གསེར་ཕྲེང་བགྲོ་གླེང་གཉིས་པའི་རྩོམ་གཞི་བདུན་པའི་དྲིས་ལན།།
གསུམ་པ་ལ་གཉིས།སྤྱི་དང་ཡན་ལག་གི་དོན་ནོ།དང་པོ་ལ་བཞི།སྐྱབས་གསུམ་སོ་སོའི་ངོ་བོ་ཞེས་པ་ནས་དེ་ལྟར་ལུང་འབོག་པ་གསུམ་ནི་དཀོན་མཆོག་གསུམ་ལ་འདོམས་པའོ།།ཞེས་པའི་བར་གྱི་དྲིས་ལན།
རིགས་དྲུག་སྤྱན་རས་འཚོལ་བའི་དེ་ཉིད་རིག།སྡོམ་བརྩོན་ངུར་སྨྲིག་གར་དུ་བསྒྱུར་བའི་མགོན།།སྤྱི་གཙུག་རྒྱལ་མཚན་ཏོག་ཏུ་ཉེར་མཆོད་ན།།མཆོག་ཐུན་དངོས་གྲུབ་མ་ལུས་ཆར་དུ་སྙིལ།།
ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་སྤྱི་དོན་རིགས་པས་མཐའ་བཅད་པ།ཚིག་གི་དོན་རྣོ་བ།དོན་གསལ་ཞིང་འདྲིལ་བ།ཡིད་ཆེས་པའི་གཞུང་དང་མི་འགལ་བ་སྟེ་ཁྱད་ཆོས་བཞི་ལྡན་གྱི་ལེགས་བཤད་གསེར་ཕྲེང་གི་དང་པོ་ལ་བཞི།ནས།དེ་ལྟར་ལུང་འབོགས་པ་གསུམ་ནི་དཀོན་མཆོག་གསུམ་ལ་འདོམས་པའོ་ཞེས་པའི་བར་གྱི་དོན་ཅུང་ཟད་བཤད་ན།སྤྱིའི་དོན་ལ་དང་པོ་སྐྱབས་གསུམ་སོ་སོའི་ངོ་བོ་བཤད་པ་ནི།ཉན་ཐོས་སྡེ་གཉིས་ཀྱིས་སངས་རྒྱས་སུ་བྱེད་པའི་ཆོས་སངས་རྒྱས་ཀྱི་ཟད་པ་དང་མི་སྐྱེ་བའི་ཤེས་པ་འཁོར་བཅས་སངས་རྒྱས་དང་།དགེ་འདུན་དུ་བྱེད་པའི་ཆོས་སློབ་པ་དང་སངས་རྒྱས་མ་གཏོགས་པའི་མི་སློབ་ལམ་དགེ་འདུན་དང་།སངས་རྒྱས་དང་ཉན་རང་གཉིས་ཀའི་རྒྱུད་ཀྱི་མྱང་འདས་ཆོས་དཀོན་མཆོག་ཏུ་འདོད་དེ།མཛོད་རྩ་བ་ལས།གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ།།སངས་རྒྱས་དགེ་འདུན་བྱེད་པའི་ཆོས།།མི་སློབ་པ་དང་གཉིས་ཀ་དང་།།མྱ་ངན་འདས་ལ་སྐྱབས་སུ་འགྲོ།།ཞེས་གསུངས་པ་ལྟར་རོ།།
དེ་ཡང་བྱེ་སྨྲས་སངས་རྒྱས་སུ་བྱེད་པའི་རྟེན་གཟུགས་སྐུ་དང་དགེ་འདུན་དུ་བྱེད་པའི་ཆོས་ཀྱི་རྟེན་གཉིས་སྡུག་བདེན་ཡིན་པས་རིམ་བཞིན་སངས་རྒྱས་དང་དགེ་འདུན་མིན་པར་བཞེད་ཅིང་།མདོ་སྡེ་པས་བསྟན་བཅོས་གདགས་པ་ལས།སངས་རྒྱས་སུ་བྱེད་པའི་ཆོས།ཞེས་འབྱུང་བ་ནི།མི་སློབ་ལམ་ཁོ་ན།ཞེས་མི་འབྱུང་བས་བྱེད་ཆོས་མི་སློབ་ལམ་ཁོ་ན་སངས་རྒྱས་དང་དགེ་འདུན་དུ་ལུང་གིས་སྒྲུབ་མི་ནུས་ཤིང་རིགས་པས་ཀྱང་གནོད་པས་རྟེན་གཉིས་ཀ་རིམ་བཞིན་སངས་རྒྱས་དང་དགེ་འདུན་དུ་འདོད་པ་ནི་ཁྱད་པར་རོ།།བྱེ་སྨྲས་ཀྱང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་ཀྱི་ལས་ཁས་ལེན་པའི་གནད་ཀྱིས་རྟེན་ལ་གནོད་པ་བྱས་པས་བརྟེན་པ་ལ་ཡང་གནོད་པར་འདོད་པས་དེའི་ལུགས་གཞིར་བྱས་ན་བརྟེན་པ་སངས་རྒྱས་ལ་གནོད་པ་ཅི་ཙམ་བྱས་པའི་ཚོད་ཀྱིས་ཚོར་བ་སྡུག་བསྔལ་སྐྱེའམ་མི་སྐྱེ།སྐྱེ་ན་སངས་རྒྱས་ཀྱིས་སྡུག་བསྔལ་མྱོང་བ་ཡོད་པར་ཐལ་ཞིང་།མི་སྐྱེ་ན་གནོད་པ་བྱས་སྟངས་དང་མཚམས་མེད་ཀྱི་ལས་སུ་འགྱུར་དོན་ཅི་ཡིན་སོགས་གསར་བུ་དག་གི་བློ་ཚོད་ལ་ལྟོས་པའི་དཔྱད་བྱ་ཅུང་སྣང་།དེས་མདོ་སྡེ་པ་ཡན་ཆད་ཀྱི་ལུགས་ལ་རྟེན་སངས་རྒྱས་ལ་གནོད་པའི་དོན་ལ་ཡང་དཔྱོད་ཚུལ་རིགས་འགྲེའོ།།དེས་ན་རྟེན་དང་བརྟེན་པའི་སངས་རྒྱས་གང་གི་དབང་དུ་བྱས་ཀྱང་སངས་རྒྱས་རང་ངོས་ནས་ཚོར་བ་སྡུག་བསྔལ་མྱངས་ནས་གནོད་པ་བྱས་པ་དང་མཚམས་མེད་ཀྱི་ལས་སུ་འགྱུར་ཚུལ་ཞིག་མེད་ཀྱང་གནོད་པ་བྱེད་པ་པོ་དང་ལས་གསོག་པ་པོའི་རྙོག་མ་ཅན་གྱི་ཀུན་སློང་གི་ངོས་ནས་གནོད་པ་བྱས་པ་དང་མཚམས་མེད་ཀྱི་ལས་སུ་འགྱུར་ཚུལ་ཞིག་ཡོད་དམ་དཔྱད།།དབུ་སེམས་གཉིས་ཀྱིས་སངས་རྒྱས་དཀོན་མཆོག་ནི།སྐྱེ་འཇིག་གནས་གསུམ་གྱིས་སྟོང་པའི་རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུའི་ཡོན་ཏན་དང་།འབད་རྩོལ་དང་རྣམ་རྟོག་ཉེ་བར་ཞི་བའི་གློ་བུར་རྣམ་དག་གི་ངོ་བོ་ཉིད་སྐུའི་ཡོན་ཏན་དང་།དེ་གཉིས་མངོན་སུམ་གྱི་སྤྱོད་ཡུལ་དུ་བྱེད་པའི་ཡེ་ཤེས་ཀྱིས་གཟིགས་པ་ལྟར་སངས་རྒྱས་ནང་ཕན་ཚུན་ཁོ་ན་ལས་སྒྲ་དང་རྟོག་པ་ལ་བརྟེན་ནས་ཇི་ལྟ་བ་བཞིན་དུ་རྟོགས་མི་ནུས་པའི་ཡོན་ཏན།གསུམ་པོ་དེ་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཡོན་ཏན།དེ་ལྟར་རང་གིས་རྟོགས་པ་དེ་གཞན་ལ་སྟོན་པའི་བརྩེ་བའི་ཡོན་ཏན།མཁྱེན་བརྩེ་གཉིས་ཀྱི་སྒོ་ནས་ཆོས་སྟོན་པས་གདུལ་བྱའི་སྡུག་བསྔལ་རྒྱུ་བཅས་སྤོང་བའི་ཡོན་ཏན།དང་པོ་གསུམ་གྱིས་བསྡུས་པའི་རང་དོན་ཆོས་སྐུའི་ཡོན་ཏན།ཕྱི་མ་གསུམ་གྱིས་བསྡུས་པའི་གཞན་དོན་གཟུགས་སྐུ་སྤྲུལ་བའི་ཐབས་ཀྱི་ཡོན་ཏན་ཏེ་ཡོན་ཏན་བརྒྱད་ལྡན་དུ་འདོད།དེ་ཡང་རྒྱུད་བླ་མ་ལས།འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ།།གཞན་གྱི་རྐྱེན་གྱིས་རྟོགས་མིན་པ།།མཁྱེན་དང་བརྩེ་དང་ནུས་པར་ལྡན།།དོན་གཉིས་ལྡན་པའི་སངས་རྒྱས་ཉིད།།ཅེས་གསུངས་སོ།།
སངས་རྒྱས་ཡིན་ན་ཡོན་ཏན་བརྒྱད་ལྡན་ཡིན་པས་ཁྱབ་པས་ངོ་བོ་ཉིད་སྐུ་ལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ལྡན་ཚུལ་རང་རྒྱུད་ལྡན་གྱི་གང་ཟག་ལ་ལྡན་ཚུལ་ཡིན་ན་རང་རྒྱུད་ལྡན་གྱི་གང་ཟག་ལ་ཞལ་ཕྱག་དང་ལྡན་པས་ངོ་བོ་ཉིད་སྐུ་ལ་ཡང་ཞལ་ཕྱག་དང་ལྡན་པར་ཐལ་བ་འཕེན་ཚུལ་ཡོད།།དེས་ན་ངོ་བོ་ཉིད་སྐུ་ལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ལྡན་ཚུལ་རང་དང་ངོ་བོ་གཅིག་པའི་སྟོང་གཞི་ཆོས་ཅན་གྱི་ཚུལ་དུ་ལྡན་ཚུལ་ཡིན་ནམ་དཔྱད།ཆོས་དཀོན་མཆོག་ནི།རྒྱུད་བླ་མའི་དངོས་བསྟན་གཙོ་བོའིདབང་དུ་བྱས་ན་རྟོག་པས་ཡོད་མེད་གཉིས་དང་ཡིན་མིན་གཉིས་ཏེ་མུ་བཞི་གང་དུ་ཡང་དོན་དམ་པར་བསམ་དུ་མེད་པའི་རང་བཞིན་རྣམ་དག་གི་ཡོན་ཏན་དང་།ཟག་བཅས་ཀྱི་ལས་ཉོན་གཉིས་ཅི་རིགས་ཞི་བས་གཉིས་མེད་གློ་བུར་རྣམ་དག་གི་ཡོན་ཏན་དང་།དེ་གཉིས་ཀྱི་རྒྱུ་གཙང་བདེ་རྟག་བདག་སོགས་སུ་སྒྲོ་འདོགས་པ་དང་བདེན་འཛིན་ཅི་རིགས་མེད་པས་རྟོག་པ་མེད་པ་གློ་བུར་རྣམ་དག་གི་ཡོན་ཏན་དང་།ལམ་གྱི་ངོ་བོ་སྒྲིབ་པ་དང་མ་འདྲེས་པས་དག་པའི་ཡོན་ཏན།ཤེས་བྱའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ཇི་ལྟ་བ་དང་ཇི་སྙེད་པ་རིག་པའི་ཡོན་ཏན།འདོད་ཆགས་སོགས་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་གཉེན་པོ་བྱེད་པའི་ཡོན་ཏན།དང་པོ་གསུམ་གྱིས་བསྡུས་པའི་གང་ཞིག་ཆགས་པ་དང་བྲལ་བའི་ཐེག་ཆེན་གྱི་འགོག་བདེན་གྱི་ཡོན་ཏན།ཕྱི་མ་གསུམ་གྱིས་བསྡུས་པའི་གང་གིས་ཆགས་པ་དང་བྲལ་བའི་བྱེད་པའི་ཐེག་ཆེན་གྱི་ལམ་བདེན་གྱི་ཡོན་ཏན་ཏེ་ཡོན་ཏན་བརྒྱད་ལྡན་དུ་བཞེད་དེ།རྒྱུད་བླ་མ་ལས།བསམ་མེད་གཉིས་མེད་རྟོག་མེད་པ།།དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས།།གང་ཞིག་གང་གིས་ཆགས་བྲལ་བ།།བདེན་གཉིས་མཚན་ཉིད་ཅན་དེ་ཆོས།།ཞེས་སོ།།དངོས་བསྟན་ཕལ་པའི་དབང་དུ་བྱས་ན་ཐེག་དམན་གྱི་འགོག་ལམ་གཉིས་ཀྱང་ཆོས་དཀོན་མཆོག་ཏུ་བཟུང་དགོས་སོ།།
མཐོང་ལམ་བར་ཆད་མེད་ལམ་ལ་རང་གི་ངོ་སྐལ་གྱི་སྒྲིབ་པ་སྤངས་པའི་འགོག་བདེན་གྱི་ཡོན་ཏན་མི་ལྡན་ཡང་རང་གི་ངོ་སྐལ་གྱི་སྒྲིབ་པ་ལ་བརྟགས་མིན་གྱི་འགོག་པ་ཐོབ་པས་གྲོལ་བའི་ཡོན་ཏན་ལྡན་ཞིང་ཆོས་དཀོན་མཆོག་ཡིན་ན་ཡོན་ཏན་བརྒྱད་ལྡན་ཡིན་དགོས་ཞེས་འཆད་པ་གསེར་ཕྲེང་གི་གསུང་ཟིན་དང་མཐུན་ནོ།།དགེ་འདུན་དཀོན་མཆོག་ནི།རྒྱུད་བླ་མའི་དངོས་བསྟན་གཙོ་བོའི་དབང་དུ་བྱས་ན་ཆོས་དང་གང་ཟག་གི་བདག་གཉིས་ཉེ་བར་ཞི་བའི་བདག་མེད་པའི་མཐའ་རྟོགས་པའི་ཇི་ལྟ་བ་རིག་པའི་ཡོན་ཏན།རྗེས་ཐོབ་ཏུ་བདག་མེད་གཉིས་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡིན་པར་མཐོང་བའི་སྣང་སྟོང་ཚོགས་པ་སྒྱུ་མ་ལྟ་བུའི་དོན་རྟོགས་པའི་ཇི་སྙེད་པ་རིག་པའི་ཡོན་ཏན།ཡེ་ཤེས་དེ་གཉིས་རང་རིག་པའི་ཚུལ་གྱིས་ནང་གི་ཡེ་ཤེས་གཟིགས་པའི་ཡོན་ཏན།གཟིགས་པ་དེ་ཆགས་ཐོགས་དམན་གསུམ་གྱི་སྒྲིབ་པས་དག་པའི་བླ་ན་མེད་པའི་ཡོན་ཏན་ཏེ་ཡོན་ཏན་བཞི་ལྡན་གྱི་ས་བརྒྱད་པ་ཐོབ་པའི་ཕྱིར་མི་ལྡོག་པའི་བྱང་སེམས་སོ།།དེ་ལྟར་ཡང་རྒྱུད་བླ་མ་ལས།ཇི་ལྟ་ཇི་སྙེད་ནང་གི་ནི།།ཡེ་ཤེས་གཟིགས་པ་དག་པའི་ཕྱིར།།བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས།།བླ་མེད་ཡོན་ཏན་དང་ལྡན་ཉིད།།ཅེས་གསུངས་པ་ལྟར་རོ།།
དངོས་བསྟན་ཕལ་པའི་དབང་དུ་བྱས་ན་ཐེག་པ་གསུམ་གའི་འཕགས་པ་ཐམས་ཅད་དགེ་འདུན་དཀོན་མཆོག་ཏུ་འཇོག་ཅིང་མཐོང་ལམ་བར་ཆད་མེད་ལམ་པ་ལ་བརྟགས་མིན་གྱི་འགོག་པ་ཐོབ་པས་གྲོལ་བའི་ཡོན་ཏན་ལྡན་ཞིང་དགེ་འདུན་དཀོན་མཆོག་ཡིན་ན་གྲོལ་བའི་ཡོན་ཏན་ལྡན་དགོས་པར་འཆད་པ་གསེར་ཕྲེང་གི་གསུང་བབ་དང་མཐུན་པར་སྣང་ངོ་།།སྐབས་འདིར་གསེར་ཕྲེང་ལས་དགེ་འདུན་ཡོན་ཏན་བརྒྱད་ལྡན་དུ་འཆད་པ་ནི་འོལ་སྤྱི་ཙམ་སྦྱར་དུ་རུང་ཡང་འགྲེལ་པས་མ་བཤད་ཅིང་རྩ་བ་ལ་ཡང་སྔ་མ་ལྟ་བུར་མི་གསལ་བས་བདག་གིར་དོར་རོ།།ཞེས་གསུངས་པ་གཏན་ནས་མི་འཐད་པའི་ཚུལ་གྱིས་དོར་བའི་དོན་མིན་གྱི་ཡོན་ཏན་བཞི་ལྡན་ལས་རྒྱུད་བླའི་ཚིག་ལ་མི་གསལ་ཞིང་དེའི་ཐད་ཀྱི་ཐོགས་འགྲེལ་དུ་མ་བཤད་པས་གསེར་ཕྲེང་གི་ཚིག་ཟིན་ལ་དོར་བའི་དོན་ནོ།།
འོན་ཀྱང་དགེ་འདུན་ཡོན་ཏན་བརྒྱད་ལྡན་གྱི་འཆད་ཚུལ་རྒྱུད་བླའི་དགོངས་པར་སོན་ཡོད་པ་རྒྱུད་བླ་དར་ཊིཀ་ཏུ་གསལ་བ་ལྟར་རོ།།སྐབས་འདིའི་ས་བཅད་ལ་རྣམ་བཤད་སྙིང་རྒྱན་དང་རྟོགས་དཀའི་སྣང་བ་གཉིས་ཀར་ཐུན་མོང་མ་ཡིན་པའི་སྒྲ་སྦྱར་བ་ནི་ས་ཁུངས་འདིར་དྲངས་པའི་རྒྱུད་བླ་མའི་དངོས་བསྟན་གཙོ་བོའི་དབང་དུ་བྱས་ན་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་གསུམ་བསྟན་པར་དགོངས་པ་དང་གསེར་ཕྲེང་དུ་འདི་ལ་སྐྱབས་གསུམ་སོ་སོའ་ིངོ་བོ་ཞེས་པ་ཙམ་ལས་མ་གསུངས་ཀྱང་གནས་སྐབས་ཀྱི་སྐྱབས་གསུམ་ཞེས་པའི་ས་བཅད་ལ་དཔགས་ན་ཐུན་མོང་མ་ཡིན་པའི་ཐ་སྙད་མ་སྦྱར་བ་ཙམ་དུ་ཟད་དོ།།
གཉིས་པ་གནས་སྐབས་ཀྱི་སྐྱབས་གསུམ་བཤད་པ་ནི།སྔར་སྐྱབས་གསུམ་སོ་སོའི་ངོ་བོ་བཤད་པ་ཞེས་པའི་སྐབས་སུ་རྒྱུད་བླ་མ་དྲངས་པ་ལྟར་རྗེ་བཙུན་གྱིས་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་གསུམ་བཞག་པའི་ཚུལ་དང་ཐུན་མོང་གི་མདོ་ལས་དེ་བཞིན་གཤེགས་པས་རྐང་གཉིས་རྣམས་ཀྱི་མཆོག་ལ་སངས་རྒྱས་དང་འདོད་ཆགས་དང་བྲལ་བའི་མཆོག་མྱང་འདས་ལ་ཆོས་དང་ཚོགས་རྣམས་ཀྱི་མཆོག་སྐྱེས་བུ་ཟུང་བཞི་ལ་དགེ་འདུན་དུ་བཞག་པ་མ་མཐུན་པ་ལ་བསམས་ནས་མདོར་སྐྱབས་གསུམ་ཆེད་དུ་བྱ་བའི་གདུལ་བྱ་ཇི་འདྲ་ཞིག་གི་ངོར་བཞག་པ་དང་དེའི་དགོས་པ་དྲིས་པ་ལ།ལན་ཡང་ཐེག་ཆེན་གྱི་ལམ་དུ་ཞུགས་པ་དང་མ་ཞུགས་ཀྱང་སངས་རྒྱས་ཁོ་ན་ལ་བྱ་བ་བྱེད་པར་འདོད་པའི་གང་ཟག་གཉིས་ཀྱི་ངོར་སྟོན་པ་སངས་རྒྱས་སྐྱབས་སུ་བཞག་ཅིང་དགོས་པ་སྐབས་གསུམ་གྱི་ནང་ནས་སངས་རྒྱས་ཀྱི་ཆེ་བ་གཞན་ལ་ངོམ་པའི་ཆེད་དུ་ཡིན་ནོ།།དེ་བཞིན་དུ་ཐེག་པ་འོག་མ་གཉིས་ལ་ཞུགས་པ་དང་མ་ཞུགས་ཀྱང་བསྟན་པ་ཆོས་དང་སློབ་མ་དགེ་འདུན་ལ་བྱ་བ་བྱེད་པར་འདོད་པའི་གང་ཟག་གཉིས་གཉིས་ཀྱི་ངོར་རིམ་བཞིན་ཆོས་དང་དགེ་འདུན་སྐྱབས་སུ་བཞག་པ་དང་དགོས་པ་དེ་གཉིས་ཀྱི་ཡོན་ཏན་གཞན་ལ་སྟོན་པའི་ཕྱིར་དུ་ཡིན་ཏེ།རྒྱུད་བླ་མ་ལས།སྟོན་པ་བསྟན་སློབ་སྟོན་གྱིས།།ཐེག་པ་གསུམ་དང་བྱེད་གསུམ་ལ།།མོས་པ་གསུམ་གྱི་དབང་བྱས་ནས།།སྐྱབས་གསུམ་རྣམ་པར་བཞག་པ་ཡིན།།ཞེས་གསུངས་པ་ལྟར་རོ།།
སྤྱིར་རིགས་ཅན་གསུམ་པོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཡང་ཐུན་མོང་བའི་མདོ་ལས་ཐེག་པ་རེར་སྐྱབས་རེ་བཞག་པ་ནི་རིགས་ཅན་རང་རང་གི་ཐུན་མོང་མ་ཡིན་པའི་འབྲས་སྐྱབས་ཀྱི་དབང་དུ་བྱས་ཤིང་ཐེག་པ་གསུམ་ལ་གནས་པ་རྣམས་རིམ་གྱིས་ཐེག་ཆེན་དུ་དྲང་བའི་ཆེད་ཡིན་པས་དྲང་དོན་ཡིན་ནོ།།ས་བཅད་འདི་ལ་རྣམ་བཤད་སྙིང་རྒྱན་དུ་སྐྱབས་སྤྱིའི་རྣམ་བཞག་ཅེས་པ་ས་ཁུངས་འདིར་དྲངས་པའི་ཐུན་མོང་བའི་མདོ་ལས་ཐེག་པ་ཆེ་ཆུང་གང་གི་ཡང་དབང་དུ་བྱས་པར་སྤྱིར་སྐྱབས་གསུམ་བཞག་པའི་ཆ་ནས་དང་གསེར་ཕྲེང་དུ་འདི་ལ་གནས་སྐབས་ཀྱི་སྐྱབས་གསུམ་ཞེས་པ་མདོ་དེ་ལས་ཐེག་པ་གསུམ་ལ་གནས་སྐབས་ལ་ལྟོས་ཏེ་ཐེག་པ་རེར་འབྲས་སྐྱབས་རེ་བཞག་པའི་ཆ་ནས་ཐ་སྙད་མཛད་པ་ཡིན་པས་འགལ་བ་མེད་པ་ལ་དགོངས་ནས་ཕྱི་རབས་ཀྱི་མཁས་པ་འགས་གནས་སྐབས་ཀྱི་སྐྱབས་སམ་སྐྱབས་སྤྱིའི་ཞེས་དོན་གཅིག་ཏུ་བསྟན་ཏོ།།
གསུམ་པ་མཐར་ཐུག་གི་སྐྱབས་གཅིག་བཤད་པ་ནི།སྐྱབས་གསུམ་ལས་སངས་རྒྱས་ཁོ་ན་མཐར་ཐུག་གི་སྐྱབས་ཡིན་པས་མཐར་ཐུག་གི་སྐྱབས་ལ་མཆོག་གསུམ་མ་ཚང་བར་འགྱུར་རོ་སྙམ་ན།སངས་རྒྱས་ཀྱི་རྒྱུད་འགོག་ལམ་ཆོས་སྐུ་ཡིན་ན་དེ་ཐོབ་པ་ན་ཐེག་པ་གསུམ་ལ་གནས་པའི་ཚོགས་དགེ་འདུན་ཡང་སྤངས་རྟོགས་མཐར་ཕྱིན་པ་ཡིན་ཏེ།རྒྱུད་བླ་མ་ལས།དམ་པའི་དོན་དུ་འགྲོ་བ་ཡི།།སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན།།ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར།།ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར།།ཞེས་གསུངས་པའི་ཕྱིར།དེ་ཡང་སྐྱབས་ནི་སངས་རྒྱས་ཞེས་པས་རྒྱ་སྐྱབས་དང་མཐར་ཐུག་ཕྱིར་ཞེས་པས་འབྲས་སྐྱབས་བསྟན་ཅིང་གཉིས་ཀ་བསྡོམས་པས་མཐར་ཐུག་གི་སྐྱབས་ལ་དཀོན་མཆོག་གསུམ་ཚང་བར་བསྟན་ཏོ།།དོན་དམ་པའི་སྐྱབས་དང་མཐར་ཐུག་གི་སྐྱབས་དོན་གཅིག།ཀུན་རྫོབ་པའི་སྐྱབས་དང་གནས་སྐབས་ཀྱི་སྐྱབས་དོན་གཅིག།དོན་དམ་པའི་སྐྱབས་ཀྱི་ཟླས་དྲངས་ན་ཀུན་རྫོབ་པའི་སྐྱབས་ཀྱང་འཆད་དགོས་པས་དེ་རྟགས་སྦྱོར་གྱི་སྒོ་ནས་སྟོན་པ་ལ།ཐེག་པ་ཆེ་ཆུང་གི་ལུང་གི་ཆོས་མཐའ་དག་ཆོས་ཅན།དོན་དམ་པའི་སྐྱབས་མ་ཡིན་ཏེ།རྟོགས་པ་མཐར་ཐུག་པ་ན་གཟིངས་ལྟར་དུ་སྤང་བར་བྱ་བ་ཡིན་པའི་ཕྱིར།ཐེག་པ་གསུམ་གྱི་འཕགས་པའི་རྒྱུད་ཀྱི་སློབ་པའི་ལམ་བདེན་ཆོས་ཅན།མཐར་ཐུག་གི་སྐྱབས་མ་ཡིན་ཏེ།རང་གི་གཟིགས་ངོར་རང་ཉིད་དྲི་མ་མཐའ་དག་དང་བྲལ་བ་ལྟར་སྣང་ཡང་དྲི་མ་མཐའ་དག་དང་མ་བྲལ་བའི་དེར་སྣང་དང་དེར་སྟོང་ཚོགས་པའི་རྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར།ཉན་ཐོས་ཀྱི་ལྷག་མེད་མྱང་འདས་ཆོས་ཅན།གཏན་གྱི་སྐྱབས་མ་ཡིན་ཏེ།ཉོན་མོངས་དང་སྡུག་བསྔལ་མེད་པ་ཙམ་གྱིས་རབ་་ཏུ་ཕྱེ་བ་ཡིན་པའི་ཕྱིར།རྟགས་སྦྱོར་འདི་ནི་རྒྱུད་བླ་ཐོགས་འགྲེལ་གྱི་ཚིག་ཟིན་ལྟར་བཀོད་པ་ཡིན་ལ་འདིས་དམན་པའི་མྱང་འདས་དང་སློབ་པའི་འགོག་བདེན་མཐའ་དག་མཐར་ཐུག་གི་སྐྱབས་མ་ཡིན་པ་མཚོན་ནུས་སོ།།
ཉན་རང་དགྲ་བཅོམ་པ་དང་སློབ་པ་འཕགས་པ་མཐའ་དག་ཆོས་ཅན།མཐར་ཐུག་གི་སྐྱབས་མ་ཡིན་ཏེ།ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་པའི་ཕྱིར་ཞེས་པ་ལྟ་བུ་འགོད་དགོས་ཏེ།རྒྱུད་བླ་མ་ལས།སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར།།མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར།།ཆོས་རྣམས་གཉིས་དང་འཕགས་པའི་ཚོགས།།གཏན་གྱི་སྐྱབས་མཆོག་མ་ཡིན་ནོ།།ཞེས་གསུངས་པའི་ཕྱིར།ཀུན་རྫོབ་དང་དོན་དམ་གྱི་སྐྱབས་ཀྱི་ཁྱད་པར་ནི་གནས་སྐབས་ཀྱི་སྐྱབས་གསུམ་བཞག་པའི་དགོས་པ་ལས་འཕྲོས་ཤིང་སྐབས་འདིའི་སྐྱབས་གཅིག་ཅེས་པ་ལས་མ་གསུངས་པ་ནི་ས་ཁུངས་འདིར་ཀུན་རྫོབ་པའི་སྐྱབས་ཀྱི་ཐ་སྙད་སྦྱར་ཏེ་དངོས་སུ་གསུངས་མ་གསུངས་ཙམ་གྱི་ཁྱད་པར་ཡིན་ནོ།།བཞི་པ་དཀོན་མཆོག་གི་སྒྲ་བཤད་པ་ནི།དཀོན་མཆོག་གསུམ་ནི་ནོར་བུ་རིན་པོ་ཆེ་ལྟར་འཇིག་རྟེན་ན་བསོད་ནམས་མ་བསགས་པ་ལ་སྣང་བ་མིན་པས་འབྱུང་བ་དཀོན་པ་དང་།སེམས་ཅན་སོ་སོའི་ངོས་ནས་རྒྱུ་ཚོགས་གཞན་ཚང་ན་འདོད་དོན་མི་སྒྲུབ་པའི་སྐྱོན་མེད་པས་དྲི་མ་མེད་པ་དང་།རང་གཞན་གྱི་དོན་སྒྲུབ་པའི་ཕན་ཡོན་ཆེ་བས་མཐུ་དང་ལྡན་པ་དང་།སེམས་ཅན་ཐམས་ཅད་ཀྱི་བསམ་པ་དགེ་བ་ལ་ཕན་འདོགས་པས་འཇིག་རྟེན་གྱི་རྒྱན་དང་།འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་རྣམས་ཀྱིས་བསྒྲུན་དུ་མེད་པས་མཆོག་ཏུ་གྱུར་པ་དང་།བསྟོད་སྨད་སོགས་ཀྱིས་སྐྱབས་མི་མཛད་པ་མེད་པས་འགྱུར་བ་མེད་པ་ཞེས་བྱ་སྟེ།འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།།མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།།རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར།།འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད།།ཅེས་གསུངས་པ་ལྟར་རོ།།མངོན་ཤེས་སོགས་ཀྱི་མཐུ་དང་ལྡན་པའི་ཁྱད་ཆོས་དོན་དཀོན་མཆོག་དང་དཔེ་ནོར་བུ་རིན་པོ་ཆེ་གཉིས་ཀར་ཐུན་མོང་དུ་མེད་པས་དེའི་སྒོ་ནས་སྐྱབས་གསུམ་ཡིད་བཞིན་ནོར་བུ་དང་ཆོས་མཐུན་ཇི་ལྟར་སྦྱོར་དཔྱད།ཡན་ལག་གི་དོན་ལ་དང་པོ་སངས་རྒྱས་དཀོན་མཆོག་ལ་གདམས་པ་ནི།འགྲེལ་པ་དོན་གསལ་ལས།སངས་རྒྱས་ལ་སངས་རྒྱས་བྱང་ཆུབ་དག་མཚན་ཉིད་གཅིག་པ་ཉིད་ཀྱིས་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པ་ལ་གཟུགས་ལ་སོགས་པ་མི་སྦྱོར་བས།དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པ་ཉིད་དུ་ཤེས་པ་ཞེས་བྱ་བ་དང་།ཞེས་གསུངས།ངག་དོན་ནི།ཡུམ་ཤེར་ཕྱིན་ལས།བྱང་ཚེ་གཟུགས་ལ་རྣམ་མཁྱེན་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ།འདི་ལྟར་གཟུགས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན།སངས་རྒྱས་དཀོན་མཆོག་ལ་གདམས་པ་ཡིན་ཏེ།རྣམ་མཁྱེན་དོན་དམ་པར་མི་དམིགས་པར་བསྟན་པའི་སྒོ་ནས་ཡུལ་དང་ཡུལ་ཅན་དོན་དམ་པར་མ་གྲུབ་པར་ཤེས་པ་མཐར་ཕྱིན་པ་ནི་སངས་རྒྱས་ཡིན་ནོ་ཞེས་སྟོན་པའི་ཕྱིར་ཞེས་པའོ།།དགོས་པ་སངས་རྒྱས་དཀོན་མཆོག་ནི་ཡུལ་མ་ལུས་པ་མཁྱེན་པའི་སྟོན་པའོ་སྙམ་དུ་བདེན་ཞེན་དགག་པའི་ཆེད་དོ།།
གཉིས་པ་ཆོས་དཀོན་མཆོག་ལ་གདམས་པ་ནི།འགྲེལ་པ་དོན་གསལ་ལས།ཆོས་ལ་ཐམསཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་བསྡུས་པ་དག་གིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་དང་།ཞེས་གསུངས།ངག་དོན་ནི།ཡུམ་ཤེར་ཕྱིན་ལས།བྱང་ཚེ་གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན།ཆོས་དཀོན་མཆོག་ལ་གདམས་པ་ཡིན་ཏེ།ཡུལ་གཞི་ལམ་རྣམ་གསུམ་བདེན་པར་མི་དམིགས་པར་བསྟན་པའི་སྒོ་ནས་ཡུལ་ཅན་མཁྱེན་གསུམ་སྟོན་པའི་ཕྱིར་ཞེས་པ་ནི་སློབ་དཔོན་གྱི་དགོངས་ཚོད་དང་།དེ་འདྲའི་མདོ་ཚིག་ཆོས་ཅན།ཆོས་དཀོན་མཆོག་ལ་གདམས་པ་པ་ཡིན་ཏེ།ཡུམ་ལ་སྤྱོད་པ་བཀག་པ་བསྟན་པའི་སྒོ་ནས་ཆགས་པ་དང་བྲལ་བ་བསྟན་ལ་ཆོས་ཀྱང་འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་ཞེས་པ་ནི་འཕགས་པའི་ལུགས་སོ།དགོས་པ་ཆོས་དཀོན་མཆོག་ནི་བདག་གི་ལམ་མོ་སྙམ་དུ་བདེན་ཞེན་ལྡོག་པའི་ཕྱིར་དུའོ།གསུམ་པ་དགེ་འདུན་དཀོན་མཆོག་ལ་གདམས་པ་ནི།འགྲེལ་པ་དོན་གསལ་ལས།དགེ་འདུན་ལ་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱི་དགྲ་བཅོམ་པ་མ་གཏོགས་པ་འབྲས་བུ་ལ་གནས་པ་དང་ཞུགས་པའི་བྱེ་བྲག་གིས་སྐྱེས་བུ་ཆེན་པོ་བདུན་པོ་རང་སངས་རྒྱས་དང་ལྷན་ཅིག་བརྒྱད་པོ་དབང་པོ་རྟུལ་པོ་ལ་སོགས་པའི་བྱེ་བྲག་གིས་གྲངས་ཉི་ཤུར་ཚང་བ་བྱང་ཆུབ་སེམས་དཔའ་སློབ་པ་ཕྱིར་མི་ལྡོག་པ་ཕྱིར་མི་ལྡོག་པ་རྣམས་ལ་སྐྱེ་བ་མེད་པ་ཉིད་དུ་འཇུག་པར་བྱའོ།།ཞེས་གསུངས།ངག་དོན་ནི།ཡུམ་ཤེར་ཕྱིན་ལས།བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པ་ཕྱིར་མི་ལྡོག་པ་རྣམས་ལ་དོན་དམ་པར་སྐྱེ་བ་མེད་དུ་འཇུག་པར་བྱའོ་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན།དགེ་འདུན་དཀོན་མཆོག་ལ་གདམས་པ་ཡིན་ཏེ།བྱང་སེམས་འཕགས་པ་སློབ་པ་ཕྱིར་མི་ལྡོག་པ་རྣམས་དོན་དམ་པར་སྐྱེ་བ་མེད་པར་བསྟན་པའི་སྒོ་ནས་འབྲས་གནས་དང་ཞུགས་པའི་མིང་ཅན་སོགས་དགེ་འདུན་གྲངས་ཉི་ཤུར་ཚང་བར་བསྟན་པའི་ཕྱིར་ཞེས་སོ།།དགོས་པ་དགེ་འདུན་ནི་བདག་གི་ལམ་སྒྲུབ་པའི་གྲོགས་སོ་སྙམ་དུ་བདེན་ཞེན་སྤོང་བའི་སླད་དུའོ།།དོན་བསྡུ་བ་ལ་འགྲེལ་པ་དོན་གསལ་ལས།ཞེས་ལུང་འབོགས་པ་དཀོན་མཆོག་གསུམ་ལ་འདོམས་པ་དང་ཞེས་གསུངས་སོ།།
སྨྲས་པ།
འཇམ་མགོན་གསུང་གསང་རབ་ཡངས་ཀུན་གསལ་མཐའ།།རྨོངས་བློའི་འདོམ་གྱིས་འཇལ་ནུས་མ་ཡིན་མོད།།ཇི་ལྟར་བསྐུལ་བཞིན་ས་བཅད་འགའ་ཟུང་དོན།།རག་ཙམ་གླེང་པའི་ནོངས་པ་མཁས་ལ་འཆགས།།ཞེས་བྱང་རྩེ་ལྷ་རམས་པ་ཚེ་རིང་རྡོ་རྗེ་ནས་བྲིས་པའོ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn