གསེར་ཕྲེང་བགྲོ་གླེང་གཉིས་པའི་རྩོམ་གཞི་བཞི་པའི་དྲིས་ལན།།

ཡོང་ཁུངས།   ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་ཐེངས་གཉིས་པ།     སྤེལ་དུས།  2016-03-07 11:31:17     རྩོམ་པ་པོ།   ལྷ་རམས་པ་བྱམས་པ་ཆོས་འཕེལ།    ཀློག་ཐེངས།  

              གཉིས་པ་ལ་གསུམ་ལས།དང་པོ་ནི།དེ་ལྟར་སེམས་བསྐྱེད་པ་རང་གི་ངོ་བོ་ཐོབ་བྱའི་དམིགས་པ་དང་ཆེད་དུ་བྱ་བ་དང་བཅས་པ་བརྗོད་ཟིན་ནས་སྨྲ་བའི་སྒོ་ནས་ཞེས་པ་ནས་དེ་ལྟར་སློབ་དཔོན་འདིས་ས་མཚམས་མཛད་པ་ཡང་མདོ་སྡེ་རྒྱན་གྱི་ས་མཚམས་ཀྱི་ལུང་དྲངས་ནས་དེའི་རྗེས་སུ་འབྲངས་སོ་ཞེས་པའི་བར་གྱི་དྲིས་ལན།
FullSizeRender(2).jpg

              ཚིག་གི་རླབས་ཕྲེང་ཕ་མཐའ་མི་མངོན་ཞིང་།།དོན་ཟབ་རིན་ཆེན་འབུམ་གྱིས་རབ་ལྕི་བ།།ལེགས་པར་བཤད་པ་ཆུ་བོའི་གཏེར་མཛོད་ཆེ།།སྟོན་མཛད་དགེ་བའི་བཤེས་ལ་སྐྱབས་སུ་མཆི།།
            ཞེས་དམ་པ་གོང་མའི་སྲོལ་དང་མཐུན་པར་སྐྱབས་སུ་འགྲོ་བས་སྔུན་བསུས་ཏེ།འདིར་གང་གླེང་བར་བྱ་བ་ནི།ལེགས་པར་བཤད་པ་གསེར་གྱི་ཕྲེང་བའི་སེམས་བསྐྱེད་ཀྱི་རབ་དབྱེ་ས་མཚམས་དང་བཅས་པའི་བརྗོད་གཞིའི་ཐོགཁོ་བོས་ཚིག་དོན་གང་གི་ཐད་ལ་ཡང་མཁས་པ་དགྱེས་པའི་ལེགས་བཤད་ཀྱི་དངོས་པོ་ཞིག་འབུལ་རྒྱུ་མེད་ཀྱང་།སྐབས་དོན་བགྲོ་གླེང་གི་ས་བོན་ཙམ་དུ་དམིགས་ཏེ་འཆར་སྣང་འགའ་ཞིག་འགོད་པ་ལ་འདི་ལྟར།གསེར་ཕྲེང་ལས།ཕྱེ་བའི་ཐ་དད་ནི་ཕལ་ཆེར་ངོ་བོ་ཐ་དད་དེ།སྔ་མ་གཉིས་ཕྱི་མ་རྣམས་ཀྱི་རྒྱུ་དང་།ཕྱི་མ་གཉིས་སྔ་མ་རྣམས་ཀྱི་འབྲས་བུ་དང་།བར་པ་རྣམས་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་ཕྱི་མ་འབྲས་བུ་ཡིན་པས་སོ།།སྤྱིར་ནི་ངོ་བོ་ཐ་དད་པར་མ་ངེས་ཏེ།སེམས་བསྐྱེད་ཀུན་ཀྱང་འདུན་ལྡན་ཡིན་པས་སོ།།ཞེས་པའི་གསུང་འདིར་འགྲེལ་ཚུལ་དུ་མ་ཞིག་མཆིས་ཀྱང་།གནས་སྐབས་ཁོ་བོའི་འཆར་སྣང་ལྟར་ན།གསུང་འདིས་སྤྱིར་སེམས་བསྐྱེད་ཉེར་གཉིས་ངོ་བོ་ཐ་དད་མིན་པར་མ་ཟད།མདོའི་དངོས་བསྟན་གྱི་ཕྱེ་བའི་ཉེར་གཉིས་ལ་ཡང་ངོ་བོ་ཐ་དད་དང་ཐ་མི་དད་གཉིས་ཡོད་པར་བསྟན་ཏེ།དེ་ཡང་ཕྱེ་བའི་ཉེར་གཉིས་ཀུན་རྒྱུ་འབྲས་ཡིན་ན་ཕྱེ་བའི་ཐ་དད་ཀུན་ངོ་བོ་ཐ་དད་པར་སོང་བས་ཕལ་ཆེར་ཞེས་པའི་ཚིག་གི་ནུས་པ་ཉམས་པར་འགྱུར་ལ།མ་ཟད་ཕལ་ཆེར་ངོ་བོ་ཐ་དད་པའི་སྒྲུབ་བྱེད་འགོད་པའི་སྐབས་སུ་ཡང་།སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུར་མ་གསུངས་པར་སྔ་མ་གཉིས་ཕྱི་མ་རྣམས་ཀྱི་རྒྱུ་དང་།ཕྱི་མ་གཉིས་སྔ་མ་རྣམས་ཀྱི་འབྲས་བུ་དང་།བར་པ་རྣམས་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་འབྲས་བུ་ཡིན་པས་སོ་ཞེས་སྒྲུབ་བྱེད་ཚན་པ་བྱས་ནས་བཀོད་པ་དེས་ཀྱང་།སྔ་མ་གཉིས་དང་ཕྱི་མ་གཉིས་ལ་ངོ་བོ་ཐ་དད་མིན་པར་གཞི་མཐུན་པ་ཞིག་ཡོད་པར་བསྟན་ནོ།།
           དེ་ཡང་མཚན་གཞི་བཅས་གསལ་བར་འགོད་ན།ཐེག་ཆེན་གྱི་རིགས་ཅན་དབང་པོ་ཤིན་ཏུ་རྣོན་པོ་ཐེག་ཆེན་ཚོགས་ལམ་དུ་ཞུགས་མ་ཐག་པའི་རྒྱུད་ཀྱི་བསྐལ་ཆེན་གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་གྱི་ཐོག་མར་གྱུར་པའི་འཇུག་པ་སེམས་བསྐྱེད་དེ།ཕྱེ་བའི་ཉེར་གཉིས་ཀྱི་དང་པོ་འདུན་ལྡན་དང་གཉིས་པ་བསམ་ལྡན་གཉིས་ཀ་ཡིན་པས་སྔ་མ་གཉིས་ཞེས་སྨོས་སོ།།འོ་ན་དེ་འདྲའི་ཆོས་ཅན་དེ་ཡོད་པར་གང་ལས་ཤེས་སྙམ་ན།རྣམ་བཤད་སྙིང་རྒྱན་ལས།བསྐལ་པ་གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་གྱི་འགོ་བརྩམས་པ་དང་།ཐེག་པ་ཆེན་པོའ་ིལམ་དུ་ཞུགས་པ་དང་།ཐེག་ཆེན་ཐར་པ་ཆ་མཐུན་རྒྱུད་ལ་སྐྱེས་པ་ཞེས་བྱའོ།།ཞེས་དང་།ཉི་སྣང་ལས།སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐབས་ལ་མཁས་པས་མཚན་མ་མེད་པར་བྱས་ནས་སྦྱིན་པ་ལ་སོགས་པ་སྦྱིན་པར་བྱེད་པ་ནི་སྤྱོད་པར་རྗེས་སུ་གནང་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།།ཞེས་དང་།ཡང་རྣམ་བཤད་སྙིང་རྒྱན་ལས།གང་ཞེ་ན།དོན་དམ་པར་སྤྲོས་པའི་མཚན་མ་མེད་པར་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ཤེས་པའི་རྣམ་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པ་རྣམས་ཚད་མས་རྟོགས་ནས་སྒྲུབ་པ་ཉམས་ལེན་གྱིས་རང་གི་རྒྱུད་ལ་སྐྱེད་པར་མཁས་པའི་གང་ཟག་གི་རྒྱུད་ཀྱི་ཆོས་མངོན་རྟོགས་ནིའོ།།ཞེས་པའི་སྐབས་བཞི་པའི་ཚོགས་ལམ་ཐད་ཀྱི་ལུང་གསུམ་གྱིས་ཤེས་སོ།།
             དེ་བཞིན་དུ་སངས་རྒྱས་མ་ཐག་པའི་ལོངས་སྐུའི་རྒྱུད་ཀྱི་སེམས་བསྐྱེད་དེ་ཕྱེ་བའི་ཉེར་གཉིས་ཀྱི་ཆུ་བོ་དང་སྤྲིན་ལྟ་བུའི་སེམས་བསྐྱེད་གཉིས་ཀ་ཡིན་པས་དེ་གཉིས་ངོ་བོ་ཐ་དད་པར་མི་རུང་བའི་ཕྱིར་ཕྱི་མ་གཉིས་ཞེས་སྨོས་སོ།།འོན་ཀྱང་སངས་རྒྱས་མ་ཐག་པའི་ལོངས་སྐུའི་རྒྱུད་ཀྱི་སེམས་བསྐྱེད་དེ་རྗེས་ཐོབ་ཡེ་ཤེས་སུ་ཐལ་བའི་སྐྱོན་མེད་དེ།སངས་རྒྱས་ས་ན་མཉམ་རྗེས་རེ་འཇོག་མི་སྲིད་པའི་ཕྱིར་རོ།།འོ་ན།སྐབས་འདིའི་གོ་རིམས་སྔ་མ་ལས་ཕྱི་མ་སྐྱེ་བས་དོན་གྱི་རིམ་པར་གསུངས་པ་དང་འགལ་ལོ་སྙམ་ན།གོང་དུ་ཕལ་ཆེར་ཞེས་སྨོས་པ་དེ་བརྗེད་ཟིན་ནམ་ཞེས་དྲི་བ་ཡིན་ནོ།།ཡང་གསེར་ཕྲེང་ལས།བྱང་ཆུབ་ལ་འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་པ་ནི།ས་ལྟ་བུ་སྟེ།སངས་རྒྱས་དང་དེའི་རྒྱུ་ཚོགས་ཀྱི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའམ་རྒྱུའི་དངོས་པོ་བྱེད་པ་ཉིད་ཀྱིས་སོ།།
ཞེས་པའི་གསུང་འདིའི་ཚིག་དོན་གསལ་བར་བཤད་ན།བཅོས་མིན་གྱི་མྱོང་བ་ཐོན་པའི་རྫོགས་བྱང་དོན་གཉེར་གྱི་འདུན་པ་ནི་སྐབས་འདིའི་འདུན་པ་ཡིན་ལ།དེ་འདྲ་བའི་འདུན་པ་དེས་ཟིན་པའི་སེམས་བསྐྱེད་ཀྱང་འདུན་པ་དེའི་ཤན་ནམ་ནུས་པ་འགོས་པས་རང་སྟེང་དུ་དེ་འདྲའི་ནུས་པ་ལྡན་པའི་སྒོ་ནས་འདུན་པ་དེ་དང་འདྲ་བར་གྱུར་པ་སྟེ་འདུན་པ་དེ་དང་མཚུངས་པར་གྱུར་པས་ན་འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཞེས་ཐ་སྙད་བྱས་ལ།གྲོགས་འདུན་པ་དེ་སངས་རྒྱས་དང་དེའི་རྒྱུ་སྦྱིན་སོགས་དཀར་ཆོས་ཐམས་ཅད་ཀྱི་གཞིའམ་རྒྱུ་བྱེད་པས་ན་ས་ལྟ་བུ་དང་།དེ་བཞིན་དུ་འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་དེ་ཡང་༼རང་སྟེང་དུ་སྔར་འགོས་ཟིན་པའི་འདུན་པའི་ནུས་པའམ་སྟོབས་ཤུགས་དེ་ཡོད་པས༽རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་དང་དེའི་རྒྱུ་ཚོགས་ཕྱིན་དྲུག་སོགས་དཀར་ཆོས་ཐམས་ཅད་ཀྱི་གཞིའམ་རྒྱུ་བྱེད་པས་ན་ས་ལྟ་བུའི་སེམས་བསྐྱེད་ཡིན་ནོ།།
            དེ་བཞིན་དུ་རང་ཉིད་ཟིན་བྱེད་རྫོགས་བྱང་གི་བསམ་པ་རྒྱུན་ཆགས་པ་དང།བྱང་ཕྱོགས་དོན་དུ་གཉེར་བའི་ལྷག་པའི་བསམ་པ་དང།སྒོམ་བྱུང་གི་མྱོང་བ་ལེགས་པར་ཐོན་པའི་མཁྱེན་གསུམ་སྦྱོར་བ་དང་།རང་རང་གི་ཉམས་ལེན་ལྷག་པར་ཐོབ་པའི་ཕར་ཕྱིན་བཅུ་དང་།མངོན་ཤེས་དྲུག་ཚོགས་གཉིས།བྱང་ཕྱོགས་སོ་བདུན།རྩེ་གཅིག་པའི་སྙིང་རྗེ་དང་ལྷག་མཐོང་།གཟུངས་སྤོབས།ཆོས་ཀྱི་སྡོམ་བཞི་རྟོགས་པའི་དགའ་སྟོན།བགྲོད་པ་གཅིག་པའི་ལམ།ཡེ་ཤེས་ཆོས་སྐུ་བཅས་ཀྱིས་ཟིན་པའི་སེམས་བསྐྱེད་རྣམས་གསེར་ལྟ་བུའི་སེམས་བསྐྱེད་ནས་སྤྲིན་ལྟ་བུའི་སེམས་བསྐྱེད་བར་རིམ་བཞིན་སྦྱོར་རོ།།སྐབས་འདིའི་མཚུངས་པར་ལྡན་པ་ཞེས་པ་མཚུངས་ལྡན་ལ་བྱ་མི་རིགས་ཏེ།དེ་ལྟར་ན་མངོན་ཤེས་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཀྱང་མངོན་ཤེས་དང་མཚུངས་ལྡན་དུ་འགྱུར་དགོས་ལ།དེ་ནི་མི་རིགས་ཏེ།སློབ་པའི་རྒྱུད་ཀྱི་སེམས་བསྐྱེད་ཡིན་ན་རྟོག་པ་ཡིན་དགོས།མངོན་ཤེས་ཡིན་ན་མངོན་སུམ་ཡིན་དགོས་པའི་ཕྱིར་རོ།།
           ཡང་གསེར་ཕྲེང་ལས།འདུན་ལྡན་ལ་སོགས་པ་གསུམ་ནི་ལས་དང་པོ་བའི་ས་ཚོགས་ལམ་གྱིས་བསྡུས་ཏེ་དེ་ཡང་ཚོགས་ཀྱི་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་རིམ་པ་བཞིན་ནོ།།ཞེས་པ་ཡང་སྔར་ལྟར་མདོའི་དངོས་བསྟན་གྱི་ཉེར་གཉིས་ཕྱེ་བའི་དང་པོ་གསུམ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱིས་རིམ་བཞིན་བསྡུས་པ་དང་།དེར་ཡང་ཕལ་ཆེར་ཞེས་པའི་དོན་འདི་དྲན་པར་བྱས་ཏེ་གཞུང་གོང་འོག་འབྲེལ་ཤེས་པར་བྱ་དགོས་སོ།།ཡང་མདོ་ལས་འདུན་ལྡན་གྱི་སྐབས་སུ་སྤྱོད་པ་ལ་སློབ་ཚུལ་དངོས་སུ་མ་བསྟན་ཞིང་བསམ་ལྡན་གྱི་སྐབས་སུ་དངོས་སུ་བསྟན་པ་དང་།སློབ་དཔོན་ལྷ་དབང་བློས་ཀྱང་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་ས་ལྟ་བུའོ།།འཇུག་པ་བྱང་ཆུབ་ཀྱི་སེམས་ནི་གསེར་ལྟ་བུ་ནས་སྤྲིན་ལྟ་བུའི་བར་ཉི་ཤུ་རྩ་གཅིག་གོ།།ཞེས་པའི་ལུང་གཉིས་ཁུངས་སུ་དྲངས་ནས་སྨོན་སེམས་ཀྱི་ས་མཚམས་ཚོགས་ལམ་ཆུང་ངུ་དང་།འཇུག་སེམས་ཚོགས་ལམ་འབྲིང་ནས་འཇོག་པ་གསེར་ཕྲེང་དུ་གསུངས་ཀྱང་།དེ་ནི་གཙོ་ཆེ་བའི་དབང་དུ་བྱས་པ་ལས་སྨོན་སེམས་ཚོགས་ལམ་འབྲིང་ཡན་ལ་མེད་པ་དང་།ཚོགས་ལམ་འབྲིང་ཡན་གྱི་སེམས་བསྐྱེད་ལ་འཇུག་སེམས་ཀྱིས་ཁྱབ་པར་བསྟན་པ་མིན་ནོ།།
            འོ་ན།སློབ་དཔོན་ལྷ་དབང་བློས་འཇུག་པ་བྱང་ཆུབ་ཀྱི་སེམས་ནི་གསེར་ལྟ་བུ་ནས་སྤྲིན་ལྟ་བུའི་བར་ཉི་ཤུ་རྩ་གཅིག་གོ་ཞེས་གསེར་ལྟ་བུ་ནས་སྤྲིན་ལྟ་བུའི་བར་གྱི་སེམས་བསྐྱེད་ལ་འཇུག་པ་སེམས་བསྐྱེད་ཀྱིས་ཁྱབ་པར་བསྟན་པ་དང་འགལ་ལོ་སྙམ་ན།འོ་ན་ས་ལྟ་བུའི་སེམས་བསྐྱེད་ལ་ཡང་སྨོན་སེམས་ཀྱིས་ཁྱབ་པར་འགྱུར་ཏེ།སློབ་དཔོན་ལྷ་དབང་བློས་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་ས་ལྟ་བུའོ།།ཞེས་གསུངས་པའི་ཕྱིར་རོ།།འོན་ཀྱང་མདོའི་དངོས་བསྟན་གྱི་ཉེར་གཉིས་ཕྱེ་བའི་ས་ལྟ་བུའི་སེམས་བསྐྱེད་ལ་ནི་ཚོགས་ལམ་ཆུང་ངུ་ཁོ་ནས་བསྡུས་པར་སེམས་སོ།།ཡང་གསེར་ཕྲེང་ལས།སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི་ལས་དང་པོ་བའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་སོ།།དེའི་ཕྱིར་རྒྱུ་འབྲས་གཉིས་ཀའི་སྒོ་ནས་ཕྱེ་ན་དབྱེ་བ་རྫོགས་ཀྱི་གཞན་དུ་རྒྱུ་ཙམ་གྱི་དབྱེ་བ་མི་རྫོགས་སོ།།
དེ་ལྟར་སློབ་དཔོན་འདིས་ས་མཚམས་མཛད་པ་ཡང་མདོ་སྡེ་རྒྱན་གྱི་ས་མཚམས་ཀྱི་ལུང་དྲངས་ནས་དེའི་རྗེས་སུ་འབྲངས་སོ།།ཞེས་སློབ་དཔོན་གྱི་རང་ལུགས་བཀོད་པ་དེ་ལ་དྭོགས་པ་ཞིག་འོངས་ངེས་པ་ནི་འདི་ལྟར།དེ་སློབ་དཔོན་གྱི་རང་ལུགས་མིན་པར་ཐལ།རྒྱན་སྣང་ལས།མདོ་སྡེ་རྒྱན་གྱི་ས་མཚམས་ཀྱི་ལུང་།སེམས་བསྐྱེད་དེ་ནི་ས་རྣམས་ལ།།མོས་དང་ལྷག་བསམ་དག་པ་དང།།རྣམ་པར་སྨིན་པ་གཞན་དུ་འདོད།།དེ་བཞིན་སྒྲིབ་པ་སྤངས་པའོ།།ཞེས་དྲངས་པའི་རྗེས་སུ།དེའི་རབ་ཏུ་དབྱེ་བ་བྱེད་ན་ཡང་དེ་བཞིན་དུ་བྱ་བ་ཡིན་ཏེ།གཞན་དུ་ན་རྒྱུའི་དབྱེ་བ་ཙམ་གྱིས་ནི་དེའི་དབྱེ་བ་རྣམ་པ་ཐམས་ཅད་བྱས་པར་མི་འགྱུར་བས་ན་དབྱེ་བ་ཡོངས་སུ་རྫོགས་པར་མི་འགྱུར་རོ།།ཞེས་པ་ནི་ཁ་ཅིག་གིའོ།།ཞེས་གསེར་ཕྲེང་གི་གསུང་ཚུལ་དེ་སློབ་དཔོན་གྱིས་ཁ་ཅིག་གི་འདོད་པར་གསུངས་པའི་ཕྱིར་རོ་སྙམ་ན།མིན་ཏེ།ལུང་དེའི་དོན་ནི།མདོ་སྡེ་རྒྱན་གྱི་ས་མཚམས་ཀྱི་ལུང་དེར་སེམས་བསྐྱེད་ཀྱི་རབ་དབྱེ་བྱེད་ན་ཡང་ངེས་པར་རྒྱན་སྣང་དུ་བཀོད་པ་གསེར་ཕྲེང་དང་མཚུངས་པ་དེ་བཞིན་དུ་བྱེད་དགོས་པ་ནི་ཁ་ཅིག་གི་འདོད་པའོ་ཞེས་པའི་དོན་ཡིན་པའི་ཕྱིར་ཏེ།ལུང་དེའི་འཕྲོ་ཉིད་ལས།གཞན་དག་ནི་རྒྱལ་པོ་ཆེན་པོ་དང་འདྲ་བ་ལ་སོགས་པ་སེམས་བརྒྱད་པོ་ཉིད་བྱང་ཆུབ་སེམས་དཔའི་ས་ལས་ཁྱད་པར་ཅན་གྱི་ལམ་གྱིས་བསྡུས་པ་ཉིད་ཡིན་ནོ་ཞེས་ཟེར་རོ།།ཞེས་སློབ་དཔོན་གྱིས་སེམས་བསྐྱེད་ཀྱི་རབ་དབྱེ་བྱེད་ཚུལ་གཞན་ཞིག་ཀྱང་ཡོད་པར་བསྟན་པའི་ཕྱིར་རོ།།
          སྨྲས་པ།དོགས་དཔྱོད་མ་ཡིན་བགྲོ་བའི་གླེང་གཞི་ལགས།།ལད་མོ་མ་ལགས་རང་བློའི་འཆར་སྣང་ཉིད།།ལེགས་བཤད་མ་ཡིན་ནོར་བ་ཡོད་ངེས་ལགས།།ཁྲེལ་མེད་མ་ལགས་འགྱོད་བཤགས་ཞུ་རྒྱུ་ཉིད།།ཅེས་པ་འདི་ནི་སེ་ར་སྨད་གཙང་དགེ་སློང་བྱམས་པ་ཆོས་འཕེལ་གྱིས་ཕྱི་ལོ་༢༠༡༢བོད་རྒྱལ་ལོ་༢༡༣༩ཆུ་འབྲུག་ལོའི་ཆོ་འཕྲུལ་གྱི་དུས་ཁྱད་པར་ཅན་བོད་ཟླ་༡ཚེས་༡༥ལ་རང་ཤག་ཏུ་སྦྱར་བ་ཀུན་ཏུ་དགེ་བར་གྱུར་ཅིག།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
 

བརྒྱུད་འགོད།