོར་ཐ་དད་པ་མེད་པར་རྟོགས་ཏེ་བསྒྲུབ་པར་བྱའོ་ཞེས་སློབ་པར་འདོམས་པའོ།།གསུམ་པ་སྒྲུབ་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་རྒྱུ་ལ་གདམས་པ་ནི།མངོན་ཤེས་དྲུག་བརྗོད་བྱར་བྱས་པ་ལ་འདོམས་སོ།།འདི་ལ་གཉིས།གང་ལ་གདམས་པའི་ཡུལ།དེ་ལ་ཇི་ལྟར་འདོམས་པའི་ཚུལ་ལོ།།དང་པོ་ལ་ལྔ།རྟེན་གྱི་ས།བརྟེན་པའི་མཚན་ཉིད།ཁྱད་པར།ས་མཚམས།དགོས་པའོ།།དང་པོ་ནི།ཐོགས་མེད་ཀྱི་མངོན་པ་ཀུན་ལས་བཏུས་སུ།བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱི་རོལ་པའམ།ཉན་ཐོས་སམ།བྱང་ཆུབ་སེམས་དཔའ་འམ།དེ་བཞིན་གཤེགས་པ་ཡང་རུང་སྟེ་འོག་སའི་ཉོན་མོངས་མངོན་འགྱུར་བས་དག་པའི་བསམ་གཏན་གྱི་དངོས་གཞི་སྙོམས་འཇུག་བཞི་པོ་གང་ཡང་རུང་བ་ལ་བརྟེན་ནས་བྱམས་པ་ལ་སོགས་པ་ཚད་མེད་པ་རྣམས་མངོན་པར་སྒྲུབ་བོ།།ཚད་མེད་པ་རྣམས་ཇི་ལྟ་བར་མངོན་པར་ཤེས་པ་དང་པོ་ལྔ་ཡང་དེ་བཞིན་ནོ།།ཞེས་གསུངས་པ་ལྟར་མངོན་ཤེས་དང་པོ་ལྔ་བསམ་གཏན་བཞིའི་དངོས་གཞི་སྙོམས་འཇུག་དག་པ་བ་གང་ཡང་རུང་བ་ལ་བརྟེན་ནས་སྒྲུབ་བོ།།མངོན་ཤེས་དྲུག་པའི་སེམས་རྟེན་ནི་དེ་ཉིད་ལས།ཡོན་ཏན་ལྷག་མ་རྣམ་ཐར་ཟིལ་གནོན་ཟད་པ་ཉོན་མོངས་མེད་པ་སྨོན་གནས་ཤེས་པ་ཟག་ཟད་ཀྱི་མངོན་ཤེས་ལ་སོགས་པ་རྣམས་ནི་ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་འམ་དེ་བཞིན་གཤེགས་པ་ཡང་རུང་སྟེ་འཕེལ་བ་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པའི་དངོས་གཞི་སྙོམས་འཇུག་ལ་བརྟེན་ནས་སྒྲུབ་བོ་ཞེས་སེམས་རྟེན་རབ་མཐའི་བསམ་གཏན་བཞི་པ་ལ་བཤད་པ་ལྟར་ཡིན་ལ།དེ་ཡང་རྩོམ་པ་དང་པོའི་ཚེའམ་གཙོ་ཆེ་བའི་དབང་དུ་བྱས་ཀྱི་མཐའ་གཅིག་ཏུ་མ་ངེས་སོ།།ཀུན་བཏུས་པའི་ལུགས་ཀྱིས་མཛོད་པའི་ལུགས་དང་མི་འདྲ་བ་བསམ་གཏན་བཞི་དང་གཟུགས་མེད་བཞིའི་དངོས་གཞི་སྙོམས་འཇུག་རྣམས་རྣམ་ཐར་དང་ཟིལ་གནོན་ལྟ་བུའི་ཡོན་ཏན་ཁྱད་
པར་ཅན་གྱི་རྟེན་དུ་རུང་བ་ཐམས་ཅད་ལ་རབ་མཐའི་བསམ་གཏན་དང་རབ་མཐའི་གཟུགས་མེད་དུ་འདོད་དོ།།དེས་ན་འདིའི་ལུགས་ལ་བསམ་གཟུགས་བརྒྱད་ཀ་ལ་རབ་མཐའ་ཡོད་པར་འདོད་དེ།
ཀུན་བཏུས་ལས།རྣམ་པ་དག་པས་ཇི་ལྟ་བུ་ཞེ་ན།རབ་ཀྱི་མཐའི་ཆ་ལས་བྱུང་བའི་བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བསྐྱེད་མཆེད་ཀྱི་བར་དུ་རྣམ་པར་དག་པ་ཞེས་བྱའོ་ཞེས་གསུངས་སོ།།ཁ་ཅིག་གིས་ཀུན་བཏུས་ཀྱི་ལུང་དེ་ལ་བརྟེན་ནས་དེའི་ལུགས་ལ་ལམ་གྱི་སེམས་རྟེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་ཡིན་ན་རབ་མཐའི་བསམ་གཏན་ཡིན་པས་ཁྱབ་ཅེས་གསུངས་པ་མི་འཐད་དེ།འོ་ན་རབ་མཐའི་བསམ་གཏན་ཡིན་ན་འཕེལ་བ་ཆུང་འབྲིང་ཆེ་གསུམ་གྱིས་སྦྱངས་པའི་མཐའ་ལས་བྱུང་བའི་བསམ་གཏན་ཡིན་མི་དགོས་པར་ཐལ།ལམ་གྱི་སེམས་རྟེན་གྱི་བསམ་གཏན་གྱི་དངོས་གཞི་ལ་འཕེལ་བ་གསུམ་གྱིས་སྦྱངས་པ་ཞིག་མི་དགོས་པའི་ཕྱིར།འདོད་མི་ནུས་ཏེ།ཀུན་ལས་བཏུས་ལས།རྣམ་པ་དག་པས་ཇི་ལྟ་བུ་ཞེ་ན་ཞེས་སོགས་གསུངས་པའི་ཕྱིར་དང།དེའི་ཐད་ཀྱི་ཀུན་བཏུས་དར་ཊཱིཀ་ལས།རྣམ་དག་པས་ཞེས་ཏེ་འཕེལ་བ་གསུམ་གྱིས་སྦྱངས་པའི་བསམ་གཏན་གཟུགས་མེད་དེ་དག་རབ་ཀྱི་མཐའ་ལས་བྱུང་བ་ཞེས་བྱ་སྟེ།རྒྱུ་ཁྱད་པར་ཅན་གསུམ་ལས་བྱུང་བས་རང་གི་རིགས་མཐུན་གཞན་ལས་རྒྱུ་མཆོག་ཏུ་གྱུར་པའི་ཕྱིར།ཞེས་སོགས་གསུངས་པའི་ཕྱིར།དེས་ན་ལམ་གང་ཡང་རུང་བའི་སེམས་རྟེན་དུ་འགྲོ་རུང་བའི་བསམ་གཏན་ཙམ་ལ་མི་འཇོག་པར་ལམ་ཁྱད་པར་ཅན་རྣམ་ཐར་གསུམ་དང་ཟད་པ་ཟིལ་གནོན་ཟག་ཟད་ཀྱི་མངོན་ཤེས་ལ་སོགས་པ་ལྟ་བུའི་སེམས་རྟེན་དུ་གྱུར་པའི་བསམ་གཏན་ལ་རབ་མཐའི་བསམ་གཏན་ཞེས་བྱ་སྟེ་གཞུང་འདི་ཉིད་ལས་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་དུ་རུང་བ་ཐམས་ཅད་ལ་ཞེས་ཡོན་ཏན་ཁྱད་པར་ཅན་ཞེས་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར།
འོ་ན་རབ་མཐའི་བསམ་གཏན་དང་གཟུགས་མེད་ཀྱི་དོན་གང་ཡིན་ཞེ་ན།བསམ་གཟུགས་བརྒྱད་ལ་རིམ་གྱིས་ལུགས་མཐུན་དང་ལུགས་ལྡོག་ཏུ་ཞུགས་པ་ནི་འཕེལ་བ་ཆུང་ངུ།དེ་ནས་བར་དུ་རེ་རེ་བཞག་སྟེ་ཐོད་རྒལ་ལུགས་མཐུན་དུ་སྲིད་རྩེ་བར་ཞུགས་པ་ནི་འཕེལ་བ་འབྲིང།དེ་ནས་བར་དུ་རེ་རེ་བཞག་སྟེ་ཐོད་རྒལ་ལུགས་ལྡོག་ཏུ་བསམ་གཏན་དང་པོའི་བར་ཞུགས་པ་ནི་འཕེལ་བ་ཆེན་པོ་སྟེ།འཕེལ་བ་རབ་དེའི་མཐའམ་རྗེས་སུ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ན་དེ་ལྟ་བུའི་བསམ་གཏན་དང་པོའི་དངོས་གཞི་སྙོམས་འཇུག་དེ་རབ་ཀྱི་མཐའ་ལས་བྱུང་བའི་བསམ་གཏན་དང་པོ་ཞེས་བྱ་ལ།དེ་བཞིན་དུ་གཉིས་པ་ལ་ཞུགས་ན་རབ་མཐའི་བསམ་གཏན་གཉིས་པ།སྲིད་རྩེར་ཞུགས་ན་རབ་མཐའི་སྲིད་རྩེ་ཞེས་བྱ་བས་རབ་མཐའ་ལ་བསམ་གཏན་བཞི་པ་ཁོ་ན་མི་བཟུང་ངོ།།དེ་ལྟར་དུ་ཀུན་བཏུས་དར་ཊཱིཀ་དང་རོལ་མཚོ་ལས་ཀྱང་གསུངས་སོ།།དར་ཊཱིཀ་དང་རོལ་མཚོའི་བཤད་པ་དེའི་ཁུངས་ནི་གོང་དུ་དྲངས་པའི་ཀུན་བཏུས་ཀྱི་ལུང་དེ་ཡིན་ནོ།།དེས་ན་རབ་མཐའི་བསམ་གཏན་དང་གཟུགས་མེད་གང་ཐོབ་ན་ཡང་བསམ་གཟུགས་བརྒྱད་ཀ་ཐོབ་པས་ཁྱབ་བོ།།འོ་ན་སྐབས་བཞི་པའི་ཐད་ཀྱི་གཞུང་འདི་ཉིད་ལས།དེས་ན་ཀུན་བཏུས་སུ་དང་པོ་ལ་གཟུགས་ལ་འདོད་ཆགས་དང་མ་བྲལ་བའོ་གཞག་པས་ཀྱང་རུང་སྟེ་ཞེས་པ་དང་།གཉིས་པ་ལ་གཟུགས་ལ་འདོད་ཆགས་དང་བྲལ་བའོ་བཞག་པས་ཀྱང་རུང་སྟེ་ཞེས་སྔ་མའི་ཚེ་རང་ལ་གཟུགས་ཀྱི་འདུ་ཤེས་བཞག་དགོས་པས་མ་བྲལ་ན་དེ་སླ་ལ་ཞེས་སོགས་གསུངས་པ་དང་།ཡང་དེ་ཉིད་ལས།སྔ་མ་གཟུགས་མེད་ཐོབ་པ་དང་ཕྱི་མ་དེ་མ་ཐོབ་ཀྱང་སྒོམ་པ་འོང་བས་ཞེས་སོགས་གསུངས་པ་མི་འཐད་པར་ཐལ་ལོ་ཞེ་ན།ཁོ་བོའི་ལྟར་ན་སྐྱོན་མེད་དེ།རྣམ་ཐར་དང་པོ་གཉིས་ཐོབ་པ་ལ་རབ་མཐའི་བསམ་གཏན་དང་།དེ་ཐོབ་པ་ལ་བསམ་གཟུགས་བརྒྱད་ཀ་ཐོབ་དགོས་ཀྱང་རྣམ་ཐར་སྒོམ་པ་ལ་རྣམ་ཐར་ཐོབ་མི་དགོས་པས་སྒོམ་མཁན་གྱི་གང་ཟག་ལ་བསམ་གཏན་གྱི་དངོས་གཞི་ཐོབ་པ་ཡང་ཡོད་མ་ཐོབ་པའང་སྲིད་པས་སྐྱོན་མེད་དོ།།མཛོད་པའི་ལུགས་ནི།རབ་མཐའི་བསམ་གཏན་མ་གཏོགས་རབ་མཐའི་གཟུགས་མེད་མི་འདོད་ཅིང་དེ་ཡང་བཞི་པ་ཁོ་ནར་འདོད་དེ།མཛོད་རྩ་བ་རང་ལས།དྲུག་པོ་དེ་དག་རབ་མཐའ་བས།།དེ་ནི་རྣམ་དྲུག་བསམ་གཏན་མཐའ།།དེ་ནི་ས་ཀུན་གྱིས་མཐུན་བྱས།།འཕེལ་བའི་རབ་ཏུ་ཕྱིན་པ་ཡིན།།ཞེས་གསུངས་པའི་ཕྱིར་རོ།།འོ་ན་རབ་མཐར་གྱུར་ཚུལ་ཇི་ལྟར་ཞེ་ན།འདོད་སེམས་ལས་བསམ་གཏན་དང་པོར་སྙོམས་པར་འཇུག་པ་ནས་སྲིད་རྩེའི་བར་ལུགས་མཐུན་དུ་དང་།སྲིད་རྩེ་ནས་བསམ་གཏན་དང་པོའི་བར་ལུགས་ལྡོག་ཏུ་་སྙོམས་པར་འཇུག་ནས་འདོད་སེམས་ལ་གནས།དེ་ནས་ཡང་བསམ་གཏན་དང་པོ་ལ་སྙོམས་འཇུག་པའི་བསམ་གཏན་དང་པོ་སྒོམ་པ་ཆུང་ངུའམ་འཕེལ་བ་ཆུང་ངུ་།དེ་ལས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པའི་གཉིས་པ་སྒོམ་པ་འབྲིང་།དེ་ལས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པའི་གསུམ་པ་འཕེལ་བའི་མཆོག་ཏུ་གྱུར་པས་འཕེལ་བའི་རབ་ཡིན་ལ།དེའི་ཡ་མཐའ་བཞི་པ་ལ་འཇུག་པས་བཞི་པ་ནི་རབ་ཀྱི་མཐའ་ལས་བྱུང་བའི་བསམ་གཏན་ཡིན་ནོ།།ཞེས་བྱེ་སྨྲས་འདོད་དོ།།མངོན་ཤེས་དྲུག་པོ་དེ་གཟུགས་མེད་ཀྱི་དངོས་གཞི་ལ་མི་བརྟེན་ཏེ།མངོན་ཤེས་དང་པོ་ལྔ་པོ་ནི་གཟུགས་དང་གཟུགས་དང་འབྲེལ་བའི་ཆོས་ཡུལ་དུ་བྱས་པའི་ཡུལ་ཅན་ཡིན་པས་གཟུཊ་མེད་ཀྱི་དངོས་གཞིས་གཟུགས་ཡུལ་དུ་མི་བྱེད་པའི་ཕྱིར་དང།ཟག་ཟད་ཀྱི་མངོན་ཤེས་ནི་རབ་མཐའི་བསམ་གཏན་ལ་བརྟེན་དགོས་པའི་ཕྱིར།ཀུན་བཏུས་སུ་ཡང་མངོན་ཤེས་དྲུག་ཀ་ལ་བསམ་གཏན་ལ་བརྟེན་ནས་ཞེས་གསུངས་པས་སོ།།མཛོད་ལས།ཟད་པ་མངོན་ཤེས་སྟོབས་བཞིན་ནོ།།ཞེས་གསུངས་པ་ལྟར་ན་ཟག་ཟད་ཀྱི་མངོན་ཤེས་དེ་ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་འདྲ་བར་ཟག་པ་ཟད་པ་རྒྱུད་ལ་ལྡན་པའི་དབང་དུ་བྱས་ན་ས་བཅུ་ཅིག་པོ་ཐམས་ཅད་པར་བཤད་པ་ནི་བྱེ་སྨྲའི་ལུགས་ཡིན་པས་མི་གནོད་དོ།།མངོན་ཤེས་རྣམས་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་དེའི་ཕྱིར།མདོ་སྡེ་རྒྱན་ལས།རྒྱུའི་ཁྱད་པར་བསམ་གཏན་བཞི་པའི་དངོས་གཞི་སྙོམས་འཇུག་བསམ་གཏན་གྱི་སྐྱོན་བརྒྱད་ཀྱིས་སམ་འོག་སའི་ཉོན་མོངས་ཀྱིས་ཤིན་ཏུ་དག་པའི་དག་པ་ཐོབ་ནས།།གྲོགས་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བ་སྟེ་ཟིན་པ་དང།།སྒྲུབ་ཚུལ་མདོ་ལས་ཇི་ལྟར་གསུངས་པའི་རྣམ་གནས་ཡིད་ལ་བྱེད་པ་སྟེ་སྟོབས་དེ་གསུམ་ལས།མངོན་ཤེས་ཀྱི་མཐུ་གྲུབ་པ་ཡི་དམ་པ་སྟེ་ཉན་རང་སོགས་ལས་ཆེས་མཆོག་ཐོབ་པར་འགྱུར་བའི་ཕྱིར།།ཞེས་རྟེན་བསམ་གཏན་བཞི་པའི་དངོས་གཞི་དང་གནས་སམ་གྲོགས་ཡེ་ཤེས་རྣམ་པར་མི་རྟོག་པས་ཡོངས་སུ་བཟུང་བ་དང་ནི་ལྡན།མདོ་ལས་ཇི་ལྟར་རྣམ་པར་བཞག་པའི་རྣམ་གནས་ཀྱི་ཆོས་ཡིད་ལ་བྱས་ན་མངོན་ཤེས་ཀྱི་མཐུ་འགྲུབ་པར་གསུངས་སོ།།འདིར་རྣམ་གནས་ཞེས་པ་ནི་མངོན་ཤེས་རང་ཉིད་ཀྱི་རྣམ་པ་དང་རྗེས་མཐུན་པའི་གནས་ལ་བྱའམ།ཡང་ན་རྣམ་གནས་ཡིད་བྱེད་ནི་ཇི་ལྟར་འདོད་པའི་རྣམ་པར་གནས་པ་ཡིད་ལ་བྱེད་པའོ།།
འོ་ན་སྦྱོར་བའི་སྐབས་སུ་མངོན་ཤེས་སྒྲུབ་པའི་རྣམ་གནས་སམ་དེ་དག་ཡིད་ལ་བྱེད་པ་གང་ཞེ་ན།མངོན་ཤེས་དང་པོའི་རྣམ་གནས་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ལུས་ཡང་བར་མོས་ཤིང་ཡིད་ལ་བྱེད་པ་དང་།མངོན་ཤེས་གཉིས་པ་ལྷའི་རྣ་བའི་མངོན་ཤེས་ཀྱི་རྣམ་གནས་ནི་ཕྱོགས་ཐམས་ཅད་སྒྲས་ཁྱབ་པར་མོས་ཤིང་ཡིད་ལ་བྱེད་པ་དང་།མངོན་ཤེས་གསུམ་པ་གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་རྣམ་གནས་ནི་བདག་གི་ལུས་ཁྱད་པར་འདི་འདྲ་བ་ལ་སེམས་ཀྱི་ཁྱད་པར་འདི་ལྟ་བུ་སྣང་བས་སམ་ཡོད་པས་གཞན་ལ་ཡང་ལུས་ཀྱི་ཁྱད་པར་འདི་ལྟ་བུ་དང་ལྡན་པས་སེམས་ཀྱི་ཁྱད་པར་འདི་འདྲ་བ་ཡོད་ཅེས་མོས་ཤིང་ཡིད་ལ་བྱེད་པའོ།།མངོན་ཤེས་བཞི་པ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་རྣམ་གནས་ནི་རང་དུས་སུ་ཡིད་ཤེས་འགགས་མ་ཐག་པའི་ལུས་སོགས་ཀྱི་མཚན་མ་སྟེ་རྟགས་བཟུང་ནས་ལུགས་ལྡོག་ཏུ་རིམ་བཞིན་ཉིད་མཚམས་སྦྱོར་བའི་བར་རྣམས་ཡིད་ལ་བྱེད་པའོ།།མངོན་ཤེས་ལྔ་པ་ལྷའི་མིག་གི་མངོན་ཤེས་ཀྱི་རྣམ་གནས་ནི་ཕྱོགས་རྣམས་ཀུན་དུ་སྣང་བས་ཁྱབ་པར་མོས་ཤིང་ཡིད་ལ་བྱེད་པ་དང་།།མངོན་ཤེས་དྲུག་པ་ཟག་པ་ཟད་པའི་མངོན་ཤེས་ཀྱི་རྣམ་གནས་ནི་ཆོས་རྣམས་ལ་བདག་མེད་དོ་ཞེས་མོས་ཤིང་ཡིད་ལ་བྱེད་དེ་སྒོམ་པའོ།།འོ་ན་བསམ་གཏན་གྱི་དངོས་གཞི་རྣམས་རྟེན་དང་མངོན་ཤེས་རྣམས་དེའི་བརྟེན་པར་འགྱུར་ཚུལ་ཇི་འདྲ་བ་ཡིན་ཞེ་ན།སྐབས་འདིའི་རྟེན་དང་བརྟེན་པའི་དོན་འདི་ནི་དོན་གཞན་གྱི་རྟེན་བརྟེན་པ་ལ་གཉིས་ཡོད་པའི་དཔེར་ན་མཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟ་བུ་ངོ་བོར་འགྲོ་རུང་མིན་པ་དང་ས་བོན་ལས་མྱུ་གུ་སྐྱེ་བ་ལ་མྱུ་གུ་རྒྱུ་ས་བོན་དེ་ལ་བརྟེན་ཞེས་པ་ལྟ་བུ་ངོ་བོར་འགྲོ་རུང་བ་གཉིས་ཡོད་པ་ལས།འདིར་དངོས་གཞི་ལ་བརྟེན་ཞེས་པ་བརྟེན་ཚུལ་དེ་གཉིས་གང་ཡང་མིན་ནོ།།འོ་ན་བརྟེན་ཚུལ་ཅི་འདྲ་བ་ཞིག་ཡིན་ཞེ་ན།བསམ་གཏན་གྱི་དངོས་གཞི་ལ་བརྟེན་པར་བཤད་པ་དེ་རྣམས་རྟེན་དངོས་གཞིའི་ས་གང་དང་གང་གི་ངོ་བོར་སྐྱེས་པའམ་ངོ་བོར་གཅིག་པར་སྐྱེས་བ་ལ་བརྟེན་པའི་ཐ་སྙད་བྱས་པ་སྟེ།ཚུལ་འདི་ནི་ལམ་གྱི་སེམས་རྟེན་ཐམས་ཅད་ལ་རིག་པར་བྱ་སྟེ།ཆོས་མངོན་པ་མཛོད་དང་ཀུན་བཏུས་པའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བརྡའོ།།མདོར་ན་སེམས་རྟེན་ཡོད་པའི་ལམ་གང་ཞིག་ལ།ལམ་དེ་ཉིད་ས་གང་གི་ངོ་བོར་སྐྱེས་པའི་ས་དེ་ལམ་དེའི་སེམས་རྟེན་དུ་འཇོག་དགོས་པས་ངོ་བོར་གཅིག་པའི་བརྟེན་ཚུལ་ལོ།།འགའ་ཞིག་གིས་ལམ་དེའི་སེམས་རྟེན་ལ་ལམ་དེའི་རྒྱུ་ཡིན་དགོས་ཤིང།སེམས་རྟེན་དེ་ལ་བརྟེན་ནས་ལམ་དེ་སྐྱེས་པ་ན་ལམ་དེ་རྒྱུ་སེམས་རྟེན་དེའི་ངོ་བོར་མི་སྐྱེ་ཡང་དེ་དང་ས་མཚུངས་ཀྱི་ངོ་བོར་སྐྱེས་པ་ལ་བརྟེན་པའི་དོན་དུ་བཞེད་པ་ཡང་ཡོད།
གཉིས་པ་བརྟེན་པའི་མཚན་ཉིད་ནི།རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་ཡུལ་མངོན་སུམ་དུ་མཐོང་བས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་རིག་པའོ།།ཡིག་ཆའི་སྤྱན་དང་མངོན་ཤེས་གཉིས་ཀྱི་མཚན་ཉིད་ལ་ཁོ་བོས་ལྟས་ན་ཁྱད་པར་མེད་པ་ལྟ་བུར་སྣང་ཡང་ཁྱད་པར་ཡོད་པར་འདོད་མཁན་ཁ་ཅིག་གིས།ཡིག་ཆར་སྤྱན་གྱི་མཚན་ཉིད་ལ་རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་བྱུང་ཞིང་རང་ཡུལ་མངོན་སུམ་དུ་མཐོང་བས་ཞེས་སྦྱར་བ་དང་མངོན་ཤེས་ལ་བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་ཡུལ་མངོན་སུམ་དུ་མཐོང་བས་ཞེས་སྦྱར་བས་ཁྱད་པར་ཡོད་དེ།དེ་ལྟར་གསུངས་པའི་དོན་ཡང་།སྤྱན་བསམ་གཏན་གྱི་དངོས་གཞི་ལས་བྱུང་ཡང་སྔོན་གྱི་ཟག་བཅས་དགེ་བའི་ལས་ཀྱི་སྟོབས་ཀྱིས་རང་ཡུལ་མངོན་སུམ་དུ་རྟོགས་པ་དང།མངོན་ཤེས་ནི་ཚེ་འདིར་བསམ་གཏན་སྒོམས་པའི་སྟོབས་ཀྱིས་རང་ཡུལ་མངོན་སུམ་དུ་རྟོགས་པའི་ཁྱད་པར་ཡོད་ཅེས་ཟེར།འགྲེལ་བ་ལས།རྫུ་འཕྲུལ་དང་།ལྷའི་རྣ་བ་དང་།གཞན་གྱི་སེམས་ཤེས་པ་དང་།སྔོན་གྱི་གནས་རྗེས་སུ་དྲན་པ་དང་།མངོན་པར་འདུ་བྱེད་པ་ལས་བྱུང་བ་ལྷའི་མིག་དང་།ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པས།ས་གཡོ་བ་ལ་སོགས་པ་དང་།འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་ངུ་དང་ཅིག་ཤོས་ཐོས་པ་དང་།གཞན་གྱི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་ཡོངས་སུ་ཤེས་པ་དང་།གཟུགས་ཐམས་ཅད་མཐོང་བ་དང་།ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པ་རྣམས་ཞེས་པའི་སྔ་མ་དྲུག་མིང་ངམ་མཚོན་བྱ་དང་ཕྱི་མ་དྲུག་དོན་ནམ་མཚན་ཉིད་ཡིན་པས་དེ་དག་རིམ་པ་ལྟར་མིང་དོན་དུ་སྦྱར་རོ།།སྦྱར་ཚུལ་ནི།མངོན་ཤེས་དྲུག་པོ་དེ་ལ་སྟེ་དེའི་ནང་ནས་དང་པོ་རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད་ནི།མངོན་ཤེས་གང་ཞིགས་རྣམ་པ་དྲུག་ཏུ་གཡོ་བ་དང་སོགས་པས་བསྡུས་པ་གཅིག་ཏུ་གྱུར་ནས་མང་པོར་བསྒྱུར་བ་དང་མང་པོ་གྱུར་ནས་གཅིག་ཏུ་འགྱུར་བ་ལ་སོགས་པའི་རྫུ་འཕྲུལ་གྱི་བྱ་བ་རྣམས་ནི་མངོན་ཤེས་འདིའི་ཡུལ་དང།ཡུལ་དེ་དག་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་ནུས་པས་རབ་ཏུ་ཕྱེ་བའི་སྒོམ་བྱུང་གི་ཏིང་ངེ་འཛིན་ནམ་ཞི་གནས་དང་ཤེས་རབ་སྟེ་ལྷག་མཐོང་ཟུང་དུ་འབྲེལ་བའི་རིག་པ་ནི་རྫུ་འཕྲུལ་གྱི་མངོན་ཤེས་ཏེ།མདོ་ལས།ཡུམ་མམ་ཤེར་ཕྱིན་འདི་ལ་སྤྱོད་པའི་བྱང་ཆེན་ནི་རྫུ་འཕྲུལ་སོགས་ཀྱི་མངོན་པར་ཤེས་པའི་ཕར་ཕྱིན་རབ་ཏུ་འཐོབ་སྟེ།རྫུ་འཕྲུལ་གྱི་རྣམ་པའམ་ཁྱད་པར་དུ་མ་རྣམས་ཉམས་སུ་མྱོང་བར་བྱེད་དོ།།མངོན་ཤེས་དེས་ནི་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ།།གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ།ཞེས་གསུངས་སོ།།སྒོམ་བྱུང་གི་ཏིང་ངེ་འཛིན་དང་ཤེས་རབ་ཅེས་མངོན་ཤེས་ལྷག་མ་ལྔའི་མཚན་ཉིད་ལའང་སྦྱར་རོ།།རྫུ་འཕྲུལ་གྱི་རབ་ཏུ་དབྱེ་བ་ལ་བྱང་ཆུབ་སེམས་དཔའི་ས་ལས།ཡོངས་སུ་བསྒྱུར་བ་དང་།སྤྲུལ་པ་སྟེ་དང་པོ་ལ་ཡང་གཡོ་བར་བྱེད་པ་ལ་སོགས་པ་བཅོ་བརྒྱད་དང་།གཉིས་པ་ལ་ཡང་ལུས་དང་ངག་དང་ཡུལ་སྤྲུལ་པ་གསུམ་བཅས་གསུངས་འདུག་པས་དེ་དག་གི་དོན་བཅས་ཞིབ་པར་ཤེས་འདོད་ན་བྱང་སར་གཟིགས་པ་ཞུ།།
གཉིས་པ་ལྷའི་རྣ་བའི་མངོན་ཤེས་ཀྱི་མཚན་ཉིད་ནི།མངོན་ཤེས་གང་ཞིགརང་གི་བདག་རྐྱེན་ལྷའི་རྣ་བ་ལས་སྐྱེས་ཤིང་།འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་ངུ་དང་ཅིག་ཤོས་ཆེན་པོ་ཐོས་པར་བྱེད་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་སྟེ།མདོ་ལས།དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་འདོད་པའི་སས་བསྡུས་ཀྱི་མིའི་རྣ་བ་ལས་འདས་པས་ལྷ་དང་མི་གཉིས་ཀའི་སྒྲ་ཐོས་ཏེ་ཞེས་གསུངས་སོ།།མི་ལས་འདས་པ་ནི་གཟུགས་ཀྱི་བསམ་གཏན་གྱི་དངོས་གཞིའི་སྟོབས་ཀྱིས་བསྒྲུབས་པ་ལ་སློབ་དཔོན་རྒྱ་མཚོ་སྤྲིན་གྱིས་བྱང་ཆུབ་སེམས་དཔའི་སའི་འགྲེལ་བར་བཤད་དོ།།འདིར་སྒྲ་ཆེ་ཆུང་ཞེས་པ་ནི་སྒྲ་དྲག་ཞན་ལའོ།།གསུམ་པ་གང་ཟག་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད་ནི།མངོན་ཤེས་གང་ཞིགསེམས་ཅན་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་སོགས་པས་བསྡུས་པ་འདོད་ཆགས་དང་བྲལ་བ་སོགས་ཤེས་པར་བྱེད་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་སྟེ།མདོ་ལས།ཡུམ་དེ་ལ་སྤྱོད་པའི་བྱང་ཆེན་དེས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་དང་།དེ་བཞིན་དུ་དུག་གསུམ་དང་བྲལ་བ་དང་ལྡན་པ་ལ་སོགས་པ་རྣམས་ལ་ཡང་དེ་ལྟ་བུར་ཤེས་པར་གསུངས་སོ།།གཞན་སེམས་ཤེས་པའི་མངོན་ཤེས་འདིས་གང་ཟག་ཕ་རོལ་གྱི་སེམས་མ་ཟད་སེམས་བྱུང་ཡང་མངོན་སུམ་དུ་ཤེས་ཀྱང་གཞན་གྱི་སེམས་ཤེས་སུ་མདོ་བསྟན་བཅོས་སོགས་ལས་གསུངས་པ་ནི་དང་པོ་སྟེ་ཐོག་མར་སྦྱོར་བའི་ཚེ་ན་གང་ཟག་ཕ་རོལ་གྱི་སེམས་ཇི་ལྟར་ཡིན་ཤེས་པར་བྱའོ་སྙམ་པའི་བློའི་འཕེན་པ་སྔོན་དུ་བཏང་བས་དེའི་ཆ་ནས་གཞན་སེམས་ཤེས་པའི་མངོན་ཤེས་ཞེས་གསུངས་པ་ཡིན་ནོ།།
འོ་ན་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་གྱི་སེམས་མངོན་སུམ་དུ་ཤེས་ན་སྐབས་འདིར་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་མམ་སེམས་སྟེང་གི་བག་ཆགས་སད་པ་ཁོ་ན་ལས་གྲུབ་པར་སེམས་ཙམ་པ་ལྟར་འདོད་དགོས་པས་སེམས་ཅན་རྣམས་ཀྱིས་གཞན་གྱི་སེམས་དངོས་མངོན་སུམ་དུ་ཤེས་པ་ཇི་ལྟར་རིགས་སྟེ།རྒྱུད་གཞན་གྲུབ་པ་ལས།དེ་དག་གཞན་གྱི་སེམས་ཀྱི་ཡུལ་ཅན་གྱི་ཤེས་པ་འབྱུང་བ་ནི་མ་ཡིན་ཏེ།དེ་དག་ཀྱང་རང་གི་སེམས་སྣང་བ་དེ་དང་རྣམ་པ་མཚུངས་ཁོ་ན་ཤེས་པ་ལས་གཞན་གྱི་སེམས་ཤེས་པ་ཞེས་བྱ་བ་ངེས་པར་གཟུངས་བས་ཐ་སྙད་འདོགས་སོ་ཞེས་དང་།
ཉི་ཤུ་པའི་འགྲེལ་བཤད་ལས།རང་དང་གཞན་གྱི་སེམས་ཀྱི་ངོ་བོ་ལ་སྲོག་ཆགས་རྣམས་དང་།རྣལ་འབྱོར་པས་རང་གི་སེམས་དང་གཞན་གྱི་སེམས་བརྗོད་དུ་མེད་པའི་བདག་ཉིད་དུ་མི་རིག་སྟེ།དེ་དག་རང་གི་གཟུང་བའི་ཆ་གཉིས་རང་དང་གཞན་གྱི་སེམས་ལྟ་བུར་རིག་པ་ན་རང་དང་གཞན་གྱི་སེམས་རིག་གོ་ཞེས་རྟོག་པར་བྱེད་ཀྱི་ཡང་དག་པའི་དོན་དུ་ན་རང་དང་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་ལ་ནི་མི་རིག་གོ དཔེར་ན་བུམ་པའི་ཁ་དོག་འདྲ་བའི་སྣམ་བུ་ཞིག་གིས་བུམ་པ་གཡོགས་པ་མཐོང་ན་སྣམ་བུ་མཐོང་ཡང་སྲོག་ཆགས་དག་བུམ་པ་མཐོང་ངོ་སྙམ་དུ་སེམས་པ་དེ་བཞིན་དུ་འདིར་ཡང་དེ་ལྟར་བལྟའོ་ཞེས་གསུངས་པས་སོ་ཞེ་ན།ཁོ་བོས་ལྟར་ན་རྣལ་འབྱོར་རྣམས་ཀྱིས་བསྒོམས་སྟོབས་ཀྱིས་རང་གི་སེམས་ཀྱི་སྣང་བ་གཞན་གྱི་སེམས་ཀྱི་རྣམ་པ་དང་ཇི་ལྟ་བ་བཞིན་དུ་མཚུངས་པའི་ངོ་བོ་ཉིད་དུ་སྐྱེ་བར་འགྱུར་བའི་སྒོ་ནས་གཞན་གྱི་སེམས་དེ་ལ་སྣང་བ་ཡིན་གྱི་གཞན་སེམས་རང་མཚན་པའམ་དངོས་སྣང་བ་མིན་ཞེས་ཟེར་དགོས་སམ་དཔྱད་པར་ཞུ།།བཞི་པ་སྔོན་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱི་མཚན་ཉིད་ནི།མངོན་ཤེས་གང་ཞིགརང་དང་གཞན་གྱི་སྔོན་གྱི་ཚེ་རབས་དཔག་ཏུ་མེད་པ་རྗེས་སུ་དྲན་པར་བྱེད་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་སྟེ།མདོ་ལས།དེ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པས་སྔོན་གྱི་སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ནོ།།གཉིས་དང་གསུམ་ནས་བརྒྱ་སྟོང་གི་བར་དུ་ཡང་རྗེས་སུ་དྲན་ནོ།།ཞེས་གསུངས་སོ།།
བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ནི་སྔར་རང་རང་གི་མ་མྱོང་བ་དྲན་པར་མི་ནུས་པར་འདོད་དོ།།འོ་ན་དེའི་ལུགས་ལ་འདོད་པའི་རྟེན་ཅན་གྱི་སོ་སྐྱེའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱིས་གནས་གཙང་གི་ལྷའི་སྐྱེ་བ་དྲན་པ་ཇི་ལྟར་འཐད་དེ།དེ་དག་དེར་སྐྱེ་མ་མྱོང་བའི་ཕྱིར་ཞེ་ན།མྱོང་བ་ལ་མཐོང་བ་དང་ཐོས་པ་མྱོང་བ་གཉིས་ཡོད་པ་ལས་གནས་གཙང་མ་ནི་འདི་ལྟ་བུ་ཡིན་ནོ་ཞེས་སྔར་ཐོས་པས་ཉམས་སུ་མྱོང་བའི་ཕྱིར་སྐྱོན་མེད་ཅེས་བྱེ་སྨྲས་ཟེར་རོ།།ལྔ་པ་གཙོ་བོར་ཚེ་འདིར་བསམ་གཏན་གྱིས་མངོན་པར་འདུ་བྱེད་པ་སྟེ་བསྒོམས་སྟོབས་ལས་བྱུང་བའི་ལྷའི་མིག་གི་མངོན་ཤེས་ཀྱི་མཚན་ཉིད་ནི།མངོན་ཤེས་གང་ཞིགརང་གི་བདག་རྐྱེན་དུ་གྱུར་པའི་ལྷའི་མིག་ལ་བརྟེན་ནས་བྱུང་ཞིང།ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་དང་དེ་དག་གི་གཟུགས་མཆོག་དམན་འབྲིང་ཐམས་ཅད་མངོན་སུམ་དུ་མཐོང་བར་བྱེད་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་སྟེ།མདོ་ལས།དེ་ལྷའི་མིག་རྣམ་པར་དག་པ་བསམ་གཏན་གྱི་སྟོབས་ཀྱིས་བསྒྲུབས་པ་མིའི་མིག་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་དང་དེ་དག་གི་ཁ་དོག་སྡུག་པ་དང་མི་སྡུག་པ་དང་བཟང་བ་དང་ངན་པ་དང་ལས་དགེ་མི་དགེ་ཇི་ལྟ་བ་བཞིན་དུ་བདེ་འགྲོ་དང་ངན་འགྲོར་ཉེ་བར་འགྲོ་བ་སྟེ་སྐྱེ་བ་རྣམས་རབ་ཏུ་ཤེས་ཏེ།ཞེས་གསུངས་སོ།།
འོ་ན་ལྷའི་མིག་གི་མངོན་ཤེས་འདི་དང་ལྷའི་མིག་གམ་ལྷའི་སྤྱན་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན།འཕགས་པས་ཉི་སྣང་དུ་སྔ་མ་ལྷའི་སྤྱན་དང་ཕྱི་མ་ལྷའི་མིག་གི་མངོན་ཤེས་གཉིས་ཀྱི་ཁྱད་པར་རིམ་པ་ལྟར་གཙོ་བོར་སྔོན་གྱི་ཟག་བཅས་དགེ་བའི་ལས་དང་།གཙོ་བོར་ཚེ་འདིར་བསམ་གཏན་བསྒོམས་སྟོབས་ལས་བྱུང་བར་གསུངས་པ་ལྟར་སློབ་དཔོན་སེང་བཟང་འདིས་ཀྱང་འཕགས་པས་གསུངས་པ་དེའི་རྗེས་སུ་འབྲངས་ནས་འགྲེལ་བ་འདི་དང་རྒྱན་སྣང་ལས་ཀྱང་དེ་ལྟར་གསུངས་སོ།།འབུམ་གྱི་གནོད་འཇོམས་མཛད་པས་འཕགས་པས་གསུངས་པའི་ཁྱད་པར་དེའི་སྟེང་དུ་དེ་གཉིས་གཅིག་སྤྱན་དང་ཅིག་ཤོས་མངོན་ཤེས་ཀྱི་སྡེ་ཚན་ཡིན་པས་སྡེ་ཚན་མི་གཅིག་པའི་ཁྱད་པར་དང་།ཡང་སྔ་མ་ལྷའི་སྤྱན་གྱིས་ཕྱོགས་བཅུའི་སེམས་ཅན་གྱི་འཆི་འཕོ་བ་ཙམ་མཐོང་བ་དང་།ལྷའི་མིག་གི་མངོན་ཤེས་འདིས་གཟུགས་ཐམས་ཅད་ཀྱང་མཐོང་བས་ཡུལ་གྱི་ཁྱད་པར་སྟེ་ཁྱད་པར་གསུམ་མོ་ཞེས་གསུངས་པ་ནི་མི་འཐད་དེ།སྡེ་ཚན་གཅིག་མི་གཅིག་ནི་ཁྱད་པར་ཡོད་མེད་ཀྱི་རྩོད་པའི་གཞི་ཡིན་པས་ཁྱད་པར་འབྱེད་བྱེད་དུ་མི་འཐད་ལ་ལྷའི་མིག་གི་མངོན་ཤེས་ཀྱིས་གཟུགས་ཐམས་ཅད་མཐོང་བར་མདོ་ལས་གསུངས་པ་ནི་འཆི་འཕོ་བྱེད་པའི་སེམས་ཅན་དེ་ཉིད་ཀྱི་གཟུགས་ཡིན་པའི་ཕྱིར་རོ།།སྡེ་ཚན་གཅིག་མི་གཅིག་དང་ཡུལ་གྱི་ཁྱད་པར་ཡོད་པ་མི་འཐད་པ་དེས་ན་འཕགས་པས་གསུངས་པ་ལྟར་ཁྱད་པར་སྔ་མ་སྟེ་དང་པོ་ཉིད་རིགས་སོ།།ཉ་ཊཱིཀ་ལས་ལྷའི་མིག་གི་མངོན་ཤེས་ཀྱང་མར་མེ་ཕུལ་བའི་རྣམ་སྨིན་དུ་སྔར་ལུང་དྲངས་པས་ལྡོག་པའི་ཆ་ཤས་ཀྱིས་བཞག་པ་མངོན་ནོ་ཞེས་གསུངས་འདུག་པས་དེ་ལ་དཔྱད་དགོས་པར་སྣང་ངོ་།།ཡིག་ཆ་འགའ་ཞིག་ལས་སྤྱན་དང་མངོན་ཤེས་ལ་དགེ་བ་ཡིན་དགོས་པར་བསམས་ནས་ཉི་སྣང་ལས་གསུངས་པ་དེ་དེ་གཉིས་ཀྱི་བདག་རྐྱེན་དབང་པོ་གཉིས་ཀྱི་ཁྱད་པར་ལ་སྦྱར་འདུགཡིག་ཆར་ལྷའི་སྤྱན་དང་ལྷའི་མིག་གི་མངོན་ཤེས་གཉིས་ལ་སྦྱར་ནས་གསུངས་ཀྱང་སྐྱོན་མེད་པ་ནི་སེམས་ཅན་གྱི་ལྷའི་སྤྱན་དེ་སྔོན་ཟག་བཅས་དགེ་བའི་ལས་ལས་བྱུང་བ་ཙམ་གསུངས་ཀྱི།
མཛོད་ལས།རྣམ་སྨིན་ལུང་དུ་མ་བསྟན་ཆོས།།ཞེས་སོགས་ཀྱིས་བསྟན་པ་ལྟར་གྱི་རྣམ་སྨིན་གྱི་འབྲས་བུ་མི་འདོད་པའི་ཕྱིར་རོ།།དྲུག་པ་ཟག་པ་ཟད་པའི་མངོན་ཤེས་ཀྱི་མཚན་ཉིད་ནི།མངོན་ཤེས་གང་ཞིགརང་གི་བདག་རྐྱེན་རབ་མཐའི་བསམ་གཏན་ལ་བརྟེན་ནས་བྱུང་ཞིང་།ཆགས་སོགས་ཉོན་མོངས་པ་དང་།གཟུང་བ་ཕྱི་དོན་དུ་དང་འཛིན་པ་དོན་དམ་དུ་རྣམ་པར་རྟོག་པའི་ཤེས་སྒྲིབ་སོགས་ཀྱི་ས་བོན་སྤངས་པའམ་སྤོང་བར་བྱེད་པ་མངོན་སུམ་དུ་ཤེས་པས་རབ་ཏུ་ཕྱེ་བ་སྟེ།མདོ་ལས།དེ་ཆགས་སོགས་ཉོན་མོངས་པ་སོགས་སླར་མི་སྐྱེ་བ་མངོན་དུ་བྱེད་པའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་བསྒྲུབས་ཏེ།ཉན་ཐོས་ཀྱི་སའམ།རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་མ་གཏོགས་པ་ཆོས་གཞན་དམན་པའི་བྱང་ཆུབ་སོགས་འགའ་ལ་ཡང་སྨོན་པ་སྟེ་རེ་བར་མི་བྱེད་དོ།།ཞེས་གསུངས་སོ།།
ཡིག་ཆར།མངོན་ཤེས་དྲུག་གི་ནང་ཚན་གང་ཞིགཉོན་སྒྲིབ་ཟད་པར་སྤངས་པ།ཟག་ཟད་མངོན་ཤེས་ཀྱི་མཚན་ཉིད་བཞག་པ་ལྟར་ན།དགྲ་བཅོམ་པའི་རྒྱུད་ཀྱི་མངོན་ཤེས་ཡིན་ན་ཟག་ཟད་ཀྱི་མངོན་ཤེས་ཡིན་པས་ཁྱབ་པར་འགྱུར་ལ།དེ་ལྟར་ན་ཟག་ཟད་མངོན་ཤེས་ལ་རབ་མཐའི་བསམ་གཏན་ལ་བརྟེན་མི་དགོས་པར་ཐལ་བས་དཔྱད་པར་ཞུ།དེ་ལྟར་མངོན་ཤེས་དྲུག་པོ་དེ་ཡང་རང་ཉིད་ས་གང་ལ་བརྟེན་ནས་སྐྱེས་པའི་ས་དེ་ཉིད་དང་དེའི་འོག་སར་གཏོགས་པའི་རྫུ་འཕྲུལ་དང་སོགས་པས་འོག་སར་གཏོགས་པའི་ཆོས་ཡུལ་དུ་བྱེད་པ་སོགས་ནུས་ཀྱི་གོང་སར་མི་ནུས་ཞེས་མཛོད་ལས་གསུངས་ཏེ།ཇི་སྐད་དུ།མཛོད་ལས།མངོན་ཤེས་དང་པོ་ལྔ་བསམ་གཏན་གྱི་དངོས་གཞི་བཞི་པོ་གང་ལ་བརྟེན་ཀྱང་རང་གང་ལ་བརྟེན་པའི་ས་དེ་དང་དེའི་འོག་སས་བསྡུས་པ་རིག་པའི་ཡུལ་ཅན་ཡིན་གྱི་གོང་སས་བསྡུས་པ་མི་རིག་གོ།ཞེས་གསུངས་པ་དང་།མངོན་ཤེས་དྲུག་གི་ངོ་བོ་ཡང་།དེ་ཉིད་ལས།མངོན་ཤེས་རྣམ་པ་དྲུག་གི་ངོ་བོ་ནི་རྣམ་པ་གྲོལ་བའི་ཤེས་རབ་ཀྱི་བློ།།ཞེས་སྙོམས་འཇུག་གི་སྒྲིབ་པ་ཅི་རིགས་པ་ལས་གྲོལ་བའི་རྣམ་གྲོལ་ལམ་དུ་གསུངས་པ་དང་།ཡང་དེ་ཉིད་ལས།མིག་དང་རྣ་བའི་མངོན་ཤེས་ནི།།ལུང་དུ་མ་བསྟན་ལྷག་རྣམས་དགེ།ཞེས་མངོན་ཤེས་དང་པོ་གཉིས་དབང་ཤེས་དང་ལུང་མ་བསྟན་དང་ལྷག་མ་རྣམས་དགེ་བར་གསུངས་ལ་།དེའི་ལུགས་ལ་དབང་ཤེས་ཕྱི་མ་གསུམ་ལ་མངོན་ཤེས་མི་འཇོག་པ་ནི།དེ་གསུམ་གྱིས་ཡུལ་དང་མ་ཕྲད་པར་འཛིན་མི་ནུས་པ་དང་རང་དང་མཉམ་པ་མ་གཏོགས་པའི་ཡུལ་འཛིན་མི་ནུས་པས་ཡིན་ནོ།།
ཀུན་བཏུས་སུ་མངོན་ཤེས་དྲུག་ཀ་ཡང་ངོ་བོ་ཤེས་རབ་དང་ཏིང་ངེ་འཛིན་དུ་བཤད་དོ།།དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་སོ།།མིག་རྣའི་མངོན་ཤེས་གཉིས་ལྷའི་མིག་དང་ལྷའི་རྣ་བའི་དབང་པོ་ལ་བརྟེན་པ་དང་།ལྷག་མ་བཞི་ཡིད་དབང་ལ་བརྟེན་ནོ།།གསུམ་པ་ཁྱད་པར་ནི།འབུམ་གྱི་གནོད་འཇོམས་ལས།ལམ་དུ་མ་ཞུགས་པའི་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་ཤེས་པས་ནི་བདག་དང་རྟོགས་པ་མཚུངས་པ་སྟེ་མཉམ་པ་དང་།བདག་པས་རྟོགས་པ་དམའ་བ་རྣམས་ཀྱི་སེམས་ལ་སོགས་པས་བསྡུས་པ་གཟུགས་དང་སྒྲ་དང་སྤངས་རྟོགས་ཀྱི་མཐུ་བཅས་མངོན་སུམ་དུ་ཤེས་པ་དེ་ཙམ་དུ་ཟད་ཀྱི།བྱང་ཆུབ་སེམས་དཔའ་ཉོན་སྒྲིབ་དང་ཤེས་སྒྲིབ་མངོན་འགྱུར་བས་ཡོངས་སུ་དག་པའི་ས་ལ་གནས་པ་རྣམས་ཀྱི་མངོན་པར་ཤེས་པས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་རང་ལས་ས་གོང་མ་གནས་པ་རྣམས་ཀྱི་ཐུགས་ཀྱི་ནུས་མཐུ་ལ་སོགས་པ་མངོན་སུམ་དུ་ཤེས་པ་ལ་ཐོགས་པ་མེད་དེ་ཞེས་གསུངས་པ་ལྟར་རོ།།འདི་མངོན་ཤེས་དྲུག་ཀ་ལ་ཇི་ལྟར་སྦྱར་དགོས་མིན་དང་བྱང་སེམས་ཀྱིས་སངས་རྒྱས་ཀྱི་ཐུགས་ཀྱི་མཐུ་ཇི་ལྟར་མངོན་སུམ་དུ་ཤེས་མིན་སོགས་ལ་དཔྱད་པར་ཞུ།།
བཞི་པ་ས་མཚམས་ནི།མངོན་ཤེས་དང་པོ་ལྔ་ནི་ཕྱི་རོལ་པ་དང་ཡང་ཐུན་མོང་བ་ཡིན་ལ།ཐེག་ཆེན་གྱི་དབང་དུ་བྱས་ན་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ནས་མངོན་ཤེས་དྲུག་ཅི་རིགས་པ་ཡོད་དེ།ཨབྷྱའི་ཐུབ་དགོངས་སུ་ཇི་ལྟར་ཡོད་པ་རིགས་པར་ཚོགས་ཀྱི་ས་དང་དེའི་གོང་མ་གོང་མའི་ས་ཡི་གནས་སྐབས་རྣམས་སུ་ཡང་རྟོགས་པ་མཆོག་དང་དེ་ལས་རབ་ཏུ་མཆོག་ལ་སོགས་པའི་བྱེ་བྲག་གིས་ཏེ་ཁྱད་པར་གྱིས་སྤྱན་ལྔ་རྣམས་ས་སོ་སོར་ཐོབ་ལ་མངོན་པར་ཤེས་པ་དྲུག་རྣམས་ཀྱང་དེ་བཞིན་དུ་སྟེ་ཞེས་གསུངས་པ་ལྟར་རོ།།
སྤྱིར་ཉན་རང་དགྲ་བཅོམ་ལ་ཡང་མངོན་ཤེས་དྲུག་པ་ཟག་ཟད་ཀྱི་མངོན་ཤེས་འདི་མཚན་ཉིད་པ་ཡོད་ཀྱང་དངོས་བསྟན་གྱི་མངོན་ཤེས་འདི་ནི་རང་རྒྱུད་སྒྲིབ་པ་གཉིས་ཀའི་ཟག་པ་ཟད་པར་མངོན་སུམ་དུ་རྟོགས་པར་བྱེད་པ་ལ་འགྲེལ་བ་དོན་གསལ་ལས་བཤད་དོ།།འོན་ཀྱང་མངོན་ཤེས་འདི་ས་བརྒྱད་པ་ནས་ཡོད་པར་ཤནྟི་པའི་དག་ལྡན་ལས་གསུངས་ཏེ།ཇི་སྐད་དུ་ཇི་ལྟར་ན་སངས་རྒྱས་ཀྱི་སྤྱན་དང་མངོན་ཤེས་དྲུག་པ་ཟག་ཟད་ཀྱི་མངོན་ཤེས་བྱང་ཆུབ་སེམས་དཔའ་ལ་ཡོད་ཅེ་ན།བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་ནི་སྒྲིབ་གཉིས་མངོན་འགྱུར་བ་ཟད་པས་དེ་གཉིས་ཀ་རྗེས་མཐུན་པ་ཐོབ་པ་ཡིན་ལ།སངས་རྒྱས་ཀྱི་ས་ལ་ནི་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ཟད་པས་དེ་གཉིས་ཀ་མཚན་ཉིད་ཡོངས་སུ་རྫོགས་པ་དང་དྲི་མས་ཡོངས་སུ་དག་པ་དང་ཡོངས་སུ་དག་པ་མཐར་ཕྱིན་པ་ཡིན་ནོ་ཞེས་གསུངས་སོ།།འདི་ནི་ས་བརྒྱད་པ་ལ་རྗེས་མཐུན་པ་ཐོབ་པ་ལ་དགོངས་སམ་སྙམ།མངོན་ཤེས་འདི་ལ་རྣམ་བཤད་ལས།ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཐབས་དང་།སྤངས་པའི་བྲལ་བ་མངོན་སུམ་དུ་ཤེས་པའི་ཞེས་སོགས་གསུངས་པས་སློབ་ལམ་ན་ཡོད་དོ་སྙམ།ཡིག་ཆ་འགའ་ཞིག་ལས་མཐོང་སྤང་ཀུན་སྦྱོར་གསུམ་སོགས་རང་རྒྱུད་ཀྱི་ཟག་པ་ཅི་རིགས་པ་ཟད་པ་ལྟར་མངོན་སུམ་དུ་རྟོགས་པས་ཞེས་གསུངས་པས་མཐོང་ལམ་ནས་བཞག་གོ།ལྔ་པ་དགོས་པ་ནི།བྱང་ཆུབ་སེམས་དཔའ་རྣམས་མངོན་ཤེས་དྲུག་པོ་དེ་དག་དངོས་དང་རྗེས་མཐུན་པ་ཐོབ་པ་ལ་བརྟེན་ནས་གཞན་སེམས་ཅན་རྣམས་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་རྟོགས་པའི་ཡེ་ཤེས་ལ་དགོད་པ་དང་།འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་བྱམས་པ་དང་།རང་ལ་ཡིད་དུ་འོང་བའི་ཡུལ་དང་འཕྲད་པ་དང་།ལྷ་རྣམས་ཀྱིས་ཀྱང་ཕྱག་བྱ་བར་འོས་པ་དང་།སངས་རྒྱས་རྣམས་ལས་ལུང་བསྟན་འཐོབ་པའོ་ཞེས་མདོའ་ིསྐབས་སུ་བསྟན་པའི་དགོས་དོན་ཏེ་ཕན་ཡོན་འཕགས་པས་ཉི་སྣང་ལས་གསུངས་པ་རྣམས་སོ།།རྣམ་བཤད་ལས།མངོན་ཤེས་དྲུག་པོ་འདི་དག་དང་ལྡན་ན།འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་ཆོས་སྟོན་པའི་སྒྲ་ཕྲ་རགས་རྣམས་ཀྱང་མངོན་སུམ་དུ་ཐོས་ཤིང་ཞེས་སོགས་གསུངས་པ་ནི་བསྟན་བཅོས་ལས་བཤད་པའི་ཕན་ཡོན་ནོ།།
གཉིས་པ་དེ་ལ་ཇི་ལྟར་འདོམས་པའི་ཚུལ་ནི།རྫུ་འཕྲུལ་གྱི་བྱ་བ་སོགས་ཡུལ་དེ་དྲུག་དང་འབྲེལ་བའི་ཡུལ་ཅན་མངོནཤེས་དྲུག་པོ་དེ་དག་བྱང་ཆུབ་སེམས་དཔས་ཐ་སྙད་ཙམ་དུ་རྒྱུད་ལ་བསྐྱེད་ཅིང་དོན་དམ་པར་ནི་དེ་དག་རྣམས་གཟོད་མ་ནས་བདེན་པར་གྲུབ་པའི་སྤྲོས་པ་ཉེ་བར་ཞི་བ་ཉིད་དུ་རྟོགས་ཏེ་དེ་དག་བསྒྲུབ་བོ་ཞེས་མདོ་ལས་སྟོན་པའོ།།འདིར་བྱས་དགེ་བའི་མཚན་མ་གང་མཆིས་པ།།རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་དང་།།ཡབ་རྗེ་བླ་མ་དགྱེས་པའི་མཆོད་པ་དང་།།མ་ལུས་འགྲོ་བ་བདེ་བའི་རྒྱུ་རུ་བསྔོ།།ཞེས་ཏྲེ་ཧོར་ལྷ་རམས་དགེ་བཤེས་ཚེ་དབང་སྟོབས་ལྡན་གྱིས་རྒྱལ་ཟླ་བའི་དམར་ཕྱོགས་ཀྱི་རྫོགས་པ་གསུམ་པར་སེ་ར་ཐེག་པ་ཆེན་པོའི་གླིང་དུ་སྦྱར་བ་དགེའོ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
