གསེར་ཕྲེང་བགྲོ་གླེང་གཉིས་པ་རྩོམ་གཞི་གཉིས་པའི་དྲིས་ལན།།
༄༅།།གཉིས་པ་ལ་གཉིས།ཚིག་ལེའུར་བྱས་པ་དང་འགྲེལ་པའི་དོན་གཞན་བཤད།ཚིག་ལེའུར་བྱས་པ་ཉིད་ཀྱི་དོན་བཤད་པའོ་ཞེས་པ་ནས་བསྟན་བཅོས་འདུག་ཚད་ཐམས་ཅད་ཀྱི་འགྲེལ་བཙལ་ནས་འཆད་ན་ཤོ་ལོ་ཀ་གཅིག་ཀྱང་ཇི་སྲིད་འཚོའི་བར་དུ་ཡང་བཤད་པར་མི་ནུས་པའི་ཕྱིར་རོ་ཞེས་པའི་བར་གྱི་དྲིས་ལན།
རྟེན་འབྱུང་སྒྱུ་མའི་གཤིས་ལུགས་སྟོང་པ་ལ།།གཞན་གྱིས་མཐོང་སྐལ་བྲལ་ཡང་ཁྱེད་ཉིད་ཀྱིས།།ལེགས་པར་གཟིགས་ནས་གཞན་ལ་འདོམས་པ་འདིས།།དེང་དུས་རིགས་གསར་ཅན་ཡང་ཐུབ་པར་གུས།།རབ་འབྱམས་རྒྱལ་བའི་མཛད་འཕྲིན་མ་ལུས་པ།།གཅིག་ཏུ་བསྐྲུན་མཛད་འཇམ་དབྱངས་མི་ཡི་གར།།ཞྭ་སེར་ལུགས་བཟང་གངས་ཅན་ལྗོངས་སུ་གཏོད།།སྲིད་གསུམ་མུན་སེལ་བློ་བཟང་གྲགས་པར་གུས།།སྙིང་རྗེ་ཆབ་ཀྱིས་སྐྱེ་ཕྲེང་དུ་མར་བརླན།།ཡང་དག་གཞུང་ཤིང་མྱུ་གུ་ལེགས་འཁྲུངས་ནས།།ཐབས་ཤེས་ཟུང་དུ་འབྲེལ་བའི་མཁྱེན་བརྩེ་མངའ།།འཛམ་གླིང་ཞི་བདེ་མགོན་པོ་ཕྱག་གི་ཡུལ།།
ཞེས་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་སྔུན་བསུས་ཏེ།སྐབས་དོན་གང་གླེང་བར་བྱ་བའི་གཞི་ནི་རྗེའི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་དང་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་གཉིས་ཀྱི་ངོ་བོ་དང༌།འཇུག་སྡོམ་དང་འཇུག་པ་སེམས་བསྐྱེད་གཉིས་ཀྱི་གོ་རིམ་དང༌།སྨོན་འཇུག་གཉིས་ཀྱི་ས་མཚམས་བཅས་བཤད་པ་ལ་ཅུང་ཟད་དཔྱད་ན།དེ་ཡང་སྨོན་འཇུག་གི་ངོ་བོ་ནི།གཞུང་དེ་ཉིད་ལས་སངས་རྒྱས་ཡེ་ཤེས་ཞབས་ནི།སྨོན་པ་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་པ་ཐམས་ཅད་ཡིན་ལ།འཇུག་པ་བྱང་ཆུབ་ཀྱི་སེམས་ནི་རབ་ཏུ་དགའ་བ་ནས་བརྩམས་ཏེའོ།ཞེས་ས་ཐོབ་མ་ཐོབ་པ་ལ་འདོད་ཅིང༌།ས་ཐོབ་མ་ཐོབ་དང་ཆོ་གས་བླངས་མ་བླངས་དང་ཕྱིར་མི་ལྡོག་ཐོབ་མ་ཐོབ་དང་འབྲས་བུ་དང་རྒྱུ་ལ་དམ་བཅའ་པ་ལ་འདོད་པ་ཡོད་དེ་དེ་དག་གིས་ནི་ལེགས་པར་མ་རྟོགས་ཏེ་སྡོང་པོ་བཀོད་པའི་མདོ་དང་དེའི་དགོངས་པ་འགྲེལ་པའི་ཤནྟི་དེ་བའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ།།ཞེས་གཞན་ལུགས་བཀག་ནས།རང་ལུགས་ནི།ཤེར་འབྱུང་གིས་ལུང་དེ་རྣམས་ཀྱི་དགོངས་པ་འགྲེལ་པ་བཞིན་དེ་ལ་བརྟེན་ནས་འདི་མཐའ་དག་སྲིད་པ་ལས་བསྒྲལ་བའི་ཕྱིར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་རྐྱང་བ་སྐྱེས་པ་སྨོན་པ་དང༌།དེ་ནས་སྡོམ་པ་བཟུང་བ་ལ་སོགས་པས་བླ་ན་མེད་པའིབྱང་ཆུབ་ཀྱི་སྤྱོད་པ་ཕྱིན་དྲུག་སྣ་གཅིག་ལ་ཞུགས་ན་ཡང་འཇུག་པའི་གོ་ཆོད་དོ།།དེས་ན་སྨོན་འཇུག་གཉིས་ངོ་བོ་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་ཅན་དུ་མཚུངས་ཀྱང་བྱང་ཆུབ་སྒྲུབ་པའི་བྱ་བས་ཟིན་མ་ཟིན་ཡོད་པས་འདི་གཉིས་འགལ་ཏེ།དཔེར་ན་ཡུལ་དེར་འགྲོ་འདོད་པའི་བློ་སྐྱེས་པ་ཙམ་དང་དེའི་རྗེས་སུ་ལམ་དུ་ཞུགས་ནས་འགྲོ་བའི་བྱ་བས་ཟིན་པ་ལྟ་བུའོ།།
དེའི་ཕྱིར་སྨོན་པ་ནི་དང་པོའི་སེམས་ཁོ་ནའོ།ཞེས་འཐད་ཕྱོགས་སུ་གསུངས་པ་ལྟར་ན།འཇུག་སྡོམ་གྱིས་བསྡུས་པའི་སྦྱིན་སོགས་གང་ཡང་རུང་བའི་བྱ་བས་མ་ཟིན་པའི་ཚོགས་ལམ་ཆུང་ངུས་བསྡུས་པའི་ཐེག་ཆེན་སེམས་བསྐྱེད་དེ།སྨོན་པ་སེམས་བསྐྱེད་ཀྱི་དོན་དང༌།འཇུག་སྡོམ་གྱིས་བསྡུས་པའི་སྦྱིན་སོགས་གང་ཡང་རུང་བའི་བྱ་བས་ཟིན་པའི་ཐེག་ཆེན་སེམས་བསྐྱེད་དེ།འཇུག་པ་སེམས་བསྐྱེད་ཀྱི་དོན་དུ་གོ་དགོས་ཏེ།ལམ་རིམ་ཆེན་མོ་ལས་ཀྱང་འདི་དང་མཐུན་པ་གསུངས་ཏེ་དེ་ཉིད་ལས་ལས།འདི་ལ་མི་མཐུན་པ་མང་དུ་སྣང་ཡང་སེམས་ཅན་གྱི་དོན་དུ་སངས་རྒྱས་སུ་གྱུར་ཅིག་སྙམ་པའམ་སངས་རྒྱས་སུ་འགྱུར་བར་བྱའོ་སྙམ་དུ་སྨོན་ལ་སྦྱིན་པ་ལ་སོགས་པའི་སྤྱོད་པ་ལ་སློབ་ཀྱང་རུང་མི་སློབ་ཀྱང་རུང་ཇི་སྲིད་དུ་སྡོམ་པ་མ་བཟུང་བ་དེ་སྲིད་དུ་སྨོན་པའི་སེམས་ཡིན་ལ།སྡོམ་པ་བཟུང་བ་ནས་སེམས་དེ་འཇུག་པའི་སེམས་སུ་ཤེས་པར་བྱ་སྟེ།སྒོམ་རིམ་དང་པོ་ལས།དེ་ལ་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ།།གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་པའི་སེམས་སོ།ཞེས་གསུངས་པའི་ཕྱིར་རོ།།འདི་ལ་བརྒལ་ལན་མང་དུ་སྣང་ཡང་མ་སྤྲོས་སོ།ཞེས་གསུངས།ལམ་རིམ་འབྲིང་པོ་ལས།འདི་ལ་མི་མཐུན་པ་མང་དུ་སྣང་ན་ཡང་སེམས་ཅན་གྱི་དོན་དུ་སངས་རྒྱས་སུ་གྱུར་ཅིག་སྙམ་པའི་སེམས་ནི་སྨོན་སེམས་ཡིན་ལ།སྡོམ་པ་བཟུང་ནས་སེམས་དེ་འཇུག་པ་སེམས་བསྐྱེད་དུ་སྒོམ་རིམ་དང་པོ་ལས་གསུངས་སོ།ཞེས་དང༌།སྤྱོད་འཇུག་ལས།འགྲོ་བ་འདོད་དང་འགྲོ་བ་ཡིས།བྱེ་བྲག་ཇི་ལྟར་ཤེས་པ་ལྟར།ཞེས་སོགས་ཀྱིས་སྨོན་འཇུག་གི་ཁྱད་པར་གསུངས་པའི་ཐད་ཀྱི།སྤྱོད་འཇུག་རྣམ་བཤད་ལས།གཞན་དོན་དུ་སངས་རྒྱས་ཐོབ་པ་བྱའོ་སྙམ་པའི་སེམས་སུ་མཚུངས་པ་ལ་སྦྱིན་སོགས་ཕར་ཕྱིན་གྱི་སྤྱོད་པ་ཉམས་སུ་ལེན་པའི་བྱ་བས་ཟིན་པ་ལ་ལྟོས་མི་དགོས་པའི་རིགས་སུ་གནས་པ་དང་དེ་ལ་ལྟོས་དགོས་པའི་རིགས་སུ་གནས་པའོ།།ཞེས་གསུངས་པ་རྣམས་ཀྱིས་གྲུབ་བོ།ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ཡིན་ན་སྦྱིན་སོགས་ཕར་ཕྱིན་གྱི་སྤྱོད་པ་ཉམས་ལེན་གྱི་བྱ་བས་ཟིན་དགོས་ཏེ།དེ་ཡིན་ན་གོ་སྒྲུབ་ཡིན་དགོས་པའི་ཕྱིར་དང༌།།སྦྱིན་སོགས་སྤྱོད་པའི་ཉམས་ལེན་ཙམ་ནི་འཇུག་སྡོམ་གྱིས་བསྡུས་པའི་ཉམས་ལེན་མི་རིགས་པས་སྤྱོད་འཇུག་ལས་བཤད་པ་དང་གསུངས་ཟིན་དུ་འགལ་ལོ།།ཞེ་ན།སྐྱོན་མེད་དེ།འགྲོ་བ་འདོད་དང་འགྲོ་བ་ཡིས།ཞེས་པ་སྦྱིན་སོགས་ཀྱི་ཉམས་ལེན་ཙམ་ཞིག་ལ་འདོད་ན་བདེན་ཡང་ཁས་ལེན་ནམ་དམ་བཅས་པས་སྒོ་ནས་སྦྱིན་སོགས་ཀྱི་སྤྱོད་པ་ཉམས་སུ་ལེན་པ་ཞིག་ལ་འགྲོ་བ་ཡི་བྱ་བས་ཟིན་པ་དོན་ཡིན་པར་སྣང་སྟེ།ལམ་རིམ་ཆེན་མོ་ལས།སེམས་དེ་བསྐྱེད་པ་ལ་དམིགས་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་གཏང་ངོ་སྙམ་དུ་དམ་འཆའ་བ་ཡིན་པས་དེའི་བསམ་པ་ཆོ་ག་ལ་བརྟེན་ནས་བསྐྱེད་པར་བྱའོ།།ཞེས་དང༌།ལམ་རིམ་འབྲིང་པོ་ལས་ཀྱང།གཞན་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་ཙམ་མིན་གྱིས་སེམས་དེ་བསྐྱེད་པ་ལ་དམིགས་ནས་བྱང་ཆུབ་མ་ཐོབ་བར་དུ་མི་གཏང་ངོ་སྙམ་དུ་དམ་བཅའ་བ་ཡིན་པས་དེའི་བསམ་པ་ཆོ་ག་ལ་བརྟེན་ནས་བསྐྱེད་པར་བྱའོ་ཞེས་དང༌།
འཇུག་སྡོམ་ལེན་པ་ལ་ནི།སྨོན་སེམས་སྔོན་དུ་སྐྱེས་དགོས་ཏེ།ལེགས་པར་བཤད་པའི་གསེར་གྱི་ཕྲེང་བ་ལས།དང་པོར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེ་ལ་ཞེས་སོགས་གོང་དུ་དྲངས་པ་དང༌།དབུ་མ་དགོངས་པ་རབ་གསལ་ལས་ཀྱང༌།དེ་ནས་དད་པ་སྤྱི་ཁྱད་པར་དུ་ཐེག་པ་ཆེན་པོའ་ིཡོན་ཏན་བསམ་པའི་དད་པ་བརྟན་པོ་བསྐྱེད་དེ་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌།དེ་ནས་འཇུག་པའི་སྡོམ་པ་བཟུང་བ་དང༌།ཞེས་གསུངས་པ་དང༌།ལམ་རིམ་ཆེན་མོ་ལས།སྦྱིན་པ་ལ་སོགས་པའི་སྤྱོད་པ་ལ་སློབ་ཀྱང་རུང་མི་སློབ་ཀྱང་རུང་ཇི་སྲིད་དུ་སྡོམ་པ་མ་བཟུང་བ་དེ་སྲིད་སྨོན་པའི་སེམས་ཡིན་ལ་སྡོམ་པ་བཟུང་བ་ནས་སེམས་དེ་འཇུག་པའི་སེམས་སུ་ཤེས་པར་བྱ་སྟེ།སྒོམ་རིམ་དང་པོ་ལས།དེ་ལ་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི།སྨོན་པའི་སེམས་སོ།།གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་པའི་སེམས་སོ།།ཞེས་གསུངས་པ་དང༌།།བྱང་ཆུབ་གཞུང་ལམ་ལས།བྱང་སེམས་ཁྱིམ་པའམ་རབ་བྱུང་གང་ཡང་རུང་བ་སྔར་བཤད་པའི་བྱང་སེམས་ཀྱི་བསླབ་པ་ཚུལ་ཁྲིམས་གསུམ་ལ་བསམ་པ་ཐག་པ་ནས་སློབ་པར་འདོད་ཅིང་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་སྟེ།གདམས་ངག་བཞིན་དུ་སྨོན་པའི་སེམས་བསྐྱེད་པའོ།།སྡོམ་པ་བཟུང་བ་ཙམ་བྱེད་ཀྱི་བྱང་སེམས་ཀྱི་བསླབ་པ་ལ་སློབ་འདོད་མེད་པ་དང་སྨོན་སེམས་མ་བསྐྱེད་པ་ལ་ནི་སྡོམ་པ་སྦྱིན་པར་མི་བྱའོ་གསུངས་སོ།།ལེགས་བཤད་གསེར་ཕྲེང་ལས།སྨོན་སེམས་ཚོགས་ལམ་ཆུང་ངུ་ཁོ་ན་དང༌།འཇུག་སེམས་ཚོགས་ལམ་འབྲིང་ནས་ཞེས་གསུངས་པ་རྣམས་ཀྱིས་ཤེས་སོ།།འོ་ན་འཇུག་སྡོམ་དང་འཇུག་སེམས་གོ་རིམ་ཇི་ལྟར་ཡིན་ཞེ་ན།བྱང་ཆུབ་གཞུང་ལམ་ལས།འདི་ལ་འཇུག་པ་དང་སྡོམ་པའི་ཆོ་ག་ཐ་དད་པར་མཛད་པ་འཐད་སྙམ་པ་མེད་ལ་སྨོན་པའི་ཆོ་ག་སྔོན་དུ་བླངས་ནས་བརྟན་པར་བྱས་ཏེ།ཕྱིས་སྡོམ་པའི་ཆོ་ག་མཛད་པའི་བཤེས་གཉེན་གོང་མ་རྣམས་ཀྱི་ལུགས་ནི་སྡོམ་པ་བརྟན་པར་འགྱུར་བའི་ཐབས་བཟང་པོའོ།།ཞེས་དང༌།རྣམ་བཤད་ལས།འཇུག་སྡོམ་དང་འཇུག་སེམས་འགལ་ཡང༌།དེ་བསྐྱེད་པ་ནི་སྡོམ་པ་གཟུང་བའི་དབང་ཁོ་ན་ལས་ཤེས་པར་བྱའོ།།ཞེས་དང༌།།ཡང་སྤྱོད་འཇུག་རྣམ་བཤད་ལས།འཇུག་སྡོམ་དང་འཇུག་པ་སེམས་བསྐྱེད་འགལ་ཡང་འཇུག་པ་སེམས་བསྐྱེད་ལེན་པའི་ཆོ་ག་ལས་ལོགས་སུ་འཇུག་སྡོམ་ལེན་དགོས་པར་འདོད་པ་ནི་མ་གོ་བ་ཆེན་པོ་ཡིན་ནོ།།ཞེས་གསུངས་པ་ལྟར།ལུང་དེ་རྣམས་ཀྱིས་འཇུག་སྡོམ་དང་འཇུག་སེམས་གཉིས་གོ་རིམ་དབྱེར་མེད་རྒྱུད་གཅིག་ལ་དུས་གཅིག་ཏུ་སྐྱེས་པར་བསྟན་པ་ཡིན་ནོ་སྙམ་ཡང༌།ྋགོང་ས་ལྔ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་འཇམ་དཔལ་ཞལ་ལུང་ལས།དེ་ལྟར་ན་གཞུང་ཆེན་མོ་དག་ནས་སྨོན་འཇུག་དང་ཕྱིན་དྲུག་གི་གོ་རིམ་མཛད་པ་ལས་འགལ་བའི་སྐྱོན་ཡོད་དམ་སྙམ་ན།གོ་རིམ་དེ་ལྟ་བུའི་ཚུལ་གྱིས་སྐྱེ་བ་ཡོད་པ་ལ་དགོངས་ཀྱི།ཐམས་ཅད་ལ་དེ་ལྟར་མ་ངེས་པ་ལམ་དུ་མ་ཞུགས་པའི་གང་ཟག་གིས་འཇུག་སྡོམ་བླངས་ཏེ་དེའི་རྗེས་སུ་སྨོན་པ་བྱང་ཆུབ་མཆོག་ཏུ་བསྐྱེད་ནས་ཚོགས་ལམ་ཆུང་ངུ་ཐོབ།ཚོགས་འབྲིང་དུ་སླེབ་པ་དང་སྨོན་སེམས་དེ་འཇུག་སེམས་སུ་གནས་འགྱུར་བའི་ཚུལ་གྱིས་འཇུག་སེམས་སྐྱེས་པ་ཡོད།ཡང་འཇུག་སྡོམ་ལེན་མ་མྱོང་བ་ཞིག་གིས་སྨོན་སེམས་བསྐྱེད་ནས་ཚོགས་ལམ་ལ་ཞུགས།ཚོགས་ལམ་འབྲིང་དུ་སླེབ་པ་དང་འཇུག་པའི་སེམས་བསྐྱེད།འབྲིང་གི་ཐ་མར་འཇུག་སྡོམ་བླངས་པའང་འོང་བས་མཐའ་གཅིག་ཏུ་གོ་རིམ་གྱི་ངེས་པ་མེད་པ་དེའི་ཕྱིར་ན་བསླབ་བཏུས་ལའང་ཞེས་གསུངས།འཇུག་སྡོམ་དང་འཇུག་སེམས་གཉིས་ལ་གོ་རིམ་ངེས་མེད་དུ་བཞེད་དོ།ལམ་རིམ་ཆེན་མོ་ལས།སྤྱིར་སྔར་བཤད་པ་ལྟ་བུའི་མྱོང་བ་མ་སྐྱེས་ཀྱང་ཐེག་པ་ཆེན་པོའ་ིབསླབ་པར་བྱ་བ་རྣམས་ཤེས་ཤིང་ཐེག་ཆེན་ལ་མོས་པ་བརྟན་ན་སྔོན་ལ་སེམས་བསྐྱེད་པ་དང༌།སྡོམ་པ་ཆོ་གས་བཟུང་ནས་དེ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བའང་ཡོད་དེ།སྤྱོད་འཇུག་ཏུ་སྔོན་ལ་སྡོམ་པ་དང་སེམས་བཟུང་ནས་དེའི་བསླབ་བྱ་ཕྱིན་དྲུག་གི་བསམ་གཏན་སྐབས་སུ་བྱང་ཆུབ་ཀྱི་སེམས་སྦྱོང་ལུགས་རྣམས་རྒྱས་པར་གསུངས་པ་ལྟ་བུའོ།།ཞེས་གསུངས།ཐེག་པ་ཆེན་པོའི་བསླབ་པར་བྱ་བ་རྣམས་ཤེས་ཤིང་ཐེག་ཆེན་ལ་མོས་པ་བརྟན་པོ་སྔོན་ལ་སྐྱེས་ནས་དེའི་རྗེས་སུ་སྨོན་སེམས་བསྐྱེད་པ་དང་དེའི་རྗེས་སུ་འཇུག་སྡོམ་ཆོ་གས་བཟུང་ནས་དེ་ནས་རྒྱལ་སྲས་ཀྱི་སྤྱོད་པ་ཕྱིན་དྲུག་གི་ཉམས་ལེན་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་གཅིག་དང༌།ཡང་སྔོན་ལ་བྱང་ཆུབ་ཀྱི་སེམས་ལ་རྩོལ་མེད་ཀྱི་མྱོང་བ་སྐྱེས་དེའི་རྗེས་སུ་ཐེག་པ་ཆེན་པོའི་བསླབ་པར་བྱ་བ་རྣམས་ཤེས་ཤིང་ཐེག་ཆེན་ལ་མོས་པ་བརྟན་པོ་སྐྱེས་དེའི་རྗེས་སུ་འཇུག་སྡོམ་ཆོ་གས་བཟུང་བ་བསྟན་པ་ཡིན་ནམ་སྙམ་སྟེ།སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ཐེག་ཆེན་ལ་མོས་པ་བརྟན་པོ་སྐྱེས་པ་ལ་རག་མ་ལས་པ་དང༌།འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ངེས་པར་དུ་ཐེག་པ་ཆེན་པོའི་བསླབ་པར་བྱ་བ་རྣམས་ཤེས་ཤིང་དེ་ལ་མོས་པ་བརྟན་པོ་སྔོན་དུ་བཏང་ནས་སྡོམ་པ་ཆོ་གས་བཟུང་དགོས་པ་ཞིག་འགྲེལ་ཚུལ་འཐད་ན་བསམ་སྟེ།ལམ་རིམ་ཆེན་མོ་ལས།སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་སུ་འགྱུར་བར་བྱའོ་སྙམ་པ་ཙམ་ཆོ་གས་བསྐྱེད་ན་ནི་སེམས་བསྐྱེད་ཀྱི་བསླབ་བྱ་ལ་སློབ་པར་ནུས་མི་ནུས་ཐམས་ཅད་ལ་བྱས་པས་ཆོག་གོ།
སྨོན་སེམས་ལ་དེ་ལྟར་གཉིས་རུང་གིས་འཇུག་སེམས་ཆོ་གས་ལེན་པ་ལ་བསླབ་བྱ་ལ་ཡེ་མི་སློབ་པ་ལ་རྣམས་པ་ཐམས་ཅད་དུ་མི་རུང་བས་ཀླུ་སྒྲུབ་དང་ཐོགས་མེད་ནས་བརྒྱུད་པ་ལ་སྡོམ་པའི་ཆོ་ག་མང་བོ་ལ་བྱར་རུང་བ་དང་མི་རུང་བའི་ཁྱད་པར་འདོད་པ་ནི་མ་གོ་ཆེན་པོའོ།།ཞེས་གསུངས།ཡང་སྦྱིན་སོགས་ཀྱི་བསླབ་བྱ་ལ་མི་སློབ་པ་ལ་སེམས་བསྐྱེད་བྱར་རུང་བ་དང་སྡོམ་པ་གཟུང་དུ་མི་རུང་བར་ཆེས་གསལ་བ་ཡིན་ནོ།།ཞེས་གསུངས།ལུང་སྔར་ཕྱིར་ལ་བརྟེན་ནས་འཇུག་སྡོམ་ལེན་པ་ལ་ཡང་སྨོན་པ་སེམས་བསྐྱེད་བཞིན་བྱང་ཆུབ་སྙིང་པོའ་ིབར་བྱ་བ་རྣམས་ལ་མོས་པ་བརྟན་པོ་སྔོན་ལ་བཏང་་མི་དགོས་པར་འདོད་མཁན་ཞིག་བྱུང་བ་དེ་བཀག་པ་ཡིན་ནམ་སྙམ་ཏེ།བྱང་ཆུབ་གཞུང་ལམ་ལས།དེ་ལྟར་ན་འདི་ནི་འདུལ་བ་དང་མི་འདྲ་བས་སྡོམ་པ་བཟུང་བའི་སྔ་རོལ་ཏུ་ལེགས་པར་མཉན་ནས་ཤེས་པར་བྱས་ཏེ་བསླབ་པ་བསྲུང་བ་ལ་བློ་བརྟན་པར་གྱུར་པ་ན་སྡོམ་པ་བླང་ངོ༌།བསམ་པ་དེ་དག་དང་ལྡན་ན་སྡོམ་པ་སྐྱེ་ཡི།མི་ལྡན་ན་མི་སྐྱེ་བ་ནི་བསྡུ་བ་ལས།གང་གཞན་ལ་གྲགས་པར་བྱ་བའི་ཕྱིར་དང་གཞན་གྱི་ངོར་བྱ་བ་དང༌།ཞེས་སོགས་གསུངས་པ་ལ་བརྟེན་འོན་ཀྱང་ཤིན་ཏུ་དཀའ་གནད་ཅིག་མཐོང་བས་དཔྱད་པ་ན་ཞུའོ།།
སྨོན་འཇུག་གི་ས་མཚམས་ལ་བཞེད་ཚུལ་དུ་མ་ཞིག་བྱུང་བ་ནི།རྗེ་བདག་ཉིད་ཆེན་པོས་སྨོན་སེམས་ཚོགས་ལམ་ཆུང་ངུ་ཁོ་ན་དང་འཇུག་སེམས་ཚོགས་ལམ་འབྲིང་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པར་བཞེད་ལ།རྣམ་བཤད་ལས་སྨོན་སེམས་ཚོགས་ལམ་ནས་བཟུང་ས་ཐོབ་ནས་ཡོད་པར་བཞེད་ཀྱང༌།ཡར་མཐའི་ས་མཚམས་ངོས་འཛིན་གསལ་པོ་མ་གནང་བས་དེ་ལ་བརྟེན་ནས་མཁས་པའི་དབང་པོ་རྣམས་ཀྱིས་ཡར་མཐར་ས་བདུན་པ་དང་ས་བཅུ་པའི་བར་དུ་ཡོད་པ་བཞེད་ཚུལ་མི་མཐུན་པ་དུ་མ་བྱུང༌།རྣམ་བཤད་རྟོགས་དཀའ་སྣང་བ་ལས་སྨོན་སེམས་ལམ་མ་ཞུགས་ནས་ས་བཅུ་པའི་བར་དང་འཇུག་སེམས་ཚོགས་ལམ་ནས་ས་བཅུ་པའི་བར་དུ་ཡོད་པར་བཞེད་དོ།།འོ་ན།ལེགས་བཤད་གསེར་ཕྲེང་ལས།ལམ་ཤེས་ལ་ནི།སེམས་བསྐྱེད་སྔོན་དུ་འགྲོ་དགོས་པས་དེའི་སྐད་ཅིག་གཉིས་པ་ནས་ལམ་ཤེས་འདོད་པར་བྱའོ།།ཞེས་གསུངས་པ་དང་འགལ་ལོ་ཞེ་ན།དེ་ནི་སེམས་བསྐྱེད་མཚན་ཉིད་པ་མ་ཡིན་ཏེ་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ལམ་ཡིན་ན་ལམ་ཤེས་ཡིན་པས་ཁྱབ་པ་སྐབས་འདིར་ཁས་ལེན་དགོས་པའི་ཕྱིར་ཏེ།གཞུང་དེ་ཉིད་ལས།མཁྱེན་པ་གསུམ་པོ་དེས་ཀྱང་ཉན་རང་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་ཡིན་པའི་ཚུལ་གྱི་བསྡུས་པས་མངོན་རྟོགས་བརྒྱད་ཀ་བསྟོད་ཕྱག་གི་ཡུལ་གྱི་ཡུམ་ཡིན་ནོ།ཞེས་གསུངས་པའི་ཕྱིར་དང༌།དེ་ཉིད་ལས།དེའི་ཕྱིར་རྟེན་ངེས་པ་དེ་ཡང་ཐེག་པ་གསུམ་གྱི་ཚོགས་ལམ་ནས་བཟུང་སྟེ་མི་སློབ་ལམ་གྱི་བར་དུ་གཞི་ཤེས་དང་ལམ་ཤེས་གཉིས་སུ་བཞག་གོ།ཞེས་གསུངས་པ་འགལ་བར་འགྱུར་བས་ཇི་ལྟར་བཤད་པར་བྱ་ཞེ་ན།ལམ་ཤེས་ལ་ནི་སེམས་བསྐྱེད་སྔོན་དུ་འགྲོ་དགོས་ཞེས་པའི་སེམས་བསྐྱེད་དེ་སེམས་བསྐྱེད་མཚན་ཉིད་པ་མ་ཡིན་ལ།དེ་ནི་འབད་རྩོལ་དྲག་པོའི་སྐབས་ཀྱི་ཐེག་ཆེན་སེམས་བསྐྱེད་ཀྱི་དངོས་རྒྱུར་གྱུར་པའི་སེམས་བསྐྱེད་ཅིག་ལ་འདོད་དགོས་ཏེ།དབུ་མ་དགོངས་པ་རབ་གསལ་ལས།བྱང་སེམས་ཀྱི་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་ནི་སེམས་བསྐྱེད་སྒོམ་པའི་སྐབས་ལ་དགོངས་ཀྱི་བསྒོམས་པ་ལ་བརྟེན་ནས་བསྐྱེད་པའི་སེམས་བསྐྱེད་དངོས་མིན་པའི་ཕྱིར་རོ་ཞེས་གསུངས་པ་དང་ཁོག་གཅིག་པའི་ཕྱིར།སྡོམ་པ་དེ་བཟུང་ནས་སེམས་བསྐྱེད་མངོན་དུ་གྱུར་སྐབས་ཕྱིན་དྲུག་གང་རུང་གི་ཉམས་ལེན་གྱི་བྱ་བ་དང་བྲལ་མི་སྲིད་པ་དགོས་པ་ཡིན་ནམ་སྙམ་སྟེ།དབུ་མ་དགོངས་པ་རབ་གསལ་ལས།ས་ཐོབ་ནས་སེམས་བསྐྱེད་སྤྱོད་པ་དང་བྲལ་བ་མི་སྲིད་པའི་ཕྱིར་རོ།།ཞེས་གསུངས་པ་སོགས་ལ་བརྟེན་ནས་འཇུག་སེམས་ཐོབ་ཕྱིན་ཆད་སྨོན་སེམས་མེད་དགོས་པ་ཡིན་ནོ་སྙམ་མོ།།
རྣམ་དཔྱོད་ཀྱི་གཤོག་རྩལ་བྲལ་ཞིང་བྱིས་རྨོངས་ཀྱི་བཅིངས་ཐག་ལས་མ་འདས་པའི་བདག་ལྟ་བུས་གཏིང་མཐའ་དབེན་པའི་གཞུང་ཆེན་རྒྱ་མཚོ་ལྟ་བུའི་དཀའ་གནད་འདིར་མཁས་གྲུབ་སྨྲ་བའི་གཙུག་རྒྱན་རྒྱལ་བསྟན་མཛེས་པར་བྱེད་པའི་དབང་པོ་རྣམས་ཀྱིས་བཞེད་ཚུལ་སྣ་ཚོགས་ཤིག་དང་བློ་གྲོས་ཀྱི་གཤོག་རྩལ་རྫོགས་པ་རྣམས་ཀྱིས་རིག་རྩལ་ཟློས་གར་གྱིས་འཕུར་ལྡིང་ངོམ་པའི་གནས་ལ་ཞུགས་པ་ནི་བྱིས་པའང་ངོ་ཚ་བའི་གནས་སུ་མཆིས་པས་ཚིག་དོན་གང་ཅིའི་ཐད་ལ་འཁྲུལ་ཞིང་ནོངས་པའི་ཚོགས་མ་གཏོགས་ག་ལ་སྲིད་པས་དགེ་བའི་བཤེས་གཉེན་རྣམས་དང་དཔྱོད་ལྡན་གཟུར་གནས་ཡོངས་ཀྱི་མདུན་སར་སྙིང་ནས་བཟོད་གསོལ་ཞུའོ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn