གསེར་ཕྲེང་བགྲོ་གླེང་གཉིས་པའི་རྩོམ་གཞི་ལྔ་པའི་དྲིས་ལན།།

ཡོང་ཁུངས།   ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་ཐེངས་གཉིས་པ།     སྤེལ་དུས།  2016-03-07 12:04:40     རྩོམ་པ་པོ།   ལྷ་རམས་པ་བློ་བཟང་དོན་གྲུབ།    ཀློག་ཐེངས།  

             ༄༅།།གཉིས་པ་ལ་གཉིས།སྤྱི་དང་ཡན་ལག་གི་དོན་ནོ།དང་པོ་ལ་ལྔ་ཞེས་པ་ནས་འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པ་ཡང་འགོག་པ་བཏགས་པ་བ་བརྡའི་འགོག་པར་བཤད་པས་ཤེས་སོ་ཞེས་པའི་བར་གྱི་དྲིས་ལན།
 

       91ed27bb373cfe9423b804dce38f0196.jpg

      དེའང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས།འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ།།བདེ་བ་ཐམས་ཅད་འབྱུང་བའི་གནས།།བསྟན་པ་རྙེད་དང་བཀུར་སྟི་དང་།།བཅས་ཏེ་ཡུན་རིང་གནས་གྱུར་ཅིག།།ཅེས་གསུངས་པ་ལྟར།རང་ཅག་ཁམས་གསུམ་གྱི་འགྲོ་བ་རྣམས་ཐོགས་མེད་ནས་ལུས་སེམས་ཀྱི་རྗེས་སུ་འབྲངས།སེམས་ཉོན་མོངས་པའི་དབང་དུ་ཤོར་ཏེ་བསོད་ནམས་དང།བསོད་ནམས་མ་ཡིན་པའི་ལས་གསོག།།ལས་དེ་དག་གི་དབང་གིས་འཁོར་བ་ན་སྡུག་ཀུན་གྱིས་བསྡུས་པའི་ནད་ཀྱིས་མནར།སྡུག་ཀུན་གྱིས་བསྡུས་པའི་ནད་ཐམས་ཅད་སེལ་བའི་སྨན་མཆོག་ཏུ་གྱུར་པའམ་སྨན་གཅིག་པུ།སྐྱེ་དགུའི་ཕན་བདེ་ལེགས་ཚོགས་ཐམས་ཅད་འབྱུང་བའི་གནས་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ལ།དེ་ཉིད་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་དུ་གནས་པ་གཙོ་བོར་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་འཆད་རྩོད་རྩོམ་གསུམ་ལ་རག་ལས་ཤིང་།།དེས་ན་བསྐུལ་བ་པོ་གཉའ་ཁྲི་ཆོས་རིག་ཞབས་ཞུ་རིས་མེད་བོད་ཀྱི་དཔེ་མཛོད་ཁང་གིས་ཇི་ལྟར་བསྐུལ་བ་ལ་དོན་ཆེན་པོ་དང་ལྡན་པ་མཐོང་ངོ་།།བདག་ནི་ལེགས་བཤད་འདིའི་དོན་ལ་དཔྱད་རྩོམ་ཞུགས་པའི་མཐུན་རྐྱེན་ཀུན་དང་བྲལ་ན་ཡང་།གསུང་རབ་འདིའི་དོན་ལ་གོམས་པ་འཕེལ་བའི་ཕྱིར་དང་རྒྱལ་བའི་བསྟན་པ་འཇིག་རྟེན་འདིར་ཡུན་རིང་དུ་གནས་ན་སྙམ་པའི་འཕེན་པ་དང་བཅས་ཏེ་ལེགས་བཤད་གསེར་ཕྲེང་གདམས་ངག་གི་སྐབས་ཀྱི་ཚིག་དོན་ཅུང་ཟད་སྤྲོས་པ་ལ་འཇུག་གོ།
             གཉིས་པ་སེམས་བསྐྱེད་དེ་དག་བྱེད་གདམས་ངག་ནོད་པ་ལ་གཉིས།སྤྱི་དང།ཡན་ལག་གི་དོན་ནོ།།དང་པོ་ལ་ལྔ།ནོད་པའི་རྟེན།རྒྱུ་གང་ལས་ནོད་པ།ཡུལ་གང་ལ་ནོད་པ།ནོད་བྱའི་ངོ་བོ།ས་མཚམས་སོ།།དང་པོ་ནི།སྤྱིར་གདམས་ངག་ཉན་པ་ཙམ་ཞིག་ཉན་རང་ལ་ཡང་ཡོད་ལ།བྱེ་བྲག་ཏུ་ཐེག་པ་ཆེན་པོའི་གདམས་ངག་ལ་ཡང་ཕལ་པ་དང་ཁྱད་པར་ཅན་གཉིས་ལས་འདིར་བསྟན་པ་ནི་ཕྱི་མ་སྟེ།དེ་ཡང་སངས་རྒྱས་དངོས་ལ་ཉན་ན་ཚོགས་ལམ་ཆེན་པོར་སོན་པ་ཞིག་དགོས་ཏེ་ཞེས་གསུངས་པས།སངས་རྒྱས་དངོས་ལ་ཐེག་ཆེན་གདམས་ངག་ཁྱད་པར་ཅན་ཉན་པ་ལ་ཚོགས་ལམ་ཆེན་པོ་ཐོབ་པ་ཞིག་དགོས་སམ་མི་དགོས།དང་པོ་ལྟར་ན།མི་འཐད་དེ།མཆོག་གི་སྤྲུལ་སྐུ་ལས་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་པའི་ལམ་མ་ཞུགས་ཀྱི་གང་ཟག་ཡང་ཡོད།དེ་ལྟར་ཉན་པའི་ཚོགས་ལམ་ཆུང་ངུ་བ་ཡང་ཡོད་པའི་ཕྱིར།དེར་ཐལ།རྣམ་བཤད་སྙིང་པོ་རྒྱན་ལས།ཚོགས་ལམ་ཆེན་པོ་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་མཆོག་གི་སྤྲུལ་པའི་སྐུ་ལས་དངོས་སུ་གདམས་ངག་ཉན་ནུས་པས་ཁྱབ་པའི་དབང་དུ་བྱས་ཀྱི།སྤྱིར་ནི་ལམ་དུ་མ་ཞུགས་པས་ཀྱང་དེ་ལས་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་ནུས་ན།ཚོགས་ལམ་ཆུང་ངུ་ནས་ཡོད་པ་སྨོས་མི་དགོས་པའི་ཕྱིར་རོ།ཞེས་གསུངས་པ་དང་མི་འགལ་བར་ཇི་ལྟར་བརྗོད།གཞན་ཡང་རྒྱ་ཆེར་རོལ་པ་ལས།དེའི་ཚེ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་ལྟོ་འཕྱེ་ཆེན་པོའི་ཚོགས་གྲངས་ལས་འདས་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ།ཞེས་དང་།ཡང་མདོ་ལས།དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ།།བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།།ཞེས་སོགས་མདོས་སངས་རྒྱས་དངོས་ལས་ཐེག་ཆེན་གདམས་ངག་ཉན་པ་དེའི་ཚེ་སེམས་བསྐྱེད་སྐྱེས་མ་ཐག་པ་ཡོད་པར་བསྟན་པའི་ཕྱིར།
             གཉིས་པ་ལྟར་ན་ཡང་མི་འཐད་དེ།སྐབས་ཀྱི་གཞུང་དེ་ཉིད་དང་འགལ་ལོ།།ཡང་ཚོགས་ལམ་ཆེན་པོ་སོན་པ་ཞིག་དགོས་ཏེ་ཞེས་གསུངས་པའི་ཚོགས་ལམ་ཆེན་པོ་དེ་ཐེག་ཆེན་ཚོགས་ལམ་ཆེན་པོ་ལ་བཞག་དགོས་པ་འདྲ།དེ་ཡང་འཐད་པ་མི་སེམས་ཏེ།སངས་རྒྱས་དངོས་ལས་ཐེག་ཆེན་གྱི་གདམས་ངག་ཉན་པ་ལ་ཐེག་ཆེན་ཚོགས་ལམ་ཆེན་པོ་ཐོབ་པ་ཞིག་མི་དགོས་པའི་ཕྱིར།དེར་ཐལ།ཐུབ་པའི་དབང་པོ་ལས་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་དངོས་སུ་ཉན་པའི་ཉན་ཐོས་ཡོད་པའི་ཕྱིར།དེར་ཐལ།ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་སངས་རྒྱས་ལས་དངོས་སུ་ཐོས་ནས་དེ་དག་དོན་གཉེར་གྱི་ཐེག་ཆེན་གྱི་རིགས་ཅན་གཞན་ལ་སྒྲོགས་པར་བྱེད་པའི་རྒྱུ་མཚན་གྱིས་ཉན་ཐོས་ལ་ཐོས་སྒྲོགས་པ་ཞེས་བཤད་པའི་ཕྱིར་ཏེ།དམ་ཆོས་པད་དཀར་ལས།མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར།།བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི།།བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད།།དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ།།ཞེས་དང་།དབུ་མ་དགོངས་པ་རབ་གསལ་ལས།འབྲས་བུའི་མཆོག་གམ་སངས་རྒྱས་སུ་བསྒྲོད་པའི་ལམ།སངས་རྒྱས་རྣམས་ལས་ཐོས་ནས་ཐེག་པ་ཆེན་པོའ་ིརིགས་ཅན་ལམ་དེ་དོན་དུ་གཉེར་བ་རྣམས་ལ་སྒྲོག་པར་བྱེད་པས་ན་ཉན་ཐོས་ཏེ།ཞེས་གསུངས་པའི་ཕྱིར།མདོ་སྔགས་རབ་འབྱམས་པ་པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ལས།དེ་ཡང་སངས་རྒྱས་དངོས་ལ་ཐེག་ཆེན་གྱི་གདམས་ངག་ཉན་པ་ལ་ཐེག་ཅེན་གྱི་ཚོགས་ལམ་ཆེན་པོ་ཐོབ་དགོས་པ་ནི་མི་བཞེད་དེ།དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དུས་ཇི་ལྟ་བ་བཞིན་དོན་དུ་གཉེར་བར་བྱེད་པ་ཞེས་གསུངས་པ་ལྟར།མཆོག་གི་སྤྲུལ་སྐུ་ལ་གདམས་ངག་དངོས་སུ་ཉན་པའི་ལམ་མ་ཞུགས་ཀྱི་གང་ཟག་དང་།ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོད་པའི་ཕྱིར།ཞེས་གསུངས།
             བླ་མ་རྗེ་བཙུན་པ་ཆེན་པོའི་ཕར་ཕྱིན་སྤྱི་དོན་ལས།མཆོག་གི་སྤྲུལ་སྐུ་ལ་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་པའི་ལམ་མ་ཞུགས་ཀྱི་གང་ཟག་ཡོད་དེ།ལམ་ཤེས་ཀྱི་མདོ་ལས།ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།།ཞེས་གསུངས།མཁས་གྲུབ་ཆེན་པོ་བསྟན་དར་བའི་ཕར་ཕྱིན་སྤྱི་དོན་ལས།སངས་རྒྱས་མྱ་ངན་ལས་འདས་པའི་འོག་རོལ་ཏུ་འཇིག་རྟེན་གྱི་ཁམས་དུ་མར་ཕྱིན་ཏེ།སངས་རྒྱས་དཔག་ཏུ་མེད་པ་ལ་ཐེག་ཆེན་གྱི་གདམས་ངག་ཁྱད་པར་ཅན་ཉན་པ་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་པ་ཡིན་ཏེ།ཞེས་གསུངས།ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་ལས།ཡང་ཁ་ཅིག་ན་རེ།མཆོག་གི་སྤྲུལ་སྐུ་ལས་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་པ་ལ་ཚོགས་ལམ་ཆེན་པོ་ཐོབ་དགོས་ཟེར་ན།འོ་ན།དེ་ལ་གདམས་ངག་དངོས་སུ་ཉན་པའི་ལམ་མ་ཞུགས་ཀྱི་གང་ཟག་མེད་བར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།དེ་ལ་གདམས་ངག་ཉན་པའི་ཐེག་པ་གསུམ་གའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དུ་མ་བཤད་པའི་ཕྱིར།ཞེས་གསུངས་སོ།།དེས་ན་སངས་རྒྱས་དངོས་ལ་ཐེག་ཆེན་གདམས་ངག་ཁྱད་པར་ཅན་ཉན་པ་ལ་ཚོགས་ལམ་ཆེན་པོ་ཐོབ་དགོས་གསུངས་རྒྱུ་ཡིན་ནམ།ཐེག་ཆེན་ཚོགས་ལམ་ཆེན་པོ་ཐོབ་ནས་སངས་རྒྱས་ལས་ཐེག་ཆེན་གདམས་ངག་དངོས་སུ་ཉན་ནུས་པས་ཁྱབ་གསུངས་རྒྱུ་ཡིན་དགོངས་པ་གང་སོང་དཔྱད་འཚལ།གཉིས་པ་རྒྱུ་གང་ལས་ནོད་པ་ནི།རྒྱན་ལས།དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི།།སངས་རྒྱས་རྣམས་ལས་ཞི་གནས་དང་།།ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར།།གདམས་ངག་རྒྱ་ཆེན་རྙེད་པར་འགྱུར།།ཞེས་པ་ལྟར་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་སོ།།ཞེས་གསེར་ཕྲེང་ལས་གདམས་ངག་ཉན་པའི་རྒྱུར་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལས་མ་གསུངས་པ་ནི་གཙོ་བོའ་ིདབང་དུ་བྱས་ཡིན་སྙམ།དེ་ཡང་སངས་རྒྱས་མྱ་ངན་ལས་འདས་པའི་འོག་རོལ་ཏུ་འཇིག་རྟེན་གྱི་ཁམས་དུ་མར་ཕྱིན་ཏེེ།སངས་རྒྱས་དཔག་ཏུ་མེད་པ་ལ་ཐེག་ཆེན་གྱི་གདམས་ངག་ཁྱད་པར་ཅན་ཉན་པ་ལ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་དོན་ཡིན་པ་ལས་སྤྱིར་གདམས་ངག་ཉན་པའི་རྒྱུ་ལ་དྲན་པ།ཏིང་ངེ་འཛིན།བརྩོན་འགྲུས།ཤེས་རབ་སོགས་དུ་མ་ཡོད་པའི་ཕྱིར།།
བཞི་པ་ནོད་བྱའི་གདམས་ངག་གི་ངོ་བོ་ནི།གསེར་ཕྲེང་ལས།ཁ་ཅིག་སངས་རྒྱས་ཀྱིས་དངོས་སུ་འདོམས་པའི་ངག་ཅེས་པ་མི་འཐད་དེ།གདམས་ངག་ཁྱད་པར་ཅན་ལ་ཡང་སྟོན་པ་པོ་སངས་རྒྱས་སུ་མ་ངེས་པར་སྔར་བསྟན་ལ།སྤྱིར་བཀའ་ཡིན་པར་ཡང་མ་ངེས་ཏེ།མངོན་རྟོགས་རྒྱན་ལྟ་བུ་ལ་ཡང་གདམས་ངག་ཁྱད་པར་ཅན་གྱི་དོན་ལེགས་པར་ཚང་བའི་ཕྱིར་རོ།།དེའི་ཕྱིར་ཐེག་ཆེན་གྱི་རིགས་ཅན་འཚང་རྒྱ་བའི་ལམ་ཆ་ཚང་སྟོན་པའི་མདོ་དང་བསྟན་བཅོས་ཐམས་ཅད་གདམས་ངག་ཁྱད་པར་ཅན་ཡིན་ནོ།།ཞེས་གསུངས།འོ་ན།མཆོག་གི་སྤྲུལ་སྐུ་ལྟ་བུས་ཐེག་ཆེན་གྱི་རིགས་ཅན་འཚང་རྒྱ་བའི་ལམ་ཆ་ཚང་བ་དངོས་སུ་བསྟན་ན།ཐེག་ཆེན་གྱི་གདམས་ངག་ཁྱད་པར་ཅན་དངོས་སུ་བསྟན་དགོས་སམ་མི་དགོས།དང་པོ་ལྟར་ན།སངས་རྒྱས་དངོས་ལ་ཐེག་ཆེན་གདམས་ངག་ཁྱད་པར་ཅན་ཉན་པ་ལ་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ཐོབ་མི་དགོས་བར་ཐལ།དེ་འདྲའི་ཉན་ཐོས་ཡོད་པར་གོང་དུ་བསྒྲུབས་ཟིན་པའི་ཕྱིར།དེ་ལྟར་ཉན་པ་ལ་ཐེག་ཆེན་ཚོགས་ལམ་ཆེན་པོ་ཐོབ་མི་དགོས་ན།གསེར་ཕྲེང་ལས།ཚོགས་ལམ་ཆེན་པོར་སོན་པ་ཞིག་དགོས་ཏེ།ཞེས་གསུངས་པ་དང་མི་འགལ་བར་ཇི་ལྟར་བརྗོད།རྩ་བའི་གཉིས་པ་ལྟར་ན།འགྲེལ་བ་དང་རྣམ་འགྲེལ་གཉིས་ལས།དེ་ལ་དོན་དུ་གཉེར་དོན་ཐོབ་པའི་བྱ་བ་ཉེ་བར་སྟོན་པ་ནི་གདམས་པ་དང་རྗེས་སུ་བསྟན་པ་ཡིན་ཏེ།ཞེས་དང་།དག་ལྡན་ལས།ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྗོད་པ་ནི་གདམས་ངག་སྟེ།ཞེས་སོགས་དང་འགལ་བར་མ་ཡིན་ནམ།གཞན་ཡང་།མཆོག་གི་སྤྲུལ་སྐུ་ལྟ་བུས་དེ་ལས་ལོགས་སུ་ཐེག་ཆེན་གྱི་གདམས་ངག་ཁྱད་པར་ཅན་དངོས་སུ་བསྟན་ཚུལ་གང་ཡོད་དཔྱད་དོ།།
ཡང་གསེར་ཕྲེང་ལས།འདི་ལས་ཀྱང་འདོམས་པ་ནི་གདམས་ངག་སྟེ་ཞེས་ཆེན་པོ་རྣམས་ཞལ་འཆམ་པར་འབྱུང་བའི་ཕྱིར་གདམས་ངག་ནི་རྗོད་བྱེད་མཚན་ཉིད་པ་ཡིན་ལ།ཞེས་གདམས་ངག་ལ་རྗོད་བྱེད་ཀྱི་ཚིག་གམ་ངག་གིས་ཁྱབ་པ་ལྟ་བུ་གསུངས།པཎ་ཆེན་ཕར་ཕྱིན་ལས།ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་མ་ནོར་བར་འདོམས་པའི་ཐེག་ཆེན་གྱི་རྗོད་བྱེད་རྣམ་དག་དེ།ཐེག་ཆེན་གདམས་ངག་གི་ངོ་བོར་འཇོག།།བླ་མ་རྗེ་བཙུན་པའི་སྤྱི་དོན་རོལ་མཚོ་ལས།ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱའི་ཐབས་མ་ནོར་བར་སྟོན་པའི་ཐེག་ཆེན་གྱི་ངག་དེ།ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད་དུ་འཇོག།ཀུན་མཁྱེན་ཕར་ཕྱིན་ལས།ཐེག་ཆེན་གྱི་ལམ་འབྲས་བུ་གང་རུང་རྗོད་བྱའི་གཙོ་བོར་སྟོན་པའི་རྗོད་བྱེད་རྣམ་དག་དེ།ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད་དུ་འཇོག་གོ།འོ་ན་གདམས་ངག་ཡིན་ན་ངག་ཡིན་པས་ཁྱབ་བམ་མ་ཁྱབ།དང་པོ་ལྟར་ན།བསེ་རུ་ལྟ་བུ་རང་རྒྱལ་དགྲ་བཅོམ་པས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་གདུལ་བྱ་ལ་ཆོས་སྟོན་པ་དེ་ཆོས་ཅན།ངག་ཡིན་པར་ཐལ།གདམས་ངག་ཡིན་པའི་ཕྱིར།དེར་ཐལ།དེ་བསྟན་བཅོས་ཡིན་པའི་ཕྱིར།དེ་བསྟན་བཅོས་ཡིན་པར་མ་གྲུབ་ན།གསེར་ཕྲེང་ལས།བསྟན་བཅོས་ཀྱི་ངོ་བོ་ངག་གི་སྒྲ་རང་མཚན་པ་ལ་འདོད་ན་བསེ་རུ་ལྟ་བུས་ཀྱང་གདུལ་བྱ་ལ་ཆོས་མ་བསྟན་པར་འགྱུར་རོ་ཞེས་གསུངས་པ་དེ།བསེ་རུ་ལྟ་བུས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་གདུལ་བྱ་ལ་ཆོས་སྟོན་པ་དེ།བསྟན་བཅོས་ཡིན་ཀྱང་ངག་སྒྲ་རང་མཚན་པ་མ་ཡིན་ཞེས་གསུངས་པ་མ་ཡིན་ནམ།དེ་ངག་ཡིན་པར་འདོད་ན།རང་རྒྱུ་སྐྱེ་བུའི་བྱེད་པ་ལྕེ་རྐན་ལས་བྱུང་བར་ཐལ་བ་དང་།ཆོས་སྟོན་ན་ངག་གི་སྒོ་ནས་སྟོན་དགོས་བར་ཐལ་ལོ།།གོང་དུ་གདམས་ངག་ལ་ངག་གིས་མ་ཁྱབ་ན།དོན་བསྡུས་སྒྲོན་མེ་ལས།གདམས་ངག་རྣམ་པ་བཅུ་ཡིན་ཏེ།།ངོ་བོ་ངག་གི་འཁོར་ལོ་ཡིན།།དབྱེ་བ་ཡུལ་གྱི་སྒོ་ནས་བརྗོད།།ཅེས་དང་།
             གསེར་ཕྲེང་ལས།ཆེན་པོ་རྣམས་ཞལ་འཆམ་པར་འབྱུང་བའི་ཕྱིར་གདམས་ངག་ནི་རྗོད་བྱེད་མཚན་ཉིད་པ་ཡིན་ལ།ཞེས་སོགས་གསུངས་པ་དང་འགལ་བར་མ་ཡིན་ནམ་ཞེས་དཔྱད་རྒྱུ་ཡོད་སྙམ།འདི་ལ་རྗེ་བཙུན་པའི་རོལ་མཚོ་ལས།ཁོ་ན་རེ།ངག་མ་སྨྲས་པར་གདམས་ངག་སྟོན་པ་མེད་བར་ཐལ།གདམས་ངག་ཡིན་ན།ངག་ཡིན་དགོས་པའི་ཕྱིེར།འདོད་ན།ངག་མ་སྨྲས་པར་ཆོས་སྟོན་པ་མེད་བར་ཐལ་ལོ།།ཟེར་ན་མ་ཁྱབ།གཞན་ཡང་།གདམས་ངག་ཡིན་ན།རང་རྒྱུ་སྐྱེས་བུའི་བྱེད་པ་ལྕེ་རྐན་ལས་བྱུང་བས་ཁྱབ་བར་ཐལ།དེ་ཡིན་ན་ངག་ཡིན་པས་ཁྱབ་བའི་ཕྱིར་ན་མ་ཁྱབ་བོ།།ཞེས་གསུངས།མཁས་གྲུབ་ཆེན་པོ་བསྟན་དར་བའི་ཕར་ཕྱིན་སྤྱི་དོན་ལས།གདམས་ངག་ལ་ངག་གིས་ཁྱབ་སྟེ།དོན་བསྡུས་སྒྲོན་མེ་ལས།གདམས་ངག་རྣམ་པ་བཅུ་ཡིན་ཏེ།།ངོ་བོ་ངག་གི་འཁོར་ལོ་ཡིན།།ཞེས་གསུངས།ཀུན་མཁྱེན་ཕར་ཕྱིན་ལས།ཡང་ཁ་ཅིག་ན་རེ།ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག་རྣམ་དག་དེ།གདམས་ངག་གི་མཚན་ཉིད་ཡིན་ཟེར་ན།གསེར་འོད་རྔ་སྒྲ་བྱུང་མ་ཐག་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།བཀའ་བསྟན་བཅོས་གང་རུང་ཡིན་པའི་ཕྱིར།འདོད་ན།ངག་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།རང་རྒྱུ་སྐྱེས་བུའི་བྱེད་པ་ལྕེ་རྐན་ལས་བྱུང་བར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།བྱས་པ་ལ་ཁོ་ན་རེ།གདམས་ངག་ལ་ངག་གིས་ཁྱབ་བར་ཐལ།འདིར་བསྟན་གདམས་ངག་བཅུ་པོ་ངག་ཡིན་པའི་ཕྱིར་ན་མ་ཁྱབ།ཅེས་གསུངས།དེས་ན་གདམས་ངག་ལ་ངག་གིས་ཁྱབ་མིན་དང་།ངག་ལ་སྐྱེས་བུའི་ལྕེ་རྐན་ལས་བྱུང་དགོས་མིན་སོགས་དཔྱད་དོ།།
             གཉིས་པ་ཡན་ལག་གི་དོན་ལ་གཉིས།མཚམས་སྦྱར་དང་།དོན་བཤད་པའོ།།དང་པོ་ནི་གསེར་ཕྲེང་ལས།སེམས་བསྐྱེད་ཀྱི་ངོ་བོ་གཙོ་བོར་བསྟན་ཅིང་དེའི་གནས་སྐབས་ཙམ་ལ་དབྱེ་བར་བཞག་པས་དབྱེ་བ་ཞར་ལ་བརྗོད་ནས་དེའི་རྗེས་སུ་གདམས་ངག་གསུངས་ཏེ།ཞེས་གསུངས།རྣམ་བཤད་ལས།སེམས་བསྐྱེད་ཀྱི་དབྱེ་བ་དཀྱུས་མའི་འཕྲོས་དོན་ཡིན་པས་མཚན་ཉིད་དང་དམིགས་པ་སྟོན་པའི་ཞར་ལ་བརྗོད་ནས་དེའི་རྗེས་སུ་གདམས་ངག་སྟེ།ཞེས་གསུངས།ཐེག་ཆེན་སེམས་བསྐྱེད་བཤད་པའི་སྐབས་སུ་སེམས་བསྐྱེད་ཀྱི་ངོ་བོའམ་མཚན་ཉིད་གཙོ་བོར་བསྟན།དེའི་ཞར་ལ་སེམས་བསྐྱེད་ཀྱི་དབྱེ་བ་བཤད་ནས་དེའི་རྗེས་སུ་གདམས་ངག་བཤད་ཅེས་མཚམས་སྦྱར་བའོ།།དེ་ཡང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བ་དག་གིས་གོང་དུ་བཤད་པའི་ཐེག་པ་ཆེན་པོའི་སེམས་དེ་བསྐྱེད་པ་ཙམ་གྱིས་མི་ཆོག་པར་རྣམ་མཁྱེན་ཐོབ་པའི་ཆེད་དུ་བསམ་པ་དམ་བཅའ་བའི་དམ་བཅའི་དོན་སྒྲུབ་པ་ལ་འབད་དགོས་མ་ཟད་དམ་བཅའི་དོན་སྒྲུབ་པའི་སྒྲུབ་ཐབས་ཤེས་དགོས་པ་ཡིན།ཐབས་དེ་ཡང་རང་སྟོབས་ཀྱིས་ཤེས་མི་ནུས་པས་གདམས་ངག་གི་དོན་ཕྱིན་ཅི་མ་ལོག་པར་སྟོན་ནུས་པའི་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ཏེ་ཡོན་ཏན་སྔར་མ་ཐོབ་པ་འཐོབ་ཕྱིར་དུ་འདོམས་པའི་རྗེས་བསྟན་གྱི་གདམས་ངག་དང་།ཐོབ་ཟིན་མི་ཉམས་པར་གོང་འཕེལ་གྱི་ཕྱིར་དུ་གདམས་པ་འདོམས་པའི་གདམས་ངག་གཉིས་ཉན་པ་ལས་རང་རྒྱུད་སྨིན་པར་བྱེད་པའི་ཕར་ཕྱིན་དྲུག་དང་།གཞན་རྒྱུད་སྨིན་པར་བྱེད་པའི་བསྡུ་བའི་དངོས་པོ་བཞི་ལ་བསླབ་དགོས་པ་ཡིན་ནོོ།།གཉིས་པ་དོན་བཤད་པ་ལ་གཉིས།གདམས་ངག་སྤྱི་བསྟན་དང་།རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ།།དང་པོ་གདམས་ངག་སྤྱིར་བསྟན་ལ་གསུམ།མདོར་བསྟན་དང་།རྒྱས་བཤད།མཇུག་བསྡུ་བའོ།།
དང་པོ་མདོར་བསྟན་ནི།སྒྲུབ་དང་ཞེས་སོགས་ཡུལ་བཅུ་ཡོད་པའི་རྒྱུ་མཚན་གྱིས་འདིར་བསྟན་གདམས་ངག་ལ་གྲངས་བཅུར་དབྱེ་བའོ།།གཉིས་པ་རྒྱས་པར་བཤད་པ་ལ།འོ་ན་ཐེག་ཆེན་གྱི་གདམས་ངག་དེ་མདོ་ལས་བསྟན་ཚུལ་དང་།བསྟན་བཅོས་ཀྱིས་བསྡུས་ཚུལ་ཇི་ལྟ་བུ་ཡིན་ཞེ་ན།དང་པོ་ནི།མདོ་ལས།ཚེ་དང་ལྡན་པ་ཤྭ་རིའི་བུས།བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།བཅོམ་ལྡན་འདས་ཇི་ལྟར་བྱང་ཆེན་ཤེར་ཕྱིན་ལ་སྤྱད་པར་བགྱི།ཞེས་པ་ནས།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤྭ་རདྭ་ཏའི་བུས།བྱང་ཆེན་གྱི་སྐྱོན་ཞེས་བྱ་བ་ནི།འདི་ལྟ་སྟེ།ཆོས་ལ་སྲེད་པའོ།།ཞེས་པའི་བར་གྱིས་ཐེག་ཆེན་གྱི་གདམས་ངག་དེ་གདམས་དོན་བཅུར་བསྡུས་ནས་བསྟན་པ་ཡིན།དེ་ཉིད་བསྟན་བཅོས་འདིར་འཆད་པར་བྱེད་པ་ལ།སྒྲུབ་དང་ལྡན་པ་རྣམས་དང་ནི།།ཞེས་པ་ནས།བཅུ་ཡི་བདག་ཉིད་ཤེས་པར་བྱ།།ཞེས་པའི་བར་གྱིས་འཆད་པར་བྱེད་དོ།།དེ་ཡང་རྩ་བའི་གོ་རིམ་དང་སྦྱར་ནས་བཤད་ན།སྒྲུབ་དང་ཞེས་པས་སྒྲུབ་པའི་རྣམ་པ་ལ་གདམས་པའི་ཐེག་ཆེན་གྱི་གདམས་ངག་དེ་བསྟན།བདེན་པ་རྣམས་དང་ནི་ཞེས་པས་སྒྲུབ་པའི་དམིགས་པ་ལ་གདམས་པའི་ཐེག་ཆེན་གྱི་གདམས་ངག་དེ་བསྟན།སངས་རྒྱས་ལ་སོགས་དཀོན་མཆོག་གསུམ།།ཞེས་པས་སྒྲུབ་པའི་རྟེན་ལ་གདམས་པའི་གདམས་ངག་དེ་བསྟན།མ་ཞེན་ཞེས་པས་སྒྲུབ་པ་བརྟན་པའི་རྒྱུ་ལ་གདམས་པའི་གདམས་ངག་དེ་བསྟན།ཡོངས་སུ་མི་ངལ་དང་།།ཞེས་པས་སྒྲུབ་པ་འཕེལ་བའི་རྒྱུ་ལ་གདམས་པའི་གདམས་ངག་དེ་བསྟན།ལམ་ནི་ཡོངས་སུ་འཛིན་པ་དང་།།ཞེས་པས་སྒྲུབ་པ༷་མི་ཉམས་པའི་རྒྱུ་ལ་གདམས་པའི་གདམས་ངག་དེ་བསྟན།སྤྱན་ལྔ་དང་ནི་ཞེས་པས་སྒྲུབ་པ་ལ་རང་དབང་དུ་འཇུག་པའི་རྒྱུ་ལ་གདམས་པའི་གདམས་ངག་དེ་བསྟན།མངོན་ཤེས་ཀྱི།།ཡོན་ཏན་དྲུག་དང་ཞེས་པས་སྒྲུབ་པ་མྱུར་དུ་རྫོགས་པའི་རྒྱུ་ལ་གདམས་པའི་གདམས་ངག་དེ་བསྟན།མཐོང་ལམ་དང་ཞེས་པས་སྤང་བྱ་ཀུན་བཏགས་ཀྱི་ས་བོན་སེལ་བ་ལ་གདམས་པའི་གདམས་ངག་དེ་བསྟན།སྒོམ་ཞེས་བྱ་ལ་ཞེས་པས་སྤང་བྱ་ལྷན་སྐྱེས་ཀྱི་ས་བོན་སེལ་བ་ལ་གདམས་པའི་ཐེག་ཆེན་གྱི་གདམས་ངག་དེ་བསྟན་པའི་ཕྱིར།སྒྲུབ་པ་རང་གི་ངོ་བོ་བཤད་པ་ལ་གཉིས།ངོ་བོ་དང།ཁྱད་པར་རོ།།
             དང་པོ་ངོ་བོ་བཤད་པའི་སྐབས་སུ།གསེར་ཕྲེང་ལས།ཚུལ་ནི།སྤྱོད་པ་པོ་སྤྱད་བྱ་སྤྱད་འབྲས་སྤྱོད་པ་རང་གི་ངོ་བོ་བཟློག་ཟླ་དང་བཅས་པ་དེ་ཁོ་ནར་མི་དམིགས་པ་དང།ཐ་སྙད་དུ་སྒྱུ་མ་ལྟ་བུར་དམིགས་པའི་ཚུལ་གྱིས་ཏེ།དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བ་བདེན་གཉིས་ཟུང་འབྲེལ་གྱིས་ཏེ།ཤྭ་རིའི་བུ་བྱང་ཚེ་བྱང་སེམས་ཉིད་ཡོད་བཞིན་དུ་བྱང་སེམས་བྱང་སེམས་ཀྱི་མིང་།བྱང་ཆུབ་ཡུམ།ཡུམ་གྱི་མིང་།སྤྱོད་ཅེས་མི་སྤྱོད་ཅེས།སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད།སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་དང་།ཕུང་པོ་ལྔ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོ།།འདིར་ཡང་དག་དང་པོས་ཀུན་རྫོབ་དང་ལྷག་མས་དོན་དམ་ལས་མི་འདའ་བར་བསྟན་ཏོ།།ཞེས་སོགས་ཀྱིས་ཐེག་ཆེན་སྒྲུབ་པ་དེ་ཡུལ་བདེན་གཉིས་ཀྱི་རིམ་པ་ལས་མི་འདའ་བའི་ཚུལ་བསྟན་ཏེ།བྱང་ཆེན་ཡོད་བཞིན་དུ་ཞེས་པ་རྣམས་ཀྱིས་ཀུན་རྫོབ་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྟན།ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱིས་དོན་དམ་རྟོགས་པའི་ཤེས་རབ་ཁྱད་པར་ཅན་བསྟན་པའི་ཕྱིར།བདེན་གཉིས་ཀྱི་རིམ་པ་ལས་མི་འདའ་བའི་ཚུལ་ནི།ཤེས་རབ་ཀྱི་ཆ་ཐམས་ཅད་དོན་དམ་དེར་བསྡུས་ནས་ཤེས་རབ་ཀྱི་གཙོ་བོ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཉམས་སུ་ལེན་དགོས་པས་དོན་དམ་ལས་མི་འདའ་བ་དང་།དོན་དམ་པར་མེད་ཀྱང་ཐ་སྙད་ཙམ་དུ་ལས་འབྲས་ལ་སོགས་པའི་རྣམ་གཞག་ཐམས་ཅད་བསྙོན་མེད་དུ་འཇོག་ཤེས་པ་ཞིག་དགོས་པས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བ་ཡིན་པའི་ཕྱིར།དྭོགས་པ་ཅུང་ཟད་འགོད་པ་ནི།སྐབས་འདིར་ཡུལ་བདེན་གཉིས་ཀྱི་རིམ་པ་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས།ཐེག་ཆེན་སྒྲུབ་པ་རང་གི་ངོ་བོ་འཇོག་གམ་མི་འཇོག་མི་འཇོག་ན་མི་འཐད་དེ།གསེར་ཕྲེང་ལས།དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བ་བདེན་གཉིས་ཟུང་འབྲེལ་ཏེ།ཞེས་གསུངས་པའི་ཕྱིར།འཇོག་ན།སྟོང་ཉིད་རྟོགས་མ་མྱོང་བའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་གོ་སྒྲུབ་ལྟ་བུ་དེ་ཐེག་ཆེན་སྒྲུབ་པ་ཡིན་པས་དེ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་བར་ཐལ་ལོ།།དེས་ན་སྐབས་འདིར་ཐེག་ཆེན་སྒྲུབ་པའི་ངོ་བོ་ཇི་ལྟར་འཇོག།།ཡང་གསེར་ཕྲེང་ལས།གནོད་འཇོམས་འདི་ལས་
ནི་འདུས་བྱས་ཐམས་ཅད་ཀུན་བརྟགས་སུ་བཤད་ནས་དེ་ཐམས་ཅད་རང་སྟོང་དུ་གསུངས་ཤིང་སྐྱེ་མེད་འགག་མེད་རྣམས་ཀྱང་སྒྲ་ཇི་བཞིན་པར་མཛད་ནས་སྐྱེ་འགག་སེལ་བའི་རིགས་པ་རིགས་ཚོགས་བཞིན་འཆད་པས་སེམས་ཙམ་མིན་ལ།ཁྱད་པར་དུ་མདོ་འདི་རྟོག་པ་བཅུའི་གཉེན་པོར་མི་འཆད་ཅིང་མདོ་རྒྱན་འགྲེལ་པར་བཤད་པ་དང་ཡང་བཤད་ཚུལ་མི་མཐུན་པས་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ།།ཞེས་དང་།
            གོང་དུ་ཡང་མཆེ་བའི་སྡེས་བརྩམས་པ་ཡིན་ནམ་སྙམ་སྟེ།བློ་གསལ་ཞིང་ཡིད་གཞུངས་པ་དག་གིས་དཔྱད་པར་བྱའོ།།ཞེས་ཡུམ་གསུམ་གནོད་འཇོམས་མཛད་པ་པོ་སློབ་དཔོན་དབྱིག་གཉེན་ཡིན་མིན་དཔྱད་བྱ་དང་ཐེ་ཚོམ་གྱི་གནས་སུ་གསུངས།དྲང་ངེས་ལེགས་བཤད་སྙིང་པོ་ལས།དབྱིག་གཉེན་གྱིས་མཛད་པ་མིན་ལ་ཞེས་གསུངས་པས་ཐེ་ཚོམ་གྱི་གནས་སུ་གསུངས་དགོས་པ་གང་ཡིན་ནམ།གཉིས་པ་ཁྱད་པར་བཤད་པའི་སྐབས་སུ།གསེར་ཕྲེང་ལས།དེ་ལྟ་བུའི་སྒྲུབ་པ་དེ་ཉན་ཐོས་དང་སོགས་པ་རང་རྒྱལ་རྣམས་དང་ཐུན་མོང་མ་ཡིན་པ་དེ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ།སྦྱོར་བ་ཕྱིན་དྲུག་གིས་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟོགས་བྱ་ཆོས་སྐུ་ཐོབ་པར་བྱེད་པའི་ཕྱིརཏེ།ཞེས་ཐེག་ཆེན་སྒྲུབ་པ་དེ་སྦྱོར་བ་ཕྱིན་དྲུག་གི་ཉམས་ལེན་གྱིས་ཟིན་པའི་སྒོ་ནས་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་མི་གནས་པའི་མྱང་འདས་ལ་འགོད་འདོད་ཀྱི་བསམ་པས་ཟིན་པའི་སྒོ་ནས་ཐེག་དམན་གྱི་སྒྲུབ་པ་ལས་ཁྱད་པར་དུ་འཕགས་པ་བསྟན།མདོ་ལས།ཤྭ་རིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤྭ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་ཤ་སྟག་གིས་གང་བ་འདི་ལྟ་སྟེ།དཔེར་ན།འདམ་བུའི་ཚལ་ལམ།འོད་མའི་ཚལ་ལམ།བུ་རམ་ཤིང་གི་ཚལ་ལམ།སྨིག་མའི་ཚལ་ལམ།འབྲས་ཀྱི་ཞིང་ངམ།ཏིལ་གྱི་ཚལ་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་ཀྱིས།བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ།ཞེས་སོགས་ཀྱི་མདོ་འདིས་མཆོག་ཟུང་གཉིས་ལྟ་བུའི་ཤེས་རབ་ཀྱང་བྱང་ཆེན་གྱིས་ཤེས་རབ་ཉིན་གཅིག་བསྒོམས་པས་ཟིལ་གྱིས་གནོན་ནུས་པ་དངོས་སུ་བསྟན་ནས་ཐེག་དམན་གྱི་རྟོགས་པའི་ཆོས་དྲུག་གི་ཤེས་རབ་ཟིལ་གྱིས་གནོན་ནུས་པ་ཤུགས་ལ་བསྟན་པ་ཡིན་ནོ།།
             ཡང་མདོ་དེས་ཚལ་དྲུག་དང་ཐེག་དམན་གྱི་རྟོགས་པའི་ཆོས་དྲུག་ཆོས་མཐུན་དུ་སྦྱར་ནས་བསྟན།དེ་ཡང་འདམ་བུ་དེ་མེ་མཚོན་སོགས་གནོད་པ་ཆུང་ངུས་གནོད་ནུས་པ་བཞིན་དུ།ཐེག་དམན་གྱི་སྦྱོར་ལམ་དྲོད་ཀྱི་གནས་སྐབས་སུ་ཁོང་ཁྲོོ་ལོག་ལྟ་སོགས་ཆུང་ངུས་དགེ་རྩ་གཅོད་ནུས་པ་དང་།འོད་མ་དེ་མེ་མཚོན་སོགས་གནོད་པ་ཆུང་ངུས་གནོད་མི་ནུས་པ་བཞིན་དུ།རྩེ་མོའ་ིགནས་སྐབས་སུ་ཁོང་ཁྲོ་ལོག་ལྟ་སོགས་ཆུང་ངུས་དགེ་རྩ་གཅོད་མི་ནུས།བུ་རམ་ཤིང་དེ་མངར་བའི་རོ་རྒྱུན་མི་ཆད་པ་བཞིན་དུ་བཟོད་པ་ཐོབ་ནས་བདེ་འགྲོའི་མངར་བའི་རོ་རྒྱུན་མི་ཆད་པ་ཡིན།སྨྱིག་མ་དེ་རང་གི་ཤུན་པ་མྱུར་དུ་འབུགས་པ་བཞིན་དུ་ཆོས་མཆོག་གིས་མཐོང་སྤང་ཉོན་མོངས་མྱུར་དུ་སྤོང་བ་དང་།འབྲས་དེ་འཇིག་རྟེན་འཆགས་པའི་ཚེ་ལོ་ཐོག་གི་ཐོག་མ་ཡིན་པ་བཞིན་དུ།ཐེག་དམན་གྱི་མཐོང་ལམ་དེ་ཐེག་དམན་གྱི་འཕགས་ལམ་གྱི་ཐོག་མ་ཡིན་པ་དང་།ཏིལ་དེ་མེ་ཏོག་དང་ཡལ་ག་ལོ་འདབ་སོགས་ལ་ངོ་བོ་ལ་རིགས་མི་འདྲ་བའི་ཁྱད་པར་མེད་ཀྱང་།འབྲས་བུ་འབྱིན་པ་ལ་ནུས་པ་ཆེ་ཆུང་གི་ཁྱད་པར་ཡོད་པ་བཞིན་དུ།ཐེག་དམན་གྱི་མཐོང་སྒོམ་གཉིས་ལ་ཡང་ངོ་བོ་ལ་རིགས་མི་འདྲ་བའི་ཁྱད་པར་མེད་ཀྱང་།སྤང་བྱ་སྤོང་བ་ལ་ནུས་པ་ཆེ་ཆུང་གི་ཁྱད་པར་ཡོད་པ་ཆོས་མཚུངས་པའི་ཕྱིར།དེ་ལ་ཁ་ཅིག་ན་རེ།སྦྱོར་ཚུལ་དེ་མི་འཐད་བར་ཐལ།མདོ་ལས་ཤྭ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་ཞེས་སྨོས་ནས་ཐེག་དམན་གྱི་རྟོགས་པའི་ཆོས་དྲུག་དང་ཚལ་དྲུག་དཔེ་དོན་སྦྱར་ནས་གསུངས་བ་གང་ཞིག།དེ་གཉིས་ཐེག་དམན་གྱི་རྟོགས་པའི་ཆོས་དྲུག་གང་རུང་ལ་གནས་པའི་གང་ཟག་མ་ཡིན་པའི་ཕྱིར་ཟེར་ན།དེའི་ལན་དུ་གསེར་ཕྲེང་ལས།དེ་ལ་འདིར་ཉན་ཐོས་ཀྱི་མི་སློབ་པ་རྣམས་ཀྱི་ནང་ནས་ཤེས་རབ་དང་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་གྱུར་པ་ནི་མཆོག་ཟུང་གཅིག་ཡིན་ལ།དེ་དག་ལས་ཀྱང་ཁྱད་པར་དུ་འཕགས་པ་དངོས་སུ་བསྟན་པ་ན་དེ་དག་གི་སློབ་པ་རྣམས་ལས་ཀྱང་ཁྱད་ཞུགས་པ་གྲུབ་བོ།།དེའི་ཕྱིར་དངོས་བསྟན་གྱི་དཔེ་ལ་ནི་དོན་གཅིག་ལ་དཔེ་ཕྱི་མ་དྲང་བའི་ཕྱིར་འམ་སྨོས་ལ་ཤུགས་བསྟན་དྲུག་ལ་ནི་སོ་སོར་གདམ་ག་ཅན་གྱི་འམ་ཞེས་སྦྱར་རོ།།ཞེས་གསུངས།མཁས་གྲུབ་ཆེན་པོ་བསྟན་དར་བས།སྐྱོན་མེད་དེ།མཆོག་ཟུང་གཉིས་ལྟ་བུའི་ཤེས་རབ་ཀྱང་བྱང་ཆེན་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་སྒོམ་པའི་ཤེས་རབ་ཀྱི་ཟིལ་གྱིས་གནོན་ནུས་ན།ཐེག་དམན་གྱི་རྟོགས་པའི་ཆོས་དྲུག་ལ་གནས་པའི་ཤེས་རབ་དེ་ལྟ་བུ་ཟིལ་གྱིས་གནོན་ནུས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཤེས་པར་བྱ་བའི་ཆེད་དུ་ཡིན་པའི་ཕྱིར་ཞེས་གསུངས།མདོ་སྔགས་རབ་འབྱམས་པ་ཆེན་པོ་པཎ་ཆེན་བསོད་ནམས་གྲགས་པས།སྐྱོན་མེད་དེ།དངོས་སུ་དགེ་སློང་ཤྭ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་དབང་པོ་རྣོན་པོས་ཤེས་རབ་སྒོམ་པ་ལས་བྱང་ཆེན་ཉིན་གཅིག་ཤེར་ཕྱིན་ལ་སྤྱོད་པའི་ཤེས་རབ་ཁྱད་པར་དུ་འཕགས་པར་བསྟན་པས།ཚལ་དྲུག་ལྟ་བུའི་རྟོགས་པ་ལ་གནས་པའི་ཉན་ཐོས་གཞན་རྣམས་ཀྱི་ཤེས་རབ་ལས་ཁྱད་པར་དུ་འཕགས་པ་གོ་ནུས་པའི་ཕྱིར།ཡང་ན་ཚལ་དྲུག་ལྟ་བུའི་རྟོགས་པ་ལ་གནས་པའི་ཉན་ཐོས་ཤྭ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་དབང་པོ་ཤིན་ཏུ་རྣོན་པོས་ཀྱང་ཞེས་པའི་དོན་ཡིན་པའི་ཕྱིར་ཞེས་གསུངས་སོ།།བྱང་ཆེན་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་སྒོམ་པའི་ཤེས་རབ་ཀྱིས་ཐེག་དམན་གྱིཤེས་རབ་ཟིལ་གྱིས་གནོན་ནུས་གསུངས་པའི་བྱང་སེམས་དེ་གང་ཡིན་ཞེ་ན།
             དེའི་ལན་དུ་གསེར་ཕྲེང་ལས།ཤེས་རབ་ཉིན་གཅིག་བསྒོམས་པའི་བྱང་སེམས་ལ་འཕགས་པས།སྤྱོད་པ་ལ་ཞུགས་པ།ཕྱིར་མི་ལྡོག་པ།སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཡིན་པ་བཀག་ནས།དེ་བས་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་བརྡ་ལས་བྱུང་བའི་སེམས་ཀྱིས་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སྐབས་དང་པོར་སེམས་བསྐྱེད་པར་བསྟན་པ་གང་ཡིན་པ་དེ་ཉིད་འདིར་མངོན་པར་བཞེད་པར་མངོན་ཞེས་སྦྱོར་ལམ་པ་མན་ཆད་གཅིག་ལ་གསུངས་ཀྱང་།སྒྲུབ་པ་འདི་བྱང་སེམས་དེ་བཞི་གའི་ལམ་ཡིན་པས་དེ་དག་ཀུན་རྟེན་ཡིན་པ་མི་འགལ་བ་དགོངས་པ་སེམས་སོ།།ཞེས་ཐེག་ཆེན་སྒྲུབ་པ་དེ་བྱང་སེམས་དེ་བཞི་གའི་རྒྱུད་ལ་ཡོད་པའི་རྒྱུ་མཚན་གྱིས་བྱང་སེམས་དེ་བཞི་ག་འདིའི་སྐབས་ཀྱི་བྱང་སེམས་དེ་ཡིན་པ་ལྟ་བུ་གསུངས།པཎ་ཆེན་བསོད་ནམས་གྲགས་པས།ས་བཅུ་པ་བ་སྐྱེ་བ་གཅིག་གི་ཐོགས་པ་ལ་ནི་མི་བྱེད་དེ།དེས་རྗེས་ཐོབ་ཏུ་གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པ་རྗེས་མཐུན་པ་ཐོབ་པའི་ཕྱིར་དྭོགས་པའི་གནས་མེད་དོ།།ས་བརྒྱད་པ་བ་ཕྱིར་མི་ལྡོག་པའི་བྱང་སེམས་ཀྱང་མ་ཡིན་ཏེ།དེར་འབད་རྩོལ་གྱི་མཚན་མ་རགས་པ་ཞི་ཞིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པ་དང་།དགོངས་པ་ཅན་གྱི་མྱང་འདས་བཀག་པས་དྭོགས་པའི་གནས་མེད་པའི་ཕྱིར།མ་དག་ས་བདུན་ལ་གནས་པའི་བྱང་སེམས་ཀྱང་མ་ཡིན་ཏེ།རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་གྱི་སྤངས་རྟོགས་ཀྱི་བྱེད་པ་ཐམས་ཅད་ཐེག་ཆེན་མཐོང་ལམ་གྱི་བྱེད་པར་འདུས་པས་དེར་ཡང་དྭོགས་པ་ཆུང་བའི་ཕྱིར།དེས་ན་བྱང་སེམས་ཚོགས་སྦྱོར་བ་ལ་འཇོག་དགོས་ཏེ།ཞེས་ས་བཅུ་པ་བ་སྐྱེ་བ་གཅིག་ཐོགས་ཀྱི་བྱང་སེམས་དང་།ས་བརྒྱད་པ་བ་ཕྱིར་མི་ལྡོག་པའི་བྱང་སེམས།སྤྱོད་པ་ལ་ཞུགས་པ་མ་དག་ས་བདུན་ལ་གནས་པའི་བྱང་སེམས་གསུམ་འདིའི་སྐབས་ཀྱི་བྱང་སེམས་དེ་ཡིན་པ་བཀག་ནས་བྱང་སེམས་དེ་བྱང་སེམས་ཚོགས་སྦྱོར་བ་ལ་འཇོག་དགོས་པ་ཉི་སྣང་གི་ཁུངས་དང་བཅས་ཏེ་བསྒྲུབས།མཁས་གྲུབ་ཆེན་པོ་བསྟན་དར་བས་ཀྱང་དང་པོ་གསུམ་བྱང་སེམས་དེ་ཡིན་པ་བཀག་ནས།རང་ལུགས་ནི་བརྡ་ལས་བྱུང་བའི་སེམས་དང་པོ་བསྐྱེད་པའི་བྱང་སེམས་ལ་བྱེད་དགོས་པ་ཉི་སྣང་གི་ལུང་དྲངས་ཏེ་བསྒྲུབས།བླ་མ་རྗེ་བཙུན་པ་ཆེན་པོས་མདོ་ལས་དེ་ལྟར་གསུངས་པའི་བྱང་སེམས་དེ།བྱང་སེམས་ཕྱི་མ་གསུམ་པོ་དེ་ཁོ་ན་ལ་བྱེད་པ་མི་འཐད་དེ།སེམས་དང་པོ་བསྐྱེད་པའི་བྱང་སེམས་ལ་དོན་དམ་པའི་བྱང་སེམས་དང་བརྡ་ལས་བྱུང་བའི་སེམས་དང་པོ་བསྐྱེད་པ་གཉིས་ཡོད་པའི་ཕྱི་མ་དེ་ཡང་འདིའི་སྐབས་ཀྱི་བྱང་སེམས་ཡིན་པའི་ཕྱིར།དེ་ཕྱི་མ་འདི་ཁོ་ན་ལ་བྱེད་པ་མི་འཐད་དེ།སྔར་བཤད་པའི་བྱང་སེམས་བཞི་པོ་དེ་ཡང་འདིའི་སྐབས་ཀྱི་བྱང་སེམས་ཡིན་པའི་ཕྱིར།ཞེས་ལེགས་བཤད་གསེར་ཕྲེང་གི་གསུང་ཟིན་དང་མཐུན་པ་ཐེག་ཆེན་སྒྲུབ་པ་དེ་བྱང་སེམས་དེ་བཞི་གའི་རྒྱུད་ལ་ཡོད་པའི་རྒྱུ་མཚན་གྱིས་བྱང་སེམས་དེ་བཞི་ག་འདིའི་སྐབས་ཀྱི་བྱང་སེམས་དེ་ཡིན་པ་བསྒྲུབས།འོན་ཀྱང་ཉི་སྣང་ལས།རེ་ཞིག་བཞི་པ་ནི་མ་ཡིན་ཏེ།ཞེས་སོགས་དང་མི་འགལ་ཏེ།གཞུང་དེ་ཕྱོགས་སྔ་སྟོན་པའི་གཞུང་ཡིན་གྱི་རང་གཞུང་མ་ཡིན་པའི་ཕྱིར།ཞེས་གསུངས་པས་ཉི་སྣང་གི་གསུང་དེ་རང་གི་ལུགས་ལ་འཐད་མི་འཐད་དང་།སྐྱེ་བ་གཅིག་ཐོགས་ཀྱི་བྱང་སེམས་སོགས་ཕྱི་མ་གསུམ་འདིའི་སྐབས་ཀྱི་བྱང་སེམས་དེ་ཡིན་མིན་ད་དུང་དཔྱད་དགོས་པ་མཐོང་ངོ་།།
              གཉིས་པ་དམིགས་ཡུལ་བདེན་པ་བཞི་ལ་གདམས་པ་ལ་གཉིས།སྤྱི་དང་།ཡན་ལག་གི་དོན་ནོ།།དང་པོ་སྤྱིའི་དོན་ལ་སྒྲ་བཤད་སོགས་ལྔ་ལས།དང་པོ་སྒྲ་བཤད་ནི།བསྡུ་བ་ལས།བདེན་པའི་དོན་གང་ཞེ་ན།སྨྲས་པ།བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་དང་།དེ་མཐོང་ན་རྣམ་པར་དག་པའི་རྒྱུར་འགྱུར་བའི་དོན་ནི་བདེན་པའི་དོན་ནོ་ཞེས་པ་ནས།དོན་དེ་ཡང་མཛོད་འགྲེལ་ལས།འཕགས་པས་བདེ་བར་གང་གསུངས་པ།།དེ་ནི་གཞན་གྱིས་སྡུག་བསྔལ་རིག།གཞན་གྱིས་བདེ་བར་གང་གསུངས་པ།།དེ་ནི་འཕགས་པས་སྡུག་བསྔལ་རིག།།ཅེས་པའི་བར་གྱི་དོན་ནི།གསུང་རབ་ལས་སྡུག་ཀུན་གཉིས་སྤང་བྱ་ཡིན་པ་དང་འགོག་ལམ་གཉིས་བླང་བྱ་ཡིན་པ་ཇི་ལྟར་གསུངས་པ་ལྟར་བདེན་པའི་རྒྱུ་མཚན་གྱིས་བདེན་པ་བཞི་ལ་བདེན་པ་ཞེས་བརྗོད་པ་ཡིན།ཡང་བདེན་བཞིའི་གནས་ཚུལ་འཕགས་པ་རྣམས་ཀྱིས་ཇི་ལྟར་གཟིགས་པ་ལྟར་དུ་བདེན།བྱིས་པ་རྣམས་ཀྱིས་ཇི་ལྟར་བཟུང་བ་ལྟར་དུ་མི་བདེན་པའི་རྒྱུ་མཚན་གྱིས་བདེན་པ་བཞི་ལ་འཕགས་པའི་བདེན་པ་ཞེས་བརྗོད་པ་ཡིན་ཞེས་པའོ།།སྡུག་བདེན་གྱི་མཚན་གཞི་ངོས་བཟུང་པའི་སྐབས་སུ་གསེར་ཕྲེང་ལས།དང་པོ་ནི་ཀུན་བཏུས་སུ།སྡུག་བསྔལ་གྱི་བདེན་པ་གང་ཞེ་ན།དེ་ནི་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ།།ཞེས་པ་ལྟར་མ་དག་པའི་སྣོད་བཅུད་ཀྱི་འཇིག་རྟེན་གཉིས་ནི་སྡུག་བདེན་ཡིན་ཏེ།དེ་ཉིད་ལས།སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་ལས་དང་ཉོན་མོངས་པས་སྐྱེད་པ།ལས་དང་ཉོན་མོངས་པའི་དབང་གིས་འབྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ་ཞེས་མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་།མ་དག་པའི་བཅུད་ཀྱི་སེམས་ཅན་གཉིས་ལས་ཉོན་གྱི་དབང་གིས་བྱུང་བའི་རྒྱུ་མཚན་གྱིས་སྡུག་བདེན་དུ་བཞག་ཅེས་པའོ།།དེ་ལྟར་ན་དག་པའི་ཞིང་བདེ་བ་ཅན་དུ་སྐྱེས་བའི་སོ་སྐྱེ་ཞིག་ཡོད་པ་ནི་ཁས་ལེན་དགོས།དེ་ཁས་ལེན་ན་དེ་སོ་སྐྱེ་ཡིན་པས་སྡུག་བདེན་ཡིན་དགོས།དེ་ལྟར་ན།བདེ་བ་ཅན་ན་སྡུག་བདེན་ཡོད་མེད་དང་།ཞིང་དེ་སྡུག་བདེན་གྱིས་དག་པ་ཡིན་མིན་སོགས་ལ་དཔྱད་པ་བྱ་རྒྱུ་ཡོད་སྙམ།སྡུག་བསྔལ་བདེན་པའི་ངོ་བོ་འཇོག་ཚུལ་ལ།པཎ་ཆེན་སྤྱི་དོན་ལས།སྡུག་བསྔལ་བདེན་པའི་ངོ་བོ་ནི།ཟག་བཅས་འབྲས་དུས་ཀྱི་ཆར་གྱུར་པའི་ཉོན་མོངས་ཕྱོགས་ཀྱི་བདེན་པ་ཞིག་ལ་འཇོག།།
             སྤྱི་དོན་རོལ་མཚོ་ལས།ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གང་ཞིག།མི་རྟག་པ་དང་།སྡུག་བསྔལ་བ་དང་།དོན་གཞན་གྱི་བདག་གིས་སྟོང་པ།རང་གི་ངོ་བོར་གྱུར་པའི་གང་ཟག་གི་བདག་མེད་པ་བཞིས་ཁྱད་པར་དུ་བྱས་པའི་རབ་ཏུ་ཕྱེ་བ།སྡུག་བདེན་གྱི་མཚན་ཉིད་དུ་འཇོག།།མཁས་གྲུབ་ཆེན་པོ་བསྟན་དར་བས།ཀུན་ནས་ཉོན་མོངས་ཀྱི་བདེན་པ་གང་ཞིག།།ཟག་བཅས་འབྲས་བསྡུས་ཀྱི་ཆར་གྱུར་པ།སྡུག་བདེན་གྱི་མཚན་ཉིད་དུ་འཇོག།།ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པས།རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པའི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་པོ་དེ།སྡུག་བདེན་གྱི་མཚན་ཉིད་དུ་འཇོག་གོ།ཡང་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའི་ཚོགས་དོན།སྡུག་བདེན་གྱི་མཚན་ཉིད་དུ་འཇོག་པ་དང་།རང་རྒྱུ་ཀུན་འབྱུང་བདེན་པའི་འབྲས་བུར་གྱུར་པའི་འཁོར་བས་བསྡུས་པ་དེ།སྡུག་བདེན་གྱི་མཚན་ཉིད་དུ་འཇོག་པའང་ཡོད།དང་པོ་ལ་དེ་བཞིའི་ཚོགས་དོན་ལ་ཚོགས་དོན་ཡིན་དགོས་མིན་དང་།སྡུག་བདེན་རྟོགས་པ་ལ་བཞི་པོ་དེ་རྟོགས་པ་སྔོན་དུ་འགྲོ་དགོས་མིན་སོགས་ལ་བརྟག་པ་བྱའོ།།གཉིས་པ་ལ་འཁོར་བས་བསྡུས་པ་ཡིན་ན་འཁོར་བ་ཡིན་དགོས་མིན།དགོས་ན་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་དང་འཁོར་བ་པོའ་ིགང་ཟག་རྣམས་འཁོར་བ་ཡིན་པར་ཐལ་ལོ།།དེ་འདོད་ན།འཁོར་བ་ལ་ལྟོས་པའི་ལས་བྱ་བྱེད་གཉིས་གཅིག་ཏུ་ཐལ་བར་འགྱུར་རོ།།འོན་ཀྱང་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་རེ་རེ་ནས་འཁོར་བ་མ་ཡིན།འཁོར་བ་པོའི་གང་ཟག་དེ་ཡང་འཁོར་བ་མ་ཡིན་ན།འཁོར་བ་སྤངས་དགོས་ཞེས་པའི་འཁོར་བ་དེ་བློ་ལ་འཆར་བདེ་བ་ཅི་འདྲ་ཞིག་བཞག་རྒྱུ་ཡོད་དམ་སྙམ།ཡང་གསེར་ཕྲེང་ལས།མདོར་ན་ཟག་བཅས་མཚན་ཉིད་པ་གང་ཡིན་པ་དེ་ཐམས་ཅད་སྡུག་བདེན་ཡིན་ནོ་ཞེས་གསུངས་པ་དང་།ཟག་བཅས་ཐམས་ཅད་སྡུག་བསྔལ་བ་གསུངས་པ་གཉིས་གནད་གཅིག་པ་ཡིན་ནམ།དེ་གཉིས་ཀྱིས་ཟག་བཅས་ཡིན་ན་སྡུག་བདེན་ཡིན་པས་ཁྱབ་གསུངས་པ་ཡིན་ན།བྱང་འཕགས་ཀྱི་རྒྱུད་ལ་སྡུག་བདེན་ཡོད་པར་ཐལ་བར་དང་།ཡང་ཟག་བཅས་ཡིན་ན་སྡུག་བསྔལ་ཡིན་པས་ཁྱབ་གསུངས་པ་ཡིན་ན།སོ་སྐྱེ་རྒྱུད་ཀྱི་དགེ་བའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་བདེ་བ་ལྟ་བུ་རྒྱུ་མི་དགེ་བ་བྱས་པ་ལས་བྱུང་བར་ཐལ་ལོ།།ཀུན་འབྱུང་བདེན་པའི་མཚན་གཞི་ནི།ཀུན་བཏུས་ལས།ཀུན་འབྱུང་བའི་བདེན་པ་གང་ཞེ་ན།ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ་ཞེས་པ་ལྟར་ཟག་བཅས་ཀྱི་ལས་ཉོན་ཐམས་ཅད་དོ་ཞེས་ཀུན་འབྱུང་བདེན་པ་ལ།ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་ལས་མེད་པར་ལྟ་བུ་གསུངས་ཀྱང་།ཀུན་འབྱུང་བདེན་པ་དང་གཟུགས་ཕུང་གི་གཞི་མཐུན་ཡོད་མེད་དང་།རྣམ་བཤད་ལས།གཞན་དུ་ན་སྡུག་བསྔལ་གྱི་ཆོས་ཉིད་རྟོགས་པའི་ཚེ་ཀུན་འབྱུང་གི་ཆོས་ཉིད་རྟོགས་པར་ཁས་མི་ལེན་པ་ལ་ནི་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་ལེན་དགོས་པ་སོགས་ཉེས་པ་དུ་མའི་འབྱུང་ཁུངས་སུ་མཐོང་ངོ་།།ཞེས་གསུངས་པ་རྣམས་ཀྱི་དོན་ལ་དཔྱད་རིགས་སོ།།འགོག་བདེན་གྱི་མཚན་གཞི་ནི།གསེར་ཕྲེང་ལས།དང་པོ་ནི།ཀུན་བཏུས་ལས།དུ་མ་ཞིག་བཤད་ཀྱང་བསྡུ་ན་བརྡ་དང་དོན་དམ་པའི་འགོག་པ་གཉིས་སོ།།ཞེས་སོགས་ཀྱི་དོན་ནི་ཀུན་བཏུས་ལས་འགོག་བདེན་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དུ་མ་ཞིག་གསུངས་ཏེ།ཟབ་པའི་འགོག་པ།བརྡའི་འགོག་པ།དོན་དམ་པའི་འགོག་པ།ཡོངས་སུ་མ་རྫོགས་པའི་འགོག་པ།ཡོངས་སུ་རྫོགས་པའི་འགོག་པ།རྒྱན་མེད་ཀྱི་འགོག་པ།རྒྱན་དང་བཅས་པའི་འགོག་པ།ལྷག་བཅས་ཀྱི་འགོག་པ།ལྷག་མེད་ཀྱི་འགོག་པ།ཁྱད་པར་དུ་འཕགས་པའི་འགོག་པ་དང་བཅུ་གསུངས་ཀྱང་བསྡུ་ན་བརྡའི་འགོག་པ་དང་།དོན་དམ་པའི་འགོག་པ་གཉིས་སུ་འདུས་ཤིང་།འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་མངོན་གྱུར་བ་རེ་ཤིག་སྤངས་པའི་སྤངས་པ་ལྟ་བུ་བརྡའི་འགོག་པ་དང་།འདས་ལམ་གྱི་སྟོབས་ཀྱིས་ཉོན་མོངས་ཀྱི་ས་བོན་སྤངས་པའི་སྤངས་པ་ལྟ་བུ་དོན་དམ་པའི་འགོག་པ་ཡིན་ཞེས་པའོ།།ཡང་ཁ་ཅིག།འགོག་བདེན་ལ་དེ་བཞིན་ཉིད་ཀྱིས་ཁྱབ་པར་འདོད་ཅིང་གཞན་དག་བཟློག་སྟེ་འདོད་པ་ནི་གཉིས་ཀས་ཀྱང་ཞིབ་ཏུ་མ་བརྟགས་པ་སྟེ་ཞེས་པ་ནས།འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པ་ཡང་འགོག་པ་བཏགས་པ་བ་བརྡའི་འགོག་པར་བཤད་པས་ཤེས་སོ་ཞེས་པའི་བར་གྱི་དོན་ནི།ཁ་ཅིག་གིས་འགོག་བདེན་ལ་དེ་བཞིན་ཉིད་ཀྱིས་ཁྱབ་གསུངས་པ་དང་།ཡང་ཁ་ཅིག་གིས་འགོག་བདེན་ལ་ཀུན་རྫོབ་བདེན་པས་ཁྱབ་གསུངས་པ་ཡོད་ཀྱང་།དེ་གཉིས་ཀ་མི་འཐད་དེ།འགོག་བདེན་ལ་བདེན་པ་གཉིས་ཀའི་ཆ་ཡོད་པའི་ཕྱིར།དཔེར་ན་བུམ་པ་མེད་པའི་ས་ཕྱོགས་དང་དེའི་སྟེང་དུ་བུམ་པ་བཀག་ཙམ་གཉིས་ཀ་བུམ་མེད་  ཡིན་པ་བཞིན་དུ།ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་པ་བའི་རྒྱུད་ཀྱི་དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་བདེན་འཛིན་ཀུན་བཏགས་བཀག་པའི་ཆ་དང་དེའི་སྟེང་གི་དགག་གཞི་དེ་བཞིན་ཉིད་གཉིས་ཀ་འགོག་བདེན་ཡིན་པའི་ཕྱིར།འགོག་བདེན་ཀུན་རྫོབ་བདེན་པ་ཡིན་ཀྱང་དེ་དང་སྟོང་ཉིད་ཀྱི་གཞི་མཐུན་ཡོད་དེ།དབུ་མ་དགོངས་པ་རབ་གསལ་ལས།འགོག་བདེན་ཀུན་རྫོབ་བདེན་པར་སྨྲ་བ་ནི་མཐའ་མ་ཆོད་པའོ།།ཞེས་གསུངས་པ་ཡང་བོད་དུ་རང་རྒྱུད་པའི་ལུགས་ལ་འགོག་བདེན་ལ་ཀུན་རྫོབ་བདེན་པས་ཁྱབ་པར་འདོད་པ་འགོག་པའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་དང་།
            རྣམ་བཤད་སྙིང་པོ་རྒྱུན་ལས།འགོག་བདེན་གྱི་རྣམ་པ་བཞི་གཞིར་བཟུང་ནས་སྟོང་པ་ཉིད་ཀྱི་རྣམ་པ་བཅུ་དྲུག་ཏུ་འབྱེད་པ་དང་།སྟོང་ཉིད་བཅུ་དྲུག་གློ་བུར་གྱི་དྲི་མ་དང་བྲལ་བ་འགོག་པའི་རྣམ་པ་སོགས་སུ་བསྒྲུབ་པ་གང་བྱས་ཀྱང་དོན་འདྲ་བར་མངོན་ནོ།།ཞེས་འགོག་བདེན་གྱི་རྣམ་པ་ལ་སྟོང་ཉིད་ཡོད་པར་གསུངས་པའི་ཕྱིར།འོན་ཀྱང་སྟོང་ཐུན་བསྐལ་བཟང་མིག་འབྱེད་ལས།འགོག་བདེན་དོན་དམ་བདེན་པར་འདོད་པ་ནི་ཐལ་འགྱུར་བའི་ཁྱད་ཆོས་མ་ཡིན་གྱི་དབུ་མ་ཐལ་རང་གང་གི་ལུགས་ལའང་ཁྱད་མེད་དེ།ཞེས་དབུ་མ་ཐལ་རང་གཉིས་ཀས་འགོག་བདེན་དོན་དམ་བདེན་པར་འདོད་པ་ལྟ་བུ་གསུངས་པ་དང་།མདོ་སྔགས་རབ་འབྱམས་པ་ཆེན་པོ་པཎ་ཆེན་བསོད་ནམས་གྲགས་པའི་སྤྱི་དོན་ལས།སྐབས་བཞི་པར་འགོག་བདེན་གཏན་ལ་འབེབས་པའི་ཚེ་སྟོང་ཉིད་བཅུ་དྲུག་བཤད་པ་ལ་བསམ་ནས།ཁ་ཅིག་འགོག་བདེན་དོན་དམ་བདེན་པར་བཞེད་པ་དང་།ཡང་འགོག་བདེན་ལ་བདེན་པ་གཉིས་ཀའི་ཆ་ཡོད་པར་བཞེད་པ་སོགས་ཡོད་ཀྱང་འགོག་བདེན་ཀུན་རྫོབ་བདེན་པར་བཞེད་པ་རྣམ་བཤད་ཀྱི་དགོངས་པའོ།།ཞེས་སོགས་ཀྱི་དོན་ལ་དཔྱད་དོ།།
           ཉེས་བཤད་གང་ཞིག་མཆིས་པ་རྣམས།།གཟུར་གནས་མཁས་པའི་སྤྱན་སྔར་བཤགས།།ལེགས་བཤད་ཅུང་ཟད་མཆིས་སྲིད་ན།།གཟུར་གནས་མཁས་ལ་སྐྱེས་སུ་འབུལ།།ལེགས་བྱས་འདིས་མཚོན་དུས་གསུམ་དང་འབྲེལ་བའི།།རྣམ་པར་དཀར་བའི་ལེགས་ཚོགས་ཅི་མཆིས་པ།།ཐུབ་བསྟན་སྙིང་པོ་ཕྱོགས་བཅུར་རྒྱས་པ་དང་།།མ་རྣམས་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ།།ལེགས་བཤད་གསེར་ཕྲེང་གི་དོན་ལ་ཚིག་གི་འབྲུ་གཉེར་ཅུང་ཟད་བགྱིས་པ་འདི་སེར་སྨད་དགེ་བཤེས་བློ་བཟང་དོན་གྲུབ་ཏུ་འབོད་པས་ཐེག་ཆེན་གླིང་རང་ཤག་མདོ་སྔགས་པད་མའི་སྐྱེད་ཚལ་དུ་སུག་བྲིས་སུ་བགྱིས་པའོ།།།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
 

བརྒྱུད་འགོད།