གསེར་ཕྲེང་བགྲོ་གླེང་གཉིས་པའི་རྩོམ་གཞི་དྲུག་པའི་དྲིས་ལན།།
༄༅།།གཉིས་པ་ནི་ཀུན་བཏུས་ལས།ལམ་གྱི་བདེན་པ་གང་ཞེ་ན།ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཞེས་པ་ནས།གཉིས་པ་ནི།དེ་ལྟར་སྟོན་ཚུལ་བཞི་ནི་དམིགས་ཡུལ་བདེན་པ་བཞི་ལ་འདོམས་པའོ།།ཞེས་པའི་བར་གྱི་དྲིས་ལན།
ན་རྒ་འཆི་བའི་རྦ་ཀློང་ལས།།བདེན་བཞིའི་གྲུ་གཟིངས་ལ་བརྟེན་ནས།།ཐར་པ་གསུམ་གྱི་ཁང་བཟང་དུ།།འདྲེན་མཛད་ཤཱཀྱ་སེང་གེར་འདུད།།གང་གི་ལུགས་བཟང་རིགས་ལམ་ནས།།རྣམ་དཔྱོད་ཡངས་པའི་སྐལ་ལྡན་ལ།།རྒྱུ་སྐར་ལྟ་བུར་གསལ་མཛད་པ།།ཟླ་མེད་བླ་མར་མགོས་ཕྱག་འཚལ།།ཞེས་མཆོད་པར་བརྗོད་པ་ཅུང་ཟད་ཅིག་སྔོན་དུ་བཏང་ནས་སྐབས་དོན་(གཉའ་ཁྲི་དཔེ་མཛོད་ཁང་)ནས་ལེགས་ཚོགས་ཀུན་གྱི་གཞི་རྩ་རྒྱལ་བསྟན་འཛམ་གླིང་སྤྱི་སོགས་དང་ཁྱད་པར་དུ་ཞྭ་སེར་བསྟན་པའི་ཞབས་འདེགས་སུ་དམིགས།བགྲོ་གླེང་འདི་ལྟ་བུ་གོ་སྒྲིག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་།བླུན་རྨོངས་པ་བདག་ལ་ཕྱོགས་གང་ཐད་ནས་བསམས་ཀྱང་འདིར་ཞུགས་རྒྱུའི་ཆ་རྐྱེན་མ་ཚང་ཡང་ཁོང་རྣམ་པའི་རེ་སྐུལ་ལྡོག་མ་ནུས་པ་ཙམ་གྱིས་ཅུང་ཞུ་བར་བྱ་བ་ནི།བདག་གི་བརྗོད་གཞི་འདིའི་ཐད་དུ་ལམ་བདེན་གྱི་སྐབས་ཚིག་འགྲེལ་ཅུང་ཟད་དང་།ལོག་འཛིན་བཅུ་དྲུག་ངོས་བཟུང་ནས་གཉེན་པོར་སྦྱོར་ཚུལ་གཉིས།དང་པོ་ནི་ཀུན་བཏུས་ལས།ལམ་གྱི་བདེན་པ་གང་ཞེ་ན།ཞེས་པ་ནས་མཐར་ཕྱིན་པའི་ལམ་མོ་ཞེས་པའི་བར་གྱི་ལམ་བདེན་ལ་བྱེད་ལས་ཀྱི་སྒོ་ནས་བཞི་དང་སྤྱིར་ལམ་ཙམ་ལ་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔ་གསུང་བ་ལ།འདིའི་ཚིག་ཙམ་གྱི་རྗེས་སུ་འབྲངས་ནས་ཁ་ཅིག་ལམ་ལྔ་ག་ལམ་བདེན་དུ་འདོད་ལ།གཞན་དག་ལམ་གྱི་ཆོས་བཞི་ལམ་རིགས་སྒྲུབ་པ་ངེས་འབྱིན་དང་།ཆོས་དཀོན་མཆོག་གི་སྐབས་ཀྱི་དག་པ་དང་གསལ་བ་གཉེན་པོའི་ཕྱོགས་ཀྱི་ཆོས་རྣམས་མ་ཚང་བ་དང་མི་སློབ་ལམ་དང་ཚོགས་སྦྱོར་རིམ་བཞིན་ལམ་གྱི་འབྲས་བུ་དང་རྒྱུ་ཡིན་པས་མཐོང་སྒོམ་ཁོ་ན་ལམ་མཚན་ཉིད་པར་འདོད་པ་ལ།དེ་ནི་ལོག་བཤད་ཡིན་པས་ལྷ་འམ་བདུད་དགའ་བར་བྱེད་པ་ཡིན་ནོ་ཞེས་མི་སློབ་ལམ་ལམ་བདེན་དུ་ལུང་རིགས་གཉིས་ཀས་སྒྲུབ་སྟེ་ལམ་རིགས་པ་སོགས་བཞིའི་གོ་དོན་ཚང་བར་མི་སློབ་ལམ་ལ་སྤང་བྱ་འཇོམས་པ་དང་ཐར་བར་འབྱིན་པའི་མཐུ་ཕུན་སུམ་ཚོགས་པ་དང་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་ཡོད་པ་དང་།ལམ་ལ་གཉིས་ཀྱི་འདིར་བགྲོད་པའི་ལམ་ཡིན་པ་དང་།སྐབས་བཞི་བར་རྣམ་པ་སོ་དགུ་ལམ་བདེན་དུ་གསུང་བ་སོགས་ཀྱི་སྒྲུབ་བོ།ཚོགས་སྦྱོར་ཀྱང་ལམ་ཡིན་པར་ཐེག་པ་རང་རང་གི་བྱང་ཆུབ་ཏུ་བགྲོད་བྱེད་ཀྱི་རྣལ་འབྱོར་ཡིན་པས་སྒྲུབ་བོ།ཡང་ཁ་ཅིག་ལམ་མིན་པར་ས་བོན་སྤོང་མི་ནུས་བར་འདོད་པ་སོགས་སླའོ།སྡུག་བསྔལ་དང་ལམ་གཉིས་འགལ་བར་ཡང་མ་ངེས་ཏེ།ཀུན་ཉོན་དང་རྣམ་བྱང་གི་ཕྱོགས་གཉིས་བཞིན་ནོ་ཞེས་པའི་ཡང་སྒྲས་དགོས་པ་བསམ་ཞིང་།སྒྲས་ཟིན་ལྟར་སྡུག་བསྔལ་ཏེ་ཚོར་བ་ཡིད་མི་བདེ་བའི་ངོ་བོར་གྱུར་བའི་ལམ་བདེན་ལ་བྱེད་ལ་དེ་ཡོད་པར་གསེར་ཕྲེང་སྐབས་བཞི་བར་ཀུན་བཏུས་ཀྱི་ལུང་དྲངས་རྗེས་འགྲེལ་བར་དང་པོ་གཉིས་ཀྱི་གདགས་གཞིར་ཡིད་མི་བདེ་བགྲང་ནས་བཅུར་བྱེད་དོ་ཞེས་དང།ཀུན་བཏུས་དར་ཌཱིཀ་ལས་ཀྱང་ངེས་འབྱེད་ཆ་མཐུན་གྱི་རྗེས་ཐོབ་ཀྱི་དུས་ན་ཉེར་བསྡོགས་ལ་བརྟེན་པའི་དགྲ་བཅོམ་ཐོབ་པར་འདོད་པས་བསྡུས་པའི་ཡིད་མི་བདེ་བ་སྟེ་བཅུ་བོ་ཆོས་ཅན་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱ་སྟེ།ངེས་འབྱེད་ཆ་མཐུན་དང་བདེན་པ་མངོན་སུམ་གྱིས་རྟོགས་ནས་མཐོང་སྤང་ཟད་པར་སྤངས་བའི་བྲལ་བ་ཐོབ་པ་ལ་བདག་པོར་གྱུར་བའི་དབང་པོ་ཡིན་པའི་ཕྱིར་ཞེས་དང་།བླ་མ་རྗེ་བཙུན་པས་ཀྱང་ཉན་ཐོས་སྒོམ་ལམ་གྱི་ངོ་བོར་གྱུར་བའི་དེ་བཞེད་ཅིང་།ལམ་བདེན་དང་སྡུག་བསྔལ་མི་འགལ་བ་ལུང་དེའིདོན་ཡིན་པའི་ཕྱིར་ཞེས་ཀྱང་གསུངས་ན་འོག་ཏུ་རྗེས་ཐོབ་ཀྱི་ལམ་བདེན་ནི་སྡུག་བདེན་དང་མི་འགལ་ལོ་ཞེས་གསུངས་པ་ཡང་འདི་ལྟར་འགྲེལ་དགོས་བསམ།དེ་གཉིས་མི་འགལ་བའི་དཔེར་ཀུན་ཉོན་དང་རྣམ་བྱང་གི་ཕྱོགས་གཉིས་བཞིན་ནོ་ཞེས་ཀུན་ཉོན་དང་རྣམ་བྱང་གི་ཕྱོགས་གཉིས་ཀ་ཡིན་པ་ཡོད་པར་གསུང་བ་ལྟར་དེ་གཉིས་ཀ་ཡིན་པ་སྡུག་ཀུན་གཉིས་བཞག་ཆོག་གམ་སྙམ་མོ།།ཚོགས་སྦྱོར་དེ་དག་ཀུན་འབྱུང་བདེན་པ་མིན་ཀྱང་བསྡུ་བར་ཀུན་འབྱུང་གི་བསྡུས་བར་གསུངས་པ་ཀུན་འབྱུང་དགེ་བ་ཟག་བཅས་ཙམ་དུ་མཐུན་པའི་དེའི་བསྡུས་པར་གསུངས་སོ།
གཉིས་པ་ལོག་འཛིན་རྣམས་ངོས་འཛིན་ལ་སྡུག་བདེན་ལ་ལོག་འཛིན་ནི།རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས།སྡུག་བདེན་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ནི།སྡུག་བདེན་མི་རྟག་པ་ལ་རྟག་པར་འཛིན་པ་དང་གཙང་བར་འཛིན་པ་དང་བདེ་བར་འཛིན་པ་གཉིས་དང་།བདག་ཏུ་འཛིན་པ་བཞི་ལ་ཞེས་སྡུག་བདེན་ལོག་འཛིན་འདི་བཞིར་ངོས་བཟུང་བ་ལྟར་རྣམ་བཤད་སྙིང་པོ་རྒྱན་དང་ཀུན་བཏུས་དར་ཊཱིཀ་དང་རྣམ་ངེས་དར་ཊཱིཀ་སོགས་ལས་ཀྱང་དེ་ལྟར་གསུངས་ཀྱང་།རྣམ་འགྲེལ་རྩ་བར་བདེན་པ་བཞི་ལ་བརྟན་པ་དང་།།བདེ་དང་ང་དང་ངའི་ཞེས་སོགས།།ཡང་དག་མིན་པ་རྣམ་བཅུ་དྲུག།སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད།།ཞེས་གསུང་པ་དང་མཐུན་པར་འདིར་ཡང་།རྟག་པ་དང་།བདེ་བ་དང་།བདག་གི་དང་།བདག་ཏུ་ལྟ་བ་སྤྱོད་པ་ཞེས་གསུངས་སམ་སྙམ།ཀུན་འབྱུང་ལ་ལོག་འཛིན་ནི།ཕྱི་རོལ་རྒྱང་འཕེན་པ་ལྟར་ཆོས་གང་ཡིན་ངོ་བོ་ཉིད་ལས་བྱུང་བར་འདོད་པས་སྡུག་བདེན་རྒྱུ་མེད་དུ་འཛིན་པ་དང།དུས་བྱེད་པ་པོར་སྨྲ་བས་དངོས་པོ་ཀུན་གྱི་སྐྱེས་འཇིག་གནས་གསུམ་དུས་གཅིག་པུས་བྱས་པར་འདོད་པ་དང་།རིག་བྱེད་པས་སྒྲའི་ཚངས་པ་འགྱུར་པ་ལས་དངོས་པོ་ཀུན་སྐྱེས་པར་འདོད་པ།ཚད་ཆེན་ལས།སྒྲ་ཡི་རང་བཞིན་ཚངས་པ་མཆོག།།གང་དེ་ཡོངས་སུ་འགྱུར་བ་ནི།།དངོས་པོ་འགྲོ་འདི་རབ་ཤེས་བྱ།།ཞེས་པ་ལྟར་ཚད་མའི་བརྗེད་བྱང་ལས།སྒྲའི་ཚངས་པ་འགྱུར་བས་བྱས་པར་འཛིན་པ་དང་།ཞེས་པ་ལྟར་རོ།གྲངས་ཅན་ལ་སྦྱར་ཀྱང་རྩ་བའི་རང་བཞིན་འགྱུར་བ་ལས་བྱུང་བ་འམ་མི་གསལ་བ་གསལ་བར་གྱུར་བ་ལ་འདོད་པས་ཆོག་སྙམ།དབང་ཕྱུག་སོགས་ཀྱི་བློ་སྔོན་དུ་བཏང་བ་ནས་བྱས་པར་འཛིན་པ་སྟེ་བཞིའོ།།
འགོག་པ་ལ་ལོག་འཛིན་ནི།རྒྱང་འཕེན་པ་ལྟར་ཐར་བ་གཏན་མེད་པར་འཛིན་པ་དང་།གཅེར་བུ་པ་ལྟར་སྡུག་བསྔལ་གྱི་ཁྱད་པར་འགའ་ཞིག་ཐར་བར་འཛིན་པ།མཐོང་ཆོས་ལས་གྲོལ་བར་སྨྲ་བ་འགའ་ཞིག་ལྟར་ཟག་བཅས་ཀྱི་བསམ་གཏན་གྱི་བདེ་བ་གྱ་ནོམ་པར་འཛིན་པ།དཔྱོད་པ་པ་ལྟར་རེ་ཞིག་ཐར་ཀྱང་གཏན་མི་ལྡོག་པའི་ཐར་བ་མེད་པར་འཛིན་པ་དང་བཞིའོ།འདི་ལ་རྣམ་བཤད་ཀུན་བཏུས་དར་ཊཱིཀ་་རྣམ་ངེས་དར་ཊཱིཀ་བརྗེད་བྱང་ཆེན་མོ་སོགས་ཀྱང་ཅུང་མི་འདྲ་བས་དཔྱད་པར་བྱའོ།།ལམ་ལ་ལོག་ཞུགས་ནི།རྒྱང་འཕེན་ལྟར་ཐར་བ་ཐོབ་བྱེད་ཀྱི་ལམ་མེད་པར་འཛིན་པ་དང་།ཕྱི་རོལ་བ་སྤྱི་ལྟར་བདག་མེད་མངོན་སུམ་དུ་རྟོགས་པའི་ལམ་འདི་ངན་པར་འཛིན་པ།གཅེར་པུ་པ་ལྟར་མེ་ལྔ་བསྟེན་པ་སོགས་ལམ་ཡིན་པར་འཛིན་པ་དང་།དཔྱོད་པ་པ་ལྟར་ལམ་འདི་ཡང་ལྡོག་གོ་སྙམ་དུ་འཛིན་པ་སྟེ་ལོག་ཞུགས་བཅུ་དྲུག་གིས་རྣམ་པ་བཅུ་དྲུག་ཏུ་བཞག་གོ།དེ་ཡང་གཉེན་པོར་སྦྱོར་ཚུལ་ལས་སྡུག་བདེན་ལ་ལོག་ཞུགས་གཉེན་པོར་སྦྱོར་ཚུལ་བསྡུ་བ་ལས་གཙང་བ་དང་བདེ་བར་འཛིན་པ་གཉིས་ལ་གཉེན་པོ་གཅིག་དང་།ཐ་མ་གཅིག་པུའི་གཉེན་པོར་གཉིས་སྦྱོར་བར་གསུང་ཀྱང་རེ་རེའི་གཉེན་པོར་རེ་རེར་སྦྱོར་ཚུལ་ཡང་རྣམ་ངེས་དར་ཊཱིཀ་སོགས་ལས་གསུང་བ་ལྟར་མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་གྲགས་པས་ཀྱང་གཙང་པར་འཛིན་པའི་གཉེན་པོར་སྟོང་བ་དང་སྦྱར་བར་གསུངས་པ་སོགས་ནི་གཙང་པའི་དོན་གཞན་གྱི་བདག་གིས་སྟོང་ཞེས་པའི་དོན་ཡིན་ནམ།ཡང་ན་མི་གཙང་པའི་རྫས་སོ་གཉིས་སོགས་སུ་ཕྱེ་སྟེ་དཔྱད་པས་ཚུགས་ཐུབ་ཀྱི་བདག་གཅིག་པུས་སྟོང་བ་སྒོམ་པ་གཙང་པར་འཛིན་པའི་གཉེན་པོར་སྦྱར་དགོས་དཔྱད།འདིར་གསེར་ཕྲེང་དུ་རྣམ་འགྲེལ་རྩ་བ་ལྟར་བདག་འཛིན་ལ་བདག་གིར་འཛིན་པ་དང་བདག་ཏུ་འཛིན་པ་གཉིས་བཞག་པ་འཁོར་བར་འཆང་བའི་རྒྱུའི་གཙོ་བོ་དབང་དུ་བྱས་པ་དང་བསྡུ་བ་སོགས་སུ་སྲེད་པ་ལ་གཉིས་སུ་ཕྱེ་བ་ཡང་སྲིད་པ་འགྲུབ་པའི་རྒྱུའི་གཙོ་བོའི་དབང་དུ་བྱས་སམ་སྙམ།ཉེར་ལེན་ཕུང་པོ་ཆོས་ཅན།མི་རྟག་སྟེ།རེས་འགའ་སྐྱེས་པའི་ཕྱིར།དེ་ཆོས་ཅན།སྡུག་བསྔལ་བ་ཡིན་ཏེ།ཉེས་པའི་རྟེན་དང་རྒྱུ་ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར།དེ་ཆོས་ཅན།དབང་སྒྱུར་བ་པོའི་བདག་དོན་གཞན་གྱིས་སྟོང་པ་ཡིན་ཏེ།རང་དབང་བའི་བདག་གིས་བྱིན་གྱིས་བརླབས་པ་མ་ཡིན་པའི་ཕྱིར་ཏེ།དེ་ཁྱོད་ཀྱི་རྒྱུ་མིན་པའི་ཕྱིར།རང་དབང་བའི་བདག་མེད་པ་ཡིན་ཏེ།མི་རྟག་པ་དང་གཞན་དབང་ཅན་ཡིན་པའི་ཕྱིར།འདི་དག་གི་སྒྲུབ་བྱ་རྟོགས་པའི་བློ་ལོག་འཛིན་དང་པོ་བཞི་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་སོང་བ་ལ་དགོངས་ནས་རྣམ་རྩར་དེ་ཉིད་ལ་ནི་དེ་འགལ་དོན།།ཞེས་གསུངས་སམ་ལོག་འཛིན་ཕྱི་མ་རྣམས་ལ་དེའི་མ་ཁྱབ་སྙམ་ཡང་དཔྱད་པར་བྱ་བ་ཡོད་དོ།གཞན་ཡང་འདི་ལྟར་བྱས་ན་ལོག་འཛིན་འདི་ཡང་ཀུན་བཏགས་སུ་འགྲོ་བས་ཚད་མའི་བརྗེད་བྱང་ལས།སྒྲོ་འདོགས་བཅུ་དྲུག་པོ་དེ་དག་ཕལ་ཆེར་ཀུན་བཏགས་ཀྱིས་བསྡུས་པ་ཡིན་ནོ།།ཞེས་ཕལ་ཆེར་གསུང་བས་ཕྱི་མ་རྣམས་ཀུན་བཏགས་ཡིན་པའི་ཕྱིར་དང་།ཡང་གོང་དུ་བརྗེད་བྱང་ལས་སྔར་བདག་མེད་སྒྲུབ་པའི་རྟགས་སུ་བཀོད་པའི་ཕུང་བོ་དང་རང་བཞིན་གཅིག་དང་ཐ་དད་ཀྱིས་སྟོང་པ་ནི་སྡུག་བདེན་གྱི་ཁྱད་ཆོས་སུ་བསྟན་པའི་སྟོང་པ་དང་བདག་མེད་པ་དང་དོན་གཅིག་ལ་ཞེས་དང་།ཐར་ལམ་གསལ་བྱེད་ལས་ཀྱང་དེ་ལྟ་བུར་གསུངས་པ་དང་།ཚད་མ་སྡེ་བདུན་རྒྱན་དང་ཚད་མའི་ལམ་ཁྲིད་དུ་རང་རྐྱ་བ་མེད་པ་ལ་སྦྱར་བ་དང་།ཀུན་བཏུས་དར་ཊཱིཀ་ལས་སྟོང་བ་འཆད་པའི་སྐབས་གང་ཟག་གི་བདག་གིས་སྟོང་བ་རྟག་ཆད་དང་བྲལ་བའི་ཚུལ་གྱིས་ཤེས་བར་བྱ་སྟེ།ཕུང་ཁམས་སྐྱེས་མཆེད་དང་ཕུང་པོའི་ཚོགས་རྒྱུན་གང་ལ་ཡང་བཏགས་པ་མ་ཡིན་པའི་གང་ཟག་གིས་སྟོང་བ་ནི་གང་ཞིག་མངོན་སུམ་དུ་རྟོགས་ན་ཉོན་སྒྲིབ་སྤངས་ནུས་པའི་གང་ཟག་གི་བདག་མེད་ཡིན་ལ་ཞེས་གསུངས་སྣང་བས་བདག་ལ་ཐེ་ཚོམ་ཁོ་ནར་ངེས་སོ།།
ཀུན་འབྱུང་ལ་ལོག་ཞུགས་གཉེན་པོར་སྦྱོར་ཚུལ་ཟག་པ་དང་བཅས་པའི་ལས་དང་སྲེད་པ་ཆོས་ཅན།རྒྱུའི་རྣམ་པ་ཡིན་ཏེ།རང་འབྲས་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར།དེ་ཆོས་ཅན།ཀུན་འབྱུང་གི་རྣམ་པ་ཡིན་ཏེ།རང་འབྲས་སྡུག་བསྔལ་རྣམ་པ་ཐམས་ཅད་པ་ཡང་ཡང་བསྐྱེད་པའི་ཕྱིར།དེ་ཆོས་ཅན།རབ་སྐྱེའི་རྣམ་པ་ཡིན་ཏེ།རང་འབྲས་སྡུག་བསྔལ་ཤུགས་དྲག་བསྐྱེད་པའི་ཕྱིར།སྲིད་པའི་སྲེད་པ་ཆོས་ཅན།རྐྱེན་གྱི་རྣམ་པ་ཡིན་ཏེ།རང་འབྲས་སྡུག་བསྔལ་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར།རྣམ་འགྲེལ་རྩ་བའི་དངོས་ཟིན་ལྟར་ན་རྟགས་ལ་རིམ་བཞིན་རེས་འགའ་སྐྱེས་པ་དང་།རྟག་པ་དང་ལྟོས་མེད་རེ་རེ་བ་ལ་འབྲས་བུ་སྐྱེད་པའི་ནུས་པ་མེད་པ་དང་།མི་རྣམས་ཀྱི་གནས་ལུས་ལོངས་སྤྱོད་ལ་སོགས་པའི་ཡུལ་གྱི་ཁྱད་པར་ཡོངས་སུ་འཛིན་ཅིང་ལེན་པ་ནི་དེ་ཐོབ་འདོད་ཀྱི་སྲེད་པས་བྱས་པ་དང།བདག་ཆགས་ཀྱིས་རྒྱུས་སྐྱེ་གནས་དམན་པ་ཀུན་ལེན་པ་སོགས་ཡིན་པའི་ཕྱིར་སོགས་འགོད་དགོས་པས་རྣམ་བཤད་དང་རྣམ་ངེས་དར་ཊཱིཀ་གཉིས་དང་རྣམ་འགྲེལ་རྩ་བའི་དངོས་ཟིན་ཅུང་མི་འདྲ་བ་ཡོད་པ་ཀུན་འབྱུང་སྤོང་འདོད་གཙོ་བོར་བྱེད་པ་དང་།ལོག་ཞུགས་གཙོ་བོ་འགོག་པ་སོགས་ཀྱི་དགོས་པའི་གཙོ་བོ་མི་འདྲ་སྙམ་མོ།།འགོག་པ་ལ་ལོག་ཞུགས་སྦྱོར་ཚུལ།གཉེན་པོའི་སྟོབས་ཀྱིས་སྡུག་བསྔལ་ཟད་པའི་བྲལ་བ་ཆོས་ཅན།འགོག་པའི་རྣམ་པ་ཡིན་ཏེ།སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར།ཞི་བའི་རྣམ་པ་ཡིན་ཏེ།ཉོན་མོངས་སྤངས་བའི་བྲལ་བ་ཡིན་པའི་ཕྱིར།གྱ་ནོམ་པའི་རྣམ་པ་ཡིན་ཏེ།ཕན་པ་དང་བདེ་བའི་ཐར་བ་ཡིན་པའི་ཕྱིར།ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ།སླར་མི་ལྡོག་པའི་ཆོས་ཅན་གྱི་ཐར་བ་ཡིན་པའི་ཕྱིར།འདིར་འགོག་ལམ་གྱི་རྣམ་པའི་སྐབས་ཐར་ལམ་གསལ་བྱེད་ལས་འགོག་པ་དང་ལམ་གྱི་རྣམ་པ་གོ་ན་ལྷག་མ་གོ་ནུས་པར་དགོངས་ནས་སློབ་དཔོན་ལྷ་དབང་བློས་བཞེད་པ་ལྟར་སོ་སོར་མ་བཅད་ཀྱང་ཆོག་པར་གསུང་ཏེ།ཡང་ན་དེ་ཡན་ཆད་རྣམ་པ་ལྷག་མ་གཉིས་སོ་སོར་མ་བཅད་པར་འགོག་པའི་རྣམ་པའི་འཕྲོས་འབའ་ཞིག་ཏུ་སྦྱོར་རོ་ཞེས་གསུངས་ལ།ཊཱིཀ་ཆེན་དུ།རྒྱན་མཁན་པོས་འདི་ལྟར་མཚམས་ཕྱེ་ནས་འཆད་པ་ཉིད་གཞུང་ལ་འགྲིག་པར་མངོན་ནོ།།ཞེས་སོ་སོར་བཅད་པས་དེ་ལྟར་བྱས་ཚེ་དེ་ནི་གཏན་དུ་བ་མིན་ཏེ།།ཞེས་སོགས་ཀྱི་སྡུག་བསྔལ་འགག་པ་སྒྲུབ་པའི་སྒོ་ནས་བཀག་ཆ་འགོག་པའི་རྣམ་པ་དང་།སྡུག་བསྔལ་ཤེས་ལ་འགག་མེད་པས།།ཞེས་སོགས་ཀྱི་སྐབས་བདག་ལྟ་སྤངས་ཀྱང་བརྩེ་བ་སྐྱེ་བ་མི་འགལ་བར་སྒྲུབ་ནས་ཞི་བའི་རྣམ་པ་དང་།སྡུག་བསྔལ་སྐྱེས་པའི་རྒྱུ་ཉིད་དོ།།ཞེས་སོགས་ཀྱིས་བདག་ཏུ་གྲུབ་པ་ལ་བཅིངས་གྲོལ་མི་འཐད་པ་དང་བདག་མེད་པ་ལ་རུང་བས་གྲོལ་ཚེ་བདག་ཉིད་ཚིམ་པའི་གྱ་ནོམ་པ་ཡང་འཐད་པའི་ཚུལ་གྱིས་གྱ་ནོམ་པའི་རྣམ་པ་བསྟན་སྙམ།།ལམ་བདེན་ལ་ལོག་ཞུགས་སྦྱོར་ཚུལ།བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན།ལམ་གྱི་རྣམ་པ་ཡིན་ཏེ།ཐར་བར་བགྲོད་བྱེད་ཀྱི་ལམ་ཡིན་པའི་ཕྱིར།རིགས་པའི་རྣམ་པ་ཡིན་ཏེ།ཉོན་མོངས་ཀྱི་དངོས་གཉེན་བྱེད་པའི་ཕྱིར།སྒྲུབ་པའི་རྣམ་པ་ཡིན་ཏེ།སེམས་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར།ལམ་གྱི་རྣམ་པའི་གཞུང་སོ་སོར་བཅད་ན།རྩ་བར་བཤད་ཟིན་ལམ་དེ་གོམས་པ་ལས།།གནས་གྱུརཞེས་པའི་གནས་འགྱུར་མཐར་ཕྱིན་ཐོབ་པས་བདག་མེད་མངོན་སུམ་དུ་རྟོགས་པའི་གྲོལ་ལམ་བསྟན་ནས་ལམ་གྱི་རྣམ་པ་དང་།གལ་ཏེ་གནས་གྱུར་ཀྱང་།།ཞེས་སོགས་ཀྱིས་ཤེས་རབ་དེས་བདག་འཛིན་ནུས་མེད་དུ་བྱས་པས་དེ་འདྲའི་ཤེས་རབ་སླར་ལྡོག་མི་ནུས་པར་སྒྲུབ་ནས་ངེས་འབྱིན་དང་ངེས་འབྱུང་གི་རྣམ་པ་གཉིས་ཕྱོགས་གཅིག་ཏུ་བསྟན།རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས།།ཞེས་སོགས་ཀྱིས་སེམས་ཀྱི་རང་བཞིན་བདག་འཛིན་གྱི་འཛིན་ཚུལ་ལྟར་མ་གྲུབ་པས་ཤེས་རབ་དེས་བདག་འཛིན་མེད་པར་བྱེད་ནུས་པའི་སྒོ་ནས་སྒྲུབ་པའི་རྣམ་པ་བསྟན།བདག་འཛིན་རྒྱུ་གཅིག་ཅན་ཉིད་དང་།།ཞེས་སོགས་ཀྱིས་བདག་འཛིན་དང་འཛིན་སྟངས་འགལ་བ་དང་།རང་གི་འཛིན་སྟངས་རང་བཞིན་ལ་མ་འཁྲུལ་བར་སྒྲུབ་པས་རིགས་པའི་རྣམ་པ་བསྟན་ནོ།ལོག་འཛིན་དང་རྣམ་པ་བཅུ་དྲུག་རྟོགས་པའི་བློ་འཛིན་སྟངས་འགལ་མིན་དང་དམིགས་པ་གཅིག་ལ་དམིགས་མ་དམིགས་སོགས་དཔྱད་བྱར་སྣང་སྟེ།ཀུན་བཏུས་དར་ཊཱིཀ་ལས།མ་རིག་པ་དང་ལྟ་བ་གསུམ་དང་ཐེ་ཚོམ་གསུམ་གྱིས་ས་གོང་མ་ལ་དམིགས་ཀྱང་རང་ས་ལ་དམིགས་པ་བཞིན་དུ་མངོན་སུམ་དུ་དམིགས་པ་མ་ཡིན་ཏེ།དེས་ཀུན་ཏུ་བརྟགས་པ་ལ་དམིགས་པ་ཙམ་ལ་བཞག་པའི་ཕྱིར་ཞེས་དང་།ཡང་འགོག་ལམ་ལ་ལོག་པར་ཞུགས་པའི་ཉོན་མོངས་པས་དེ་དག་ལ་མངོན་སུམ་དམིགས་པ་མ་ཡིན་ཏེ།དེ་དང་འདྲ་བའི་རྟོག་པས་བཏགས་པ་ཙམ་ལ་དམིགས་པ་ལ་དེ་ལ་དམིགས་པ་ཞེས་བརྗོད་པའི་ཕྱིར།ཞེས་དང་།དམིགས་རྐྱེན་སྐབས་དམིགས་པ་བཅུ་གཉིས་སོགས་བཤད་པའི་ཕྱིར།འདི་ལས་འཕྲོས་ཏེ་རྒྱུན་དང་བཅས་པ་སྤོང་རྒྱུའི་བློ་ལ་ལོག་ཤེས་དགོས་མིན་དང་ལོག་ཤེས་ལ་རྒྱུན་དང་བཅས་པ་སྤངས་པའི་སྤངས་པ་ཡོད་པའི་ཁྱབ་མིན།བློ་དེ་དང་དེའི་འཛིན་སྟངས་གཞན་དུ་འཕོ་བ་ཡོད་མེད་སོགས་ཚད་ལྡན་གྱི་གཞུང་ལས་གསུང་པ་དང་རིགས་པ་ཡང་དག་གི་ལམ་ནས་སྟོན་ཡོང་བའི་རེ་སྐུལ་ཀྱང་ཞུའོ།
གསུམ་པ་གཅིག་ཐ་དད་ཅེས་པའི་སྐབས།འགོག་བདེན་དང་གཞན་གསུམ་ནི་གཅིག་པ་བཀག་པའི་ཐ་དད་པ་ཡིན་ལ།གཞན་གསུམ་ནི་འཕགས་པའི་མཉམ་བཞག་གི་ལམ་བདེན་དང་སྡུག་ཀུན་གཉིས་རྫས་ཐ་དད་ལ།རྗེས་ཐོབ་ཀྱི་ལམ་བདེན་ནི་སྡུག་བདེན་དང་མི་འགལ་ལོ།།ཞེས་སོགས་ཀྱི་དོན་སྔ་རབས་པའི་འདོད་པ་བཀོད་པར་འདོད་པ་དག་འདི་དང་སྐབས་ལྔ་བར་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཟེར་བ་མི་འཐད་དེ་ཞེས་སོགས་ལུང་སྔ་ཕྱི་བསྒྲིགས་ནས།གསེར་ཕྲེང་སྔ་རྩོམ་ཡིན་པས་ལམ་རིམ་ཆུང་བ་སོགས་ལས་བདེན་གཉིས་ངོ་བོ་གཅིག་ཏུ་ལུང་རིགས་གཉིས་ཀས་སྒྲུབ་པས་ན་སྔ་རབས་པའི་འདོད་པ་ལྟར་བཀོད་ཟེར་བ་དེ་ནི་མི་འཐད་པར་སེམས་ཏེ་འདིར་གཅིག་པ་བཀག་པའི་ཐ་དད་ཅེས་པའི་དོན་གཞི་མཐུན་བཀག་པའི་ཐ་དད་པ་འམ།མི་འགལ་བ་བཀག་པའི་ཐ་དད་པ་ཅེས་བའི་དོན་དུ་བཤད་དགོས་པའི་ཕྱིར།འོག་ནས་རྗེས་ཐོབ་ཀྱི་ལམ་བདེན་དང་སྡུག་བདེན་དང་མི་འགལ་བར་གསུང་བ་དང།ཀུན་འབྱུང་ལ་སྡུག་བདེན་གྱིས་ཁྱབ་པར་གསུང་པས་ཀྱང་ཤེས་སོ།
སྐབས་ལྔ་པར་གསུང་པ་དེ་ཡང་ངོ་བོས་གྲུབ་པ་འམ་བདེན་པར་གྲུབ་པའི་ངོ་བོ་གཅིག་དང་ལྡོག་པ་ཐ་དད་ཡིན་ཟེར་བ་མི་འཐད་པའི་དོན་དུ་འགྲེལ་དགོས་པའི་ཕྱིར།སྐབས་ལྔ་པའི་དེའི་གོང་དུ་གསེར་ཕྲེང་རང་དུ་དང་པོ་ནི།བདེན་པ་གཉིས་ལ་རང་གི་ངོ་བོས་བྱས་པའི་དབྱེ་བ་ནི་མེད་དེ།ཞེས་དེ་གཉིས་ངོ་བོ་གཅིག་ན་གཅིག་ཡིན་ན་གཅིག་ཤེས་ཀྱང་ཡིན་དགོས་པའི་ཐལ་བ་འཕེན་པ་དང་།ངོ་བོ་ཐ་དད་ན་ཀུན་རྫོབ་ཀྱི་རང་བཞིན་མིན་པར་ཐལ་བ་འཕེན་ཚུལ་གྱིས་ཀྱང་ཤེས་སྙམ་སྟེ་སྤྱིར་ངོ་བོ་གཅིག་ན་དེ་ཡིན་མི་དགོས་པ་དང་ངོ་བོ་ཐ་དད་ན་སྣང་མུན་ལྟར་འབྲེལ་མེད་དོན་གཞན་དགོས་དོན་མེད་པའི་ཕྱིར།དེས་ན་འདི་དག་རང་ལུགས་སུ་བཞེད་དགོས་པར་མཁས་དབང་སྔ་མ་འགས་གསུང་ཏེ།ལྕང་སྐྱ་རོལ་བའི་རྡོ་རྗེའི་ཞལ་ནས།བདེན་གཉིས་ནི་གཅིག་པ་བཀག་པའི་ཐ་དད་དུ་འདོད་ཅེས་པའང་ཁོ་བོ་ཅག་ལ་སྐྱོན་དུ་མི་འཇུག་སྟེ།དེ་ཙམ་ཞིག་ཁས་བླངས་ཀྱང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་ལ་སྐྱོན་ཅུང་ཟད་ཀྱང་མེད་དེ།ཞེས་དང་ཡང་གསེར་ཕྲེང་ལས་གསུང་བའི་དགག་པ་དེ་དག་ཐམས་ཅད་བདེན་གཉིས་བདེན་གྲུབ་ཏུ་འདོད་པ་འགོག་བྱེད་དུ་འདུག་པས་སོ།ཞེས་དང་།པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ཀྱང་།དེ་ཡང་ཚད་མ་དང་དབུ་ཕར་ལ་སོགས་པའི་གཞུང་ལུགས་ཀུན་ལ་རྗེ་འདི་ཉིད་ཀྱིས་རྣམ་བཤད་དང་།རྒྱ་ཆེར་འགྲེལ་བ་དང་།ཐ་ན་ཟིན་བྲིས་སུ་མཛད་པ་ཚུན་ཆད་ཀྱི་ཚིག་དོན་གྱི་ཆ་ཕྲ་མོ་ཡང་རྟོག་གེ་བ་མཐའ་དག་གིས་འབད་པས་བསྒྲིམས་ཀྱང་གླགས་མི་རྙེད་པ་ནི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་དགོངས་པ་གཅིག་གིས་གཟིགས་པ་ཡིན་ནོ།ཞེས་དང་ཡང་།ཁ་ཅིག་གིས་རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་གསེར་ཕྲེང་དང་རྣམ་བཤད།དགོངས་པ་རབ་གསལ་རྩ་ཤེའི་ཌཱིཀ་ཆེན་དང་།གསལ་སྒྲོན་རྣམ་གཞག་རིམ་པའི་རྣམ་བཤད་ལ་སོགས་པ་ལ་ཕན་ཚུན་མི་མཐུན་པ་ཡོད་ཟེར་བ་སོགས་ནི་རང་གིས་རང་ཉིད་གསལ་བར་བྱེད་པ་སྟེ།གསུང་དེ་དག་ལ་མཁས་པས་ཞིབ་ཏུ་བརྟགས་ན་ཅུང་ཟད་ཀྱང་མི་འགལ་བར་སྣང་ཞིང་།ཞེས་དང་ཡང་།སྔོན་སྨིན་གྲོལ་ཆོས་ཀྱི་རྒྱལ་པོས་རྒྱལ་བ་ཐམས་ཅད་ཀྱི་དབང་པོ་རིན་པོ་ཆེའི་ཞབས་དྲུང་དུ་རྣམ་བཤད་དང་གསེར་ཕྲེང་གང་ཁས་ལེན་ནུས་ཞུས་ཚེ།ངས་འདི་གཉིས་ལ་དགོངས་པ་འགལ་བ་མ་མཐོང་།ཕལ་ཆེར་རྣམ་བཤད་ཀྱང་གསེར་ཕྲེང་གི་རྗེས་འབྲང་ཡིན་ལ་ཚིག་ཟིན་འགལ་བ་ལྟར་རེ་རེ་ཙམ་སྣང་བ་ཕྱི་རྩོམ་དང་དགོས་ཁྱད་ཡིན་ཞེས་སོགས་གསུང་འདུག་ན་མཁས་དབང་རྣམ་པས་རྗེས་སུ་འབྲངས་ཅི་ཐུབ་ཀྱིས་རྣམ་བཤད་གཉིས་ཀ་བསྒྲིགས་པ་ལ་འབད་དོ།།
སྡེབ་ལེགས་ཚིག་གི་སྙན་ཆ་དང་།།རྣམ་དག་བཅུད་ཀྱི་སྲོག་བྲལ་བ།།བདེན་བཞི་ལས་འཕྲོས་མཆོད་པའི་རྫས།།དྭངས་པས་འབུལ་ལོ་མཐོལ་ཞིང་བཤགས།།ཞེས་འབྲས་སྤུངས་སྒོ་མང་ཀླུ་འབུམ་པ་དགེ་སློང་གྲགས་པ་རྒྱལ་མཚན་གྱིས་ཕུལ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn