གསེར་ཕྲེང་བགྲོ་གླེང་གཉིས་པའི་རྩོམ་གཞི་གསུམ་པའི་དྲིས་ལན།
གཉིས་པ་ལ་གཉིས།མཚན་ཉིད་དང་རབ་དབྱེའོ།།ཞེས་པ་ནས།བཟང་པོའི་ཞབས་ཀྱིས་ཉི་སྣང་ལ་བརྟེན་ནས་སྦྱར་བའི་ཉི་ཁྲི་དག་གཏུགས་དང་སྦྱར་བར་བྱའོ།།ཞེས་པའི་བར་གྱི་དྲིས་ལན།ལེགས་བཤད་གསེར་ཕྲེང་གི་དཀའ་འགྲེལ་འཇམ་དཔལ་སྙིང་པོའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།
རིགས་པའི་དཀའ་སྤྱད་བློ་ལས་འགོངས་པས་ངེས་དོན་གསུང་རབ་རྒྱ་མཚོའི་གནད་ལ་ངོམས་མེད་དཔྱད་པའི་མཐའ་རྫོགས་པས།།དགོངས་བཅུད་ཐུན་མིན་ནུས་སྟོབས་ཕྲ་མོ་སྙིང་ལ་མི་ཤིགས་ལྷག་པར་འབར་བས་བཟོད་བསྲན་མ་ནུས་ཅ་ཅོའི་སྒྲས།།ས་ཁྱོན་མཁས་རྒུའི་ཡིད་ཀྱི་བརྟན་པ་ཤིང་བལ་རླུང་གིས་གཡོ་བར་ཇི་བཞིན་ཕྱོགས་རྣམས་ཀུན་ནས་འདར་བྱེད་པའི།།འཇམ་པའི་དབྱངས་དངོས་ཙོང་ཁ་པ་ཞེས་མཚན་སྙན་སུ་ཞིག་རྣ་བར་ལྷུང་ཡང་མ་བཅོས་དད་པའི་སྤུ་ལོང་ལྡང་།།
ཞེས་ཤིས་པར་བརྗོད་པའི་སྙན་པའི་དབྱངས་ཀྱི་མེ་ཏོག་གི་ཕྲེང་བས་ངག་རིག་ཀུན་ནས་དགེ་བར་བྱས་ཏེ།ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་གྱི་གནད་རྩལ་དུ་བཏོན་ནས་བཤད་པའི་བསྟན་བཅོས་རྒྱན་གྱི་རྣམ་བཤད་མཐའ་ཡས་པ་ཞིག་སྣང་ཡང།དེ་དག་ཀུན་ལས་ལྷམ་མེ།ལྷང་ངེ།ལྷན་ནེར་མངོན་པར་འཕགས་པའི་ཤིང་།དམ་པ་དང།གཙོ་བོ་དང་།མཆོག་དང་།རབ་མཆོག་དང་།ངོ་མཚར་བ་དང་།རྨད་དུ་བྱུང་བ་དང་།བླ་ན་མེད་པ་དང་།གོང་ན་མེད་པ་དང་།གོང་མའི་ཡང་གོང་མར་གྱུར་པའི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་ཚིག་དོན་ཅུང་ཟད་འགྲེལ་བའི་སྐལ་བཟང་རྙེད་པ་ལ་བརྗོད་དུ་མེད་པའི་སྤྲོ་བའི་འདུན་པ་མཆོག་ཏུ་བརྟས་སོ།།སེམས་བསྐྱེད་མཚན་ཉིད་ཀྱི་མཚམས་སྦྱོར་དང་དེའི་དྭོགས་གཅོད།དེ་ཡང་ལེགས་བཤད་གསེར་ཕྲེང་ལས།གཉིས་པ་ལ་གཉིས།མཚན་ཉིད་དང་།རབ་དབྱེའོ།།
དང་པོ་གཉིས།མཚན་ཉིད་དངོས་དང་།དེ་མདོ་དང་སྦྱར་བའོ།།དང་པོ་ལ་གསུམ་ལས་དང་པོ་སྦྱར་བ་ནི།སེམས་བསྐྱེད་པ་རང་གི་ངོ་བོ་གང་ལ་དམིགས་པའི་ཡུལ་དང་བཅས་ཏེ་གསུངས་པ་ནིའོ།།ཞེས་བྱུང་སྟེ།འདིར་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་དང་།སྨོན་འཇུག་གི་རབ་དབྱེ་ནི་གོང་དུ་རྒྱས་པར་བཤད་ཟིན་པས་སྐབས་འདིར་སེམས་བསྐྱེད་ཉེར་གཉིས་ཀྱི་རབ་དབྱེ་དེ་ཡིན་པར་སྐབས་ལས་ཤེས་སོ།།རྒྱན་རྩ་བར།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་པས་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་དངོས་སུ་བཤད་ནས་སེམས་བསྐྱེད་ཀྱི་ཐོབ་བྱའི་དམིགས་ཡུལ་རྫོགས་བྱང་དང་།ཆེད་དུ་བྱ་བའི་དམིགས་ཡུལ་གཞན་དོན་ཡིན་པ་དང་།མཚུངས་ལྡན་གྱི་གྲོགས་བྱང་ཆུབ་འདུན་པ་དང་།རྐྱེན་བྱེད་པའི་གྲོགས་གཞན་དོན་འདུན་པ་དང་།དེ་དག་གི་དམིགས་ཡུལ་བྱང་ཆུབ་གཞན་དོན་སོགས་ཡིན་པ་ནི་རྒྱན་མཁན་པོས་རང་བཟོ་མིན་པར་རྟོགས་སླད་ཡུམ་བར་མའི་མདོ་དང་སྦྱར་བའོ།།དང་པོ་ལ་གསུམ་ཞེས་པ་ནི་སྦྱར་བསྟན་བཤད་གསུམ་དང་།དེ་ཡང་མཚམས་སྦྱར་བ་དང་རྩ་བས་བསྟན་པ་དང་འགྲེལ་པས་བཤད་པ་གསུམ་གྱི་ཚིག་བསྡུ་བྱས་སོ།།
སྤྱིར་མཚམས་སྦྱར་ལ་རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གྱི་མཚམས་སྦྱར་གཉིས།དང་པོ་ལ་མདོ་རྒྱན་འགྲེལ་པ་གསུམ་གྱི་མཚམས་སྦྱར་དང་།འགྲེལ་པའི་མཚམས་སྦྱར་ལའང་གཙོ་ཆེ་བའི་དབང་དུ་བྱས་ཏེ་ཉི་སྣང་རྒྱན་སྣང་དོན་གསལ་གསུམ་གྱི་མཚམས་སྦྱར་གསུམ་མོ།།དོན་གྱིས་མཚམས་སྦྱར་ལ་ཡང་དངོས་བརྒྱད་སྔ་མ་ནས་ཕྱི་མར་མཚམས་སྦྱར་བའི་མཚམས་སྦྱར་དང་།དོན་བདུན་ཅུ་སྔ་ཕྱི་མཚམས་སྦྱར་བའི་མཚམས་སྦྱར་སོགས་ཡོད།འགྲེལ་པ་དོན་གསལ་ལས།བྱང་ཆུབ་སེམས་དཔའ་བྱང་ཆུབ་རྗེས་སུ་ཐོབ་འདོད་པས་འབྲས་བུ་ཡིན་པའི་ཕྱིར།རྣམ་པར་ཐམས་ཅད་མཁྱེན་ཉིད་འཐོབ་པར་བྱ་དགོས་པས།དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་སྡུད་པའི་ཚིག་ལེའུར་བྱས་པ་རྣམ་པར་བཤད་པའི་སྒོ་ནས་བཤད་པར་བཞེད་དེ།ཞེས་བྱང་སེམས་རྣམས་ཀྱི་ཐོབ་བྱའི་འབྲས་བུ་གཙོ་བོའམ་མཆོག་ནི་རྣམ་མཁྱེན་ཡིན་པས་དེ་ཉིད་ཐོབ་པར་བྱ་ཕྱིར་དང་གདུལ་བྱ་འབྲས་བུ་ལ་སྤྲོ་བ་སྐྱེད་སླད་མངོན་རྟོགས་བརྒྱད་ཀྱི་དང་པོར་ཏེ་ཐོག་མར་ཚིག་ལེའུར་བྱས་པའི་ལུས་རྣམ་གཞག་གོང་དུ་བཤད་པ་དེ་དག་བྱེ་བྲག་ཏུ་རྒྱས་པར་བཤད་པའི་སྒོ་ནས་བསྟན་ཏེ་ཞེས་འཆད་ནས།སྐབས་འདིར་འགྲེལ་པས་མཚམས་སྦྱར་བ་ནི།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཤད་པའི་ཚུལ་ནི།ཡུལ་གྱིས་ཡུལ་ཅན་མཚོན་པའམ་རྒྱུས་འབྲས་བུ་མཚོན་པའི་ཚུལ་གྱིས་བསྟན་དགོས་པས་མཚོན་བྱེད་ཆོས་བཅུའི་ཐོག་མར་ཐེག་ཆེན་སེམས་བསྐྱེད་རང་གི་ངོ་བོ་སྟེ་འཆད་འགྱུར་གྱི་མཚན་ཉིད་དང་།རང་ཉིད་ཀྱིས་གང་ལ་དམིགས་པའི་ཡུལ་དང་དམིགས་ཚུལ་དང་བཅས་པ་གསུངས་པ་ནི་སེམས་བསྐྱེད་ཀྱི་མཚན་ཉིད་དམིགས་པ་དང་བཅས་པ་བཤད་པའི་ཚིག་ལེའུར་བྱས་པའི་རྐང་པ་བཞི་པོ་འཆད་འདོད་ནས་སྨོས་སོ།།
འདིར་དཔྱད་ན།མཚམས་སྦྱར་ལ་ཀུན་བཏུས་དར་ཊཱིཀ་ལས།ཡོངས་སུ་རྫོགས་པའི་མཚམས་སྦྱར་དང་།རྣམ་པར་བཤད་པའི་མཚམས་སྦྱར་དང།སྒྲུབ་པའི་མཚམས་སྦྱར་དང་།འབྲེལ་བའི་མཚམས་སྦྱར་དང་།གོ་རིམ་གྱི་མཚམས་སྦྱར་དང་ལྔ་གསུངས་སོ།།སེམས་བསྐྱེད་སོགས་ཆོས་བཅུས་རྣམ་མཁྱེན་མཚོན་ཚུལ་ལ།མཁས་གྲུབ་ཤིནྟ་པའི་ཉི་ཁྲི་དག་ལྡན་དང་།བ་རེག་ཐོས་པ་དགའི་བསྟན་བཅོས་རིན་ཆེན་སྒྲོན་མེ།རྔོག་ལོ་ཆེན་སོགས་ཀྱིས་རྒྱུས་འབྲས་བུ་མཚོན་པ་བཞེད་པ་དང་།སློབ་དཔོན་སེང་བཟང་གི་རྒྱན་སྣང་དང་།སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྡུད་པའི་དཀའ་འགྲེལ་སོགས་ལས་ཡུལ་གྱིས་ཡུལ་ཅན་མཚོན་པར་བཞེད་ཀྱང་།རྗེའི་ལེགས་བཤད་གསེར་ཕྲེང་ལས།དེ་ལྟར་རྒྱན་སྣང་དང་ཡེ་ཤེས་ཞབས་ཀྱིས་བཤད་ཀྱང་གཉིས་ཀ་ལྟར་ཡང་མི་འགལ་ལོ།།ཞེས་ཕྱོགས་གཉིས་ཀ་འཐད་ཕྱོགས་སུ་གསུངས།རྣམ་བཤད་ལས།རྒྱུས་འབྲས་བུ་མཚོན་པའི་ཚུལ་ཅུང་ཟད་བཤད་དུ་ཡོད་ཀྱང་།སློབ་དཔོན་གྱི་བཞེད་པ་ནི།འགྲེལ་ཆེན་དུ་ཡུལ་གྱིས་ཡུལ་ཅན་མཚོན་པ་ཤིན་ཏུ་གསལ།ཞེས་གསུངས་པས་ཕྱོགས་དང་པོ་སློབ་དཔོན་གྱི་དགོངས་པ་མི་བཞེད་པར་ཚིག་གི་ནུས་པས་ཤེས་སོ།།
རྟོགས་སྣང་དུ་འདིའི་དོན་མི་གསལ།པཎ་ཆེན་གྱི་སྤྱི་དོན་ལས།ལོ་ཙཱ་བ་ཆེན་པོ་སོགས་རྒྱུས་འབྲས་བུ་མཚོན་པའི་ཚུལ་གྱིས་མཚོན་པ་ཡིན་གསུང་ཡང་།རང་ལུགས་ནི་ཡུལ་གྱིས་ཡུལ་ཅན་མཚོན་པའི་ཚུལ་གྱིས་མཚོན་པ་ཡིན་ཏེ།ཞེས་མཚོན་ཚུལ་སྔ་མ་མི་བཞེད་ལ།གསུང་ཡང་ཞེས་པས་ནི་རྣམ་བཤད་ལས་ཅུང་ཟད་བཤད་དུ་ཡོད་ཀྱང་ཞེས་པའི་དགོངས་པ་བླངས་པ་ཉིད་དོ།།གསེར་ཕྲེང་ལྟ་ན།ཆེད་དུ་བྱ་བ་ཆེན་པོ་གསུམ་ནི་མཆོག་ཉིད་ཆེན་པོ་དང་།སྤོང་བ་ཆེན་པོ།རྟོགས་པ་ཆེན་པོ་གསུམ་ནི་རིམ་པ་ལྟར་སངས་རྒྱས་སྤྱི་དང་དེའི་སྤངས་རྟོགས་ཕུན་ཚོགས་གསུམ་ལ་བཞག་དགོས་པས།དེ་དང་འབྲས་བུ་རྣམ་མཁྱེན་དུས་མཉམ་པར་ཐོབ་པས་རྒྱུས་འབྲས་བུ་མཚོན་ཚུལ་གང་ཡིན་དཔྱད་དགོས།མཁས་པ་འགས་སྔར་གྱི་དེ་གཉིས་ཀྱི་སྟེང་དུ་ཐབས་དང་ཐབས་བྱུང་གི་མཚོན་ཚུལ་བསྣན་པ་ཡང་ཡོད་པས་ཡིད་ཆེས་པའི་ཁུངས་གང་ཡོད་བརྟག་དགོས།གསེར་ཕྲེངལས།འདི་ལ་ཆེན་པོ་དག་ན་རེ།བཅུ་པོ་འདི་རྣམ་མཁྱེན་གྱི་རྗེས་སུ་སྒྲུབ་པའི་རྒྱུ་ཡིན་པས།ཞེས་གསུངས་པའི་བཅུ་པོ་དང་།རྣམ་བཤད་ལས།མཚན་གཞི་ནི་སྤྱིའི་དབང་དུ་བྱས་ན།ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པ་དང་།རྒྱུ་འབྲས་གཙོ་བོའི་དོན་བཅུ་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་གཉིས་ལས་འདིར་ཕྱི་མའོ།།ཞེས་གསུངས་པའི་རྒྱུ་འབྲས་བཅུ་དང་སེམས་བསྐྱེད་སོགས་ཆོས་བཅུ་པོ་དག་ནི་དོན་གཅིག་ཉིད་དུ་ཤེས་དགོས།།མཚན་ཉིད་ཀྱི་རྩ་བའི་ཚིག་དོན་དང་སེམས་བསྐྱེད་ཀྱིདྭོགས་གཅོད།ཡང་གསེར་ཕྲེང་ལས།བསྟན་པ་ནི།ཐེག་ཆེན་དུ་སེམས་བསྐྱེད་པ་ནི་ཆེད་དུ་བྱ་བ་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དུ་ཐོབ་བྱ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ།།
འོན་ཏེ་འདོད་བ་ཞེས་བྱ་བ་འདི་ཅི་ཞེ་ན།འདི་འདོད་པ་དང་དེ་འདོད་པས་བྱང་སེམས་ཀྱི་ཡུལ་ལ་བརྩོན་པར་བྱའོ།།ཞེས་གསུངས་པའི་འདོད་པ་དེའོ།།དེའི་མཚན་ཉིད་ཀྱང་མི་ཤེས་པས་གང་ཞེ་ན།འདི་ནི་ཉི་ཁྲི་ལས་དོན་དུ་གཉེར་བར་གསུངས་པ་འདི་ཡིན་ཏེ།དེ་ཡང་དུས་དང་པོར་སེམས་བསྐྱེད་པའི་དུས་ན་རྟེན་བྱང་སེམས་ཀྱིས་ཚུལ་རང་ཉིད་ངེས་པར་སངས་རྒྱ་བ་དང་།གཞན་གྱི་དོན་སྒྲུབ་པར་བྱའོ།།དེ་ལྟར་དོན་དུ་གཉེར་བར་བྱེད་དོ།།ཞེས་བྱུང་སྟེ།བསྟན་པ་ནི་ཞེས་པ་རྩ་བས་བསྟན་པའི་དོན་དང་།ཐེག་ཆེན་གྱི་སེམས་བསྐྱེད་པ་ནི་རང་གི་ངོ་བོ་སྟེ་མཚོན་བྱ་དང་།གཞན་དོན་ཕྱིར།།ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་པས་སེམས་བསྐྱེད་ཀྱི་མཚན་ཉིད་བསྟན་པ་ཡིན་ལ།ཆེད་དུ་བྱ་བ་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་དོན་དུ་ཐོབ་བྱ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རང་བཞིན་ནོ།།བྱང་ཆུབ་འདོད་ཅེས་པའི་འདོད་པ་ནི།ཡུམ་བར་མ་ལས་འདི་འདོད་པ་དང་དེ་འདོད་པའི་དབང་གིས་རྟེན་བྱང་སེམས་ཀྱིས་ཡུམ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ།།ཞེས་པའི་ཀུན་སློང་གི་འདོད་པ་དེ་གཉིས་སོ།།འདི་འདོད་པ་ཞེས་ཉེ་ཚིག་གིས་སྨོས་ས་ནི་རང་དོན་བྱང་ཆུབ་དང་།འདོད་པ་ནི་བྱང་ཆུབ་འདོད་པ་དང་།དེ་འདོད་པ་ཞེས་པའི་རིང་བའི་ཚིག་སྨོས་གཞི་ནི་གཞན་དོན་དང་དེ་འདོད་པ་ནི་གཞན་དོན་འདོད་པའོ།།རྒྱུ་མཚན་ནི།སེམས་བསྐྱེད་པའི་གང་ཟག་རང་ཉིད་ཀྱི་རྒྱུད་ལ་རང་དོན་བྱང་ཆུབ་སྔོན་ལ་ཐོབ་ཅིང་།རང་དང་ཉེ་བའི་ཆ་ནས་དང་གཞན་ནི་དེ་ལས་ལྡོག་པའི་གནད་ཀྱིས་ཡིན་ནོ།།
འདུན་པ་དེ་གཉིས་ཀྱི་མཚན་ཉིད་ཀྱང་མི་ཤེས་པས་དེའི་མཚན་ཉིད་གང་ཞིག་འཇོག་ཅེ་ན།དེ་གཉིས་ནི་ཉི་ཁྲི་ལས་དོན་དུ་གཉེར་བར་གསུངས་པས་ཡིད་ངེས་ཀྱི་འདུན་པ་ལ་བྱ་དགོས་པར་ཡིན་ཏེ།དེ་ཡང་རིམ་གྱིས་སེམས་བསྐྱེད་པའི་དུས་ན་རྟེན་བྱང་སེམས་རང་ཉིད་ཀྱིས་ཐོབ་བྱ་བླ་མེད་པའི་རྫོགས་བྱང་ཐོབ་པར་བྱའོ་ཞེས་པའི་འདོད་པ་ནི་བྱང་ཆུབ་འདོད་པ་དང་།གཞན་སེམས་ཅན་ཐམས་ཅད་མྱ་ངན་འདས་པའི་ས་ལ་འགོད་པར་བྱའོ།།ཞེས་པ་ནི་གཞན་དོན་འདོད་པའི་མཚན་ཉིད་བསྟན་པ་ཡིན་ནོ།།སེམས་བསྐྱེད་པའི་དུས་ན་ཞེས་པས་བྱང་ཆུབ་འདུན་པ་སེམས་བསྐྱེད་དང་ལྷན་ཅིག་སྤྱོད་པའི་མཚུངས་ལྡན་བསྟན་པ་ཡིན་ནོ།།འདིར་དཔྱད་ན།གཞན་དོན་ཕྱིར།།ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་པའི་འདོད་པ་གཞན་དོན་ཐོབ་ཕྱིར་དེ་འདོད་པ་དང་།བྱང་ཆུབ་ཐོབ་ཕྱིར་དེ་འདོད་ཅེས་གཉིས་ཀར་སྦྱར་དགོས་པའི་མཐའི་གསལ་བྱེད་ཀྱི་ཚིག་ཡིན་ཏེ།གཞན་དུ་ན།ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་པའི་འདོད་པ་རྫོགས་པའི་བྱང་ཆུབ་གཅིག་པུ་ལ་སྦྱར་ན་བྱང་ཆུབ་འདུན་པ་ལས་གཞན་དོན་འདུན་པ་བསྟན་དོན་མེད་པས།ཡུམ་བར་མ་དང་འདི་གཉིས་ཀར་འདོད་པ་གཉིས་ཀ་ངོས་འཛིན་བྱས་པའི་སྐབས་དང་འགལ་བ་དང་།འོག་ནས་ཀྱང་འདོད་པ་གཉིས་ཀའི་མིང་གིས་བཏགས་པ་གསུངས་པ་དང་ཡང་འགལ།མདོ་ལས་བྱང་ཆུབ་འདུན་པ་སྔོན་དུ་གསུངས་ནས་གཞན་དོན་འདུན་པ་རྗེས་སུ་བསྟན་ཡང་།བསྟན་བཅོས་ལས་གཞན་དོན་འདུན་པ་སྔར་གསུངས་ནས་བྱང་ཆུབ་འདུན་རྗེས་སུ་གསུངས་པའི་གོ་རིམ་མི་མཐུན་པ་ནི་མདོས་འདུན་དོན་ཐོབ་པའི་ཆ་ནས་དང་།བསྟན་བཅོས་ལས་འདུན་པ་གཉིས་ཀྱི་སྐྱེ་རིམ་དང་ལམ་ཉམས་ལེན་གྱི་རིམ་པ་དང་བསྟུན་ནས་གསུངས་པ་ཡིན་ནམ་བརྟག་གསེར་ཕྲེང་དང་རྣམ་བཤད་ཀྱིས་སེམས་བསྐྱེད་ཀྱི་ས་མཚམས་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དང་།རྟོགས་སྣང་ལས།ཚོགས་ལམ་ནས་རྒྱུན་མཐའི་བར་དུ་བཞག་ཅིང་།སངས་རྒྱས་ཀྱི་སར་སེམས་བསྐྱེད་མི་བཞེད་པར་དངོས་སུ་གསུངས།དེའི་སྒྲུབ་བྱེད་མཐར་ཐུག་པ་ནི་གཞུང་དེ་ལས།རྫོགས་པའི་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་མེད་དེ།རང་ཉིད་གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པ་དང་།དེའི་ཆེད་དུ་ལམ་ལ་སློབ་པ་སོགས་གང་ཡང་མེད་པའི་ཕྱིར་རོ།།ཞེས་གསུངས་པ་དང་།འགྲེལ་ཆེན་ལས་ཀྱང་སངས་རྒྱས་སར་སེམས་བསྐྱེད་ཡོད་མེད་ཀྱི་ཚུལ་གཉིས་བཤད་དོ།།
འོ་ན་གསེར་ཕྲེང་ལས།དེ་ལ་རང་ལུགས་ནི།ཐེག་པ་གསུམ་པོ་གང་རུང་གི་མངོན་རྟོགས་ཡིན་ན་མཁྱེན་གསུམ་གང་རུང་ཞིག་ཡིན་པ་ལ་དགོངས་ནས་མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་པ་གསུངས་ཏེ།དེ་གསུམ་དུ་མ་འདུས་པའི་མངོན་རྟོགས་མེད་པས་སོ།།ཞེས་དང་།ཡང་དེ་ཉིད་ལས་ཀྱང་།དེས་ན་འཕགས་པ་དང་སློབ་དཔོན་གྱིས་མཁྱེན་གསུམ་དུ་མངོན་རྟོགས་མཐའ་དག་འདུས་པའི་ཤེས་བྱེད་དུ་ཡུམ་བར་མ་དྲངས་པའི་དགོངས་པ་ཡང་ཐེག་པ་གསུམ་གྱི་ལམ་ཐམས་ཅད་མཁྱེན་གསུམ་དུ་ཡིན་པའི་ཚུལ་གྱིས་བསྡུ་བར་བཞེད་ནས་ཡིན་ནོ།།ཞེས་གསུངས་པས་ཐེག་ཆེན་སེམས་བསྐྱེད་སྐད་ཅིག་དང་པོ་དེ་ཐེག་པ་གསུམ་པོ་གང་རུང་གི་མངོན་རྟོགས་ཡིན་པས་མཁྱེན་གསུམ་གང་རུང་དུ་འགྱུར་ལ།མཐའ་གཞན་ཁེགས་པའི་རིགས་པས་ལམ་ཤེས་ལས་གཞན་དུ་མི་འཐད་པས་དེ་འདོད་དགོས་ལ།དེ་ལྟ་ན།གསེར་ཕྲེང་ལས།ལམ་ཤེས་ལ་ནི་སེམས་བསྐྱེད་སྔོན་དུ་འགྲོ་དགོས་པས་དེའི་སྐད་ཅིག་གཉིས་པ་ནས་ལམ་ཤེས་འདོད་པར་བྱའོ།།
ཞེས་སེམས་བསྐྱེད་སྐད་ཅིག་དང་པོ་ལམ་ཤེས་མི་བཞེད་པར་གསུངས་པས།དེ་ལྟ་ན་དེ་ཐེག་ཆེན་གྱི་ཚོགས་ལམ་མི་རིགས་ཏེ།དེ་ཡིན་ན་ཐེག་ཆེན་གྱི་ལམ་ཡིན་དགོས་པས་ཐེག་པ་གསུམ་པོ་གང་རུང་གི་ལམ་མིན་པ་འགལ།སེམས་བསྐྱེད་ཀྱི་ས་མཚམས་དང་ཡང་ཤིན་ཏུ་འགལ་བས་གསེར་ཕྲེང་རང་ལུགས་ཀྱི་དགོངས་པ་གང་ཡིན་དཔྱད་དགོས།རྣམ་བཤད་ཀྱི་གསུང་དང་མི་འདྲ་བར་གསེར་ཕྲེང་ལས་ནི་མཁྱེན་གསུམ་ཐེག་པ་གསུམ་གྱི་རྟེན་སོ་སོར་ངེས་པ་ནི་གསེར་ཕྲེང་ལས།ལུས་རྣམ་བཞག་ཏུ་ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད།།ཅེས་དང་།བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི།།ལམ་ཤེས་ཉིད་ནི་དེ་འདྲ་བཤད།།ཅེས་དང་།ཉན་ཐོས་ལ་སོགས་མཐོང་བའི་ལམ།།དེ་འདྲ་ཀུན་ཤེས་ཉིད་དུ་འདོད།།ཅེས་རྟེན་ངེས་པ་ཅན་མཛད་པ་དང་།མདོ་ལས་ཀྱང།རྟེན་སོ་སོའི་རྒྱུད་དང་འབྲེལ་བ་གསུངས་པའི་ཕྱིར་རོ།།དེས་ན་བྱང་སེམས་དང་སངས་རྒྱས་ལ་གཞི་ཤེས་ཡོད་པར་གསུངས་པ་ནི་གཉེན་པོའི་གཞི་ཤེས་ལ་དགོངས་ཤིང་དེ་ནི་སྤང་བྱའི་སྒོ་ནས་མིང་བཏགས་པའོ།།ཞེས་གསུངས་པ་དང་།ལམ་གྱི་བདེན་པའི་རྗེས་མཐུན་པ།།ཀུན་མཁྱེན་གསུམ་དུ་ཕྱེ་བས་ན།།ཞེས་སོགས་ཀྱི་དོན་འཆད་པས་ཀྱང་ཤེས་པས།རྗེ་བླ་མས་ལེགས་བཤད་གསེར་ཕྲེང་མཛད་སྐབས་སུ།དབུ་མ་འཇུག་པ་ལས།སྙིང་རྗེ་སེམས་དང་གཉིས་སུ་མེད་བློ་དང་།།བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ།།ཞེས་གསུངས་པ་ཕྱིས་རྩོམ་འཇུག་པའི་ཊཱིཀ་ཆེན་གྱིས་ཕྱོགས་སྔར་བྱས་པ་བཞིན་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་ལ་བཞག་པ་ལས་བུ་རམ་ཤུན་པ་ལྟ་བུའི་བྱང་ཆུབ་སེམས་ལ་བྱས་ནས་དེ་ཉིད་རྒྱལ་སྲས་རྣམས་ཀྱི་རྒྱུར་བཞེད་པའི་ཞིབ་ཆ་འདི་ད་དུང་བྱས་མེད་པས།སེམས་བསྐྱེད་སྐད་ཅིག་དང་པོ་ལམ་ཤེས་ཡིན་ན་དེ་རྒྱུད་ལྡན་གྱི་གང་ཟག་རྒྱལ་སྲས་བྱང་ཆུབ་སེམས་དཔར་འགྱུར་བས་ན།བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ།།ཞེས་གསུངས་དང་འགལ་བ་དྭོགས་ནས་ཡིན་ནོ།།ཞེས་བཞེད་པ་སྣང་ཡང་དགོངས་པའི་སྤྱི་བབ་ཙམ་བླངས་པ་ལས་འགལ་མེད་ཀྱི་ཞིབ་ཆ་ཐོན་ཐུབ་མེད།
སྐབས་བརྒྱད་པར།རྣམ་པ་ཐམས་ཅད་མཁྱེན་ཉིད་དང་།།ཞེས་པའི་དང་སྒྲས་ལམ་ཤེས་སོགས་བསྡུས་པ་དོན་གསལ་ལས་བཤད་ཅིང་།དོན་གསལ་གྱི་སོགས་སྒྲས་གཞི་ཤེས་བསྡུ་བར་གསེར་ཕྲེང་རང་ལས་གསུངས་པས་དེ་ལྟ་ན་ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་ཏུ་གཞི་ཤེས་ཡོད་དགོས་པ།སངས་རྒྱས་ཀྱི་སར་གཞི་ཤེས་འཇོག་དགོས་པར་གསེར་ཕྲེང་རང་གི་དགོངས་པར་བཞེད་པར་ཡང་སྣང་བས་སྔར་གྱི་གཞུང་དང་མི་འགལ་ཚུལ་དཔྱད་དགོས།ཐེག་ཆེན་སེམས་བསྐྱེད་དང་ཐེག་ཆེན་ལམ་གྱི་འཇུག་སྒོ་དོན་གཅིག་ཏུ་བཞེད་པ་དང་མི་བཞེད་པའི་ཚུལ་གཉིས་ཡོད།དང་པོ་ནི།ལམ་རིམ་ཆེན་མོ་ལས།དེ་ལ་རྒྱལ་བའི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་།གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་གསུངས་ཀྱི་དེ་ལས་གཞན་པའི་ཐེག་པ་ཆེན་པོ་ནི་མེད་དོ།།དེ་གཉིས་གང་གི་སྒོར་འཇུག་ཀྱང་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ།ཞེས་པ་དང་།ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ་དང་།ཞེས་གསུངས་པ་དང་།རིམ་ལྔ་གསལ་སྒྲོན་ལས།རྗེ་བཙུན་བྱམས་པ་ནས་ཐོགས་མེད་དང་།རྗེ་བཙུན་འཇམ་དབྱངས་ནས་ཀླུ་སྒྲུབ་དང་ཞི་བ་ལྷ་ལ་བརྒྱུད་པའི་ཆུ་བོ་གསུམ་འདྲེས་ཀྱི་གདམས་པ་ཕར་ཕྱིན་ཐེག་པ་དང་རྡོ་རྗེའི་ཐེག་པ་གང་གི་སྒོར་འཇུག་ཀྱང་བྱ་དགོས་པར་ཇོ་བོ་ཆེན་པོ་བཞེད་དོ།།ཞེས་གསུངས་པ་དང་།རྣམ་བཤད་ལས།ཐེག་པ་ཆེན་པོའི་འཇུག་སྒོ་ཐེག་པ་ཆེན་པོའི་སེམས་བསྐྱེད་དུ་ཤེས་པར་བྱ་བའི་ཕྱིན་ཏུ་ཡིན་ནོ།།ཞེས་གསུངས་པ་རྣམས་ཀྱིས་འཇུག་སྒོ་སེམས་བསྐྱེད་དུ་ཕར་བསྟན་པ་ཙམ་མིན་པར་འཇུག་སྒོའི་ངོས་འཛིན་བྱེད་པ་ན་སེམས་བསྐྱེད་ཁོ་ན་འཇུག་སྒོ་ཡིན་ཞེས་ཚུར་བསྟན་པ་ཡིན་ནོ།།དཔེར་ན་མཛོད་ལས།ཞེ་སྡང་མེད་བྱམས་སྙིང་རྗེ་ཡང་།ཡིད་བདེ་བ་ནི་དགའ་བ་ཡིན།།ཞེས་པ་ཞེ་སྡང་མེད་པའི་དགེ་རྩ་བྱམས་པ་དང་སྙིང་རྗེ་ཡིན་པ་དང།ཡིད་བདེ་དེ་ཉིད་དགའ་བ་ཚད་མེད་ཡིན་པའི་དོན་དུ་གོ་མི་རུང་བར་བྱམས་པ་དང་སྙིང་རྗེ་ཚད་མེད་ཞེ་སྡང་མེད་པའི་དགེ་རྩ་དང་།དགའ་བ་ཚད་མེད་ཀྱི་ངོ་བོ་ཡིད་བདེ་ལ་འཇོག་དགོས་པ་གཞུང་གི་དགོངས་པ་རྨ་མེད་ཡིན་པ་བཞིན་ནོ།།འོ་ན་སངས་རྒྱས་འཕགས་པའི་རྒྱུད་ཀྱི་སེམས་བསྐྱེད་ཐེག་ཆེན་ལམ་གྱི་འཇུག་སྒོ་ཡིན་ན་ལམ་ལ་ཐོག་མར་འཇུག་པ་ན་སངས་འཕགས་ཀྱི་ལམ་ནས་ཞུགས་དགོས་པའི་སྐྱོན་དུ་འགྱུར་ཞེ་ན།འདི་ནི་འཇུག་སྒོའི་དཔེ་འགྲོ་ཚུལ་མི་འདྲ་བའི་དབང་གིས་ཡིན་ཏེ།དཔེར་ན།ཁང་པར་ཞུགས་པ་ན་ཐོག་མར་སྒོ་ནས་ཞུགས་དགོས་པའི་དཔེ་ཞིག་དང།གང་ཟག་རང་ཉིད་ཁང་པའི་ནང་དུ་ཚུད་མིན་སྒོའི་ནང་དུ་ཡོད་མེད་ཀྱིས་བཞག་པའི་དཔེ་བྱེད་ཚུལ་གཉིས་ལས་སྐབས་འདིར་དཔེ་ཕྱི་མ་བཞིན་བྱས་པ་ཡིན་ཏེ།དཔེར་ན་ཁང་པའི་ནང་དུ་ཚུད་མིན་སྒོའ་ིནང་དུ་ཚུད་མིན་ལ་རག་ལས་པ་ལྟར།རང་ཉིད་ཐེག་པ་ཆེན་པོའི་གྲས་སུ་ཚུད་མིན་ཡང་སེམས་བསྐྱེད་ཐོབ་ལ་མ་ཉམས་པར་ཡིན་མིན་ལ་རག་ལས་པ་ཡིན་པས་སེམས་བསྐྱེད་ཐམས་ཅད་འཇུག་སྒོར་བཞག་ཀྱང་རུང་ངོ།།དེ་ནི་སྒོའི་དཔེ་ལས་འཇུག་སྒོའི་དཔེར་མ་སོང་བས་འཇུག་སྒོ་ཞེས་པའི་ཚིག་ནུས་ཀྱིས་ཐོག་མའི་སེམས་བསྐྱེད་ཁོ་ན་བསྟན་ནོ་སྙམ་ན།འཇུག་པའི་སྒོ་ནི་ཞུགས་པའི་སྒོ་དང་གནད་གཅིག་སྟེ་ཐེག་ཆེན་ལམ་ལྔ་ལ་གནས་པའི་གང་ཟག་ཐམས་ཅད་ལམ་ཞུགས་ཀྱི་གང་ཟག་འཇོག་དགོས་པས་དེ་དག་གི་རྒྱུད་ཀྱི་སེམས་བསྐྱེད་ཀྱང་འཇུག་སྒོར་གྲུབ་པར་བཞེད་དོ།།ལུགས་གཉིས་པས་ནི།གོང་དུ་དྲངས་པའི་ལུང་དེ་དག་གིས་འཇུག་སྒོ་སེམས་བསྐྱེད་ཡིན་པ་བསྟན་པ་ལས་སེམས་བསྐྱེད་ཀུན་འཇུག་སྒོར་བསྟན་པ་ཅུང་ཟད་ཀྱང་མི་སྣང་བས་འཇུག་སྒོ་ནི་ཚོགས་ལམ་ཆུང་ངུའི་སེམས་བསྐྱེད་ལས་མི་བཞེད་ཅིང་།འཇུག་སྒོའི་དོན་ཡང་ཐོག་མར་ཞུགས་སའི་སྒོ་རང་ལས་མི་བཞེད་པའི་ཚུལ་གཉིས་བྱུང་བ་ཡང་ཡབ་སྲས་ཀྱི་གཞུང་ན་དེ་ལྟར་དགོས་མིན་གྱི་རྩོད་མེད་གསལ་ཁ་མ་བྱུང་བའི་དབང་གིས་ཚིག་གི་ཐོན་ཕྱོགས་ཙམ་མི་འདྲ་ཙམ་ལས་དགོངས་པ་འགལ་བ་མི་སེམས་སོ།།མཚན་ཉིད་ཀྱི་འགྲེལ་པའི་ཚིག་དོན་དང་དྭོགས་གཅོད།
ཡང་གསེར་ཕྲེང་ལས།བཤད་པ་ནི།ཞེས་བྱ་བ་གསུངས་ཞེས་པ་ནི་འདས་མ་ཐག་པའི་རྩ་བ་བཤད་བྱ་འགོད་བཞེད་ནས་ཡིན་ལ་དེ་ནི་འཆད་བྱེད་འདྲེན་པ་སྟེ།འདི་ནི་དམིགས་བསལ་མེད་པའི་འོག་གི་སྐབས་ཐམས་ཅད་དུ་ཤེས་པར་བྱའོ།།ཞེས་བྱུང་སྟེ།བཤད་པ་ནི་གོང་དུ་དྲངས་པའི་རྩ་བ་འཆད་བྱེད་ཀྱི་འགྲེལ་པ་སྟེ།ཞེས་བྱ་བ་གསུངས་ཏེ་ཞེས་པ་ནས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ།།ཞེས་བར་རོ།།ཞེས་བྱ་བ་གསུངས་ཞེས་པའི་ཚིག་ནི་འགྲེལ་ཚིག་འདིའི་གོང་དེ་མ་ཐག་ཏུ་དྲངས་པའི་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།ཞེས་པའི་རྐང་པ་གཉིས་བཤད་བྱར་བཀོད་བཞེད་ནས་དེ་འདྲེན་པ་དང་དེ་འཆད་བྱེད་འགྲེལ་ཚིག་འོག་མ་འདྲེན་པའི་ཚིག་སྟེ།འདི་ནི་ཞེས་པ་བཤད་བྱ་རྒྱན་གྱི་རྩ་ཚིག་བཀོད་པའི་མཇུག་ཏུ་ཞེས་བྱ་བ་གསུངས།ཞེས་པ་འགྲེལ་པ་དོན་གསལ་གྱི་གཞུང་འོག་མ་ཀུན་ལ་དེ་ཇི་ལྟ་བ་དང་དེ་མཚུངས་པ་ཡོད་པ་རྣམས་ཀྱང་གོང་དུ་བཤད་པར་ལྟར་གོ་མི་དགོས་པའི་དམིགས་བསལ་མེད་པ་འོག་གི་སྐབས་ཐམས་ཅད་ལ་ཡང་རང་རང་གི་དེ་མ་ཐག་པའི་རྩ་བ་བཤད་བྱར་བཀོད་པ་དང་།དེ་འཆད་པའི་འགྲེལ་ཚིག་འོག་མ་འདྲེན་པའི་ཚིག་ཡིན་པ་ཤེས་དགོས་སོ་ཞེས་པའི་དོན་ནོ།།
གཞུང་འདིར།ཞེས་བྱ་བ་གསུངས་ཏེ།ཞེས་གསལ་ཡང་སྡེ་དགེ་པར་མའི་དོན་གསལ་ལས་ཅེས་བྱ་བ་གསུངས་ཏེ་ཞེས་གསལ་བས་འདི་མ་དག་པར་འདྲ།མཚན་ཉིད་དངོས་ཀྱི་དོན་དང་སྨོན་འཇུག་གི་དྭོགས་གཅོད།ཡང་གསེར་ཕྲེང་ལས།འདི་ལ་གཉིས།མཚན་ཉིད་དངོས་དང་།རྩོད་པ་སྤོང་བའོ།།དང་པོ་ལ་གསུམ་ལས།སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་སེམས་བསྐྱེད་པའི་ངོ་བོ་ནི།རང་ལས་ཕ་རོལ་གྱི་དོན་འཁོར་བ་རྒྱུ་འབྲས་ལས་བསྒྲལ་བ་དང་མྱང་འདས་རྒྱུ་འབྲས་ལ་འགོད་པའི་ཆེད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་བྱེད་པའི་མཚན་ཉིད་དོ།།དབྱེ་བ་ནི།སྨོན་པ་དང་འཇུག་པའི་ངོ་བོ་ཉིད་ཀྱི་སེམས་རྣམ་པ་གཉིས་སོ།།སེམས་བསྐྱེད་ཚུལ་ནི།རང་ཉིད་མ་འོངས་པ་ན་སངས་རྒྱས་གྲུབ་ནས་གདུལ་བྱ་གཞན་གྱི་དོན་གྱི་ཕྱིར་ཐེག་པ་གསུམ་གྱི་ཆོས་བསྟན་པ་ལ་སོགས་པས་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ།།ཞེས་དང་པོར་རྒྱུའི་སེམས་བསྐྱེད་པ་ནི་སྨོན་པ་དང་།སྨོན་པ་ལྟར་བྱང་ཆུབ་སྒྲུབ་པའི་ཐབས་ཕུན་ཚོགས་རྫོགས་པར་བྱའོ་ཞེས་འབྲས་བུའི་སེམས་བསྐྱེད་པ་ནི་འཇུག་སེམས་བསྐྱེད་ཚུལ་ལོ།།ཞེས་བྱུང་སྟེ།སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནི་སྙིང་རྗེ་ཆེན་པོས་ཟིན་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་།དེས་ཟིན་པའི་སེམས་བསྐྱེད་ལ་སྐབས་འདིའི་སེམས་བསྐྱེད་འཇོག།རང་ལས་དོན་གཞན་པའི་སེམས་ཅན་འཁོར་བ་རྒྱུ་འབྲས་ནི་སྡུག་ཀུན་གཉིས་དང་།མྱང་འདས་རྒྱུ་འབྲས་ནི་འགོག་ལམ་གཉིས་ཏེ་དེ་དག་རིམ་བཞིན་གྲོལ་བ་དང་ཐོབ་པའི་སླད་དུ་རང་ཉིད་ཀྱིས་རྫོགས་བྱང་ཐོབ་པར་འདོད་པའི་མཚན་ཉིད་ཅན་ཞིག་ལ་འཇོག་དགོས་སོ།།
དེ་ལ་ངོ་བོའི་སྒོ་ནས་དབྱེ་ན།སྨོན་སེམས་དང་འཇུག་སེམས་གཉིས་ཡོད།སེམས་བསྐྱེད་ཚུལ་ཞེས་པ་ནི་སེམས་བསྐྱེད་སྤྱི་བསྐྱེད་ཚུལ་མིན་པས་སྨོན་འཇུག་གི་སེམས་གཉིས་བསྐྱེད་ཚུལ་ལོ།།རང་ཉིད་མ་འོངས་པར་སངས་རྒྱས་ནས་གཞན་གྱི་ཕྱིར་ཐེག་པ་གསུམ་གྱི་ཆོས་བསྟན་པ་ལས་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ།།དང་པོར་ཏེ་འཇུག་སེམས་སྐྱེས་པའི་སྔོན་དུ་སེམས་བསྐྱེད་པ་ནི་སྨོན་སེམས་བསྐྱེད་ཚུལ་དང་།སྨོན་པ་ལྟར་སྨོན་པའི་ཡུལ་བསྒྲུབ་པའི་སླད་དུ་སྦྱིན་སོགས་ཀྱི་ཚོགས་རྫོགས་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་ནི་འཇུག་སེམས་བསྐྱེད་པའི་ཚུལ་ལོ།།འདིར་དཔྱད་ན།གཞུང་འདིར་སྨོན་འཇུག་བསྐྱེད་པའི་ཚུལ་ནི།སྨོན་འཇུག་གཉིས་ཀྱི་སྒྲ་བཤད་དང་མཐུན་པ་དང་།དེ་གཉིས་སྐྱེད་པའི་ཆོ་གའི་ཚིག་རིས་དང་མཐུན་པའི་སྦྱོར་བས་སེམས་དེ་གཉིས་བསྐྱེད་པའི་ཚུལ་བསྟན་པ་ཡིན་གྱི་སྨོན་འཇུག་མཚན་ཉིད་པ་བསྐྱེད་པའི་ཚད་དང་དེའི་དམིགས་རྣམ་བསྟན་པ་མིན་ཏེ།སྨོན་འཇུག་གི་སེམས་གང་ཡིན་ཀྱང་འཛིན་སྟངས་ཀྱི་དམིགས་པ་ནི་རྫོགས་པའི་བྱང་ཆུབ་ལས་གདུལ་བྱ་གཞན་རང་རང་གི་ཐེག་པ་ལ་འགོད་པ་དང་།བྱང་ཆུབ་སྒྲུབ་པའི་ཐབས་ཚོགས་གཉིས་ལ་དམིགས་པ་ནི་གཏན་མི་རིགས་པས་སོ།།དེ་གཉིས་ཀྱི་སྒྲ་བཤད་ནི།སྨོན་པའི་སེམས་ཞེས་པ་རང་གི་ཐོབ་བྱའི་འབྲས་བུ་ལ་ཡིད་སྨོན་ཙམ་དང་།འཇུག་པའི་སེམས་ནི་དེ་ལ་སྨོན་པ་ཙམ་དུ་མ་འཇོག་པར་སྨོན་པའི་ཡུལ་ཐོབ་ཕྱིར་སྦྱིན་སོགས་ལ་དངོས་སུ་བསླབ་པའི་སེམས་སོ།།ཞི་བ་ལྷས་སྤྱོད་འཇུག་ལས་གསུངས་པར་ལྟར།དཔེར་ན།ཡུལ་གང་ཞིག་ཏུ་འགྲོ་འདོད་པ་ཙམ་ནི་དང་པོ་དང་།འགྲོ་འདོད་ཙམ་གྱིས་མ་ཆོག་པར་གོམ་པ་འདོར་ལེན་སོགས་འགྲོ་བའི་བྱ་བས་དངོས་སུ་ཟིན་པ་ནི་ཕྱི་མར་གསུངས་པ་བཞིན་ནོ།།འཇུག་སྡོམ་བསླབ་བྱས་བསྡུས་པའི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གང་གི་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་དེ།སྨོན་སེམས་ཀྱི་མཚན་ཉིད་དང་།དེས་དངོས་སུ་ཟིན་པའི་སེམས་བསྐྱེད་དེ།འཇུག་སེམས་ཀྱི་མཚན་ཉིད།གསེར་ཕྲེང་ལྟ་ན།སྨོན་སེམས་ཚོགས་ལམ་ཆུང་ངུ་ཁོ་ན་དང་འབྲིང་ཡན་ཆད་ནས་འཇུག་སེམས་འཇོག་ལ།རྣམ་བཤད་ལས།སྨོན་སེམས་ཚོགས་ལམ་ནས་ས་བདུན་པའི་བར་དང་།འཇུག་སེམས་ཚོགས་ལམ་འབྲིང་ནས་སངས་རྒྱས་སའི་བར་དུ་བཞག།དེའི་སྐབས་ཀྱི་རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་བ།ཞེས་པ་ནི་དྲན་འདུན་རྒྱུན་ཆགས་པའི་དོན་ནོ།།རྟོགས་སྣང་ལས་ནི།སྨོན་སེམས་ལམ་མ་ཞུགས་ནས་ས་བཅུ་བའི་བར་དུ་བཞག་པར་གསུངས་སོ།།ལམ་ལ་སློབ་པའི་བྱ་བས་ཟིན་པ་ནི་སྨོན་འཇུག་གཉིས་ཀ་ཡིན་པས་དེ་གཉིས་མི་འགལ་བར་བཞེད་དོ།།རྣམ་བཤད་ལས་གསུངས་པ་བཞིན་སྨོན་སེམས་ཚོགས་ལམ་ནས་ས་ཐོབ་པའི་བར་དུ་བཞག་པ་འདི་གདན་ས་གསུམ་གྱི་ཡིག་ཆ་མཁན་པོ་ཀུན་མཐུན་ཡང་བླ་མ་རྗེ་བཙུན་པས་སྨོན་སེམས་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་བཞེད་ཅིང་གཞན་སྒོ་བློ་དང་སེར་སྨད་ཡིག་ཆར་ས་བདུན་པའི་བར་ལས་དག་པ་ས་གསུམ་ན་སྨོན་སེམས་ཡོད་པར་མི་བཞེད་དོ།།འོན་ཀྱང་རྣམ་བཤད་ལས།སྨོན་སེམས་ས་ཐོབ་ནས་ཡོད་པའི་སྒྲུབ་བྱེད་དུ་ས་ཐོབ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་ཀྱང་དེ་རྟོགས་པའི་ཤེས་རབ་ཀྱིས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་སྐབས་དུ་མ་འབྱུང་བའི་ཕྱིར།ཞེས་པའི་སྒྲུབ་བྱེད་བཀོད་ཚུལ་ལ་བརྟག་ན་དག་པ་ས་གསུམ་ན་མི་རྟོག་ཡེ་ཤེས་ལ་དབང་ཐོབ་པ་དང་།མཉམ་རྗེས་ཀྱི་སྐབས་ཐམས་ཅད་ན་སྟོང་ཉིད་རྟོགས་པའི་ཡེ་ཤེས་རྟག་ཏུ་མངོན་དུ་གྱུར་པར་ཀུན་གཞི་དཀའ་འགྲེལ་ལས་ཀྱང་གསུངས་པས།དག་ས་ཡན་ཆད་ན་སྨོན་སེམས་མེད་པར་རྣམ་བཤད་ཚིག་གི་ནུས་པས་བསྟན་མིན་ཡང་དཔྱད་དགོས།ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་སྨོན་སེམས་ས་བདུན་པའི་བར་དུ་ཡོད་པར་ཡབ་སྲས་གཉིས་ཀའི་དགོངས་པ་འཁྲུལ་མེད་བྱས་ནས་གསེར་ཕྲེང་ལས།དེའི་ཕྱིར་སྨོན་པ་ནི་དང་པོའི་སེམས་ཁོ་ནའོ།།ཞེས་དང་།དེས་ན་ཚོགས་ལམ་ཆུང་ངུ་སྨོན་སེམས་དང་འབྲིང་ནས་འཇུག་སེམས་བཞག་སྟེ་མདོ་ལས་བསམ་ལྡན་གྱི་སྐབས་སུ་ཕྱིན་དྲུག་ལ་བསླབ་པར་བཤད་ཅིང་།ཞེས་གསུངས་པ་ནི་སྤྱིར་སྨོན་འཇུག་གི་ས་མཚམས་མིན་པར་གཞུང་གིས་དངོས་བསྟན་གྱི་སེམས་བསྐྱེད་ཉེར་གཉིས་ལ་སྨོན་འཇུག་གི་ས་མཚམས་ཕྱེ་བའི་དོན་ཡིན་པས།གསེར་ཕྲེང་དང་རྣམ་བཤད་དགོངས་པ་གཅིག་ཏུ་བྱས་སོ།།འདི་ཤིན་ཏུ་ལེགས་ཏེ།གཞུང་འདིར་མདོ་ལས་བསམ་ལྡན་གྱི་སྐབས་སུ་ཕྱིན་དྲུག་ལ་བསླབ་པ་བཤད་ཅེས་དང་།སློབ་དཔོན་ལྷ་དབང་བློའི་ཤེར་ཕྱིན་གྱི་དོན་སྒོམ་པའི་བཤད་པ་ལས།དེ་ལ་སྨོན་པ་ནི་ས་ལྟ་བུའོ།།འཇུག་པ་བྱང་ཆུབ་ཀྱི་སེམས་ནི་གསེར་ནས་སྤྲིན་ལྟ་བུའི་བར་ཉི་ཤུ་རྩ་གཅིག་གོ།ཞེས་གསུངས་པའི་གཞུང་སྨོན་འཇུག་གི་ས་མཚམས་ཀྱི་ཤེས་བྱེད་དྲངས་པས་ཀྱང་ཤེས་ཏེ།གཞུང་གཉིས་ཀྱིས་སྨོན་འཇུག་སེམས་བསྐྱེད་ཉེར་གཉིས་ལ་སྦྱར་བ་ཤིན་ཏུ་གསལ་བས་སོ།།
བློ་གླིང་མཁས་དབང་འགའི་གསུང་རྒྱུན་ལ།སྨོན་སེམས་ས་བདུན་པའི་བར་དུ་འཇོག་པའི་རྒྱ་འགྲེལ་ཚད་ལྡན་ཞིག་མི་གསལ་བ་དང་།ལམ་རིམ་ཆེ་ཆུང་དང་།ལེགས་བཤད་གསེར་ཕྲེང་ཀྱིས་སྨོན་སེམས་ཚོགས་ལམ་ཁོ་ན་དང་འཇུག་སེམས་འཇུག་སྡོམ་ཐོབ་པའི་ཚོགས་ལམ་འབྲིང་ནས་སངས་རྒྱས་ཀྱི་སའི་བར་དུ་བཞག་པ་འདི་ཡབ་སྲས་ཀྱི་དགོངས་པ་འཁྲུལ་མེད་བྱས་ནས་རྣམ་བཤད་ལས་སྨོན་སེམས་ས་བདུན་པའི་བར་དུ་བཞག་པ་ནི་རྣམ་བཤད་ཀྱི་དགོངས་པ་ལས་རྒྱལ་ཚབ་ཀྱི་དགོངས་པ་མིན་པ་མ་ཟད།པཎ་ཆེན་གྱི་སྤྱི་དོན་ལས།འདི་ཉིད་ཡིད་རབ་ཏུ་དྭངས་བའི་གནས་སུ་མཐོང་ངོ་།།ཞེས་དང་།མཐའ་དཔྱོད་ལས།རྣམ་བཤད་ལས་སྔར་བཤད་ལྟར་ཡིན་ཀྱང་།དེ་གཉིས་ལས་ལམ་རིམ་སོགས་ནས་བཤད་པ་རྗེ་ཡབ་སྲས་གཉིས་ཀའི་ཕུགས་ཀྱི་བཞེད་གོའོ།།ཞེས་གསུངས་པས་སྤྱི་མཐའ་གཉིས་སུ་རྣམ་བཤད་ཀྱི་བཞེད་ཕྱོགས་བཀོད་པ་ལས་ས་ཐོབ་ནས་སྨོན་སེམས་འཇོག་པར་པཎ་ཆེན་གྱི་དགོངས་པའང་མི་བཞེད་དོ།།བྱང་སྡོམ་དངོས་སུ་སྐྱེ་བའི་མི་ལ་སོ་ཐར་རིགས་བདུན་པོ་གང་རུང་དགོས་ཀྱང།སྤྱིར་འདོད་གཟུགས་ཀྱི་ལྷ་ལ་ཡང་དེ་སྐྱེ་བ་ཡོད་པས་སོ་ཐར་རྟེན་དུ་དགོས་པ་མིན་ལ།ལམ་སྒྲོན་རྩ་འགྲེལ་གྱི་དགོངས་པ་ཡང་དེ་བཞིན་ནོ།།དབུ་སེམས་གཉིས་ཀྱི་ལུགས་ལ།འཇུག་སྡོམ་གྱི་རྣམ་གཞག་མི་འདྲ་སྟེ།བླང་བའི་ཡུལ་དང་།ལེན་པའི་རྟེན།ལེན་པའི་ཆོ་གབླངས་ནས་སྲུང་ཚུལ།ཉམས་ན་ཕྱིར་བཅོས་ཚུལ་སོགས་གཏན་ནས་མི་འདྲའོ།།སེམས་ཙམ་པས་སྨོན་སེམས་དང་འཇུག་སྡོམ་རིམ་གྱིས་དང་།དབུ་མ་པས་སྟབས་གཅིག་ཏུ་ལེན་པ་དང།དབུ་མ་པས་འཇུག་སྡོམ་ཐོབ་པར་སོ་ཐར་རྟེན་དུ་མི་དགོས་ཤིང་།སེམས་ཙམ་པས་ནི་བྱང་ས་ལས།དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ།རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་པོ་འདི་དག་བསླབ་པ་འདོད་ཅིང་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས།ཞེས་གསུངས་པ་སོགས་ཀྱིས་བྱང་སྡོམ་ཐོབ་པར་སོ་ཐར་རྟེན་དུ་དགོས་པར་འདོད་པའི་ཚུལ་མི་འདྲ་བ་དང་།འཇུག་སྡོམ་ནི་འཇུག་སེམས་དང་མཚུངས་པར་ལྡན་པས་ལམ་མ་ཞུགས་ནས་དེ་མི་བཞེད་དེ།བྱང་ས་ལས།སྡོམ་པ་ལེན་པའི་སྔོན་དུ་བར་ཆད་འདྲི་བ་ན་ཆོས་ཀྱི་སྤུན་མིང་འདི་ཞེས་བགྱིས་བ་བྱང་ཆུབ་སེམས་པ་ཡིན་ནམ།བྱང་ཆུབ་མཆོག་ཏུ་སྨོན་ལམ་བཏབ་བམ།ཞེས་དང་།དྲི་བ་གཉིས་ཀྱི་དོན་ནི་རིགས་ཀྱི་ནུས་པ་ལེགས་པར་སད་པ་དང་།སྨོན་སེམས་བརྟན་པ་ལ་བྱའོ།།ཞེས་རྗེའི་བྱང་ཆུབ་གཞུང་ལས་གསུངས་པས་འཇུག་སྡོམ་ཐོབ་པ་ལ་སྨོན་སེམས་སྔོན་དུ་སྐྱེས་དགོས་པར་གསུངས་པའི་ཕྱིར།རྣམ་བཤད་སྙིང་རྒྱན་ལས།འཇུག་པ་བྱང་ཆུབ་ཀྱི་སེམས་བྱང་ས་དང་ལམ་སྒྲོན་དུ་དེའི་རྟེན་སོ་ཐར་དགོས་པ་བཤད་པ་ནི་རྟེན་ཁྱད་པར་ཅན་གྱི་དབང་དུ་བྱས་པ་ཡིན་གྱི།འདོད་པའི་ལྷའི་རྟེན་དང་།གོང་མའི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའ་ཁ་ཅིག་གི་རྒྱུད་ལ་ཡང་ཡོད་པའི་ཕྱིར་རོ།།ཞེས་བྱང་ས་དང་ལམ་སྒྲོན་དགོངས་པ་གཅིག་ཏུ་བྱས་ནས་གཉིས་ཀ་རྟེན་ཁྱད་པར་ཅན་ལ་དགོངས་པར་གསུངས།གོང་དུ་བཤད་པ་བཞིན་པཎ་ཆེན་སོགས་ཀྱིས་ལུགས་སོ་སོ་ཕྱེ་ནས་བཀྲལ་བ་ཡང་སྡོམ་གསུམ་རྣམ་གཞག་དང་།སྤྱི་དོན་ལས་གསལ།ལམ་རིམ་ཆེན་མོ་ལས།སྤྱིར་སྔར་བཤད་པ་ལྟ་བུའི་མྱོང་བ་མ་སྐྱེས་ཀྱང་ཐེག་པ་ཆེན་པོའི་བསླབ་པར་བྱ་བ་རྣམས་ཤེས་ཤིང་།ཐེག་ཆེན་ལ་མོས་པ་བརྟན་ན་སྔོན་ལ་སེམས་བསྐྱེད་པ་དང་སྡོམ་པ་ཆོ་གས་བཟུང་ནས་དེ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བ་ཡང་ཡོད་དེ།ཞེས་དང།སྤྱོད་འཇུག་ཏུ་སྔོན་ལ་སྡོམ་པ་དང་སེམས་བཟུང་ནས།ཞེས་གསུངས་པས།ལམ་མ་ཞུགས་ན་སྡོམ་པ་བཟུང་བ་ཡོད་པར་གསུངས་པ་ལས་ཐོབ་པ་མ་གསུངས་པས་དེའི་ཁུངས་མི་ཐུབ།གཞན་དུ་ན།སྔོན་དུ་སེམས་བསྐྱེད་པ་དང་།ཞེས་པས་ཀྱང་སེམས་བསྐྱེད་ཀྱི་སྔར་སེམས་བསྐྱེད་སྐྱེས་པའི་དོན་དུ་གོ་མི་འོས་པའི་རྒྱུ་མཚན་ཅི་ཡོད།མཁས་པ་འགའ་ཞིག་གིས་འཇུག་སྡོམ་དང་འཇུག་སེམས་གཙོ་འཁོར་ཡིན་ཀྱང་མཚུངས་ལྡན་ལྔ་མཚུངས་མིན་ཞིང་།འཇུག་སྡོམ་གཙོ་བོ་དང་འཇུག་སེམས་འཁོར་དུ་འདོད་དེ།རྣམ་བཤད་ལས་སེམས་དེ་འཇུག་སེམས་སུ་གྱུར་པར་སྡོམ་བཟུང་བ་ཁོ་ན་ལ་རག་ལས་པ་གསུངས་པས།གཙོ་འཁོར་སྔར་བཤད་པ་ལས་ལྡོག་སྟེ་ཡིན་ནོ།།ཞེས་འདོད་པ་ཡང་སྣང་།སྨོན་སེམས་ཆོ་གས་ལེན་པ་ན།སངས་རྒྱས་ཐོབ་པར་བྱའོ་སྙམ་པས་མི་ཆོག་གི་བྱང་ཆུབ་མ་ཐོབ་བར་དུ་མི་བཏང་བ་དམ་བཅའ་དགོས།
དེ་ལེན་པའི་ཆོ་ག་ནི།བསྡུས་ན་སངས་རྒྱས་ཆོས་ཚོགས་མ་དང་།དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།།ཞེས་སོགས་དང་།དེ་ལས་རྒྱས་པར་བྱེད་འདོད་ན་ལམ་རིམ་སོགས་ལས་གསུངས་པའི་ཆོ་ག་དང་།འཇུག་སེམས་སམ་འཇུག་སྡོམ་ལེན་པའི་ཆོ་ག་ནི།སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།།ཞེས་སོགས་དང་།དེའི་རྣམ་བཞག་རྒྱས་པར་རྗེ་བླ་མའི་གསུང་བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ་ལས་ཤེས་པར་བྱའོ།།གསེར་ཕྲེང་ལས་དོན་དམ་སེམས་བསྐྱེད་ཁྱད་པར་གསུམ་ལྡན་དགོས་པ་དང་།ས་དང་པོ་ནས་ཐོབ་པ་གསུངས་པ་ཙམ་ལས་གནས་ལུགས་འབའ་ཞིག་ལ་གཉིས་སྣང་ནུབ་དགོས་པ་མ་གསུངས་ཀྱང་།རྣམ་བཤད་ལས།གནས་ལུགས་འབའ་ཞིག་ལ་གཉིས་སྣང་ནུབ་དགོས་པར་གསུངས།རྟོགས་སྣང་ལས་ནི།ཐོགས་མེད་སྐུ་མཆེད་དང་ཟླ་བ་གྲགས་པ་སོགས་ཀྱི་གསུང་ན་མ་གཏོགས་འཕགས་སེང་གི་གཞུང་གང་ན་ཡང་དོན་དམ་སེམས་བསྐྱེད་གསུངས་པའི་ཚིག་གཅིག་ཀྱང་མེད་ཅེས་གསུངས།མཚན་ཉིད་ཀྱི་རྩོད་པ་དང་དྭོགས་གཅོད།ཡང་གསེར་ཕྲེང་ལས།གཉིས་པ་ལ་གཉིས།རྩོད་པ་དང་ལན་ནོ།།དང་པོ་ནི།ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི།ཇི་ལྟར་ན་དེ་སྟེ་ཁྱོད་སེམས་བསྐྱེད་པ་ཡིན་པར་འགྱུར་ཏེ་མ་ཡིན་པར་ཐལ།རྫོགས་བྱང་དེ་དོན་དུ་གཉེར་བའི་འདུན་ཡུལ་དགེ་བའི་ཆོས་ལ་འདུན་པའི་འདུན་པ་སེམས་ལས་བྱུང་བ་ཡིན་ལ་སྟེ་མདོར་ན་སེམས་བྱུང་ཡུལ་ངེས་ལྔའི་འདུན་པ་ཡིན་པའི་ཕྱིར་ཞེས་པའོ།།ཁྱབ་པ་ཡོད་དེ།སྤྲོ་བ་ཆེ་བ་ནས་དོན་གཉིས་ལྡན་པའི་སེམས་བྱུང་བ་ཞེས་བཤད་པས།གྲོགས་སེམས་པ་མཚུངས་ལྡན་དུ་འབྱུང་བའི་སེམས་གཞན་དོན་དང་བྱང་ཆུབ་ལ་དམིགས་པའི་ཡུལ་ཁྱད་པར་དུ་སྣང་བ་སྐྱེ་བ་ཞིག་སེམས་བསྐྱེད་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིེར་ཞེ་ན།ཞེས་བྱུང་སྟེ།ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ནི་སེམས་བསྐྱེད་དུ་མི་རིགས་པར་ཐལ།དེ་རྫོགས་པའི་དོན་དུ་གཉེར་བའི་སེམས་བྱུང་ཡིན་པའི་ཕྱིར་ཏེ།དེ་དོན་དུ་གཉེར་བའི་ཡུལ་ངེས་ལྔའི་འདུན་པ་ཡིན་པས་སོ།།སེམས་བྱུང་ཡིན་ན་སེམས་བསྐྱེད་མིན་པས་ཁྱབ་པ་ཡོད་དགོས་ཏེ།མདོ་སྡེ་རྒྱན་ལས།སྤྲོ་བ་ཆེ་དང་རྩོམ་པ་ཆེ།།དོན་ཆེ་བ་དང་འབྱུང་བ་ཆེ།།བྱང་ཆུབ་སེམས་དཔའི་སེམས་པ་སྟེ།།དོན་གཉིས་ལྡན་པའི་སེམས་བྱུང་བ།།ཞེས་བཤད་པས།སྤྲོ་བ་ཆེ་དང་རྩོམ་པ་ཆེ།།ཞེས་པའི་ཚིག་གཉིས་ཀྱིས་སྐྱེས་བུ་བྱེད་པའི་ཡོན་ཏན་བསྟན།དོན་ཆེ་བ།ཞེས་པས་ཕན་འདོགས་པའི་ཡོན་ཏན་བསྟན།འབྱུང་བ་ཆེ།ཞེས་པས་འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་བསྟན།ཁྱད་པར་དེ་གསུམ་དང་ལྡན་པའི་བྱུང་ཆུབ་སེམས་དཔའི་རྒྱུད་ལ།དོན་གཉིས་ལྡན་པའི་སེམས་འབྱུང་བ།ཞེས་པས་ཆེད་དུ་བྱ་བ་གཞན་དོན་དང་ཐོབ་བྱའི་རང་དོན་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་ཞིག་འབྱུང་བ་ཡིན་ནོ།།ཞེས་འདུན་པ་གྲོགས་སུ་ཡོད་པའི་སེམས་ཤིག་སེམས་བསྐྱེད་དུ་བསྟན་པ་ཤིན་ཏུ་གསལ་བས།སེམས་བསྐྱེད་ཡིན་ན་སེམས་ཡིན་དགོས་ཕྱིར་ཞེ་ན།ཞེས་རྩོད་པའི་དོན་ནོ།།འདིར་དཔྱད་ན།སེམས་བསྐྱེད་འདུན་པ་བཤད་པ་ལ་འདུན་པ་སེམས་བསྐྱེད་མི་རིགས་པའི་ཐལ་བ་འཕེན་ན་རྩོད་པ་འབྲེལ་མེད་དུ་འགྱུར་ཞེ་ན།རྣམ་བཤད་ལས།གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དེ་ཉིད་སེམས་བསྐྱེད་ཀྱི་མཚན་ཉིད་དུ་བསྟན་འདུག་སྙམ་དུ་རྩོད་པས་སྐྱོན་མེད་ཀྱི་ལན་མཛད།འགྲེལ་པ་དོན་གསལ་ལས་ནི་སེམས་བསྐྱེད་ཡུལ་ངེས་ཀྱི་འདུན་པ་དང་འདུན་པ་སེམས་བསྐྱེད་དུ་འགྱུར་བ་ལ་རྩོད་ལ།ཉི་སྣང་ལས།འོ་ན་ནི་དེ་སེམས་བསྐྱེད་པར་མི་འགྱུར་ཏེ།སེམས་ནི་ཡུལ་སོ་སོར་རིག་པའི་མཚན་ཉིད་ཅན་ཡིན་ལ།དོན་དུ་གཉེར་བ་ཞེས་བྱ་བ་ནི་སྲེད་པ་ཡིན་པས་སོ་ཞེ་ན།ཞེས་བྱང་ཆུབ་འདོད་ཅེས་པའི་འདོད་པ་སྲེད་པར་འཇོག་པ་ལྟ་བུ་མངོན་ཡང་ཡུལ་ངེས་ཀྱི་འདུན་པ་ལ་སྲེད་པའི་མིང་གིས་བཏགས་པ་ཙམ་ལས་སྲེད་པ་མཚན་ཉིད་པ་ཞིག་སེམས་བསྐྱེད་དུ་བསྟན་འདུག་སྙམ་དུ་རྩོད་པ་གཏན་མིན་པ་ནི་ཉི་སྣང་གི་ལན་འོག་མ་ཉིད་ཀྱིས་ཀྱང་ཤེས་པས་འགྲེལ་པ་ཆེ་ཆུང་དང་མི་མཐུན་པ་མ་སེམས་ཤིག།འོན་ཀྱང་ཤིན་ཏུ་དཔྱད་དགོས་པ་ཞིག་ལ།རྗེ་བཙུན་གྱི་རྒྱན་རྩ་བར།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་པས་སེམས་བསྐྱེད་ལ་འདོད་པའི་མིང་གིས་བཏགས་པ་བྱས་ནས་རྩོད་པ་དང་རྩོད་སྤོང་གི་དོན་མེད་ཀྱི་ངལ་བ་ལྷུར་བླངས་དགོས་པའི་གནད་གང་ལ་ཐུག་འདོད་ཅེས་པས་ཡུལ་ངེས་ཀྱི་འདུན་པ་ལ་གོ་དགོས་པ་དང་དེའི་མིང་གིས་བཏགས་པའི་རྒྱུ་མཚན་ཅི་ཡོད།སེམས་བསྐྱེད་རང་ཉིད་ཡུལ་ངེས་ཀྱི་འདུན་པ་མིན་ཀྱང་རྫོགས་བྱང་འདོད་པའི་བློ་ཡིན་པར་ཤིན་ཏུ་ཁས་བླངས་དགོས་པས།འདོད་པའི་མིང་གིས་མ་བསྟན་པ་འདོད་ཅེས་པས་རྫོགས་བྱང་འདོད་པའི་བློ་དང་སེམས་ཤིག་བསྟན་པ་བྱས་ན་རྗེ་བཙུན་གྱི་དགོངས་པ་དང་ཇི་ལྟར་འགལ།འགྲེལ་པ་ཆེ་ཆུང་གསུམ་ཀས་སེམས་བྱུང་གི་མིང་བཏགས་པར་གསུངས་པ་འདིའི་རྒྱུ་མཚན་དང་གནད་ཅི་ལ་ཐུག་པ་སོགས་ཀྱང་བརྟག་དགོས།གུང་ཐང་བློ་གྲོས་ཀྱི་དོན་གསལ་མཆན་ལས།མཚན་ཉིད་ཀྱི་རྩོད་ལན་འདི་ཐོག་མར་འཕགས་པས་བཀོད་ཅིང་།དགོས་པ་ཡུམ་གྱི་མདོ་ལས།འདི་འདོད་པ་དང་།དེ་འདོད་པའི།ཞེས་སེམས་བསྐྱེད་ལ་འདོད་པའི་མིང་གིས་གསུངས་པ་ལྟར།རྒྱན་དུའང་གསུངས་པ་ནི།ཞེས་མདོས་སེམས་བསྐྱེད་ལ་འདོད་པའི་མིང་གིས་བཏགས་པ་རྒྱན་དུ་ཡང་བཀོད་པས།དོན་དེ་ཉིད་འགྲེལ་པ་རྣམས་ཀྱིས་བཀྲལ་བར་བཤད་ཀྱང་།མདོའི་འདོད་པ་དེ་གཉིས་བྱ་བ་འམ་འདོད་པ་དེ་གཉིས་ཀྱིས་ཀུན་ནས་བསླངས་ཏེ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་དོན་དུ་མི་གོ་བར་ཡུལ་ངེས་ཀྱི་འདུན་པ་ལ་གོ་གོས་པའི་རྒྱུ་མཚན་ཅི་ཞིག་ཡོད།གཞན་དུ་ན།གཞན་དོན་དོན་དུ་གཉེར་བའི་འདུན་པས་ཀྱང་རང་དོན་རྫོགས་བྱང་ལ་དམིགས་ལ་ཐལ་ལོ།།
འགྲེལ་པ་དོན་གསལ་ལས།སེམས་བསྐྱེད་པ་ནི་སེམས་ཡུལ་ཁྱད་པར་དུ་འཕགས་པ་སྣང་བ་ཅན་འབྱུང་བ་མ་ཡིན་ནམ།ཞེས་གསུངས་པས་མདོ་རྒྱན་ལས།དོན་གཉིས་ལྡན་པའི་སེམས་འབྱུང་བ།།ཞེས་པའི་སེམས་ཀྱི་སྒྲས་བསྟན་པའི་དོན་འདི་ལ་དགོངས་ནས་འགྲེལ་ཚིག་གི་རྩོད་པ་སེང་བཟང་གིས་བཀོད་པ་མངོན་ནོ།།སྤྲོ་བ་ཆེ་བས་ནི་གོ་ཆའི་བརྩོན་འགྲུས་ཀྱིས་ཡུན་རིང་པོ་དཀའ་སྤྱད་ལ་མི་སྐྱོ་བ་དང་།རྩོམ་པ་ཆེ་བས་ནི་སྦྱོར་བའི་བརྩོན་འགྲུས་ཀྱིས་གོ་ཆ་ཇི་བཞིན་དུ་སྒྲུབ་པ་དང་།དོན་ཆེ་བས་ནི་རང་གཞན་ལ་ཕན་པའི་ཆེད་དང་།འབྱུང་བ་ཆེ་བས་ནི་རྫོགས་པའི་བྱང་ཆུབ་འགྲུབ་པའི་ཚུལ་བསྟན་པ་ཡིན་ནོ།རྒྱུ་མིང་འབྲས་ལ་བཏགས་ཚུལ་དང་དྭོགས་གཅོད།ཡང་གསེར་ཕྲེང་ལས།གཉིས་པ་ལ་གཉིས།རྒྱུ་མིང་འབྲས་བུ་དང་།གྲོགས་མིང་གྲོགས་ཅན་ལ་བཏགས་པའོ།།དང་པོ་ནི།འདོད་པ་སེམས་བྱུང་ཡིན་པས་སེམས་བསྐྱེད་མིན་པར་ཐལ་བ་བདེན་མོད་ཀྱི་སྟེ་འདོད་པ་ཡིན་ནོ།།འོ་ན་ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པ་ཅི་ཞེ་ན།འདོད་པ་སེམས་བསྐྱེད་མིན་པ་འོན་ཀྱང་མཚན་ཉིད་ཀྱི་སྐབས་འདིར་དེའི་མིང་གིས་སེམས་བསྐྱེད་ལ་ཉེ་བར་བཏགས་པ་ཙམ་ལ་བརྟེན་པ་ཡིན་པས་སེམས་བྱུང་སེམས་བསྐྱེད་དུ་ཐལ་བའི་ཉེས་པ་མེད་དོ།།ཞེས་བྱུང་སྟེ།འདོད་པ་སེམས་བྱང་ཡིན་པས་སེམས་བསྐྱེད་མིན་པར་བདེན་མོད་ཞེས་པ་ཡབ་སྲས་གསུམ་ཀ་མཐུན་ལ།སེམས་བསྐྱེད་ཀྱི་མཚན་ཉིད་བསྟན་པའི་སྐབས་སུ་མདོ་དང་རྒྱན་ལས།སེམས་བསྐྱེད་ལ་འདོད་པའི་སྒྲས་གསུངས་པ་ནི་དེའི་མིང་གིས་བཏགས་པ་ཙམ་ལས་དངོས་མིན་པས་སེམས་བསྐྱེད་སེམས་བྱུང་དང་།དེ་གཉིས་གཞི་མཐུན་ཐལ་བའི་སྐྱོན་ཅུང་ཟད་ཀྱང་མེད་དོ།།ཞེས་པའོ།།
འདིར་དཔྱད་ན།བུདྡྷཤྲིས་འཕགས་སེང་གི་ལུགས་སུན་ཕྱུང་ནས་འདུན་པ་ཉིད་སེམས་སུ་བཤད་པ་དང་།ཤིནྟ་པས་ནི་སེམས་བསྐྱེད་ཡིད་དང་འདུན་པ་གཉིས་ཀར་འདོད་པ་དང་།རྣམ་བཤད་ལས།འདིར་དོན་དངོས་སུ་ཐེག་ཆེན་སེམས་བསྐྱེད་བསྟན་ནས་དེ་ལ་འདོད་པའི་སྒྲས་བསྟན་པ་ནི་དགོས་པ་ཁྱད་པར་ཅན་གྱི་དོན་དུ་ཡིན་ཏེ།མིང་འདི་ཙམ་གྱིས་འཕངས་པའི་གཞན་དོན་འདོད་པ་དང་།བྱང་ཆུབ་འདོད་པ་གཉིས་ཀྱི་དོན་འདིར་ཤུགས་ལ་བསྟན་པ་ཡིན་ཏེ།ཞེས་འདུན་པ་གཉིས་ཀའི་མིང་གིས་བཏགས་པ་གསུངས་པ་དང་།དེ་ཉིད་ལས།སྐབས་འདིར་དོན་གཉེེར་གྱི་འདུན་པ་བྱང་ཆུབ་དོན་གཉེར་ལ་འཆད་པ་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པའི་རྣམ་གཞག་ཅུང་ཟད་ཀྱང་མི་ཤེས་ཤིང་།འདིར་གདགས་གཞི་དང་བཏགས་ཆོས་གཏན་ལ་ཕབ་པས་ཅི་བྱེད་མ་ཤེས་པ་ཡིན་ནོ།།ཞེས་བྱང་ཆུབ་འདུན་པའི་མིང་གིས་མ་བཏགས་པར་ལྟ་བུ་གསུངས་པ་དང་འགལ་ཞེ་ན།འགའ་ཞིག་གིས།སྐབས་འདིར་ཞེས་པ་ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་པའི་སྐབས་མིན་པ་འགྲེལ་པ་དོན་གསལ་ལས།འོན་ཀྱང་འདིར་དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་དོན་དུ་གཉེར་བ་ཡོད་ན་ཞེས་གསུངས་པའི་སྐབས་ལ་གོ་དགོས་པས་རྣམ་བཤད་ཀྱི་གསུང་སྔ་ཕྱི་མི་འགལ་བའི་སྐྱོན་སྤོང་མཛད་ཀྱང་།འགྲེལ་པ་ལས།རྣམ་པ་གཅིག་ཏུ་ན།ཞེས་དང་།རྣམ་བཤད་ལས།དོན་གཉེར་གྱི་འདུན་པ་གཉིས་ཀྱི་རྣམ་པ་གཅིག་ཏུ་བྱང་ཆུབ་འདོད་གཉེར་གྱི་འདུན་པའི་དབང་དུ་བྱས་ན་ཡང་།ཞེས་གསུངས་པ་དང་།གཞུང་འདིར་ཡང་།ལན་གྱི་རྣམ་པ་གཅིག་ཏུ་ན།ཞེས་གསུངས་པའི་ཚིག་གི་ནུས་པས་ཀྱང་སྔ་མ་ལ་བདེན་ཁ་སྦྱིན་པའི་དྭོགས་པ་ལྷག་པར་སྐྱེས་པས་བརྟག་དགོས།སྐབས་འདིའི་འདུན་པ་གཉིས་ནིགཞན་དོན་དང་བྱང་ཆུབ་དོན་དུ་གཉེར་བ་ཙམ་གྱིས་མི་ཆོག་པར་བློ་བཅོས་མིན་གྱི་མྱོང་ཐོན་པ་ཞིག་དགོས་ལ།རྣམ་བཤད་ལས།དོན་དུ་གཉེར་བྱ་བྱང་ཆུབ་དང་གཞན་དོན་གཉིས་བྱང་ཆུབ་སྔོན་ལ་འབྱུང་ཡང་དེ་གཉིས་དོན་གཉེར་གྱི་བསམ་པ་ནི་གོ་རིམ་ལྡོག་སྟེ་བསྐྱེད་དགོས་པར་ཤེས་པར་བྱའོ།།ཞེས་དང་།གསེར་ཕྲེང་ལས་ཀྱང་།དེ་ནི་སེམས་བསྐྱེད་དང་རྒྱུ་འབྲས་ཡིན་པས་སེམས་བསྐྱེད་ཀྱི་སྔར་འབྱུང་དགོས་པས་སོ།།ཞེས་དེ་གཉིས་སྐྱེས་པའི་རིམ་པ་གསལ་བར་བསྟན་པས་བྱང་ཆུབ་འདུན་པ་སེམས་བསྐྱེད་དང་མཚུངས་ལྡན་ཡིན་དགོས་པ་ལ་རྩོད་པ་མེད་ཅིང་།གཞན་དོན་འདུན་པ་ནི་སྙིང་རྗེ་ཆེན་པོ་དང་དམིགས་རྣམ་གཅིག་པས་དེ་དང་མཚུངས་ལྡན་དུ་འབྱུང་སྟེ།རྣམ་བཤད་ལས།དགེ་བའི་ཆོས་སེམས་ཅན་མཐའ་དག་སྡུག་བསྔལ་དང་བྲལ་བ་ལ་འདུན་པའི་མཚན་ཉིད་ཅན་གྱི་གཞན་དོན་དོན་དུ་གཉེར་བ་ཡོད་ན།ཞེས་དང་།གསེར་ཕྲེང་ལས་ཀྱང་།དེ་ལྟར་གདགས་ཆོས་གཉིས་ལས་རྒྱུར་གྱུར་པའི་འདུན་པ་ནི་གཞན་དོན་ལ་དམིགས་པ་གཞན་སྡུག་བསྔལ་དང་བྲལ་འདོད་ཙམ་ཡིན་གྱི།ཞེས་འདུན་པ་དེ་སེམས་ཅན་མཐའ་དག་སྡུག་བསྔལ་དང་བྲལ་བ་འདོད་པའི་རྣམ་ཅན་ཡིན་པ་ཤིན་ཏུ་གསལ་བར་གསུངས་པས།སྙིང་རྗེ་ཆེན་པོའི་དམིགས་རྣམ་དང་ཆུ་ལ་ཆུ་བཞག་བཞིན་དུ་སོང་མི་འདུག་གམ།རྣམ་བཤད་ལས།གཞན་དོན་ནི་གཞན་རྒྱུད་ཀྱི་མྱང་འདས་ལའོ།།ཞེས་གསུངས་པའི་གཞུང་སྔ་ཕྱི་གུང་བསྒྲིགས་ན་སྙིང་རྗེ་ཆེན་པོ་དང་གཞན་དོན་འདུན་པ་དམིགས་རྣམ་གཅིག་པའི་རིགས་པས་སྙིང་རྗེ་ཆེན་པོའི་འཛིན་སྟངས་ཀྱི་ཡུལ་ནི་གཞན་གྱི་ཐོབ་བྱའི་ཐར་པ་ལ་བཞག་དགོས་པ་ཡང་གསལ་བར་གྲུབ་པ་དང་།ཡང་རྣམ་བཤད་ལས།དེས་ན་འདིར་བསྟན་པའི་སེམས་བསྐྱེད་ལ་ངེས་པར་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་དགོས་པར་ཤེས་པའི་ཆེད་དུ་གཞན་དོན་དོན་གཉེར་གྱི་མིང་གིས་བཏགས་པ་ཡིན་ལ།ཞེས་གསུངས་པས་ཀྱང་དེ་གཉིས་མཚུངས་ལྡན་དང་སྐྱེས་དུས་མཉམ་པ་སོགས་ཀྱིས་ཡིན་པ་གསལ་བ་དང་།ལམ་རིམ་སོགས་ལས་སྙིང་རྗེའི་དམིགས་རྣམ་གཉིས་ཀྱི་རྣམ་པ་རང་སྟེང་དུ་བསམ་ན་ངེས་འབྱུང་གི་བསམ་པ་དང་།སེམས་ཅན་གཞན་གྱི་སྟེང་དུ་བསམ་ན་སྙིང་རྗེ་ཡིན་པ་གསུངས་པས་ཀྱང་ངེས་འབྱུང་གི་བསམ་པ་དང་སྙིང་རྗེ་ཆེན་པོའི་རྣམ་པ་ལ་ཁྱད་པར་མེད་པར་ཤེས་ནུས།དེས་ན་སེམས་ཅན་སྡུག་བསྔལ་དང་བྲལ་ན་ལེགས་པ་དེ་སྙིང་རྗེའི་འཛིན་སྟངས་ཡུལ་ཡིན་པ་འགའ་ཞིག་གི་གསུང་རྒྱུན་ཡོད་པའང་གཞུང་ལུགས་ཆེན་པོའི་རྒྱབ་རྟེན་གང་ཡོད་བརྟག་དགོས་ཤིང་།ཡང་སྙིང་རྗེའི་སྐད་དོད་ཀ་རི་ཎ་ཞེས་པ་བདེ་འགོག་ལ་འཇུག་པས་སེམས་ཅན་གྱི་སྡུག་བསྔལ་འདིའི་འཛིན་སྟངས་ཡུལ་དུ་བྱེད་པར་སྔོན་གྱི་བློ་གླིང་མཁས་པ་འགའི་གསུང་རྒྱུན་ཡོད་པ་ཡང་སྔར་གྱི་གཞུང་འདི་དག་དང་མཐུན་མིན་ཕྱོགས་སུ་མ་ལྷུང་བ་གཟུར་གནས་བློས་གཞལ་དགོས།ཡང་གསེར་ཕྲེང་ལས།དངོས་མིན་བཞིན་དུ་འདོགས་པ་ལ་ཡང་ཆོས་གསུམ་ཚང་དགོས་པས།ཆོས་གསུམ་གང་ཞེ་ན།འདི་ལ་གསུམ་ལས་འདོགས་པའི་རྒྱུ་མཚན་ནི།འདྲ་བ་རྒྱུ་མཚན་དུ་བྱས་པ་མི་བླུན་པོ་ལ་བ་ལང་ཞེས་བརྗོད་པ་དང་།འབྲེལ་བ་རྒྱུ་མཚན་དུ་བྱས་པ་ལ་གསུམ།ཡན་ལག་དང་ཡན་ལག་ཅན་དང།་།བརྗོད་བྱ་དང་རྗོད་བྱེད་དང་།རྒྱུ་དང་འབྲས་བུར་འབྲེལ་བའོ།།དེ་ལ་དང་པོ་ནི།རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་དང་།གཉིས་པ་ནི།ཤེར་ཕྱིན་བརྗོད་བྱ་བྱེད་པའི་མདོ་ལ་ཤེར་ཕྱིན་ཞེས་པ་དང་།གསུམ་པ་ལ་ཡང་རྒྱུ་ལ་འབྲས་བུ་དང་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པ་གཉིས་སོ།།
དང་པོ་ནི།ལོ་མ་ལ་ཚོད་མ་ཞེས་དང་།ད་ལྟར་གྱི་སྡུག་བསྔལ་ལ་སྔོན་གྱི་ལས་ཞེས་བརྗོད་པ་རྣམས་ལས་འདིར་ནི་ཕྱི་མའོ།།ཞེས་བྱུང་སྟེ།གཞི་དེ་དངོས་མིན་བཞིན་དུ་དེའི་མིང་གིས་བཏགས་ན་འདོགས་པའི་རྒྱུ་མཚན་དང།བཏགས་པའི་དགོས་པ།དངོས་ལ་གནོད་བྱེད་དང་གསུམ་ཚང་དགོས་པས།དང་པོ་ནི།སྤྱིར་འདོགས་པའི་རྒྱུ་མཚན་ལ་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དང་།འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་གཉིས་ལས།དང་པོ་ནི།མི་བླུན་པོ་ལ་བ་ལང་ཞེས་བཏགས་པ་དང་།ཁྱེའུ་ཁ་ཆེ་སྣ་ཉག་ལ་སེང་གེ་ཞེས་བཏགས་པ་ནི་དེ་དག་ཤིན་ཏུ་འདྲ་བའི་གནད་ཀྱིས་སོ།།འདི་དག་ནི་གདགས་བྱ་དང་འདོགས་རྒྱུ་འདྲ་བ་ཙམ་ལས་འབྲེལ་བ་གཏན་ནས་མེད།འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ལ།འབྲེལ་བའོ་ཞེས་པ་མཐའི་གསལ་བྱེད་ཡིན་པས་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་དང་།བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་དང་།རྒྱུ་དང་འབྲས་བུའི་འབྲེལ་བའོ་ཞེས་གོང་མ་གཉིས་ལའང་སྦྱོར་རོ།།དང་པོ་ནི།རས་ཡུག་གི་ཕྱོགས་གཅིག་ནི་དེའི་ཆ་ཤས་སམ་ཡན་ལག་དང།རས་ཡུག་ནི་ཆ་བཅས་སམ་ཡན་ལག་ཅན་ཡིན་པས་རས་ཡུག་གི་ཕྱོགས་གཅིག་མེས་ཚིག་པ་ན་རས་ཡུག་ཚིག་ཞེས་བརྗོད་པ་ནི་ཡན་ལག་ཅན་གྱི་མིང་ཡན་ལག་ལ་བཏགས་པའོ།།གཉིས་པ་ནི།ལམ་འབྲས་ཀྱི་ཤེར་ཕྱིན་གཉིས་ནིགཞུང་ཤེར་ཕྱིན་གྱི་བརྗོད་བྱ་དང་།གཞུང་ཤེར་ཕྱིན་ནི་དེ་གཉིས་རྗོད་བྱེད་ཀྱི་ཚིག་ཡིན་པས་གཞུང་ཤེར་ཕྱིན་ལ་ཤེར་ཕྱིན་ཞེས་བརྗོད་པ་ནི་བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་པའོ།།གསུམ་པ་ལ།འབྲས་མིང་རྒྱུ་ལ་བཏགས་པ་དང་།རྒྱུ་མིང་འབྲས་ལ་བཏགས་པ་གཉིས་ལས་དང་པོ་ནི།ལོ་མ་ནི་ཚོད་མའི་རྒྱུ་ཡིན་པས་ད་དུང་ཚོས་མ་ཟིན་པས་ཚོད་མ་དངོས་མིན་ཀྱང་དེ་ལ་ཚོད་མ་ཞེས་བརྗོད་པ་ནི་འབྲས་མིང་རྒྱུ་ལ་བཏགས་པའོ།།གཉིས་པ་ནི།ད་ལྟ་རང་ཅག་རྣམས་ཀྱིས་མྱོང་བཞིན་པའི་སྡུག་བསྔལ་ནི་སྔོན་གྱི་ལས་ངན་པའི་འབྲས་བུ་ཡིན་པས་འདི་ཉིད་མི་དགེ་བའི་ལས་གཏན་ནས་མིན་ཀྱང་མྱོང་བའི་སྡུག་བསྔལ་ལ་དམིགས་ནས་འདི་ནི་ཚེ་རབས་སྔོན་མའི་ལས་རེད་ཅེས་བརྗོད་པ་ནི་རྒྱུ་མིང་འབྲས་ལ་བཏགས་པའོ།།དེ་ལྟར་དངོས་མིན་པའི་འདོགས་ཚུལ་མང་དུ་ཡོད་པ་ལས་སེམས་བསྐྱེད་ལ་གཞན་དོན་གཉེར་གྱི་འདོད་པའི་མིང་གིས་བཏགས་པ་ནི་ཕྱི་མ་སྟེ་རྒྱུ་མིང་འབྲས་ལ་བཏགས་པ་འདི་ཡིན་ནོ།།ཞེས་པའོ།།འདིར་དཔྱད་ན།བ་ལང་ཞེས་པ་ནོག་དང་ལྐོག་ཤ་ཅན་གྱི་ཕོ་མོ་སྤྱིའི་མིང་དང་།བ་གླང་ཞེས་པ་སེམས་ཅན་སོ་སོར་བརྗོད་པའི་མིང་ཡིན་པ་ཡང་ཤེས་དགོས་སོ།།བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་པ་འདི་འབྲེལ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་ཡིན་ན་དེ་གཉིས་འབྲེལ་ཡོད་དགོས་པས།རྣམ་འགྲེལ་ལས།སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ།།མེད་ན་མི་འབྱུང་ཉིད་མེད་ཕྱིར།།ཞེས་པ་དང་།སྨྲ་བ་པོ་ཡི་བྱེད་པའི་ཡུལ།།དེ་གང་བློ་ལ་རབ་གསལ་བ།།དེ་ལ་སྒྲ་ནི་ཚད་མ་ཉིད།།དོན་གྱི་དེ་ནི་རྒྱུ་ཅན་མིན།།ཞེས་གསུངས་པའི་དོན་དང་འགལ་མིན་བརྟག་དགོས།རྣམ་འགྲེལ་ལས།སྒྲ་ནི་བརྗོད་འདོད་རྗེས་འགྲོ་ཕྱིར།།ཞེས་གསུངས་པ་ལྟར།ད་ལྟའི་སྡུག་བསྔལ་ལ་སྔོན་གྱི་ལས་ཞེས་བརྗོད་པ་ནི་སྡུག་བསྔལ་འདི་ལྟར་མྱོང་དགོས་པར་སྔོན་གྱི་ལས་ཀྱི་འབྲས་བུ་ཡིན་ཞེས་བརྗོད་འདོད་ནས་སྨྲས་པ་ཡིན་ཞིང་།སྡུག་བསྔལ་རང་ཉིད་སྔོན་གྱི་ལས་ཡིན་ཞེས་བརྗོད་འདོད་པ་ནི་གཏན་ནས་མིན་པར་རང་གི་མྱོང་བ་ལ་དཔགས་ཀྱང་ཤེས་པས་འདི་རྒྱུ་མིང་འབྲས་ལ་བཏགས་ཚུལ་ཇི་ལྟར་ཡིན་དཔྱད་དགོས་པར་སྣང་།ཡང་གསེར་ཕྲེང་ལས།དེ་ཡང་འགྲོ་བ་མགོན་མེད་པར་སྡུག་བསྔལ་གྱི་རྒྱ་མཚོ་ནུབ་པ་ལ་དམིགས་ནས་དེ་དག་འདོན་པར་འདོད་པའི་བསམ་པའི་ཆོས་གཞན་དོན་ལ་འདུན་པའི་མཚན་ཉིད་ཅན་གྱི་དོན་དུ་གཉེར་བའི་འདུན་པ་ཡོད་ན་དེ་རྒྱུར་ཡོད་པ་ལ་བརྟེན་ནས་དེ་དག་གི་ཕྱིར་དུ་འཚང་རྒྱ་བར་འདོད་པའི་འབྲས་བུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་སྐྱེ་བས་ན་རྒྱུ་འདོད་པས་འབྲས་བུ་སེམས་བསྐྱེད་ལ་བཏགས་ནས་བསྟན་ནོ།།ཞེས་བྱུང་སྟེ།འདིས་ནི་སེམས་བསྐྱེད་ལ་གཞན་དོན་དོན་གཉེར་གྱི་མིང་གིས་འདོགས་པའི་རྒྱུ་མཚན་བསྟན་ཏེ།སྡུག་བསྔལ་གྱི་རྒྱ་མཚོར་ནུབ་པའི་འགྲོ་བ་མགོན་མེད་པ་ནི་གཞན་དོན་འདུན་པའི་དམིགས་པ་དང་།དེ་དག་འདོན་པར་འདོད་པ་ཞེས་པས་རྣམ་པ་དང་།བསམ་པའི་དགེ་བའི་ཆོས་ཞེས་པ་ནས་འདུན་པ་ཡོད་ན་ཞེས་པའི་བར་གྱིས་རང་གི་ངོ་བོ་བསྟན་ལ།དེ་ལྟ་བུ་འདུན་པ་ཡོད་ན་དེའི་རྩ་བ་བྱས་པ་ལས་སེམས་བསྐྱེད་རང་རྒྱུད་ལ་གདོན་མི་ཟ་བ་ངེས་པར་སྐྱེ་བས་ན་དེའི་རྒྱུ་མཚན་དང་དེ་ཤེས་ཕྱིར་དུ་སེམས་བསྐྱེད་ལ་དེའི་མིང་གིས་བཏགས་པ་ཡིན་ནོ།།མདོར་ན་རྣམ་བཤད་གོང་དུ་དྲངས་ཟིན་ལྟར་སེམས་བསྐྱེད་པ་ལ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་དགོས་པར་ཤེས་པ་དང་།སྙིང་རྗེ་ཆེན་པོ་སྐྱེས་ན་དེའི་རྩ་བ་བྱས་པ་ལས་སེམས་བསྐྱེད་ངེས་པར་སྐྱེ་བས་དེ་ཤེས་ཕྱིར་བཏགས་པས་ཡབ་སྲས་ཀྱི་དགོངས་པ་གཅིག་ཏུ་མངོན་ཏེ།ལམ་རིམ་ཆེན་མོ་ལས།ཐེག་ཆེན་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ་དང་།རྒྱུ་འབྲས་གཞན་དེའི་རྒྱུ་དང་འབྲས་བུར་འགྱུར་ཚུལ་ལོ།།ཞེས་གསུངས་པས་སོ།།
ཡང་གསེར་ཕྲེང་ལས།བཏགས་པའི་དགོས་པ་ནི།འདུན་པ་རྒྱུར་ཡོད་ན་སེམས་བསྐྱེད་སྐྱེ་བ་དེ་ལྟར་གཞན་དོན་དང་བྱང་ཆུབ་ལ་འདུན་ཞིང་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་ཐམས་ཅད་རྣམ་པར་འཕེལ་འགྱུར་རོ།།ཞེས་ཤེས་པར་བྱ་བའི་ཕྱིར་དུ་བཏགས་ཏེ་འདུན་པ་དང་པོའི་རྒྱུར་ཤེས་པའི་ཕྱིར་རོ།།དངོས་ལ་གནོད་བྱེད་ནི།སེམས་བསྐྱེད་ནི་འདུན་པ་དངོས་མ་ཡིན་ཏེ་སེམས་ཡིན་པས་སོ།།ཞེས་སྦྱར་ཏེ།དེ་ནི་བདེན་མོད་ཀྱིས་བསྟན་པར་ཡང་རུང་ངོ་།།ཞེས་བྱུང་སྟེ།གཞན་དོན་འདུན་པ་རྒྱུར་ཡོད་ན་སེམས་བསྐྱེད་ངེས་པར་སྐྱེ་བ་གོང་དུ་བཤད་པར་དེ་བཞིན་དུ་སྤྱོད་པའི་རྟེན་སེམས་བསྐྱེད་མ་ཟད་སྦྱིན་སོགས་ཀྱི་སྤྱོད་པས་བསྡུས་པའི་དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་རོ་ཞེས་པའི་ཤེས་པའི་ཕྱིར་ཡང་བཏགས་པ་སྟེ།དེ་ལྟར་བཏགས་པ་ལ་བརྟེན་ནས་གཞན་དོན་འདུན་པ་དེ་ཉིད་སྤྱོད་པའི་རྟེན་སེམས་བསྐྱེད་དང་སྤྱོད་པས་བསྡུས་པའི་དགེ་བའི་ཆོས་མཐའ་དག་གི་དང་པོའི་རྒྱུར་ཏེ་རྩ་བ་དང་རྒྱུའི་གཙོར་ཤེས་པའི་ཕྱིར་རོ།།ཞེས་པའི་དོན་དང་།འགའ་ཞིག་གིས་འདུན་པ་དང་པོ་རྒྱུར་ཤེས་པའི་ཕྱིར་རོ།།ཞེས་འབྲེལ་སྒྲ་བཏོན་ནས་འདུན་པ་དང་པོ་སྟེ་གཞན་དོན་འདུན་པ་དེ་ཉིད་དེ་དག་གི་རྒྱུར་ཤེས་པར་སྦྱར་བ་ཡང་སྣང་མོད་ཡིད་ཆེས་པའི་གནས་ནི་སྔ་མ་ཉིད་དོ།།དོན་གསལ་ལས།བདེན་མོད་ཀྱི།ཞེས་པས་འདུན་པ་གཉིས་ཀ་བཏགས་པའི་དངོས་ལ་གནོད་བྱེད་བསྟན་ཏེ།སེམས་བསྐྱེད་ཡིན་ན་སེམས་བྱུང་མིན་པར་ཐལ་བ་དེ་ནིབདེན་མོད་ཀྱིས་ཏེ་ཚིག་གིས་བསྟན་པའི་དོན་ཡིན་པས་སེམས་བསྐྱེད་འདུན་པ་དངོས་ཡིན་པ་ལ་གནོད་བྱེད་བསྟན་པ་ཡིན་ནོ།།ཡང་སྒྲས་འོག་མའི་དངོས་ལ་གནོད་བྱེད་བསྡུ་བར་མཁས་འགས་བཤད་ཀྱང་ཚིག་ཙམ་ལའང་མ་འབྱོར་བའི་བཤད་པ་སྟེ།དེ་ཡང་བདེན་མོད་ཀྱིས་བསྟན་པ་རུང་ཞེས་མ་གསུངས་པར་དེ་ནི་བདེན་མོད་ཀྱིས་བསྟན་པར་ཡང་རུང་ངོ་།།ཞེས་གསུངས་པས་སེམས་བསྐྱེད་ཡིན་ན་སེམས་བྱུང་མ་ཡིན་དགོས་པར་ཚིག་གཞན་གྱིས་བསྟན་པ་མ་ཟད་འདིས་ཀྱང་ཞེས་པའི་དོན་ཏེ།ཆོས་དང་པོ་གཉིས་བསྟན་པའི་འགྲེལ་ཚིག་གིས་ཤུགས་ལ་བསྟན་པ་མ་ཟད་བདེན་མོད་་ཀྱི་ཞེས་པའི་གཞུང་འདིས་ཀྱང་ངོ་།།ཞེས་པའི་དོན་ནོ།།མཁས་པ་ཕལ་མོ་ཆེས་བཏགས་མིང་ལ་འདྲ་འབྲེལ་གང་རུང་དགོས་པར་བཤད་ཀྱང་།པཎ་ཆེན་མཆོག་གིས་བཏགས་མིང་ལ་འདྲ་འབྲེལ་གང་རུང་མི་དགོས་པར་དཔེར་ན་ཡུལ་མི་རྒན་པོ་ལ་སྤྱི་གཙོ་བོ་ཞེས་པའི་མིང་བཏགས་པ་འདི་ཡིན་པར་གསུངས།གྲོགས་མིང་གྲོགས་ཅན་ལ་བཏགས་ཚུལ་དང་དྭོགས་གཅོད།ཡང་གསེར་ཕྲེང་ལས།གཉིས་པ་ནི།ལན་གྱི་རྣམ་པ་གཅིག་ཏུ་ན་སྨོན་ལམ་དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་ལ་ནི་སྨོན་ལམ་དེའི་སྒྲར་བཏགས་ནས་བསྟན་ནོ།།སྨོན་ལམ་དེ་ཡང་ཅི་འདྲ་ཞིག་ཅེ་ན།སྨོན་ལམ་ནི་དོན་དུ་གཉེར་བ་སྟེ་དེ་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་དོ།།བཏགས་པའི་རྒྱུ་མཚན་ནི།སེམས་བསྐྱེད་པའི་གནས་སྐབས་ན་གྲོགས་དོན་གཉེར་གྱི་འདུན་པ་གཙོ་བོར་གྱུར་པའི་ཕྱིར་ཏེ།དེ་ནི་སེམས་བསྐྱེད་མ་སྐྱེས་པ་སྐྱེད་པ་དང་།སྐྱེས་ཟིན་འཕེལ་བར་བྱེད་པའི་ཕྱིར་རོ།།དེ་ཡང་འཇིག་རྟེན་ན་རྒྱལ་པོ་འཁོར་བཅས་འགྲོ་བ་ན་གཙོ་བོ་ཡིན་པས་རྒྱལ་པོ་གཤེགས་སོ་ཞེས་ཟེར་གྱི་འཁོར་མི་སྨོས་པ་བཞིན་ནོ།།རྒྱུ་མཚན་འདི་ནི་འགྲེལ་པ་གཉིས་ཀའི་དགོངས་པའོ།།ཞེས་བྱུང་སྟེ།ལན་གྱི་རྣམ་པ་གཞན་ཞིག་ལ།སྨོན་ལམ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་ནི་དེ་དང་མཚུངས་པ་ལྡན་པའི་དོན་ཡིན་ལ།སྨོན་ལམ་ནི་འདུན་པར་འཇོག་དགོས་པར་འགྲེལ་པ་དང་།འགྲེལ་བཤད་རྣམས་ལས་འབྱུང་ཞིང་།དེའི་མིང་གིས་སེམས་བསྐྱེད་ལ་བཏགས་པ་ཡིན་ནོ།།འདོགས་པའི་རྒྱུ་མཚན་ནི་བྱང་ཆུབ་འདུན་པ་ནི་སེམས་བསྐྱེད་མ་བསྐྱེད་པ་སྐྱེད་སྐྱེས་ཟིན་འཕེལ་བར་བྱེད་པས་ན་སེམས་བསྐྱེད་དང་མཚུངས་ལྡན་ཀུན་ལས་དེ་ཉིད་གཙོ་བོ་ཡིན་པའི་ཕྱིར།སེམས་བསྐྱེད་བརྗོད་པ་ན་དེའི་མིང་གིས་བཏགས་ནས་བརྗོད་པའོ།།དཔེར་ན་རྒྱལ་པོ་ལམ་དུ་གཤེགས་པ་ན་དཔུང་གི་ཚོགས་མང་པོ་བཅས་ཏེ་གཤེགས་ཀྱང་གཙོ་རང་ཉིད་ཡིན་པས་རྒྱལ་པོ་གཤེགས་སོ་ཕེབས་སོ་གདན་ལ་འཁོད་དོ།།ཞེས་བརྗོད་པ་ལས་འཁོར་ལ་དེ་སྐད་མི་བརྗོད་པའི་ཕྱིར་རོ།།འདོགས་པའི་རྒྱུ་མཚན་བཤད་མ་ཐག་པ་ནི་འགྲེལ་པ་ཆེ་ཆུང་གཉིས་ཀའི་དགོངས་པ་ཡིན་ནོ།།ཞེས་པའོ།།འདིར་དཔྱད་ན།དོན་གསལ་ལས།སྨོན་ལམ་ནི་དོན་དུ་གཉེར་བ་སྟེ།ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ལ།ཞེས་པའི་གཞུང་དོན་ཡབསྲས་གསུམ་ཀས་སྨོན་ལམ་འདུན་པར་གསུངས་ཏེ་གྲོགས་མིང་གྲོགས་ཅན་བཏགས་ཚུལ་བཀྲལ་ཡང་།མདོ་སྡེ་རྒྱན་ལས།དམ་པ་རྣམས་ཀྱི་སྨོན་ལམ་ནི།།སེམས་པ་འདུན་དང་བཅས་པའོ།།ཞེས་གྲོགས་འདུན་པ་དང་ལྡན་པའི་སེམས་པ་སྨོན་ལམ་དུ་བཤད་པས།འདུན་པ་སྨོན་ལམ་དང་མཚུངས་ལྡན་ཡིན་ན་དེ་སྨོན་ལམ་དུ་ཇི་ལྟར་རིགས།སེམས་གཅིག་གི་འཁོར་དུ་འདུན་པ་གཉིས་འབྱུང་ན་རྗས་མཚུངས་ཉམས་པའི་སྐྱོན་དུ་ཡང་འགྱུར་བས་དབུ་སེམས་ཀྱི་ལུགས་སོ་སོར་ཡིན་པ་སྨྲ་དགོས་སམ་དཔྱད།
རྗེའི་ལེགས་བཤད་གསེར་ཕྲེང་ལས་སེམས་བསྐྱེད་སེམས་པར་འདོད་པ་མདོ་རྒྱན་དབྱིག་འགྲེལ་གྱི་དགོངས་པ་དང་།སྨོན་ལམ་འདོད་པ་ཐོགས་མེད་ཀྱི་བྱང་སའི་དགོངས་པ་དང་།སེམས་པ་དང་སྨོན་ལམ་གཉིས་ཀར་བྱམས་པའི་མདོ་སྡེ་རྒྱན་གྱི་དགོངས་པ་བྱས་ཏེ་སྐུ་མཆེད་གཉིས་ཀྱིས་སེམས་བསྐྱེད་འདོད་ཚུལ་འཕགས་སེང་གཉིས་དང་མི་འདྲ་བར་བྱས་ཀྱང་།སྲས་གཉིས་ཀྱི་གཞུང་ན་འདིའི་དོན་མི་གསལ་ཞིང་།པཎ་ཆེན་ཐམས་ཅད་མཁྱེན་པས་འཕགས་སེང་གི་ལུགས་ལ་འདུན་པའི་མིང་གིས་བཏགས་པ་བཞིན་སྐུ་མཆེད་ལུགས་ལའང་སེམས་པ་དང་སྨོན་ལམ་གྱི་མིང་གིས་བཏགས་པར་བཞེད་པས་སེམས་བསྐྱེད་རྣམ་ཤེས་སུ་མི་མཐུན་པ་མེད་པར་གསུངས།ཤིན་ཏུ་བརྟག་དགོས་པ་ཞིག་ལ་མདོ་སྡེ་རྒྱན་ལས།དམ་པ་རྣམས་ཀྱི་སྨོན་ལམ་ནི།།སེམས་པ་འདུན་དང་བཅས་པའོ།།ཞེས་པས་སེམས་བསྐྱེད་སྨོན་ལམ་དང་སེམས་པར་བསྟན་ན་སླར་ཡང་གཞུང་དེར།དོན་གཉིས་ལྡན་པའི་སེམས་འབྱུང་བ།།ཞེས་པས་སེམས་བསྐྱེད་ལ་སེམས་ཡིན་དགོས་པའི་ཁུངས་སུ་འཕགས་སེང་གིས་བཀོད་པ་ཇི་ལྟར་རིགས།འདི་མདོ་རྒྱན་དབྱིག་འགྲེལ་ལས།ཡོན་ཏན་གསུམ་དང་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་ནི་སེམས་བསྐྱེད་པའོ།།ཞེས་སེམས་པའི་རང་བཞིན་དུ་བཀྲལ་བ་ལས་སེམས་སུ་མ་བཤད་པས་བྱམས་པའི་མདོ་སྡེ་རྒྱན་གྱི་ཚིག་སྔ་ཕྱི་ལ་སེམས་བསྐྱེད་སེམས་པ་དང་རྣམ་ཤེས་ཡིན་གསུངས་པའི་ནང་འགལ་ཇི་ལྟར་སྤོང་།ཡང་འདུན་པ་སེམས་བསྐྱེད་དང་ལྷན་ཅིག་སྤྱོད་པ་སྟེ་མཚུངས་ལྡན་གསུངས་པ་དང་།གསེར་ཕྲེང་ལས།བྱང་ཆུབ་ལ་མི་དམིགས་ཏེ།དེ་ནི་སེམས་བསྐྱེད་དང་རྒྱུ་འབྲས་ཡིན་པས་སེམས་བསྐྱེད་ཀྱི་སྔར་འབྱུང་དགོས་པས་སོ།།ཞེས་པའི་རྒྱུ་མཚན་འགྲོ་ཚུལ་གྱིས་འདུན་པ་གཉིས་པ་སེམས་བསྐྱེད་ཀྱི་སྔར་མེད་པར་གསུངས་པ་དང་།ཡང་འདོགས་པའི་རྒྱུ་མཚན་ལ་དེས་སེམས་བསྐྱེད་མ་བསྐྱེད་པ་སྐྱེད་པར་བྱེད་པ་བཤད་པས་དེ་ཉིད་སེམས་བསྐྱེད་ཀྱི་རྒྱུ་དུས་ནས་གྲུབ་དགོས་པར་ལྟ་བུ་ཡང་གསུངས་པ་གཉིས་མི་འགལ་ཚུལ་དང་།སེམས་བསྐྱེད་ལ་འདུན་པའི་མིང་གིས་འདོགས་པའི་རྒྱུ་མཚན་འདུན་པ་གཙོ་བོ་ཡིན་པའི་གནད་ཀྱིས་གསུངས་པ་དང་།འོན་ཀྱང་སེམས་གཙོ་བོ་དང་སེམས་བྱུང་འཁོར་ཡིན་པ་གསུང་རབ་སྤྱི་སྐད་ལ་གནས་པ་དང་ཇི་ལྟར་མི་འགལ།གཙོ་བོ་ཡིན་ཚུལ་མཚུངས་ལྡན་སེམས་བྱུང་གི་ནང་ནས་འདུན་པ་གཙོ་བོར་གསུངས་པ་ལས་སེམས་དང་སེམས་བྱུང་གཉིས་ལས་འདུན་པ་གཙོ་བོའི་དོན་མིན་ནོ་ཞེ་ན།དེ་ནི་ཆེས་ཤིན་ཏུ་མི་རིགས་ཏེ།འདི་ནི་སེམས་བསྐྱེད་ལ་འདུན་པའི་མིང་གིས་བཏགས་པའི་ཚུལ་བཤད་ཀྱི་སེམས་བྱུང་གཞན་ལ་འདུན་པའི་མིང་གིས་བཏགས་པའི་ཚུལ་མིན་པས་སེམས་བསྐྱེད་བསྟན་པ་ན་མདོ་བསྟན་བཅོས་ལས་འདུན་པའི་མིང་གིས་བསྟན་པ་ནི་དེ་གཉིས་ཀྱི་གཙོ་བོ་འདུན་པ་ཡིན་པའི་གནད་ཀྱིས་དེ་ལྟར་བསྟན་དགོས་ཞེས་བཤད་དགོས་པས།ཁྱོད་ཀྱིས་བཤད་པ་ལྟ་ན་ནི་སྐབས་འདིའི་རྩོད་ལན་འབྲེལ་མེད་དུ་འགྱུར་བས་སོ།།དེས་ན་སེམས་དང་སེམས་བྱུང་གི་གཙོ་འཁོར་བྱས་ཚེ་སེམས་གཙོ་དང་།ཡུལ་དོན་དུ་གཉེར་བའི་སྐབས་སུ་སེམས་སེམས་བྱུང་ཀུན་ལས་འདུན་པ་གཙོ་བོ་ཡིན་ཞེས་བཤད་ན་གཞུང་གི་དགོངས་པ་སོང་མིན་བརྟགཡང་གསེར་ཕྲེང་ལས།བཏགས་པའི་དགོས་པ་ནི།སྨོན་ལམ་དང་སེམས་བསྐྱེད་ལྷན་ཅིག་སྤྱོད་པ་དེ་ལྟར་ན་བྱང་སེམས་དེ་ལ་སྨོན་ལམ་དང་ལྡན་པའི་སེམས་དེ་སྐྱེའོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ།།དེ་ལྟར་གདགས་ཆོས་གཉིས་ལས་རྒྱུར་གྱུར་པའི་འདུན་པ་ནི་གཞན་དོན་དམིགས་པ་གཞན་སྡུག་བསྔལ་དང་བྲལ་འདོད་ཙམ་ཡིན་གྱི་བྱང་ཆུབ་ལ་མི་དམིགས་ཏེ།དེ་ནི་སེམས་བསྐྱེད་དང་རྒྱུ་འབྲས་ཡིན་པས་སེམས་བསྐྱེད་ཀྱི་སྔར་འབྱུང་དགོས་པས་སོ།།གལ་ཏེ་དེ་གཉིས་མཚུངས་ལྡན་རྒྱུ་འབྲས་ཡིན་པས་དུས་མཉམ་མོ་ཞེ་ན།
དེ་ལྟ་ན་ལན་འོག་མ་དང་ཁྱད་མེད་དུ་འགྱུར་བས་སོ།།ཞེས་བྱུང་སྟེ།སེམས་བསྐྱེད་ལ་བྱང་ཆུབ་འདུན་པའི་མིང་གིས་བཏགས་པའི་དགོས་པ་ནི།བྱང་ཆུབ་སེམས་དཔའ་རྣམས་ལ་སྨོན་ལམ་སྟེ་འདུན་པ་དེ་དང་མཚུངས་པ་ལྡན་པའི་སེམས་དེ་སྐྱེའོ་ཞེས་ཤེས་པའི་ཆེད་དུ་ཡིན་ནོ།།རྣམ་བཤད་ལས་ཀྱང་དེ་ཁོ་ན་བཞིན་དུ་གསུངས།དངོས་ལ་གནོད་བྱེད་ནི་སྔར་བཤད་པ་དེ་ཉིད་ཀྱིས་བསྟན་ཏོ།།གདགས་ཆོས་ལ་འདུན་པ་གཉིས་ཡོད་པའི་རྒྱུ་གྱུར་པའི་གཞན་དོན་འདུན་པ་ནི་སྙིང་རྗེ་ཆེན་པོ་དང་མཚུངས་ལྡན་ཡིན་པས་གཞན་སྡུག་བསྔལ་དང་བྲལ་འདོད་ཙམ་ཡིན་གྱི་དེས་རང་གི་ཐོབ་བྱའི་རྫོགས་བྱང་ལ་མི་དམིགས་ཏེ།དེ་ལྟ་ན་བྱང་ཆུབ་འདུན་པ་ཡང་སེམས་བསྐྱེད་ཀྱི་སྔར་ཡོད་དགོས་པ་ལས་དེ་མེད་པས་སོ།།གལ་ཏེ་གཞན་དོན་འདུན་པ་སེམས་བསྐྱེད་ཀྱི་རྒྱུར་འགྲེལ་པ་རྣམས་ལས་བཤད་ཀྱང་མི་གནོད་དེ།དེ་ནི་མཚུངས་ལྡན་གྱི་རྒྱུ་འབྲས་ལ་དགོངས་པས་དུས་མཉམ་པའི་སྒྲུབ་བྱེད་ལས་ལྡོག་པའི་སྒྲུབ་བྱེད་མིན་པས་དུས་མཉམ་མོ་ཞེ་ན།དེ་ནི་མི་འཐད་དེ།དེ་ལྟ་ན།འགྲེལ་པ་རྣམས་ལས་གཞན་དོན་འདུན་པའི་མིང་གིས་བཏགས་པའི་རྩོད་ལན་གྱི་འོག་ཏུ་བྱང་ཆུབ་འདུན་པའི་མིང་གིས་བཏགས་པའི་རྩོད་ལན་ལོགས་སུ་བྱས་པ་མི་རིགས་ཏེ།འདུན་པ་དང་པོ་སེམས་བསྐྱེད་དང་མཚུངས་ལྡན་དུ་གྱུར་ན་འདུན་པ་གཉིས་པར་འགྱུར་བས་རྩོད་ལན་དང་པོ་ཡང་རྩོད་ལན་གཉིས་པ་དང་ཁྱད་མེད་དུ་་འགྱུར་བས་གཉིས་པ་ལོགས་སུ་བྱེད་པ་དོན་མེད་དུ་ཐལ་ལོ།།ཞེས་པའོ།།ཡང་གསེར་ཕྲེང་ལས།གལ་ཏེ་འདུན་པ་དེ་གཞན་གྱི་ཆེད་དུ་བྱང་ཆུབ་ལ་དམིགས་པར་གསུངས་པ་ཉིད་རྩོད་གཞི་ཡིན་པས་རྒྱུ་འདུན་པས་བྱང་ཆུབ་ལ་དམིགས་སོ་ཞེ་ན།རྒོལ་བའི་བསམ་པ་ནི་འདོད་པ་བཤད་པ་ལ་དེ་ཡིན་ན་སེམས་བྱུང་ཡིན་པས་སེམས་དང་སེམས་བྱུང་འགལ་སྙམ་པ་ཡིན་གྱི།ཡུལ་གཞན་དོན་དང་བྱང་ཆུབ་ལ་འདུན་ན་སེམས་བྱུང་དང་ཡུལ་གཞན་ན་སེམས་བྱུང་མིན་པར་རྩོད་པ་མིན་ནོ།།བཏགས་ཆོས་གཉིས་པ་ནི་གྲོགས་སུ་གྱུར་པའི་སྨོན་ལམ་སྟེ།དེ་ནི་གཞན་གྱི་ཆེད་དུ་རྫོགས་བྱང་ལ་དམིགས་པ་མིན་ནོ།།དེ་ལྟར་ན་རྩོད་ལན་གཉིས་ཀའི་སྐབས་སུ་སེམས་དང་སེམས་བྱུང་རྫས་ཐ་དད་པར་འདོད་པ་སྣང་ཞིང་ཐོགས་མེད་སྐུ་མཆེད་ལ་སོགས་པ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དུ་མས་ཀྱང་དེ་ལྟར་བཀྲལ་ལོ།།ཚུལ་འདི་ལ་བརྗོད་པར་བྱ་བ་དུ་མ་ཞིག་ཡོད་མོད་ཡི་གེ་མངས་བས་འཇིགས་ནས་མ་བྲིས་སོ།།ཚིག་གསལ་ལས།སེམས་བསྐྱེད་དེ་འདུན་པ་དང་སྙིང་རྗེ་གཉིས་དང་མཚུངས་ལྡན་ཡིད་བཞིན་དུ་འདུན་པ་ཉིད་དང་མཚུངས་ལྡན་དུ་བཤད་པའི་རྒྱུ་མཚན་ཅི་ཞེས་པའི་ལན་དུ་འཆད་པ་ནི་དགོངས་པ་མི་སྣང་ངོ་།།ཞེས་བྱུང་སྟེ།འགྲེལ་པ་ལས།ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་ཞེས་པ་ནས་སེམས་བསྐྱེད་པ་ཡིན་པ་འགྱུར་ཞེ་ན།ཞེས་པའི་ཕྱོགས་སྔའི་རྩོད་གཞི་ནི།འདུན་པ་གཉིས་ཀྱིས་བྱང་ཆུབ་ལ་དམིགས་པས་སེམས་བྱུང་ཡིན་དགོས་སྙམ་པ་འདི་ཉིད་ཡིན་པས།རྒྱུ་འདུན་པས་ཀྱང་བྱང་ཆུབ་ལ་དམིགས་དགོས་སོ་ཞེ་ན།རྒོལ་བ་སྟེ་གོང་གི་ཕྱོགས་སྔ་མའི་བསམ་པ་ནི་མདོ་དང་རྒྱན་རྩ་བར་འདོད་པའི་སྒྲས་བསྟན་པས་འདོད་པ་ཡིན་ན་སེམས་བྱུང་ཡིན་དགོས་པས་སེམས་བསྐྱེད་དུ་འགལ་སྙམ་དུ་རྩོད་པས་ན།རྩོད་གཞི་ནི་མདོ་བསྟན་གཉིས་སུ་འདོད་པའི་སྒྲས་བསྟན་པ་དེ་ཉིད་ཡིན་གྱི།སེམས་བསྐྱེད་ཀྱིས་གཞན་དོན་དང་བྱང་ཆུབ་དམིགས་ལ་འདུན་པར་བཤད་པས་ན་སེམས་བྱུང་ཡིན་དགོས་སྙམ་དུ་རྩོད་པ་གཏན་མིན་པས་རྒྱུ་འདུན་པས་བྱང་ཆུབ་ལ་དམིགས་པའི་སྒྲུབ་བྱེད་དུ་མི་འགྱུར་བས་དེས་བྱང་ཆུབ་དམིགས་པ་མིན་ནོ།།བཏགས་ཆོས་གཉིས་པ་སྟེ་བྱང་ཆུབ་འདུན་པ་ནི།སེམས་བསྐྱེད་དང་མཚུངས་ལྡན་ཡིན་པས་དེས་ནི་གཞན་གྱི་ཆེད་དུ་རྫོགས་བྱང་ལ་དམིགས་པའོ།།ནི་ཞེས་པ་དགར་བའི་ཚིག་སྟེ་འདུན་པ་དང་པོས་དམིགས་པ་བཅད་དོ།།དེ་ལྟར་ན་བཏགས་ཆོས་གཉིས་ཀྱི་རྩོད་ལན་གཉིས་ཀས་སེམས་དང་སེམས་བྱུང་རྫས་ཐ་དད་པར་འཕགས་སེང་གཉིས་ཀྱིས་ཀྱང་བཞེད་པར་སྣང་ཞིང་།ཐོགས་མེད་སྐུ་མཆེད་ལ་སོགས་པ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དུ་མས་ཀྱང་དེ་དག་རྫས་ཐ་དད་པར་བཀྲལ་ལོ།།སོགས་སྒྲས་ཤིནྟ་པ་སོགས་སྡུད་དོ།།རྫས་གཅིག་ཐ་དད་ལས་འཕྲོས་ཏེ་སེམས་ཙམ་པའི་ལྟ་གྲུབ་ཀྱི་རྣམ་གཞག་དང་།མདོ་སྡེ་པའི་རྫས་གཅིག་རུང་མིན་གྱི་རང་བཞིན་གྱི་རྟགས་ལས་འཕྲོས་ཏེ་སེལ་བའི་རྣམ་གཞག་སོགས་མང་དུ་བཤད་དུ་ཡོད་ཀྱང་ཉུང་ན་མཐའ་མི་ཆོད་ཅིང་མངས་ན་ཡིག་ཚོགས་ཀྱིས་འཇིགས་ནས་མ་བྲིས་སོ།།གོང་གི་འགྲེལ་བའི་རྩོད་ལན་གཉིས་པོ་ཚིག་གསལ་དཀྱུས་ན་གསལ་བར་ལྟར་གྱི་དྭོགས་པའི་ལན་དུ་སྦྱར་བ་ནི་སེང་བཟང་གི་དགོངས་པ་མི་སྣང་ངོ་།།ཞེས་པའོ།།དྲི་བའི་མཚམས་སྦྱོར་དང་དྭོགས་གཅོད།ཡང་གསེར་ཕྲེང་ལས།གཉིས་པ་ལ་བཞི།དྲི་བས་མཚམས་སྦྱར།མདོས་ལན་བསྟན།དྲིས་ལན་དེས་གྲུབ་པའི་དོན།མདོ་གཞན་མ་བཀོད་པའི་རྒྱུ་མཚན་ནོ།།
དང་པོ་ནི།ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་འདོད་པར་བྱ་བའི་བདག་ཉིད་ཐོབ་བྱའི་དམིགས་ཡུལ་ཡིན་པར་གང་ལས་ཤེས་པ་ཡིན།གཞན་གྱི་དོན་ནི་དགོས་པ་གང་གི་དོན་དུ་སེམས་བསྐྱེད་པ་ཆེད་དུ་བྱ་བའི་ཡུལ་ཡིན་པར་གང་ལས་ཤེས་པ་ཡིན་ཞེ་ན།ཡང་ནི་མཚན་ཉིད་བསྟན་པ་ཙམ་དུ་མ་ཟད་མདོས་ཀྱང་སྒྲུབ་པའོ།།ཞེས་བྱུང་སྟེ།རྒྱན་རྩ་བར་རང་གི་ཐོབ་བྱའི་རྫོགས་བྱང་དེ་ཉིད་སེམས་བསྐྱེད་ཀྱི་ཐོབ་བྱའི་དམིགས་པ་དང་།གཞན་དོན་ནི་སེམས་བསྐྱེད་ཀྱི་ཆེད་དུ་བྱ་བའི་དམིགས་པ་ཡིན་པ་ཁུངས་ཅི་ཞིག་ཡོད།ཤེས་བྱེད་གང་ལས་ཤེས་ཞེ་ན།ཞེས་པའི་དོན་དང་།འགྲེལ་པར་ཡང་གང་འདོད་པར་བྱ་བའི་བདག་ཉིད་ཅེས་པའི་ཡང་སྒྲས་་སེམས་བསྐྱེད་ཀྱི་མཚན་ཉིད་གཞན་དོན་དུ་རྫོགས་བྱང་ལ་དམིགས་པ་རྒྱན་ལས་བཤད་པ་མ་ཟད་མདོས་ཀྱང་སྒྲུབ།ཅེས་པའོ།།རྣམ་བཤད་ལས།མཚན་ཉིད་ལ་འཕྲོས་པའི་དྲི་བར་མ་ཟད།ཅེས་མཚན་ཉིད་འཇོག་ཚུལ་ལས་སེམས་བསྐྱེད་འདོད་པར་དྭོགས་པའི་དྲི་བ་བྱུང་བ་མ་ཟད།དམིགས་པ་འཇོག་ཚུལ་ལ་དྭོགས་པས་ཀྱང་དྲི་བ་འདི་འབྱུང་བའི་དོན་དང་།རྟོགས་སྣང་ལས་ནི།ངོ་བོ་ལ་རྩོད་པའི་དྲི་བ་མ་ཟད།ཅེས་རྣམ་བཤད་དང་དགོངས་པ་གཅིག་ཏུ་མངོན་ནོ།།འགྲེལ་པར།ཡང་གང་འདོད་པའི་བདག་ཉིད་དང་།ཞེས་པ་གསེར་ཕྲེང་ལས་རྫོགས་བྱང་བྱང་ཆུབ་འདོད་པའི་དམིགས་ཡུལ་འདོད་པའི་དོན་དུ་བྱེད་པ་དང་།རྣམ་བཤད་ལས།འབྲས་བུ་འདོད་པའི་བདག་ཉིད་ཅེས་རྫོགས་བྱང་རང་ལ་སྦྱར་བ་དང་།རྟོགས་སྣང་གསེར་ཕྲེང་དང་མཐུན་པར་བཤད།མདོས་ལན་ཇི་ལྟར་བསྟན་ཚུལ་དང་དྭོགས་གཅོད།ཡང་གསེར་ཕྲེང་ལས།གཉིས་པ་ལ་གཉིས་ལས།དང་པོ་ནི།བྱང་ཆུབ་ཐོབ་བྱའི་ཡུལ་ཡིན་པ་དེ་དང་།གཞན་དོན་ཆེད་དུ་བྱ་བའི་ཡུལ་ཡིན་པ་དེ་ནི་བསྡུས་པ་དང་རྒྱས་པ་གཉིས་ཀྱི་སྒོ་ནས་ཡུམ་གྱི་མདོ་ལས་བརྗོད་པས་སེམས་བསྐྱེད་དེ་གཞན་གྱི་ཆེད་དུ་རྫོགས་བྱང་འདོད་པར་བཤད་པ་དེ་ཡུམ་གྱི་མདོ་བཞིན་དུ་སྟེ་དེ་དང་མཐུན་པར་བྱས་ཀྱི་རང་དགར་བ་ནི་མིན་ནོ།།ཞེས་བྱུང་སྟེ།འདིར་གཉིས་པ་ལ་གཉིས།ཞེས་ས་བཅད་ཀྱི་མིང་དངོས་སུ་མ་གསུངས་ཀྱང་།བསྟན་བཤད་གཉིས་ལ་འཇོག་དགོས་པར་དོན་གསལ་མཆན་ལས་བཤད་པར་ལྟར་རོ།།རང་དོན་རྫོགས་བྱང་སེམས་བསྐྱེད་ཀྱི་ཐོབ་བྱའི་དམིགས་ཡུལ་ཡིན་པ་དེ་དང་།གཞན་དོན་མྱང་འདས་སེམས་བསྐྱེད་ཀྱི་ཆེད་དུ་བྱ་བའི་ཡུལ་ཡིན་དེ་ནི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ཀ་ལས་མདོར་བསྟན་རྒྱས་བཤད་དེ་རྒྱས་བསྡུས་གཉིས་ཀྱི་སྒོ་ནས་བརྗོད་པ་ཡིན་པས་ན།རྗེ་བཙུན་གྱིས་ཀྱང་རྒྱན་གྱི་སྐབས་སུ་སེམས་བསྐྱེད་ཀྱི་མཚན་ཉིད་འཇོག་པ་ན་དེ་ཉིད་ཆེད་དུ་བྱ་བ་གཞན་དོན་དང་ཐོབ་བྱ་བྱང་ཆུབ་དམིགས་པ་གསུངས་པ་ནི་སངས་རྒྱས་ཀྱི་མདོ་རང་དང་མཐུན་པར་བྱས་ཀྱི།རང་དགར་བ་སྟེ་རང་བཟོའ་ིགྱ་ཚོམ་དུ་སྨྲ་བ་ནི་མ་ཡིན་ནོ།།ཞེས་པའོ།།རྒྱན་རྩ་བར།དེ་དང་དེ་ནི་མདོ་བཞིན་དུ།།བསྡུས་དང་རྒྱས་པའི་སྒོ་ནས་བརྗོད།།ཅེས་པའི་གཞུང་དོན་ཡབ་སྲས་གསུམ་དངོས་ཟིན་མི་མཐུན་པས་གསེར་ཕྲེང་བཤད་མ་ཐག་པ་དང།རྣམ་བཤད་ལས་དེ་སྒྲ་གཉིས་དོན་གཉིས་ལ་འཇུག་པར་བྱས་ནས་མདོ་བཞིན་ཞེས་པ་ཡུམ་བར་མ་དང་།བསྡུས་རྒྱས་གཉིས་བརྒྱད་སྟོང་པ་དང་།འབུམ་ལ་བཞག་དགོས་པར་གསུངས།འདིའི་ཐད་དུ་སེང་བཟང་གི་འགྲེལ་ཆེན་ལས།འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།།ཞེས་པ་མདོ་བཞིན་དུ་ཞེས་པས་འགྲེལ་པར་ཡིན་པས་སོ།།རྟོགས་སྣང་ལས་ནི་མདོ་བཞིན་དུ་ཞེས་པ་ཡུམ་གསུམ་ཀ་ལ་བྱས་ནས་ཡུམ་གསུམ་ཀ་ལས་རྒྱས་བསྡུས་གཉིས་ཀྱི་སྒོ་ནས་གསུངས་པ་བཞིན་དུ་བསྟན་བཅོས་རྒྱན་ལས་ཀྱང་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་བསྡུས་པ་སྟེ་མདོར་བསྟན་དང་།དེ་ཡང་ས་གསེར་ཟླ་བ་མེ།།ཞེས་པ་ནས་རྣམ་པ་ཉི་ཤུ་རྩ་གཉིས་སོ།།ཞེས་བར་རྒྱས་བཤད་ཀྱི་སྒོ་ནས་འཆད་ཅེས་བསྡུས་རྒྱས་གཉིས་རྒྱན་ལ་འཇོག་ཀྱང་།རྣམ་བཤད་ལས།ཡང་བསྡུས་པ་མཚན་ཉིད་སྟོན་པའི་ཚིག་དང་།རྒྱས་པ་རབ་དབྱེའི་རྩ་ཚིག་ལ་འཆད་པ་ནི།ཁ་གང་ཚུགས་ཚུགས་ཀྱི་བཤད་པར་གསལ་ལོ།།ཞེས་འགོག་པར་མཛད་པས་དཔྱད་དགོས།དེ་དང་དེ་ནི་ཞེས་པ་ཡང་སྲས་གཉིས་ཀྱི་གཞུང་ན་ཡབ་ཀྱི་གསེར་ཕྲེང་དུ་ཕྱོགས་སྔར་བྱས་ནས་འགོག་པའི་ཡུལ་ཉི་ཚེ་བ་ལ་སྦྱར་བ་དེ་རང་དུ་དངོས་ཟིན་ལ་སྣང་བས་དཔྱད་དགོས།གསེར་ཕྲེང་སོག་མཆན་ལས།དེ་ཡང་རྣམ་བཤད་རྟོགས་སྣང་དུ་ཡུལ་གཉིས་བསྟན་བཅོས་སུ་རྒྱས་བསྡུས་གཉིས་ཀྱིས་བསྟན་པ་བཤད་པ་ནི་འདི་ཉིད་དང་མི་འགལ་ཏེ།འདི་ཉིད་ཀྱིས་དེ་ཡང་ས་གསེར་སོགས་སེམས་བསྐྱེད་རྒྱས་བཤད་དུ་མི་སྦྱོར་བར་ཡུལ་ཉི་ཚེ་བའི་རྒྱས་བཤད་དུ་སྦྱོར་བ་བཀག་ལ།མཁས་གྲུབ་རྗེས་ནི་དེས་སེམས་བསྐྱེད་གཙོ་རྒྱས་པར་བསྟན་ནས་ཡུལ་དེའི་ཞར་ལ་རྒྱས་པར་བཤད་ཙམ་དུ་བཞེད་པས་སོ།།ཞེས་པའི་འགལ་སྤོང་ཡང་མཛད་དོ།།མདོ་བཞིན་དུ་ཞེས་པ་ཡུམ་བར་མ་འཇོག་དགོས་པར་རྒྱན་སྣང་གི་ཤེས་བྱེད་རྣམ་བཤད་ཀྱིས་བཀོད་པ་ནི།སློབ་དཔོན་གྱིས་རྒྱན་སྣང་གི་སྐབས་ཀུན་ཏུ་ཉི་ཁྲིའི་གསུང་ཟུར་ཐམས་ཅད་བརྒྱད་སྟོང་པར་ཚིག་དོན་ཅི་རིགས་ཀྱི་ཚུལ་གྱིས་ཚང་ཚུལ་རྩལ་དུ་བཏོན་ནས་འཆད་པའི་དབང་གིས་ཡིན་པས་གསེར་ཕྲེང་དང་མི་འགལ་བར་སོག་མཆན་ལས་བཤད་དོ།།
ཡང་གསེར་ཕྲེང་་ལས།གཉིས་པ་ལ་གཉིས།བྱང་ཆུབ་དང་།གཞན་དོན་དམིགས་པ་མདོ་ནས་བསྟན་ཚུལ་ལོ།།དང་པོ་ནི།སེམས་བསྐྱེད་ཀྱི་མཚན་ཉིད་ནི་ཡུམ་གྱི་མདོའི་དོན་དང་མི་འགལ་བར་ཏེ་དེ་དང་མཐུན་པར་བཤད་པར་བྱའོ།།ཇི་ལྟར་ན།བསྟན་ཏེའོ།།གང་ན།ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དེའོ།།གང་གི་སྒོ་ནས་ན།མདོར་བསྡུས་པ་དང་རྒྱས་པར་བཤད་པའི་སྒོ་ནས་སོ།།གང་ལས་ན།རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་རྣམ་པ་གསུམ་ཆར་ལས་སོ།།ཀྱང་ནི་ཕན་ཚུན་བསྡུ་བའོ།།ཁ་ཅིག་བརྒྱད་སྟོང་ན་མདོ་འདི་དག་མེད་པས་བསྡུས་པ་ནི་ཁྲི་བརྒྱད་སྟོང་པ་ལ་བྱའོ།།ཞེས་ཟེར་བ་ཡང་རྟོགས་དཀར་བཤད་པ་ལྟར་བརྒྱད་སྟོང་པ་ལ་བྱ་སྟེ།སློབ་དཔོན་འདིས་ཡུམ་གསུམ་ཀ་ལ་ཚིག་རྒྱས་བསྡུས་ཡོད་ཀྱང་དོན་ལ་ཁྱད་པར་མེད་པས་རྒྱན་འདི་ཡུམ་གསུམ་གའི་རྒྱན་དུ་བཞེད་པས་འདི་དང་མཁྱེན་གསུམ་གྱིས་སྲས་བཞིའི་རྟོགས་པ་བསྡུས་པའི་ཤེས་བྱེད་ཀྱི་སྐབས་དང་།དགོས་འབྲེལ་དུ་ཡང་ཡུམ་གསུམ་ཆར་ཞེས་འབྱུང་བའི་དོན་དེའོ།།ཞེས་བྱུང་སྟེ།འགྲེལ་པ་ལས།དེ་ལྟ་ན་སེམས་བསྐྱེད་པ་ནི།ཞེས་པ་ནས་ཤེས་པར་བྱའོ།།ཞེས་པའི་བར་གྱིས་སེམས་བསྐྱེད་གྱི་མཚན་ཉིད་དུ་གཞན་དོན་དུ་རྫོགས་བྱང་ལ་དམིགས་པར་བཤད་པ་དེ་མདོ་དང་མི་འགལ་བ་སྟེ་དེ་དང་མཐུན་པར་ཤེས་པར་བྱ་བར་གསུངས་སོ།།ཚུལ་ཇི་ལྟར་ཤེས་ཤེ་ན།རྒྱལ་བའི་ཡུམ་རྣམ་པ་གསུམ་ཆ་ལས་ཀྱང་།ཞེས་པ་ནས་བྱང་ཆུབ་དང་གཞན་གྱི་དོན་བསྟན་ཏེ།ཞེས་པའི་བར་གྱིས་མདོ་དང་མཐུན་པའི་ཚུལ་བསྟན་ཏོ།།གང་ན་སྟེ་གང་ཞིག་བསྟན་ན།ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དེའོ།།བྱང་ཆུབ་ཚུལ་གང་གི་སྒོ་ནས་བཤད་ཅེ་ན།བསྡུས་པ་དང་རྒྱས་པའི་སྒོ་ནས་བཤད་པའི་སྒོ་ནས་སོ།།ཞེས་པའོ།།མདོ་གང་ལས་བསྟན་ཞེ་ན།རྒྱལ་བའི་ཡུམ་རྣམ་པ་གསུམ་ཆ་ལས་སོ།།ཁ་ཅིག་བརྒྱད་སྟོང་པ་ན་སེམས་བསྐྱེད་ཀྱི་དམིགས་ཡུལ་བྱང་ཆུབ་དང་གཞན་དོན་གཉིས་བསྡུས་རྒྱས་ཀྱི་སྒོ་ནས་འཆད་བྱེད་ཀྱི་ཚིག་མེད་པས་ཡུམ་རྣམ་པར་གསུམ་ཆ་ལས་ཞེས་པའི་བསྡུས་པ་ནི་དེ་ལ་མི་བྱ་བར་ཁྲི་བརྒྱད་སྟོང་པ་ལ་བྱ་དགོས་སོ་ཞེ་ན།གསེར་གླིང་པས་འགྲེལ་བཤད་རྟོགས་དཀའ་སྣང་བར་བཤད་པ་ལྟར་བརྒྱད་སྟོང་པ་རང་ལ་བྱ་དགོས་ཏེ།སློབ་དཔོན་སེང་བཟང་གིས་ཡུམ་གསུམ་ཀ་ཚིག་རྒྱས་བསྡུས་ཡོད་ཀྱང་བརྗོད་བྱའི་དོན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པ་བཞེད་པ་དང་མངོན་རྟོགས་རྒྱན་ཡུམ་གསུམ་གའི་རྒྱན་དུ་སློབ་དཔོན་འདི་ཁོ་ནས་བཀྲལ་བས།སྐབས་འདི་དང་།གོང་དུ་མཁྱེན་གསུམ་གྱིས་སྲས་བཞིའི་རྟོགས་པ་བསྡུས་པའི་ཤེས་བྱེད་ཀྱི་སྐབས་སུ་འགྲེལ་པ་ལས།ཡུམ་བར་མ་ལས།ཞེས་དང་།དེ་བཞིན་དུ་བསྡུས་པ་ལས་ཀྱང་།ཞེས་དང་།རྒྱས་པ་ལས་ཀྱང་རྒྱ་ཆེར་གསུངས་སོ།།ཞེས་དང་།དེ་བཞིན་དུ་དགོས་འགྲེལ་སྐབས་སུ་འགྲེལ་པ་ལས།འགྲོ་བ་མཐའ་དག་ལ་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་རྒྱལ་བའི་ཡུམ་རྣམ་པ་གསུམ་ཆ་ལས།ཞེས་གསུངས་པའི་དོན་ཡང་དེ་གསུམ་གྱི་དོན་ཁྱད་པར་མེད་པ་དང་རྒྱན་ཡུམ་གསུམ་ཀའི་རྒྱན་དུ་རྟོགས་པའི་ཆེད་དུ་ཡིན་ནོ།།ཞེས་པའོ།།འདིར་དཔྱད་ན།རྣམ་བཤད་ལས།བྱང་ཆུབ་དང་གཞན་དོན་ཡུམ་ཀ་གསུམ་ཀ་ལས་རྒྱས་བསྡུས་གཉིས་ཀྱིས་གསུངས་པར་བཞེད་པ་མ་ཟད།དེ་ཉིད་ལས།རྒྱས་བསྡུས་གཉིས་ན་དེ་ཇི་ལྟ་བ་བཞིན་སྟོན་བྱེད་ཀྱི་ངག་མེད་པ་མ་ཡིན་ཏེ།ཞེས་པ་ནས།བརྒྱད་སྟོང་པ་ལས།རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་སྤོབས་པར་བྱོས་ཤིགཅེས་པའི་ངག་གིས་བསྟན་པའི་ཕྱིར།ཞེས་གསུངས།གསེར་ཕྲེང་ལས་ནི།བསྡུས་པ་ན་ཚིག་དགོད་རྒྱུ་མེད་ལ་མདོ་དང་པོ་གཉིས་ཀྱི་མདོ་དེ་དག་ལ་ཚིག་མང་ཉུང་གི་ཁྱད་པར་མེད་པས་སོ།།ཞེས་ཡུལ་རྒྱས་བསྡུས་ཀྱིས་སྟོན་བྱེད་ཀྱི་ཚིག་མེད་པར་བཞེད་པས་དཔྱད་གཞིར་སྣང་།སུ་ཉིད་ལྷ་རམས་པའི་གསེར་སྡོམ་ལས།ཡུལ་གཉིས་ཕྱེ་མེད་དོན་ཚང་ངག་གིས་བསྟན།།ཞེས་གསུངས་པ་ལྟར།ཡུལ་གཉིས་རྒྱས་བསྡུས་ཕྱེ་ནས་བསྟན་པའི་ཚིག་མེད་པ་གསེར་ཕྲེང་དང་།དོན་རྒྱས་བསྡུས་གཉིས་ཀྱི་སྒོ་ནས་བསྟན་པར་རྣམ་བཤད་ཀྱི་དགོངས་པ་བྱས་ན་གཞུང་གཉིས་འགལ་མེད་དུ་ཁས་བླངས་ན་རུང་མིན་དཔྱད།རྟོགས་སྣང་ལས།བྱང་ཆུབ་དང་གཞན་དོན་དེ་དང་དེ་ནི་ཡུམ་གསུམ་གྱི་མདོ་བཞིན་དུ་བསྟན་བཅོས་ལས་བསྡུས་པ་དང་རྒྱས་པའི་སྒོ་ནས་བརྗོད་དོ།།ཞེས་དང་།སྟོན་པ་ལྷུར་ལེན་པ་ནི་ཡུམ་གསུམ་ཐམས་ཅད་ལས་ཀྱང་གསུང་མོད་ཀྱི་ཚིག་མངས་སུ་དོགས་ནས་རྒྱས་བསྡུས་ཁུངས་ཉིད་དུ་མ་བྲིས་སོ།།ཞེས་གསུངས་པས།མཁས་གྲུབ་རྗེས་ཀྱང་ཡུམ་གསུམ་ཀ་ལས་རྒྱས་བསྡུས་གཉིས་ཀའི་སྒོ་ནས་བསྟན་པ་བཞེད་དམ་སྙམ་མོ།།
ཡང་གསེར་ཕྲེང་ལས།མདོ་ཚིག་གང་གིས་ན།ཤ་བུ་འདི་ལ་བྱང་ཆེན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་འདོད་པས་ཤེར་ཕྱིན་ལ་བསྒྲུབ་པར་རམ་བརྩོན་པར་བྱའོ།།ཞེས་པ་ནས།གཞན་དོན་འདོད་པ་རྒྱས་པར་བཤད་དེ།མདོ་དང་པོས་གཞན་མྱང་འདས་ཙམ་དང།གཉིས་པས་མྱང་འདས་ཀྱི་རྒྱུ་ཕྱིན་དྲུག་སོ་སོ་ལ་འགོད་འདོད་པར་ཕྱེ་ནས་གསུངས་པས་སོ།།ཞེས་བྱུང་སྟེ།ཡུམ་བར་མ་ལས།དྲངས་མ་ཐག་པའི་བརྩོན་པར་བྱའོ།།ཞེས་པ་ཡན་གྱིས་བྱང་ཆུབ་འདོད་པ་མདོར་བསྟན་དང་།ཤ་བུ་འདི་ལ་བྱང་ཆེན་གནས་པ་མེད་པའི་ཚུལ་དུ་ཤེར་ཕྱིན་ལ་གནས་ཏེ།ཞེས་པ་ནས།ཕར་ཕྱིན་དེ་དག་བསྒྲུབ་པར་སྟེ་རྫོགས་པར་བྱའོ།།ཞེས་པའི་བར་གྱི་བྱང་ཆུབ་འདོད་པ་རྒྱས་བཤད་དང་།ཕྱོགས་བཅུ་རེ་རེ་ཞིང་གངྒའི་་ཀླུང་གི་བྱེ་མ་སྙེད་ཀྱི།ཞེས་པ་ནས།ཤེར་ཕྱིན་འདི་ཉིད་ལ་བསྒྲུབ་ཅིང་བསླབ་པར་བྱའོ།།ཞེས་པའི་བར་གྱིས་གཞན་དོན་འདོད་པ་མདོར་བསྟན་དང་།སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་རབ་ཏུ་འགོད་པར།ཞེས་པ་ནས།ཤེར་ཕྱིན་འདི་ཉིད་ལ་སྒྲུབ་ཅིང་བསླབ་པར་བྱའོ།།ཞེས་པའི་བར་གྱིས་གཞན་དོན་འདོད་པ་རྒྱས་པར་བཤད་ཀྱི་ཡུམ་བར་མའི་ཚིག་དྲངས་པའོ།།བྱང་ཆུབ་མདོར་བསྟན་གྱི་ཡུམ་བར་མའི་དོན་ནི།ཐེག་ཆེན་ནམ་ཤེེར་ཕྱིན་བསྟན་པའི་སྐབས་འདི་ལ།དངོས་སུ་ལན་དུ་གསུང་ས་ཤ་རིའི་བུ་ཡིན་པས་དེའི་མིང་གིས་བོས་ནས་བྱང་ཆེན་ནི་སེམས་བསྐྱེད་སྐྱེད་པའི་རྟེན་དང་།ཆོས་ཐམས་ཅད་ནི་ཁྱད་གཞིའམ་ཆོས་ཅན་ཐམས་ཅད་དང་།རྣམ་པ་ཐམས་ཅད་ནི་ཁྱད་ཆོས་བདེན་གཉིས་ཀྱི་རྣམ་པ་དང་།མངོན་པར་རྫོགས་པ་ནི་མངོན་སུམ་དུ་ཅིག་ཅར་གཟིགས་པའི་དོན་དང་།འཚང་རྒྱ་བ་ནི་དེ་ཇི་བཞིན་དུ་གཟིགས་པའི་ཀུན་མཁྱེན་རྫོགས་བྱང་དང་།འདོད་པས་ཞེས་པ་ནི་སེམས་བསྐྱེད་ལ་འདོད་པའི་མིང་གིས་བཏགས་པ་དེ་དང་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ།།ཞེས་པས་ནི་འབྲས་བུ་རྫོགས་བྱང་ཐོབ་པའི་ཆེད་དུ་རྒྱུ་ཕྱིན་དྲུག་ལ་བརྩོན་པར་བསྟན་ནོ།།བྱང་ཆུབ་རྒྱས་བཤད་ཀྱིས་ཕྱིན་དྲུག་གི་སྦྱོར་བ་རྒྱས་བཤད་བྱས་པས་བསམ་པ་སེམས་བསྐྱེད་ཤུགས་ཀྱིས་འཕངས་པའི་སྒོ་ནས་རྒྱས་པར་བཤད།གཞན་དོན་མདོར་བསྟན་གྱི་མདོ་དང་པོས་མྱང་འདས་དོན་གཉེར་ཙམ་དང་།དེའི་རྒྱུ་ཕྱིན་དྲུག་ལ་སློབ་པ་རྒྱས་བཤད་བྱས་པས་འབྲས་བུ་ཤུགས་ཀྱིས་འཕངས་པའི་སྒོ་ནས་རྒྱས་པར་བཤད་དོ།།ཞེས་པའོ།
འདིར་དཔྱད་ན།གསེར་ཕྲེང་ལས།འཚང་རྒྱ་བ་ཡན་གྱིས་འབྲས་བུ་དང་།ཡུམ་གྱིས་རྒྱུ་བསྟན་པར་གསུངས་པ་དང་།རྣམ་བཤད་ལས་ཀྱང་།ཆོབ་ཀུན་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཀྱི་ངོ་བོ་དང་།དེའི་ཐབས་སྤྱིར་ཤེར་ཕྱིན་སློབ་པར་གསུངས་པ་ནི།ཞེས་གསུངས་པས་མདོར་བསྟན་གྱི་གཞུང་དོན་ཡབ་སྲས་དགོངས་པ་གཅིག་ཏུ་མངོན།ཆོས་ཐམས་ཅད་ཀྱི་དོན་གསུམ་ཀའིགཞུང་ན་བཤད་པ་མི་སྣང་ཡང་ཁོ་བོས་གོང་དུ་བཤད་པ་བཞིན་ཡིན་པ་སྐབས་བབ་ཀྱི་འབྲེལ་ལས་ཀྱང་ཤེས།རྣམ་བཤད་ལས།བྱང་ཆུབ་མདོར་བསྟན་གྱི་ཡུམ་བར་མའི་ཚིག་བསྒྲུབ་པར་རམ་ཞེས་པ་མི་གསལ་མ་གཏོགས་གཞན་གསེར་ཕྲེང་དང་མཐུན་ཡང་།རྒྱས་བཤད་མི་དམིགས་པར་བསྒྲུབ་པར་བྱའོ།།ཞེས་པའི་བར་དང།གཞན་དོན་ལ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།།ཞེས་པའི་བར་མདོར་བསྟན་དང་།རྒྱས་བཤད་སོགས་སྒྲ་སྦྱར་བས་མདོ་མཚམས་མི་གསལ་བས་གསེར་ཕྲེང་དང་ཅུང་མི་མཐུན།རྟོགས་སྣང་ལས།ཉི་ཁྲིའི་མདོའི་མགོ་འཇུག་གི་ཚིག་སྣ་བསྡུས་པ་ནི།ཤེར་ཕྱིན་པ་ལ་མི་དམིགས་པར་སྒྲུབ་པར་བྱའོ།།ཞེས་ཤེས་པར་བྱེད་པའི་དོན་ཅན་གྱིས་བྱང་ཆུབ་མདོར་བསྟན།སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་སྦྱིན་པར་བྱ་བ་དང་།སྦྱིན་པ་པོ་དང་།ལེན་པ་པོ་ལ་སོགས་པ་མི་དམིགས་པར་སྒྲུབ་པར་བྱའོ།།ཞེས་ཤེས་པར་བྱེད་པའི་དོན་ཅན་གྱིས་བྱང་ཆུབ་རྒྱས་པར་བཤད།སེམས་ཅན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པའི་ས་ལ་འགོད་པར་འདོད་པས་ཤེར་ཕྱིན་པ་འདི་ཉིད་ལ་བསྒྲུབ་པར་བྱའོ།།ཞེས་པས་གཞན་དོན་མདོར་བསྟན་ཅིང་།སེར་སྣ་ཅན་ལ་སོགས་པ་རྣམས་སྦྱིན་པ་ལ་སོགས་པ་ལ་འགོད་པ་འདོད་པས་ཤེར་ཕྱིན་པར་འདི་ཉིད་ལ་བསྒྲུབ་པར་བྱའོ།།ཞེས་པས་གཞན་དོན་རྒྱས་པར་བཤད་པ་ལ་སོགས་པ་ནི་རྒྱས་བསྡུས་ཀྱི་ཚིག་སྡུད་པའོ།།ཞེས་གསུངས་པས་སོ།།འགྲེལ་པ་ལས།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་པ་ནས་གཞན་གྱི་དོན་བསྟན་ཏེ།ཞེས་པའི་བར་གྱིས།ཡུམ་བར་མའི་ཚིག་སྣ་བསྡུས་པ་ལ་བཤད་དུ་རུང་ཡང་།དོན་གྱི་སྣ་བསྡུས་པ་ལ་འགྲིག་གོ།ཞེས་གཙོ་བོར་དོན་སྣ་བསྡུས་པ་འགྲེལ་པའི་དགོངས་པ་འཁྲུལ་མེད་ཡིན་པ་རྣམ་བཤད་དུ་བྱས།རྟོགས་སྣང་གིས་ནི་ཉི་ཁྲིའི་ཚིག་སྣ་བསྡུས་ཏེ་རང་ཉིད་ཀྱིས་བཀོད་པའི་དོན་ཡིན་གྱི།འགྲེལ་པས་བཤད་པའི་དོན་མིན་པས་རྣམ་བཤད་དང་མི་འདྲ་བའི་ཁྱད་པར་ཡང་ཕྱེ་དགོས།ཡང་གསེར་ཕྲེང་ལས།སོགས་གསུམ་པས་ནི་བློ་གྲོས་མི་ཟད་པ་སོགས་གཞན་ལས་སེམས་བསྐྱེད་ཀྱིས་གཞན་དོན་ལ་དམིགས་པར་གསུངས་པ་བསྡུའོ།།དེ་ལྟ་ན་མདོ་གཉིས་ཚན་གཉིས་ཀྱིས་རིམ་པ་ལྟར་བྱང་ཆུབ་དང་གཞན་དོན་འདོད་པ་བསྡུས་རྒྱས་སུ་གསུངས་པ།རྗེ་བཙུན་གྱིས་སེམས་བསྐྱེད་ཀྱིས་གཞན་ཆེད་དུ་རྫོགས་བྱང་འདོད་པའི་དོན་དུ་བཀྲལ་ཏེ།ཐེག་ཆེན་གྱི་སྐབས་ཡིན་པས་བྱང་ཆུབ་དེ་གཞན་ཆེད་དུ་ཐོབ་པར་འདོད་ཀྱི་རང་དོན་དུ་མིན་པས་སྙམ་དུ་དགོངས་སོ།།ཞེས་བྱུང་སྟེ།འགྲེལ་པར་སེམས་བསྐྱེད་བསྟན་པའི་མདོ་འཆད་པའི་སྐབས་སུ་སོགས་ཀྱི་སྒྲ་གསུམ་བྱུང་སྟེ།སྦྱིན་པ་ལ་སོགས་པ།ཞེས་དང་།སྦྱིན་པ་ལ་སོགས་པ་དགོད་པར་འདོད་པས།ཞེས་དང་།ཞེས་བྱ་བ་ལ་སོགས་པ་རབ་ཏུ་སྟོན་པའི་ལྷུར་བྱེད་པའི་ངག་གིས།ཞེས་པ་གསུམ་མོ།།སོགས་དང་པོས་ཚུལ་ཁྲིམས་སྲུང་བ་པོ་དང་།ཚུལ་ཁྲིམས་དང་ཚུལ་འཆལ་གསུམ་བདེན་པ་ཞེན་པའི་སྤང་བྱ་གསུམ་འཁོར་གསུམ་མི་དམིགས་པར་སྒོམ་པས་དག་དགོས་པས།ཕར་ཕྱིན་ལྷག་མ་བཞི་སྐབས་སྤང་བྱ་གསུམ་དག་དགོས་པ་བསྡུའོ།།སོགས་གཉིས་པས་ཕར་ཕྱིན་ལྷག་མ་ལྔ་ལ་འགོད་དགོས་པར་བསྡུའོ།།སོགས་གསུམ་པས་ནི་ཡུམ་གསུམ་མ་ཟད་བློ་གྲོས་མི་ཟད་པར་བསྟན་པའི་མདོ་སོགས་ལས་སེམས་བསྐྱེད་གཞན་དོན་དུ་རྫོགས་བྱང་ལ་དམིགས་པ་གསུངས་པ་བསྡུ་བ་ཡིན་ནོ།།མདོ་གཉིས་ཚན་གཉིས་ནི་བྱང་ཆུབ་མདོ་བསྟན་རྒྱས་བཤད་དང་།གཞན་དོན་མདོར་བསྟན་རྒྱས་བཤད་ཀྱི་མདོ་བཞི་ཡིན་ལ།གཉིས་ཚན་དང་པོས་བསྡུས་རྒྱས་ཀྱི་སྒོ་ནས་སེམས་བསྐྱེད་ཀྱིས་བྱང་ཆུབ་ལ་དམིགས་པ་དང་།གཉིས་ཚན་གཉིས་པས་བསྡུས་རྒྱས་ཀྱི་སྒོ་ནས་ཆེད་དུ་བྱ་བ་གཞན་དོན་ལ་དམིགས་པ་བཤད་པས་ན་དེ་དག་ཁུངས་སུ་བྱས་ནས་རྗེ་བཙུན་གྱིས་སེམས་བསྐྱེད་ཀྱིས་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་དོན་དུ་བཀྲལ་བ་ཡིན་ལ།རིགས་པའི་སྒྲུབ་བྱེད་ནི།ཐེག་ཆེན་གྱི་སེམས་བསྐྱེད་པའི་སྐབས་ཡིན་པས་བྱང་ཆུབ་དེ་གཞན་དོན་དུ་ཐོབ་འདོད་དགོས་ཤིང་རང་དོན་རྐྱང་པའི་དོན་དུ་མིན་སྙམ་དུ་དགོངས་ནས་དེ་བཞིན་བྱས་སོ།།ཞེས་པའོ།།འདིར་དཔྱད་ན།རྣམ་བཤད་ལས་སོགས་སྒྲ་གསུམ་པའི་སྐབས་ཀྱི་ལྷུར་བྱེད་པའི་ངག་བསྟན་བཅོས་ལ་བྱེད་པ་བཀག་ནས་མདོ་ལ་འཇོག་དགོས་པར་གསུངས་ཀྱང་མདོ་གང་ཡིན་ངོས་འཛིན་མ་བྱས་ལ།གསེར་ཕྲེང་ལས་ལྷུར་ལེན་པའི་ངག་ཡུམ་བར་མའི་བསྡུས་རྒྱས་ཀྱི་མདོ་བཞི་ལ་འཇོག་པ་དང་།རྟོགས་སྣང་དུ་ལྷུར་བྱེད་པའི་འགྲེལ་ངག་རྒྱན་ལ་འཇོག་པས་གོང་མ་གཉིས་དང་མི་མཐུན།གཞུང་ལས།རང་དོན་དུ་མིན་པས།ཞེས་པ་རང་དོན་ཁོ་ན་ལ་སྦྱར་དགོས་ཏེ།གཞན་དུ་ན།ལམ་རིམ་ཆེན་མོ་ལས།མཚན་ཉིད་ཡོངས་སུ་རྫོགས་པའི་སེམས་བསྐྱེད་ལ་ནི།གཞན་དོན་དགོས་པ་མཐོང་བ་ཙམ་གྱིས་དྲངས་པའི་སངས་རྒྱས་ཐོབ་འདོད་ཙམ་གྱིས་མི་ཆོག་པས།རང་དོན་ལའང་སངས་རྒྱས་མེད་དུ་མི་རུང་བ་མཐོང་བས་ཐོབ་འདོད་དང་།དེ་ཡང་གཞན་གྱི་དོན་ཡལ་བར་བཞག་པ་མིན་པར་གཞན་གྱི་ཕྱིར་དུ་དོན་དུ་གཉེར་བ་ཞིག་ཀྱང་དགོས་ཏེ།ཞེས་གསུངས་པ་དང་འགལ།ཡུལ་གཉིས་སྟོན་པའི་རྩ་འགྲེལ་གྱི་དོན་འཆད་ཚུལ་ཕྱིན་ཅི་ལོག་དགག་པ།ཡང་གསེར་ཕྲེང་ལས།གང་དག་ཡུལ་གཉིས་ཡུམ་ལས་རྒྱས་བསྡུས་སུ་གསུངས་པའི་ཚུལ།མདོའི་དང་མི་འགལ་བར་ཞེས་འཆད་པ་ནི་མི་འཐད་དེ།ཡུམ་མདོ་ལ་ཡིན་ན་ཡུམ་མདོ་ལས་དེ་ཉིད་དང་མི་འགལ་བར་བསྟན་ཞེས་པར་འགྱུར་བས་ཤེས་འདོད་མེད་ལ།དཀོན་མཆོག་རྣམ་བདུན་དང་སྡོང་པོ་བཀོད་པ་སོགས་ལ་བྱེད་ན།དེ་ཡང་མདོ་གཞན་དང་མི་འགལ་བར་བརྟག་དགོས་པས་ཐུག་མེད་དུ་འགྱུར་ཞིང་སྐབས་དང་ཡང་འགལ་ཏེ།མདོ་བཞིན་དུ་ཡིན་མིན་དང་འགལ་མི་འགལ་དཔྱད་པའི་གཞི་ནི་བསྟན་བཅོས་སུ་སེམས་བསྐྱེད་ཀྱི་མཚན་ཉིད་བསྟན་པ་ལ་ཡིན་ཞིང་ཡུམ་མདོ་འདི་ཡི་རྩ་བའི་མདོ་ཡིན་པ་དང་།
རྒྱན་སྣང་ལས་ཀྱང་འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།།ཞེས་གསུངས་པས་སོ།།ཞེས་བྱུང་སྟེ།འགྲེལ་པ་ལས།རབ་ཏུ་སྟོན་པ་ལྷུར་བྱེད་པའི་དག་གིས་མདོའ་ིདོན་དང་མི་འགལ་བར།ཞེས་པའི་དོན་གང་དག་སྟེ་ཁ་ཅིག་གིས་ཡུལ་བྱང་ཆུབ་དང་གཞན་དོན་གཉིས་ཡུམ་གྱི་མདོ་ལས་རྒྱས་བསྡུས་སུ་གསུངས་ཚུལ་ནི་མདོའི་དང་མི་འགལ་བར་བསྟན་ཞེས་པའི་དོན་དུ་འཆད་པར་མི་འཐད་དེ།ཡུམ་གྱི་མདོ་དེ་ཉིད་མདོའི་་དང་མི་འགལ་ཞེས་པའི་མི་འགལ་སའི་མདོ་དེ་ཡུམ་གྱི་མདོ་ལ་བྱེད་དམ་མདོ་གཞན་ཞིག་ལ་བྱེད།དང་པོར་ལྟ་ན།ཡུམ་གྱི་མདོ་ལས་བསྟན་པ་ཡུམ་གྱི་མདོ་དང་མི་འགལ་བར་བྱས་ནས་བསྟན་ཞེས་པར་འགྱུར་བས་ཤེས་པར་འདོད་པའི་དོན་གང་ཡང་མེད་ལ།ཕྱི་མ་ལྟ་ན།གསེར་གླིང་པ་དང་།བུ་སྟོན་དང་།གཡག་གཞོན་སོགས་ཀྱི་བཞེད་པར་ལྟར་དཀོན་མཆོག་རྣམ་བདུན་དང་།སྡོང་པོ་བཀོད་པའི་མདོ་སོགས་དང་མི་འགལ་བའི་དོན་ཡིན་ན་ཡུམ་མདོ་ལས་བཤད་པ་མདོ་དེ་དག་དང་མི་འགལ་བར་བསྟན་དགོས་ན་དེ་དག་གིས་བཤད་པ་ཡང་དེ་དག་ལས་གཞན་པའི་མདོ་དང་མི་འགལ་བར་བསྟན་དགོས་ཏེ་ཀུན་ནས་མཚུངས་པས་སོ།།དེས་ན་དེ་ཡང་གཞན་ལ་མི་འགལ་བར་བསྟན་དགོས་པར་འགྱུར་བས་ཐུག་མེད་དུ་ཐལ་ཞིང་སྐབས་དང་ཡང་འགལ་ཏེ།སེམས་བསྐྱེད་ཀྱི་དམིགས་རྣམ་མདོ་བཞིན་དུ་ཡིན་མིན་དང་དེ་ལྟར་བསྟན་པ་མདོ་དང་འགལ་མི་འགལ་དཔྱད་པའི་གཞི་ནི་བསྟན་བཅོས་ལ་བྱེད་དགོས་པར་རྒྱན་སྣང་གིས་ཀྱང་སྒྲུབ་བོ།།ཞེས་པའོ།།འདིར་དཔྱད་ན།སུ་ཉིད་ལྷ་རམས་པའི་གསེར་སྡོམ་ལས།མདོ་ཡི་དོན་དང་མི་འགལ་སྒྲུབ་པའི་གཞི།།རྒྱས་བསྡུས་སྒོ་ནས་བསྟན་པ་མི་འགལ་བར།།སྒྲུབ་ཚེ་མདོ་ཡིན་རྣམ་བཤད་དགོངས་པ་ཡིན།།སེམས་བསྐྱེད་མཚན་ཉིད་བཞག་པ་མི་འགལ་བར།།སྒྲུབ་ཚེ་བསྟན་བཅོས་ལ་སྦྱར་གསེར་ཕྲེང་བཤད།།ཅེས་གསུངས་པས་ཡུམ་བར་མས་རྒྱས་སུ་བཤད་པ་མདོ་གཞན་གཉིས་དང་མི་འགལ་བ་རྣམ་བཤད་ཀྱི་དོན་དང་།རྗེ་བཙུན་གྱིས་སེམས་བསྐྱེད་ཀྱི་མཚན་ཉིད་དེ་ལྟར་འཇོག་པར་མདོ་དང་མི་འགལ་བར་བྱས་པ་གསེར་ཕྲེང་གི་དགོངས་པར་གསེར་སྡོམ་མཁན་པོའི་བཞེད་པ་མངོན།རབ་ཏུ་སྟོན་པ་ལྷུར་བྱེད་པའི་ངག་གིས་མདོ་ཡི་དོན་དང་མི་འགལ་བར་ཞེས་གསུངས་པས་མི་འགལ་བའི་གཞི་མདོ་ཡིན་པར་འགྲེལ་པའི་ཚིག་ཟིན་ལ་ཐོན་པས་རྣམ་བཤད་ཀྱི་བཤད་པ་འགྲེལ་ངག་དངོས་ཟིན་དང་མཐུན་ཡང་གསེར་ཕྲེང་ལས་ནི་ལྷུར་བྱེད་པའི་ངག་གིས་ཞེས་པ་འགལ་མིན་བརྟག་པའི་ཆོས་དང་།མདོའ་ིདོན་དང་ཞེས་པས་བརྟག་པའི་གཞིར་བྱས་ནས་སོ་སོར་བཅད་པ་བཀག་སྟེ་རང་ལུགས་ལ།ངག་གིས་བསྡུས་རྒྱས་སུ་བྱས་ནས་སྟོན་པའི་མདོ་དང་མི་འགལ་བར་ཞེས་སྦྲེལ་ནས་འཆད་པར་བྱེད་དོ།།གང་ཞིག་མི་འགལ་བ་ནི།སེམས་བསྐྱེད་ཀྱི་མཚན་ཉིད་དང་དམིགས་རྣམ་སྟོན་པའི་རྒྱན་ལ་བཞག་དགོས་པར་སྣང་།ཡང་གསེར་ཕྲེང་ལས།དོན་འདི་ལ་ཨ་མ་ར་ཙནྡྲས།ཡུམ་གྱི་མདོ་དང་མི་འགལ་བར་བསྟན་བཅོས་ཀྱི་ངག་གིས་ཤུགས་ལ་བསྡུས་རྒྱས་སུ་བརྗོད་པར་བཞེད་པ་ཡང་མི་འཐད་དེ།ཡུམ་གསུམ་ཆར་ལས་བསྟན་ཏེ་ཞེས་འབྲེལ་བ་དང་།འགྲེལ་པ་ཐམས་ཅད་ལས་ཀྱང་བསྡུས་རྒྱས་སུ་སྟོན་པའི་ཚིག་མདོ་ཉིད་ལ་མཛད་པས་སོ།།
མཚན་ཉིད་ཀྱི་སྐབས་སུ་བསྡུས་པ་དང་རབ་དབྱེའི་སྐབས་སུ་རྒྱས་པར་བརྗོད་ཅེས་པ་ཡང་དོན་མིན་ཏེ།མཚན་ཉིད་ཀྱི་འོག་ཏུ་ཡུལ་གཉིས་ཀྱི་འཆད་འགྱུར་གྱི་དྲི་བ་བྱུང་ཞིང་རབ་དབྱེའི་སྔོན་དུ་བཤད་ཟིན་གྱི་མཚམས་སྦྱར་བྱུང་བ་དང་།དབྱེ་བ་ནི་སེམས་བསྐྱེད་རྒྱས་བཤད་ཡིན་གྱི་ཡུལ་གྱི་མིན་པས་སོ།།མ་ངེས་པ་མིན་ཏེ།ཁྱེད་ལྟར་ན་ཡུལ་ཉི་ཚེ་བསྡུས་རྒྱས་སུ་བཤད་པས་སོ།།ཞེས་བྱུང་སྟེ།ཨ་མ་ར་ཙནྡྲའམ་གཽ་མི་འཆི་མེད་ཟླ་བས།འགྲེལ་པར།ངག་གིས་ཞེས་པའི་ངག་བསྟན་བཅོས་རྒྱན་ལ་བྱས་ནས་དེས་ཡུལ་གཉིས་རྒྱས་བསྡུས་སུ་ཤུགས་ལ་བསྟན་པར་མདོ་དང་མི་འགལ་བའི་དོན་དུ་བྱས་པ་མི་འཐད་དེ།འགྲེལ་པར་ཡུམ་གསུམ་ཆ་ལས་ཞེས་པ་ངག་གིས་ཞེས་པ་དངའབྲེལ་དགོས་པའི་ཕྱིར་དང་།རྒྱན་འགྲེལ་ཐམས་ཅད་ལས་མདོ་ཉིད་ལ་མཛད་པ་ལས་བསྟན་བཅོས་མ་མཛད་པས་སོ།།ཡང་ངག་གིས་ཞེས་པ་བསྟན་བཅོས་ལ་བྱས་ནས་རྩ་བར།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་པའི་མཚན་ཉིད་ཀྱི་སྐབས་སུ་བྱང་ཆུབ་དང་གཞན་དོན་མདོར་བསྟན་པ་དང་།དེ་ཡང་ས་གསེར་ཟླ་བ་མེ།།ཞེས་སོགས་རབ་དབྱེའི་སྐབས་སུ་དེ་གཉིས་རྒྱས་པར་བཤད་པའི་དོན་དུ་མཛད་པ་ཡང་འགྲེལ་པའི་དགོངས་པ་མིན་ཏེ།འགྲེལ་པར་སེམས་བསྐྱེད་ཀྱི་མཚན་ཉིད་བཤད་ཟིན་པའི་འོག་ཏུ།བྱང་ཆུབ་དེ་ནི་གང་ཡིན།གཞན་གྱི་དོན་གང་ཡིན།ཞེས་ཡུལ་གཉིས་འཆད་འགྱུར་གྱི་དྲི་བ་གཟོད་བྱུང་བས་མཚན་ཉིད་སྐབས་སུ་ཡུལ་གཉིས་བསྟན་ན་མཚན་ཉིད་ཀྱི་སྔོན་དུ་དྲི་ཚིག་འདི་བྱུང་དགོས་པའི་ཕྱིར་དང་།རབ་དབྱེའི་སྐབས་སུ་ཡུལ་གཉིས་རྒྱས་པར་བཤད་ན།འགྲེལ་པ་ལས།དེ་ལྟརསེམས་བསྐྱེད་པ་རང་གི་ངོ་བོ་དམིགས་པ་དང་བཅས་པ་བརྗོད་ནས།ཞེས་ཡུལ་གཉིས་བཤད་ཟིན་པའི་མཚམས་སྦྱོར་རབ་དབྱེའི་སྔོན་དུ་འབྱུང་མི་རིགས་ཏེ།རབ་དབྱེའི་སྐབས་སུ་ད་དུང་ཡུལ་གཉིས་རྒྱས་པར་བཤད་དགོས་པ་ཁྱེད་ཀྱིས་བཞེད་པས་སོ།།དེས་ན་རབ་དབྱེའི་གཞུང་ནི་སེམས་བསྐྱེད་རྒྱས་བཤད་ཡིན་གྱི་ཡུལ་གཉིས་རྒྱས་བཤད་མིན་པས་སོ།།སེམས་བསྐྱེད་རྒྱས་བཤད་ཡིན་ན་ཡུལ་གཉིས་རྒྱས་བཤད་མིན་པས་ཁྱབ་པར་ཁྱེད་ལ་མ་ངེས་པར་མིན་ཏེ།ཁྱེད་ཀྱིས་བསྡུས་རྒྱས་ཀྱིས་ཡུལ་ཉི་ཚེ་བཤད་པར་ཁས་བླངས་སོ།།ཞེས་པའོ།།མཁས་པ་འགའ་ཞིག་གིས།མཚན་ཉིད་སྐབས་སུ་ཞེས་པ་གཽ་མིའི་བཞེད་པའི་མཇུག་ལས་ཕྱོགས་སྔ་གསུམ་པ་ཞིག་ལ་མི་བཞེད་པ་དང།བཞེད་པའི་ཕྱོགས་ཅི་རིགས་ཡོད་ཀྱང་ཁོ་བོས་རྨོངས་འཆར་ལ།གོ་མིའི་བཞེད་པ་ཡིན་ན་དེ་མ་དགག་པའི་གོང་ནས་དེའི་བཞེད་པ་དཀྱུས་གཅིག་ཏུ་བཀོད་དགོས་པ་ལས་མ་བཀོད་པར་དེ་བཀག་པའི་འོག་ཏུ་བྱུང་བ་དང་།གཽ་མིས་བསྟན་བཅོས་ཀྱིས་ཤུགས་ལ་བསྡུས་རྒྱས་སུ་བསྟན་ཞེས་པས་དངོས་བསྟན་ལམ་གྱི་རྣམ་གཞག་གཞན་ཞིག་ཡོད་པ་ཚིག་གི་ནུས་པས་གོ་བ་དང་།ཕྱོགས་གསུམ་པས་ནི་ཡུལ་ཉི་ཚེ་བསྡུས་རྒྱས་སུ་བཤད་པ་འདོད་དགོས་པར་དགག་ཚུལ་གྱིས་ཀྱང་ཤེས་པས་ཕྱོགས་སྔ་ཐ་དད་དོ་སྙམ་སྟེ་དཔྱད།ཡང་གསེར་ཕྲེང་ལས།ཚིག་གསལ་ལས་འདོད་པའི་བདག་ཉིད་གང་ཞེས་པའི་ལན་དུ།ཞེས་པ་ནས།དེ་ལྟར་ན་སེམས་བསྐྱེད་པ་ཞེས་སོགས་མཛད་པ་ནི་ཤིན་ཏུ་ནོར་རོ།།ཞེས་བྱུང་སྟེ།ཚིག་གསལ་ལས་ནི་འགྲེལ་པའི་ཡུལ་གཉིས་བསྟན་པའི་མཚམས་སྦྱོར་གང་འདོད་པར་བྱ་བའི་བདག་ཉིད་དང་།ཞེས་པ་དྲི་བ་གཅིག།གང་གི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན་ཞེས་པ་དྲི་བ་གཅིགགཞན་གྱི་དོན་ནི་གང་ཡིན་ཞེས་པ་དྲི་བ་གཅིག་དང་གསུམ་བྱས་ནས་དང་པོས་འདོད་པའི་ངོ་བོ་དང་།གཉིས་པས་དམིགས་ཡུལ་བྱང་ཆུབ་དང་།གསུམ་པས་གཞན་དོན་དྲིས་པར་བྱས་ཏེ།དང་པོ་ལན་དུ་བྱང་ཆུབ་རྒྱས་བཤད་དང་།གཉིས་པའི་ལན་དུ་གཞན་དོན་མདོར་བསྟན་དང་།གསུམ་པའི་ལན་དུ་གཞན་དོན་རྒྱས་བཤད་ཀྱི་མདོའ་ིཚིག་དོན་གྱི་སྣ་བསྡུས་ནས་མདོ་ཚན་གསུམ་བཀོད་པ་ནི་སློབ་དཔོན་གྱི་དགོངས་པ་མིན་ཏེ།བྱང་ཆུབ་མདོ་བསྟན་ཆད་པས་སོ།།དེས་ན་དྲི་བ་ནི་ཤེར་སྒྲོན་ལས་གསུངས་པ་བཞིན་དུ་དང་པོ་གཉིས་གཅིག་ཏུ་སྡོམ་ནས་གཉིས་བྱས་ཏེ་དང་པོའི་ལན་དུ་བྱང་ཆུབ་མདོར་བསྟན་རྒྱས་བཤད་དང་།གཉིས་པའི་ལན་དུ་གཞན་དོན་མདོར་བསྟན་རྒྱས་བཤད་གཉིས་གཉིས་ཏེ་བཞིས་མཛད་པ་ནི་སློབ་དཔོན་གྱི་དགོངས་པ་འཁྲུལ་མེད་ཡིན་ཏེ།བསྟན་བཤད་ཀྱི་མདོ་བཞི་ཡུལ་གཉིས་བསྟན་པ་ལ་སྦྱར་བས་སོ།།
ཚིག་གསལ་རང་ཉིད་ཀྱིས་ཀྱང་མདོ་བཞི་ཡུལ་གཉིས་བསྡུས་རྒྱས་སུ་བཤད་པའི་མདོར་འདོད་པ་དང་ནང་འགལ་ཞིང་།དེའི་ཕྱིར་བུ་སྟོན་ཐམས་ཅད་མཁྱེན་པ་དང་གཡག་ཊཱིཀ་པས་དྲི་བ་གསུམ་བྱས་ནས་དང་པོའི་ལན་དུ་འགྲེལ་པར།དེ་ལྟར་ན་སེམས་བསྐྱེད་པ་ཞེས་སོགས་ཀྱི་གྲུབ་དོན་སྟོན་པའི་ཚིག་གིས་མཛད་པ་ཡང་ཤིན་ཏུ་ནོར་ཏེ།དྲི་ལན་གོ་ལྡོག་པའི་ཕྱིར་དང་།དྲི་བ་འདོད་པ་དྲིས་ནས་ལན་གྱིས་སེམས་བསྐྱེད་བསྟན་པ་འབྲེལ་མེད་དུ་འགྱུར་བས་སོ།།མདོ་དང་རྩ་བ་བཞིན་དུ་འགྲེལ་པས་ཀྱང་སེམས་བསྐྱེད་ལ་འདོད་པའི་མིང་གིས་བཏགས་དགོས་པར་ཐལ་བ་སོགས་ཀྱི་སྐྱོན་ཡོད།དྲིས་ལན་གྱི་གྲུབ་དོན་དང་དེ་དང་འབྲེལ་བའི་དྭོགས་གཅོད།ཡང་གསེར་ཕྲེང་ལས།གསུམ་པ་ནི།སེམས་བསྐྱེད་དེ་གཞན་དོན་དུ་རྫོགས་བྱང་ལ་དམིགས་པར་མདོ་བཞིས་གྲུབ་སྟེ།ཞེས་པ་ནས།མདོ་དང་མཐུན་པར་བྱས་ཀྱི་རང་དགར་བ་ནི་མིན་ནོ་ཞེས་སོ།།ཞེས་བྱུང་སྟེ།ཚིག་དོན་ཕལ་ཆེ་ཤིན་ཏུ་གོ་སླ་ཞིང་གོང་དུ་བཤད་ཟིན་པས་འདིར་དོན་བསྡུས་ནས་སྨོས་ན།རྗེ་བཙུན་གྱིས་སེམས་བསྐྱེད་ཀྱི་མཚན་ཉིད་གཞན་དོན་དུ་རྫོགས་བྱང་ལ་དམིགས་པར་གསུངས་པ་དེ་མདོ་དང་མཐུན་པར་ཆོས་བཤེས་ཀྱི་ཚིག་གསལ་དང་སེང་བཟང་གི་ཉི་ཁྲི་ལེའུ་བརྒྱད་མ།ཤིནྟཔའི་ཉི་ཁྲི་དག་ལྡན།རིན་ཆེན་གྲགས་ཀྱི་གྲགས་ཆ་སོགས་ལས་ཀྱང་བཤད་པས་སེམས་བསྐྱེད་ཀྱི་མཚན་ཉིད་དང་དམིགས་ཡུལ་རང་བཟོ་མིན་པར་མདོ་དང་མཐུན་པ་བྱས་སོ།།ཞེས་པའོ།།ཚིག་གསལ་ལས།ཚིག་ལེའུ་བྱས་པ་རིལ་པོ་སྦྱར་རོ།།ཞེས་པ་མདོ་དང་མི་འགལ་ཞེས་པ་བྱང་ཆུབ་དང་གཞན་དོན་སྟོན་པའི་ཚུལ་ཁོ་ན་ལ་མ་སྦྱར་བར་ཚིག་ལེའུ་བྱས་པའི་རྒྱན་གྱི་གཞུང་ཀུན་གྱིས་གང་བསྟན་མདོ་དང་མི་འགལ་བ་དང་མཐུན་པའོ་ཞེས་སྦྱར་དགོས་པའི་དོན་ཡིན།ལེའུ་བརྒྱད་མའི་དོན་ནི་བསྡུས་རྒྱས་ཀྱི་མདོ་བཞི་པོ་གཞུང་དེར་དྲངས་ཚུལ་གྱིས་ཡུལ་ཉི་ཚེ་བསྟན་པ་ལ་མི་བྱ་བར་བྱང་ཆུབ་སེམས་བསྐྱེད་ཀྱི་དམིགས་ཡུལ་དང་གཞན་དོན་ཆེད་དུ་བྱ་བའི་ཡུལ་ཡིན་པའི་ཤེས་བྱེད་དུ་བཀོད་པའོ།།མདོ་གཞན་མ་བཀོད་པའི་ཚུལ་དང་དྭོགས་གཅོད།ཡང་གསེར་ཕྲེང་ལས།བཞི་པ་ནི།བློ་གྲོས་མི་ཟད་པ་དང་སྡོང་པོ་བཀོད་པ་སོགས་གཞན་ལས་ཀྱང་སེམས་བསྐྱེད་ཀྱི་མཚན་ཉིད་གསུངས་པ་མ་ཡིན་ནམ།ཞེས་པ་ནས།བཟང་པོའི་ཞབས་ཀྱིས་ཉི་སྣང་ལ་བརྟེན་ནས་སྦྱར་བའི་ཉི་ཁྲི་དག་གཏུགས་དང་སྦྱར་བར་བྱའོ།།ཞེས་བྱུང་སྟེ།འགྲེལ་པར།གཙུག་ལག་གི་གཞུང་སྐབས་ཀྱི་དོན་བསྟན་པ་ལྷུར་ལེན་པ་ནི་ཐམས་ཅད་ལས་ཀྱང་གསུངས་མོད་ཀྱི།ཞེས་པའི་དོན་བློ་གྲོས་མི་ཟད་པ་དང་སྡོང་པོ་བཀོད་པ་དང་།ཡུམ་གཞན་གཉིས་དང་བཅས་ཏེ་ཐམས་ཅད་ལས་ཀྱང་སེམས་བསྐྱེད་ཀྱི་རང་བཞིན་དང་དམིགས་ཡུལ་སོགས་གསུངས་མོད་ཀྱི།ཚིག་མངས་སུ་དྭོགས་ནས་མ་བྲིས་སོ།།རྣམ་བཤད་ལས་ཐམས་ཅད་ཡུམ་གསུམ་པོ་ལ་འཇོག་ལ།མདོ་གཞན་ལས་གསུངས་ཀྱང་དེ་དག་མ་དྲངས་པར་ཡུམ་བར་མ་དྲངས་པ་ནི་འདི་ཉིད་འདིའི་རྩ་བའི་མདོ་ཡིན་པས་སོ།།འགྲེལ་བར།གཙུག་ལག་གི་གཞུང་སྐབས་དོན་བསྟན་ལྷུར་ལེན་པ་ནི་ཞེས་པ་ནས་མ་བྲིས་སོའི་བར་གྱི་གཞུང་འདི་སེམས་བསྐྱེད་ཀྱི་དམིགས་རྣམ་ཡུམ་གསུམ་ཀ་ལས་ཀྱང་གསུངས་པས་འདིར་བར་མ་བཀོད་པ་ཅི་ཡིན་ཞེས་དྲིས་པའི་ལན་དུ་སྦྱོར་བ་ནི་བྱིས་པ་བསླུ་བའི་ཚིག་སྟེ།བསྡུས་པ་ན་ཚིག་འགོད་རྒྱུ་མེད་ལ།རྒྱས་འབྲིང་གཉིས་ན་ཚིག་མང་ཉུང་གི་ཁྱད་པར་མེད་པས་གང་བཀོད་ཀྱང་རུང་བས་སོ།།དེ་དང་དེ་ནི་ཞེས་པའི་རྐང་པ་གཉིས་ཀྱི་མཚམས་སྦྱོར་ལ་འགྲེལ་པར།ཡང་འདོད་པ་བྱ་བའི་བདག་ཉིད་ཞེས་སོགས་དང་།ཕྱི་འགྲེལ།རྒྱལ་བའི་ཡུམ་རྣམ་པ་གསུམ་ཆ་ལས་ཞེས་སོགས་ཀྱི་དོན་ལ་མི་སྨྲ་བའི་བརྟུལ་ཞུགས་ཐོབ་པའི་རྒྱ་གར་བ་ཁ་ཅིག་ནི།ཚིག་གསལ་མཁན་པོ།ཆོས་བཤེས།གསེར་གླིང་པ་སོགས་དང་།བོད་ནི་བུ་སྟོན་དང་།གཡག་ཊཱིཀ་པ་སོགས་ཡིན་པ་གོང་གི་བཤད་པ་ལས་ཤེས།ཉི་སྣང་དང་།རྒྱན་སྣང་དང་།ཉི་ཁྲི་དག་ལྡན་སོགས་ཀྱིས་རྒྱན་གྱི་སེམས་བསྐྱེད་ནས་མདོ་དང་སྦྱར་བ་མ་གཏོགས་མཆོད་བརྗོད་དང་དགོས་འབྲེལ་ཡན་ལག་མདོར་བསྟན་སོགས་མདོ་དང་སྦྱར་བ་མ་མཛད་དོ།།
འོན་ཀྱང་སྟོང་ཕྲག་བརྒྱ་པའི་བཤད་པ་སྟེ་ཁ་ཆེ་དྷ་སྨྲ་ཤྲིས་མཛད་པར་གྲགས་པའི་འབུམ་རྐྱང་དང་སྦྱར་བ་དེ་དང་།སྨྲི་ཏིས་མཛད་པར་གྲགས་པའི་འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ་གསུམ་དང་སྦྱར་བའི་འགྲེལ་པས་རབ་དབྱེ་སེམས་བསྐྱེད་ཉེར་གཉིས་ཀྱི་དང་པོ་ནས་མདོ་དང་སྦྱར་བའི་མགོར་བཟུང་ངོ་།།ཨ་བྷྱའི་ཐུབ་པ་དགོངས་རྒྱན་དང་བོད་ཁ་ཅིག་གིས་སེམས་བསྐྱེད་ཀྱི་མཚན་ཉིད་སྐབས་སུ་ཉི་སྣང་ལས།བྱང་ཆུབ་སེམས་དཔའ་ཅི་ནས་ཞེས་པ་ནས་གཞན་གྱི་དོན་བསྒྲུབ་པར་བྱའོ།།ཞེས་པའི་བར་མདོ་ལ་ངོས་འཛིན་པ་མི་འཐད་དེ།ཉི་སྣང་རང་གི་ཚིག་ཡིན་པས་སོ།།ཐུབ་དགོངས་ཀྱི་འཁྲུལ་གཞི་ནི་ཚིག་དེའི་གོང་དུ་ཉི་སྣང་ལས།སྟོང་ཕྲག་ཉི་ཤུ་ལྔ་པ་འདི་ཉིད་ལས་ཞེས་གསུངས་པས་བྱས་སོ།།འགྲེལ་པ་འདིར་མངོན་རྟོགས་རྣམས་མདོ་གང་གི་ཁུངས་ནས་དེའི་སྒྲུབ་བྱེད་དུ་སྦྱར་ཞེ་ན།སློབ་དཔོན་སེང་བཟང་གིས་ཉི་སྣང་ལ་བརྟེན་ནས་འགྲེལ་པའི་སྐབས་འདིར་མངོན་རྟོགས་དེ་དང་དེའི་ཁུངས་སུ་སྦྱར་བའི་མདོ་ནི་ཡུམ་གསུམ་གྱི་ནང་ནས་ཉི་ཁྲི་དག་གཏུགས་ཁོ་ན་དང་སྦྱར་བར་བྱའོ།།ཉི་ཁྲི་དག་གཏུགས་ནི་ཉི་ཁྲི་ལེའུ་བརྒྱད་མར་དྲངས་པའི་ཉི་ཁྲི་རང་གི་མིང་ཡིན་པར་སུ་ཉིད་ལྷ་རམས་པའི་གསེར་སྡོམ་ལས་བཤད་པར་ལྟར་ཡིན་ནོ།།རྩོད་ལན་ལས་སྤྲོས་ཏེ་རྟོག་གེ་མགོ་མཁྲེགས་ཤིག་གི་རྨོངས་འཆར་གསར་པ།སེམས་བསྐྱེད་ལ་འདུན་པའི་མིང་གིས་བཏགས་པར་བཤད་པའི་སྐབས་ཀྱི་ལེགས་བཤད་གསེར་ཕྲེང་ལས།དེ་ལྟར་ན་རྩོད་ལན་འདི་གཉིས་ཀས་སེམས་དང་སེམས་བྱུང་རྫས་ཐ་དད་པར་འདོད་པར་སྣང་ཞིང་།ཐོགས་མེད་སྐུ་མཆེད་ལ་སོགས་པ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་དུ་མས་ཀྱང་དེ་ལྟར་བཀྲལ་ལོ།།ཞེས་གསུངས་པ་འདི་རང་རྒྱུད་པའི་སྤྱི་སྐད་ལ་གྲགས་པའི་གཏམ་གཏན་ནས་མིན་ཏེ།རྣམ་བཤད་ལས།དེས་སེམས་སེམས་བྱུང་རྫས་ཐ་དད་དུ་བསྟན་ཏོ་ཞེས་ཟེར་བ་ནི།འགལ་ན་རྫས་ཐ་དད་ཀྱིས་ཁྱབ་པ་ཚངས་པས་ཀྱང་སྒྲུབ་མི་ནུས་སོ།།ཞེས་གསུངས་པ་དང་།རྟོགས་སྣང་ལས་ཀྱང་།དེ་ཡང་སེམས་བྱུང་ཡིན་ན་གཙོ་སེམས་ཡིན་པ་འགལ་བས་འདོད་པ་སེམས་བསྐྱེད་ཀྱི་མཚན་ཉིད་སྨོས་པ་མི་འཐད་སྙམ་པ་སྟེ།འདི་ལ་སེམས་སེམས་བྱུང་རྫས་ཐ་དད་དུ་འདོད་མི་དགོས་སོ།།ཞེས་གསུངས་པ་རྣམས་ནི་རང་རྒྱུད་པའི་སྤྱི་སྐད་དོ།།
འོན་ཀྱང་གསེར་ཕྲེང་ལས་གསུངས་པ་ནི་ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་ལུགས་དང་མཐུན་པ་བཀྲལ་བ་སྟེ།དཔེར་ན།རང་རྒྱུད་པ་སྤྱིས་ཀུན་གཞི་ཉོན་ཡིད་མི་བཞེད་ཀྱང་གསེར་ཕྲེང་གིས་རང་རྒྱུད་པའི་ལུགས་སུ་སེམས་ཙམ་པ་སྒོ་བསྟུན་ནས་དེའི་རྣམ་བཞག་འདོད་དེ།སེམས་བསྐྱེད་བསྟན་པའི་ཉི་སྣང་གི་གཞུང་གི་དོན་བཀྲལ་སྐབས་སུ་གསེར་ཕྲེང་ལས།སྒོ་ལྔའི་རྣམ་ཤེས་ཁ་ཕྱིར་བལྟས་ཡིན་པ་དང་ཀུན་གཞི་ཉོན་ཡིད་ལུང་མ་བསྟན་ཡིན་པ་དགོངས་ནས་དེ་དག་ལ་མ་བཞག་པར་དཀར་ཆོས་ཀུན་གྱི་རྟེན་དུ་རུང་བའི་ཡིད་ཀྱི་རྣམ་ཤེས་ལ་མཚན་གཞིར་བྱས་སོ།།ཞེས་ཉི་སྣང་གིས་ཀྱང་ཀུན་གཞི་བཞེད་པའི་ཕྱོགས་གསུངས་པ་དང་།འོག་སྐབས་བཞི་པའི་སྐབས་སུ་འགོག་སྙོམས་ཀྱི་དགག་བྱར་ཉོན་ཡིད་བྱས་པ་སོགས་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་ལྟར་བྱས་པ་བཞིན་ནོ།།ལུང་གི་རྗེས་འབྲང་གི་སེམས་ཙམ་ལུགས་ལ།ལྡོག་པ་ཐ་དད་ལ་རྫས་གཅིག་པའི་རྣམ་གཞག་གཏན་ནས་མི་བཞེད་དེ།རྗེ་བླ་མའི་ཀུན་གཞི་དཀའ་འགྲེལ་ལས།གཞན་ཡང།རྫས་གཅིག་ཏུ་ཁས་བླངས་ནས་ཆ་གཉིས་འདོད་པ་ལ་འགལ་བ་མེད་ན་ཡན་ལག་དང་ཡན་ལག་ཅན་རྫས་གཅིག་པ་སངས་རྒྱས་ཀྱིས་ཀྱང་དགག་པར་མི་ནུས་སོ།།ཞེས་ཡན་ལག་དང་ཡན་ལག་ཅན་རྫས་གཞན་ཡིན་པ་དང་དེ་རྫས་གཅིག་པ་དགག་དགོས་པར་ཤིན་ཏུ་གསལ་བར་གསུངས་པ་དང་།ཡང་དེ་ཉིད་ལས།ཆ་གཉིས་ཀྱང་ཡིན་རྫས་གཅིག་པུ་ཡིན་པ་འདི་ནི་ལྷ་དགའ་བར་བྱེད་ཀྱི་དོན་ཤེས་པ་ནི་མ་ཡིན་ནོ།།ཞེས་ཆ་གཉིས་རྫས་གཅིག་ཏུ་འདོད་ན་བདུད་ཀྱི་ལྷའམ་ནག་ཕྱོགས་ཀྱི་ལྷ་དགའ་བའི་གཏམ་ཡིན་པ་གསུངས་པ་དང་།ཡང་དཀའ་འགྲེལ་དེ་ཉིད་ལས།དེ་གཉིས་རྫས་གཅིག་ལྡོག་པ་ཐ་དད་དུ་འདོད་པ་ནི་གཞུང་ལུགས་གཞན་གྱི་ཆོས་སྐད་འཕྱུགས་པས་ན་རང་སྐད་མ་ཐོན་ནོ།།ཞེས་རྫས་གཅིག་ལྡོག་ཐ་དད་ཀྱི་རྣམ་གཞག་ནི་གྲུབ་གཞན་གྱི་འདོད་ཚུལ་ལས་ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་འདོད་པ་མིན་པར་གསུངས་པ་དང་།ཡང་གཞུང་དེ་ཉིད་ལས།དངོས་པོ་དང་གཟུགས་རྫས་གཅིག་ཡིན་ན་དེ་ཉིད་དྲི་རོ་སོགས་ལ་རྗེས་སུ་མི་འགྲོ་བར་གསུངས་པ་དང་།ཤིང་ཤ་པ་དང་རྫས་གཅིག་ན་ཤིང་གསལ་ནང་ཕན་ཚུན་རང་བཞིན་འདྲེས་པར་འགྱུར་བར་ཆོས་རྗེ་ས་པཎ་གྱི་གཞུང་དྲངས་ནས་སྒྲུབ་པས་ལུགས་འདིར་རྫས་གཅིག་ལ་ལྡོག་པ་ཐ་དད་པའི་རྣམ་གཞག་ནི་གཏན་ནས་མི་རིགས་སོ།།
གཞན་ཡང་།སེམས་དང་སེམས་བྱུང་རྫས་གཅིག་ན་ཉོན་ཡིད་དང་དེའི་མཚུངས་ལྡན་རྫས་གཅིག་ཏུ་འགྱུར་ལ།དེ་འདོད་མི་ནུས་ཏེ།ཀུན་གཞི་དཀའ་འགྲེལ་ལས།ཉོན་ཡིད་ཀྱི་འཁོར་རྣམས་ཕན་ཚུན་རྒྱུ་འབྲས་ཡིན་པས།ཞེས་གསུངས་པ་དང་འགལ་ཞིང་།རྫས་གཅིག་ཀྱང་ཕན་ཚུན་རྒྱུ་འབྲས་སོ་ཞེ་ན།བདག་སྐྱེ་འདོད་པའི་རང་སྡེ་ཡོད་པར་འགྱུར་བས།མདོ་སྡེ་དགོངས་འགྲེལ་ལས།གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པར་འཇོག་སྐབས་རྐྱེན་གཞན་གྱི་དབང་གིས་ཡིན་ཞིང་བདག་ཉིད་ཀྱིས་མ་ཡིན་པས།ཞེས་བདག་སྐྱེ་མི་བཞེད་པའི་ཕྱོགས་ཤིན་ཏུ་གསལ་ཏེ་མཚོན་པ་ཙམ་མོ།།འོ་ན་ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་ལུགས་ལ་སྔོན་པོ་སྔོན་འཛིན་རྫས་གཞན་ཡིན་པར་ཤིན་ཏུ་འདོད་དགོས་ལ།དེ་འདོད་ན།སྔོན་པོ་ཕྱི་དོན་འགྱུར་བས་སེམས་ཙམ་པའི་གྲུབ་མཐའ་སྤྱི་དང་འགལ་སྙམ་པ་ནི་དོན་མེད་ཀྱི་ཐུགས་རྟོག་སྟེ།སྔོན་པོ་སྔོན་འཛིན་དང་རྫས་གཞན་ཡིན་པ་དང་།སྔོན་པོ་ཕྱི་དོན་མིན་པ།དེ་སྔོན་འཛིན་གྱི་སྣང་ཆ་ཙམ་དང་བདག་ཉིད་ཙམ་དུ་གྲུབ་པ་དང་།བག་ཆགས་སད་སྟོབས་ཀྱིས་གྲུབ་པ་དང་དེ་གཉིས་ཉེར་ལེན་བག་ཆགས་གཅིག་ཏུ་གྱུར་པ་ལ་འགལ་བ་སྤུ་ཙམ་ཡང་མེད་དོ།།འདིའི་གནད་ཀྱིས་གཟུང་འཛིན་རྫས་གཞན་གྱི་སྟོང་པར་སྒྲུབ་པའི་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ཀྱང་རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་ལས་གྲུབ་མཐའ་འདིས་མི་བཞེད་པས་ལེགས་བཤད་སྙིང་པོ་ལས་ཀྱང་རིགས་པ་འདི་མ་གསུངས་ཤིང་།གཞན་དུ་ན།གཞུང་དེར་ཕྱི་དོན་འགོག་པའི་ཡན་ལག་ཙམ་གྱི་རིགས་པའང་གསུངས་ལ།རིགས་པའི་རྒྱལ་པོ་འདི་མ་གསུངས་པའི་གནད་གང་ལ་ཐུག་སྨོས་ཤིགལུགས་འདིར་སྔོན་པོ་དང་སྔོན་འཛིན་དང་།བུམ་པ་དང་བུམ་འཛིན་གཉིས་རྫས་གཅིག་མི་འདོད་པར་རྣམ་པ་ཐམས་ཅད་དུ་མཚུངས་ཀྱང་རྫས་གཞན་འདོད་མིན་གྱི་ཁྱད་པར་ཤིན་ཏུ་ཆེ་སྟེ།རྫས་སུ་གྲུབ་ན་རྫས་ཡོད་ཡིན་པས་ཁྱབ་པར་འདི་པའི་ལུགས་དང་དོན་བྱེད་ནུས་པ་ལ་རྫས་སུ་གྲུབ་ཁྱབ་པར་སློབ་དཔོན་རིགས་པའི་རྗེས་འབྲང་གི་ལུགས་ཡིན་པས།སྔོན་པོ་སྔོན་འཛིན་དང་རྫས་གཞན་ཡིན་ཀྱང་བུམ་པ་བུམ་འཛིན་དང་རྫས་གཅིག་ཐ་དད་གང་ཡང་མིན་ཏེ།བུམ་པ་རྫས་སུ་མ་གྲུབ་པའི་ཕྱིར་ཏེ།དེ་བཏགས་ཡོད་པའི་ཕྱིར་ཏེ།ཀུན་བཏུས་དར་ཊཱིཀ་ལས།གཟུགས་ཆོས་ཅན།རྫས་སུ་ཡོད་དེ།ཆོས་གཞན་མ་བལྟོས་པར་བཟུང་དུ་ཡོད་པའི་ཕྱིར།བུམ་པ་ལ་སོགས་དེ་ལྟར་མ་ཡིན་ཏེ།སྔ་མ་ལས་ལྡོག་སྟེ་ཡིན་པའི་ཕྱིར།ཞེས་གསུངས་པའི་ཕྱིར།དེ་ལྟ་ན།ཀུན་གཞིའི་རྩ་བར།བག་ཆགས་དེ་ཡང་རྟེན་ལས་ནི།།རྫས་གཅིག་ཐ་དད་གང་ཡང་མིན།།ཞེས་གསུངས་པས།ཆོས་གང་རྫས་གཅིག་དང་རྫས་ཐ་དད་གང་ཡིན་ནའང་རང་ཉིད་རྫས་ཡོད་ཡིན་དགོས་པ་དང་།རྫས་གྲུབ་དང་བཏགས་ཡོད་ཀྱི་ལྡོག་ཕྱོགས་ཀྱི་རྫས་ཡོད་གཉིས་དོན་གཅིག་ཡིན་དགོས་པ་ནི་ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་ལུགས་ཐུན་མོང་མིན་པའོ།།གཞན་ཡང་།ཕྱི་དོན་མི་བཞེད་ན་གཟུང་འཛིན་རྫས་གཞན་མིན་པར་འདོད་དགོས་པའི་ངེས་པའང་གཏན་ནས་མེད་དེ།ཀུན་མཁྱེན་བླ་མས་སེམས་ཙམ་སྒོ་ང་ཕྱེད་ཚལ་བས་སྔོན་པོ་དང་སྔོན་འཛིན་གྲུབ་དུས་ལ་ལྟོས་ནས་སྔ་ཕྱི་བ་བཞེད་པ་གསུངས་པ་དང་།པཎ་ཆེན་ཐམས་ཅད་མཁྱེན་པ་དང་།དྲུང་ཆེན་ལེགས་བཟང་གཉིས་ཀྱིས་སྔོན་པོ་སྔོ་འཛིན་སྤྱིར་ཤེས་པའི་བདག་ཉིད་ཡིན་ཀྱང་དེ་གཉིས་རྫས་ཐ་དད་དུ་བཞེད་པ་སྒོ་ང་ཕྱེད་ཚལ་བར་གསུངས་པས་ཀྱང་ཤེས་ནུས་སོ།།གསེར་སྡོམ་ལས།ཐོགས་མེད་སྐུ་མཆེད་ཀྱིས་སེམས་སེམས་བྱུང་རྫས་གཞན་གསུངས་པ་རྣམ་ཤེས་རྫས་རེ་རེའི་འཁོར་དུ་སེམས་བྱུང་རྫས་རེ་རེ་འབྱུང་བས་ན་དེ་ལ་དགོངས་ནས་གསུངས་པར་བཤད་ཀྱང་།མཚུངས་ལྡན་འདོད་པའི་དབུ་སེམས་ཀྱི་མཁས་པ་ཕལ་མོ་ཆེས་དེ་ལྟར་བཞེད་པས་ཐོགས་མེད་སྐུ་མཆེད་ལ་དམིགས་བཀར་བྱས་པའི་ཁྲལ་ལྕི་མོ་འདི་སུ་ཞིག་གིས་བརྒྱབ།འགའ་ཞིག་གིས་རྗེའི་གསུང་ལས་ལན་གཅིག་མིན་པ་ཡང་ཡང་ནན་ཏན་གྱིས་གསུངས་པ་འདི་ལ་རྟོག་དཔྱོད་རགས་རིམ་ཞིག་ཀྱང་མ་བྱས་པར་བྱེ་བྲག་པའི་འདོད་པ་བཀོད་པ་ལ་སྦྱར་བ་དང་།ཡང་ལ་ལས།བོད་སྔ་རབས་པའི་བཞེད་པ་ལ་སྦྱར་བ་སོགས་ནི་རྗེའི་དགོངས་པ་ལུགས་དེ་དག་དང་གཅིག་ཏུ་དོན་གྱིས་སྨྲས་པས།ཉན་པར་འོས་པའི་གཏམ་གཏན་ནས་མིན་ནོ།།དེས་ན་རྣམ་བཤད་དང་རྟོགས་སྣང་ལས་གསུངས་པ་ནི་རང་རྒྱུད་པའི་སྤྱི་སྐད་དང་།གསེར་ཕྲེང་ལས་དེ་ལྟར་གསུངས་པ་ནི་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་དང་སྒོ་བསྟུན་པ་ཡིན་ལ།དེའི་ལུགས་ཀྱིས་དེ་ཁོ་ན་བཞིན་དུ་བཞེད་པ་ཡང་ལུང་རིགས་ཀྱིས་དཔྱིས་ཕྱིན་པར་གསལ་བར་བྱས་པས།ཚུལ་འདི་རྟོན་བཞི་འཇུག་ལྡོག་མ་ནོར་བའི་གཟུར་གནས་རིགས་སྨྲ་རྣམས་ལ་ཐུགས་མཉེས་པའི་མཆོད་སྤྲིན་དང་ངོ་མཚར་ལྟད་མོར་འགྱུར་བའི་ཡིད་ཆེས་དང་སྤོབས་པའང་ཅུང་ཟད་བརྟས་སོ།།
གཞན་ཡང་།རྒྱུ་འབྲས་མན་ངག་བདུན་ཞེས་པ་རྒྱུ་འབྲས་ཟུང་བདུན་ལ་བྱེད་དགོས་པར་བྱ་བྲལ་སྤོང་བ་པ་མི་ཉག་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱིས་རྗེ་བླ་མའི་བྱང་ཆུབ་ལམ་རིམ་གྱི་དགོངས་པ་ཡིན་པ་ཐོག་མར་གསུངས་པ་ལས་དཔལ་ལྡན་ཆོས་རྗེ་དང་།སོག་མཆན་མཁན་པོ།རྟ་དབྱངས་སོགས་ཀྱིས་བསྔགས་བརྗོད་རྒྱ་ཆེར་མཛད།དེ་ཡང་ལམ་རིམ་ཆེན་མོ་ལས།རྒྱུ་འབྲས་བདུན་ནི།རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་ལས་བྱུང།སེམས་དེ་ལྷག་བསམ་ལས་དང་།བསམ་པ་དེ་སྙིང་རྗེ་ལས་དང་།སྙིང་རྗེ་བྱམས་པ་ལས་དང་།བྱམས་པ་དྲིན་བཟོ་ལས་དང་།དྲིན་བཟོ་དྲིན་དྲན་ལས་དང་།དྲིན་དྲན་པ་ནི་མར་མཐོང་བ་ལས་འབྱུང་བ་སྟེ་བདུན་ནོ།།ཞེས་ཟུང་བདུན་ལ་འཇོག་པར་ཤིན་ཏུ་གསལ།གུང་ཐང་བློ་གྲོས་སོགས་འགའ་ཞིག་གིས་དེ་མི་རིགས་ཏེ།ལམ་རིམ་ལས།ཐེག་ཆེན་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ་དང་།རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་དང་འབྲས་བུར་འགྱུར་ཚུལ་ལོ།།ཞེས་གསུངས་པས་རྒྱུ་འབྲས་ནི་སྙིང་རྗེའི་རྒྱུ་འབྲས་ལ་བྱེད་དགོས་པས་སོ་ཞེ་ན།དེ་ལྟ་ན།རྒྱུ་འབྲས་བདུན་མི་འགྱུར་ཏེ།དྲུག་ལས་མེད་པའི་ཕྱིར་ཏེ།རང་ཉིད་རང་གི་རྒྱུ་འབྲས་སུ་མི་རིགས་པའི་ཕྱིར།གཞན་ཡང་།བདག་གཞན་མཉམ་བརྗེའི་བསམ་པ་མཚམས་གང་ནས་སྐྱེས་ལམ་རིམ་ཆེ་ཆུང་སོགས་ན་མི་གསལ་ཞིང་།འཇུག་པའི་ཊཱིཀ་ཆེན་ལས།ཡིད་འོང་ཐབས་གང་གིས་སྐྱེད་པ་ལ་མཁས་པའི་དབང་པོ་དག་གི་ལུགས་གཉིས་སྣང་བའི་དང་པོ་ནི།ཟླ་བའིཞབས་ཀྱིས་བཞི་བརྒྱ་པའི་འགྲེལ་པར་སེམས་ཅན་རྣམས་ཐོག་མ་མེད་པ་ནས།ཕ་མ་སོགས་ཀྱི་གཉེན་ཡིན་པ་བསམས་ན།དེ་རྣམས་བསྒྲལ་བའི་ཕྱིར་དུ་འཁོར་བར་མཆོང་བར་བཟོད་པ་ཡིན་པར་གསུངས་པ་ལྟར།བདག་ཉིད་ཆེན་པོ་ཙནྡྲ་གོ་མི་དང་།མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་ཀྱང་གསུངས་སོ།།ཕྱོགས་གཉིས་པ་ནི་དཔལ་ལྡན་ཞི་བ་ལྷའི་ལུགས་ཏེ།དེ་ནི་གཞན་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ།།ཞེས་ཞི་བ་ལྷའི་ལུགས་ཀྱི་ཡིད་འོང་སྒྲུབ་ཚུལ་གཞན་དུ་བཤད་ཅེས་པར་ལམ་རིམ་ཆེ་ཆུང་ལ་གོ་དགོས་ཤིང་།འགའ་ཞིག་གིས་དེའི་དོན་ཞི་བ་ལྷའི་ལུགས་ལ་བདག་གཞན་མཉམ་བརྗེའི་བསམ་པས་ཡིད་འོང་བྱམས་པ་སྒྲུབ་དོན་དུ་བསམ་པར་མངོན་ཡང་ཤིན་ཏུ་མི་རིགས།སྤྱིར་ལམ་རིམ་ཆེ་ཆུང་སོགས་ན་བདག་གཞན་མཉམ་བརྗེའི་བསམ་པ་འདི་མན་ངག་བདུན་གྱི་མཚམས་གང་ནས་སྐྱེས་པ་གསལ་བར་མ་གསུངས་ཀྱང་།རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་པ་ཡིད་འོང་བྱམས་པའི་སྔོན་དུ་འགྲོ་དགོས་ཤིང་དེས་ཡིད་འོང་སྒྲུབ་དགོས་པར་གཞུང་གི་དོན་ཡིན་ཡང་བདག་གཞན་བརྗེ་བའི་བསམ་དངོས་ནི་ཡིད་འོང་བྱམས་པའི་རྗེས་སུ་སྐྱེས་དགོས་པར་རྗེ་བླ་མའི་དགོངས་པ་འཁྲུལ་མེད་ཡིན་ཏེ།རྗེ་བླ་མའི་དངོས་སློབ་ཧོར་སྟོན་ནམ་མཁའ་དཔལ་གྱི་བློ་སྦྱོང་ཉི་མའི་འོད་ཟེར་ལས།འཕགས་པ་ཞི་བ་ལྷའི་ལུགས་ལ་བརྟེན་ནས་སྦྱོང་པའི་ཕྱོགས་ལ།རང་གཅེས་པར་འཛིན་པའི་ཉེས་དམིགས་སྒོ་དུ་མ་ནས་བསམས་ཏེ་སུན་དབྱུང་ཞིང་།གཞན་གཅེས་པར་འཛིན་པའི་ཕན་ཡོན་སྒོ་དུ་མ་ནས་བསམས་ཏེ།དོན་བྱ་ཡུལ་སེམས་ཅན་ཕངས་ཤིང་སྡུག་པ་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པ་ཡིན་ལ།ཞེས་གསུངས་པ་དང་།ཡང་དེ་ཉིད་ལས།དེ་ལྟར་ལེགས་པར་བསམ་ནས་རང་གཅེས་འཛིན་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས།གཞན་གཅེས་འཛིན་ལས་ཡོན་ཏན་ཐམས་ཅད་འབྱུང་བར་མཐོང་ནས་དོན་བྱ་ཡུལ་སེམས་ཅན་ཕངས་ཤིང་སྡུག་པ་ཡིད་འོང་གི་རྣམ་པ་ཅན་གྱི་བློ་སྐྱེ་སྟེ།དེས་ན།རང་གཅེས་འཛིན་དང་གཞན་ཡལ་བར་དོར་བློ་གཉིས་གོ་ས་འཕོ་བྱུང་གི་བར་དུ་འབད་པར་བྱ་སྟེ།ཞེས་གསུངས་པས།གཅེས་འཛིན་གཉིས་ཀྱི་སྐྱོན་ཡོན་བསམ་པ་ལས་ཡིད་འོང་སྒྲུབ་དགོས་པ་དང།ཡིད་འོང་ལས་བདག་གཞན་མཉམ་བརྗེའི་བསམ་པ་སྐྱེ་དགོས་པར་གསལ་བར་གསུངས་པ་མ་ཟད།རིགས་པས་ཀྱང་གཞན་ཀྱི་ཆེད་དུ་རང་ཉིད་ཡལ་བར་དོར་བ་དང་།རང་གཞན་གཉིས་ལས་གཞན་ཉིད་གཙོ་བོར་འཛིན་པའི་བློ་གཉིས་ཀྱི་གོ་ས་བརྗེ་བ་ལ་བརྗེ་སའི་སེམས་ཅན་དེ་མའི་བུ་གཅིག་པུ་ལྟ་བུའི་ཚོད་ཀྱི་ཡིད་འོང་དགོས་ཤིང་དེ་མེད་པར་ཐ་མལ་པའི་སྣང་ཚོད་འདི་གའི་སྟེང་ནས་དེ་འདྲ་བློ་སྐྱེས་པའི་གནས་མེད་པས།བློ་སྦྱོང་ལས།དེས་ན་ཞེས་པས་གོ་རིམ་སྔར་བཤད་པ་ལས་ལྡོག་སྟེ་བཤད་པ་ཡང་སྣང་མོད་ཀྱང་།འཇུག་ཊཱིཀ་ལུང་དང་།ལམ་རིམ་སོགས་ན་མི་གསལ་བའི་རྗེའི་སྦས་དོན་གྱི་དགོངས་པ་འཁྲུལ་མེད་ནི་བཤད་ཟིན་ལྟར་ཡིན་པས་གཟུར་གནས་བློ་གསལ་རྣམས་ཀྱི་སྙིང་ལ་སིམ་པར་མཛོད་ཅིག།
མཇུག་བྱང་།རྨོངས་པས་གསང་གསུམ་བཏུམས་པའི་དཀྱིལ་འཁོར་ན།།ལོག་བཤད་འབྱུང་པོའི་ཧ་ཆས་ལྡིང་བསྐོར་བརྒྱབ།།གནས་ལུགས་གཏན་ཚིགས་ཅན་གྱི་རིག་པའི་བུའང།འཇིགས་སྐྲག་མ་ཐེག་སྡར་སྐད་རི་ལུང་བཀང་།།མ་འཁྱོག་ཚངས་ཐིག་རྣལ་མའི་འདུ་ཤེས་ཀྱི།།བདེན་གཏམ་ཆེ་རྒུའི་སྙིང་ལ་ཚེར་མར་གྱུར།།ཡོད་ཚད་གསོབ་ལ་གཞའ་བའི་འཇིག་རྟེན་ནས།།རང་སྡུག་ཁ་མཆུ་བསུ་བའི་གཞུང་འདི་བརྩམས།།རྟོན་བཞི་མ་ཎི་བཞིན་དུ་བགྲང་ན་ཡང་།།འཇུག་ལྡོག་པགས་བྱིའུ་ཉལ་བའི་ཟླ་ལས་ཐུ།།རང་སྡུག་མཆིལ་མས་རང་སྐོམ་སེལ་འདོད་ལས།།གཞན་ཕན་རྒུན་ཆང་འགྱུར་བའི་རེ་བ་ཕྲ།།རུས་ཟད་རྐང་དུང་ནང་ནས་ཟུག་ཅིག་བརྒྱབ།།མི་ཤིས་བུ་གའི་སྒོ་ནས་ཨར་སྐད་འཆོར།།སུ་ཞིག་སྙིང་ལ་སིམ་པའི་དཔེ་མེད་ཀྱང་།།སེམས་གཤིས་གསལ་བའི་རིག་བྱེད་རྣལ་མ་ཡིན།།ལྟོ་སྐྱ་གོས་ཧྲུལ་ཉིན་མཚན་གོ་བཟློག་གིས།།གླེགས་བམ་ཕུང་ཁྲོད་ཐིམ་པའི་གྲྭ་རྐྱང་རྣམས།།བར་ཆད་སྡུག་གི་རླུང་གཟེར་རྒོད་ན་ཡང་།།ཕུགས་ཀྱི་སྐྱིད་ཉམས་མི་གཅིག་ཁ་ཁ་ཡིན།།
ཞེས་ལེགས་བཤད་གསེར་ཕྲེང་གི་དཀའ་འགྲེལ་འཇམ་དཔལ་སྙིང་པོའི་དགོངས་རྒྱན་ཞེས་བྱ་བ་འདི་ཡང་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་གིས་འཕགས་ཡུལ་གྱི་ནཱལེནྡྲ་གཉིས་པ་དཔལ་ལྡན་སྤུངས་ཆོས་སྡེ་ཆེན་པོའི་རང་སྤྱིལ་དུ།ཆུ་འབྲུག་ལོའི་ཆོ་འཕྲུལ་དུས་ཆེན་གྱི་སྲོད་ལ་མཇུག་རྫོགས་པར་བྱས་པས།འཇམ་མགོན་བླ་མའི་རིང་ལུགས་ཕྱོགས་དུས་ཀུན་ཏུ་འབར་བའི་མཐུན་གྲོགས་སུ་འགྱུར་བར་སྨོན་ནོ།།གཞུང་འདིའི་མཆན།ངོས་ཤོག་དང་པོའི་མཆན།བསྟན་དར་ལྷ་རམས་པའི་གསུང་བརྡ་ཡིག་བློ་གསར་མགྲིན་རྒྱན་ལས།ལྷམ་མེ་ནི་ལུས་དང་འབྲེལ་བའི་གཟི་བརྗིད།ལྷན་ནེ་ནི་ལུས་ལས་ཕྱི་རོལ་ཏུ་གྱུར་པའི་གཟི་བརྗིད།ལྷང་ངེ་ནི་དབྱིབས་དང་རྒྱན་གྱིས་མཛེས་པ།ཞེས་གསུངས་པ་ལྟ་བུ་ནི་དོན་ལ་སྦྱར་བའི་བཤད་པ་ཡིན་གྱི།ཡང་ན་ཚིག་རང་གི་སྟེང་ནས་ཀྱང་འོད་འཕྲོ་ཚུལ་ལ་སྦྱར་དུ་ཡོད་དེ།ལྷམ་མེ་ཞེས་པ་འོད་གཞན་ལས་ཀྱང་འོད་ཀྱི་རང་གཟུགས་དང་དབྱིབས་ཆེས་མངོན་གསལ་དང་འབུར་དུ་ཐོན་པའི་དོན་དང་།ལྷང་ངེ་ཞེས་པ་འོད་ཀྱི་ཁ་དོག་འོད་གཞན་ཀྱང་ཆེས་གསལ་བའི་དོན་དང་།ལྷན་ནེ་ཞེས་པ་དབྱིབས་དང་ཁ་དོག་གི་སྒོ་ནས་གཞན་ལས་ཁྱད་དུ་འཕགས་པ་དེ་ཉིད་འོད་མ་ཉམས་རྒྱུན་ཆགས་པའི་དོན་ཡིན་པས།མདོར་ན།དང་པོས་དབྱིབས་དང་།གཉིས་པས་ཁ་དོག་དང་།གསུམ་པས་འབར་བའི་རླབས་ཀྱི་རྒྱུན་ཁྱད་པར་དུ་འཕགས་པའི་སྒོ་ནས་བསྟན་པ་ཡིན་ནོ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn