གསེར་ཕྲེང་བགྲོ་གླེང་གཉིས་པའི་རྩོམ་གཞི་དང་པོའི་དྲིས་ལན།།

ཡོང་ཁུངས།   ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་ཐེངས་གཉིས་པ།     སྤེལ་དུས།  2016-03-05 15:18:58     རྩོམ་པ་པོ།   ལྷ་རམས་པ་བློ་བཟང་རྣམ་རྒྱལ།    ཀློག་ཐེངས།  

             ༄༅།།གཉིས་པ་ལ་གསུམ།ལམ་ཤེས་ཀྱི་ཆོས་དངོས།དེ་ཇི་ལྟར་མཚོན་ཚུལ།རྟེན་གྱི་གང་ཟག་གོ་ཞེས་པ་ནས་གཞུང་འདི་ལ་བཀྲོལ་མི་དགོས་ཤིང་བཀྲོལ་ན་ཉེས་པར་འགྱུར་བ་གཉིས་མི་བཀྲོལ་བའི་རྒྱུ་མཚན་དུ་བྱས་ནས་གཞུང་ཕྱི་མ་རྣམས་སོ་སོར་སྦྱོར་བ་ཡོད་མོད་འོན་ཀྱང་སྔ་མ་ཉིད་སྒྲ་དང་དོན་གཉིས་ཀ་ལ་ཞུགས་པར་ངེས་སོ་ཅེས་པའི་བར་གྱི་དྲིས་ལན།
60e0625986e6d1889ea28038e1e0c5d8.jpg

                      གྲངས་མེད་ལྷག་པའི་ལྷ་ཡིས་རྗེས་བཟུང་བ།།དཀའ་བ་བརྒྱ་ཕྲག་བརྩོན་པའི་རྣམ་ཐར་གྱིས།།གཞུང་བཟང་སྟོང་གི་ཉིང་ཁུ་བསྲུབ་པ་ཡིས།།དམ་ཆོས་བདུད་རྩིའི་བྱེད་པོ་སྙིང་དབུས་བཞུགས།།
                    ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས།དོན་དངོས་ལ་ཞུགས་པ་ནི་དང་པོ་ལམ་ཤེས་ཀྱི་ཡན་ལག་སྐབས།དང་པོ་རུང་བའི་ལམ་ཤེས་ཀྱི་ཡན་ལག་སྟོན་པའི་མདོ་གསེར་ཕྲེང་ལས།དེ་བཞིན་གཤེགས་པའི་འོད་ཀྱིས་ལྷ་རྣམས་ཀྱི་འོད་མོག་མོག་པོར་ཏེ་གཟི་མེད་པར་བྱེད་པ་ནི་ང་རྒྱལ་བཅོམ་ནས་ལམ་ཤེས་སྐྱེ་རུང་གི་རྟེན་དུ་བྱས་པའོ།།སྐྱེ་བའི་ཡུལ་གནས་སྐབས་ངེས་པ་སེམས་བསྐྱེད་དང་ལྡན་པ།མཐར་ཐུག་མ་ངེས་པ་ཀུན་ཀྱང་ལམ་ཤེས་སྐྱེ་རུང་གི་རྟེན་དུ་བྱས་པའོ།།སྐྱེ་བའི་ཡུལ་གནས་སྐྱབས་ངེས་་སེམས་བསྐྱེད་དང་ལྡན་པ།མཐར་ཐུག་མ་ངེས་པ་ཀུན་ཀྱང་ལམ་ཤེས་སྒོམ་པས་ཁྱབ་པ།འཁོར་བ་མི་འདོར་བའི་རང་བཞིན།གཞན་འཁོར་དུ་སྡུད་པ་སོགས་ཀྱི་བྱེད་ལས་རྣམས་སོ།།ཞེས་འབྱུང་ལ།དེ་དག་སྟོན་པའི་མདོ་རྣམས་རིམ་པ་ལྟར།དང་པོ་ཡུལ་ངེས་ཀྱི་མདོ།ལྷའི་བུ་གང་དག་གིས་བླ་མེད་རྫོགས་བྱང་དུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པར་བྱའོ།གང་ཡང་དག་པར་སྐྱོན་མེད་པར་ཞུགས་པ་དེ་ལ་ནི་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པའི་མཐུ་མེད་དོ།།དེ་ཅིའི་ཕྱིར་ཞེ་ན།དེ་དག་གིས་འཁོར་བའི་རྒྱུད་ཀྱིས་མཚམས་བཅད་པའི་ཕྱིར་རོ་ཞེས་པའི་མདོས་ལམ་ཤེས་སྐྱེ་བའི་གནས་སྐབས་ཡུལ་ངེས་པར་སྟོན་ཚུལ་ནི།སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་ཞེས་པས་ད་ལྟ་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་ལམ་ཤེས་སྐྱེ་བའི་རྟེན་དུ་གཙོ་བོར་བསྟན་ནས་ད་ལྟ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་མཐར་ཐུག་ལམ་ཤེས་སྒོམ་པ་ཡང་བསྟན་ནོ།།
              དེ་ཡང་གསེར་ཕྲེང་སྐབས་གཉིས་པ།འདིས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལ་ལམ་ཤེས་ཀྱི་ཡུམ་ལ་གནས་པའི་སྐལ་བ་མེད་པས།དེ་ལ་གནས་པ་ལ་སེམས་བསྐྱེད་དགོས་པར་བསྟན་པས་བྱང་སེམས་ལམ་ཤེས་ཀྱི་སྣོད་དང་ཉན་རང་རྣམས་དེ་མིན་པར་གསུངས་སོ།།རྣམ་བཤད་ལྟར་ན་མདོ་ཚན་འདི་ཁྱབ་པའི་ཡན་ལག་གི་མདོར་སྦྱར་ཞིང།ཁྱབ་པའི་དོན་ཡང་སེམས་ཅན་ཐམས་ཅད་ལ་རྒྱུ་རྐྱེན་རིགས་ཀྱིས་ཁྱབ་པ་ཞེས་བཞེེད་པར་སྣང་ལ།སྦྱར་ཚུལ་ནི།བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་པ་ལ་ལྟ་ཅི་ད་ལྟ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་མཐར་ཐུག་སེམས་བསྐྱེད་པར་བསྟན་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པར་བསྟན་པ་ཡིན་ནོ།།འོ་ན་གང་ཡང་དག་པར་སྐྱོན་མེད་པར་ཞུགས་པ་ཞེས་པ་མན་ཆད་ཀྱིས་ཁྱབ་པའི་ལམ་ཤེས་ཀྱི་ཡན་ལག་སྟོན་ཚུལ་ཇི་ལྟར་ཡིན་བརྟག་དགོས་སྟེ།གཞུང་ཚིག་དེ་མཐར་ཐུག་ཐེག་པ་གསུམ་དུ་སྟོན་པའི་མདོ་ཡིན་པའི་ཕྱིར།དེ་ཡང་རྣམ་བཤད་ལས།འགྲེལ་ཆེན་གྱི་ལུང་དྲངས་ནས་མགོན་པོ་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པས་མདོ་འདི་དགོངས་པ་ཅན་དུ་བཞེད་པར་གསུངས་པས་མདོ་ཚན་འདིས་མཐར་ཐུག་ཐེག་པ་གསུམ་དུ་སྟོན་པས་ཁྱབ་པའི་མདོར་སྦྱར་ཚུལ་ལ་བརྟག་དགོས།གསུམ་པ་ཁྱབ་པའི་ལམ་ཤེས་ཀྱི་ཡན་ལག་སྟོན་པའི་མདོ།འོན་ཀྱང་གལ་ཏེ་དེ་དག་ཀྱང་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱའོ་ཞེས་མཐར་རིགས་ཅན་གསུམ་གས་ལམ་ཤེས་སྒོམ་པས་ཁྱབ་པ་སྟོན་ཚུལ་ཡང་གནས་སྐབས་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་ནམ་ཞིག་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བསྟན་པ་ཡིན་ནོ།།འོ་ན་གོང་གི་ཀྱང་སྒྲས་བསྡུ་བྱ་ལས་ལོགས་སུ་མེད་པས་བཟློས་པར་འགྱུར་རོ་སྙམ་ན།སྔ་མས་ཞར་བྱུང་གི་ཚུལ་དུ་བསྟན་ལ།འདིར་གལ་ཏེ་དེ་དག་ཀྱང་ཞེས་པས་ད་ལྟ་སེམས་མ་བསྐྱེད་པ་དེ་དག་གཙོ་བོར་བསྟན་པ་ཡིན་སྙམ་མོ།རྒྱུ་རྐྱེན་རིགས་ཀྱིས་ཁྱབ་ཞེས་སྦྱར་ན་སློབ་དཔོན་གྱི་དགོངས་པར་མ་སོང་གསུངས་པའི་དོན་ཡང།ལམ་ཤེས་ཀྱི་ཡན་ལག་སྟོན་པའི་སྐབས་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་མ་ཁྱབ་དྭོགས་པ་ཆུང་བས་ཡིན་ནམ་སྙམ།དེ་ལྟར་ན་འོག་ཏུ་ཁྱབ་བའི་དོན་མཐར་ཐུག་རིགས་ཅན་གསུམ་གས་ལམ་ཤེས་སྒོམ་པས་ཁྱབ་ཅེས་པ་འདི་སློབ་དཔོན་གྱི་དགོངས་པ་ཡིན་ཚུལ་དང་ཡང་མཐུན་སྙམ་མོ།།དེས་ན་རྣམ་བཤད་ལས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཀྱི་ཁྱབ་པ་ཞེས་སྦྱར་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལམ་ཤེས་ཀྱི་ཡན་ལག་ཡོད་དགོས་མིན་དང།ཡང་ན་རྒྱུ་རྐྱེན་རིགས་ཀྱི་ཁྱབ་པ་ཞེས་སྦྱར་དགོས་པ་ཡིན་ནམ་དཔྱད་དགོས།
              བཞི་པ་འཁོར་བ་མི་འདོར་བའི་རང་བཞིན་གྱི་ཡན་ལག་སྟོན་པའི་མདོ་ཁོ་བོ་ནི་དེ་དག་གི་དགེ་བའི་རྩ་བའི་ཕྱོགས་ལ་བར་ཆད་མི་བྱེད་དེ་ཞེས་ཉན་ཐོས་དེ་དག་གིས་ཀྱང་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་ན་སྐྱེད་མི་ནུས་ཞེས་བར་ཆད་མི་བྱེད་ཅེས་པའོ།།འཁོར་བར་སྐྱེ་བའི་རྒྱུ་འདོད་སྲེད་ཀྱི་ཟག་པ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་དང་ལྡན་པ་ཞེས།ཆེད་དུ་གཉེར་ནས་མི་སྤོང་བ་ནི་གསེར་ཕྲེང་སྨད་ཆ་ཉོན་མོངས་ཀྱི་འབྲས་བུ་སྲིད་པ་ལ་སྐྲག་ནས་དེ་བློས་འདོར་བ་ཉན་ཐོས་ལྟར་མ་ཡིན་པར་གཞན་དོན་དུ་སྲིད་པར་ཉིང་མཚམས་སྦྱར་བ་དོན་དུ་གཉེར་བ་ལ་སེམས་ནས་ཉོན་མོངས་མི་སྤང་བར་བཤད་དེ།ཞེས་འཁོར་བར་སྐྱེ་བ་ཆེད་དུ་གཉེར་ནས་མི་སྤོང་བ་ལ་བྱེད་ཅིང།ཆེད་དུ་གཉེར་ནས་སྤོང་བའི་དོན་ནི།གཞན་དོན་དུ་ཉོན་མོངས་དེ་དག་རང་རྒྱུད་ལ་དང་དུ་མི་ལེན་པར་སྤོང་བ་ལ་བྱེད་ཅིང་།ཆེད་དུ་གཉེར་ནས་སྤང་བའི་དོན་འདི།གཞན་དོན་དུ་ཉོན་མོངས་དེ་དག་རང་རྒྱུད་ལ་དང་དུ་མི་ལེན་པར་སྤོང་བ་ལ་བྱེད་དོ།།རྣམ་བཤད་ལས་རང་བཞིན་གྱི་ཡན་ལག་འདི་ལམ་ཤེས་ཀྱི་ངོ་བོས་བསྡུས་པར་གསུངས་པས་ངོ་བོས་བསྡུ་ཚུལ་གང་ཡིན་བརྟག་དགོས།ལྔ་པ་གཞན་འཁོར་དུ་མ་བསྡུས་པ་རྣམས་སྡུད་པ་དང།འདུས་པརྣམས་སྨིན་པ།སྨིན་པ་རྣམས་གྲོལ་བར་བྱེད་པའི་བྱེད་ལས་དང་ལྡན་པའོ།།
            རྒྱུ་མཚན་ནི་རང་དོན་དུ་ཡང་དག་མཐའ་མངོན་དུ་མི་བྱེད་པ་དང།རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་ཐབས་ལ་མཁས་པ་སྙིང་རྗེ་ཆེན་པོ་དང་ལྡན་པས་སོ།།དེས་ན་འདི་དག་གི་ས་མཚམས་ལམ་མ་ཞུགས་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་སྙམ།འོན་ཀྱང་ཡིག་ཆ་ཁག་ཏུ་དངོས་བསྟན་ཚོགས་ལམ་ནས་རྒྱུན་མཐའི་བར་གསུངས་པས་དཔྱད་དགོས།ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་ཡན་ལག་འཆད་པ་ལ་སྲིད་པ་ཐ་མ་པའི་ཚེ་ཡང་བྱང་ཆུབ་འཐོབ་པ་སློབ་དཔོན་ལ་ལྟོས་པས་སློབ་མའམ་ཐུབ་པའི་གསུང་ལས་སྐྱེས་པས་སློབ་མ་སྟེ་ཉན་ཐོས་ཀྱི་ལམ་ནི།གང་ཟག་གི་བདག་མེད་ཙམ་རྟོགས་པའི་ཉི་ཚེ་བའི་མཁྱེན་པའོ།།ཞེས་པ་འདི་ཡང་མཆོད་བརྗོད་དངོས་བསྟན་གྱི་ཤེས་བྱ་ཉན་ཐོས་ཀྱི་ལམ་ལ་བྱེད་དགོས་ཏེ།གོང་གི་གཞི་ཤེས་ཀྱི་མཚན་ཉིད་དུ་གཞི་ཐམས་ཅད་གང་ཟག་གི་བདག་གི་སྟོང་བར་རྟོགས་པའི་ཉི་ཚེ་བའི་མཁྱེན་པའོ།།ཞེས་གསུངས་པ་འདི་དག་གནད་གཅིག་པས་མཆོད་བརྗོད་དངོས་བསྟན་ཀྱི་གཞི་ཤེས་ལ་བྱེད་དགོས་སམ་སྙམ་སྟེ།ཉན་རང་གི་ལམ་ཐམས་ཅད་གཞི་ཤེས་ཀྱིས་བསྡུས་པའི་ཕྱིར་དང།དེ་ཡང་འདིར་འཕགས་པ་དང་སློབ་དཔོན་གྱིས་མཁྱེན་གསུམ་དུ་མངན་རྟོགས་མཐའ་དག་འདུས་པའི་ཤེས་བྱེད་ཡུམ་བར་མ་དྲངས་པའི་དགོངས་པ་དང་ཐེག་པ་གསུམ་གྱི་ལམ་ཐམས་ཅད་མཁྱེན་པ་གསུམ་དུ་ཡིན་པའི་ཚུལ་གྱིས་བསྡུ་བར་བཞེད་ནས་ཡིན་ནོ།།ཞེས་ཉན་རང་གི་ལམ་ཐམས་ཅད་གཞི་ཤེས་ཡིན་པར་གསུངས་པའི་ཕྱིར་དང།ཡང་དེས་ན་བྱང་སེམས་དང་སངས་རྒྱས་ལ་གཞི་ཤེས་ཡོད་པར་གསུངས་པ་ནི།གཉེན་པོ་གཞི་ཤེས་ལ་དགོངས་ཤིང།དེ་ནི་སྤང་བྱའི་སྒོ་ནས་མིང་བཏགས་པའོ།།ཞེས་དང།གཞི་ཤེས་མཚན་ཉིད་པ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པར་ཡང་ཡེ་ཤེས་ཞབས་ཀྱིས།འདི་མན་ཆད་ནི་བྱང་ཆུབ་གཞན་ཤེས་པར་བྱས་ནས་སྤང་བར་བྱ་དགོས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་མཚན་ཉིད་དེ།ཞེས་གསུངས་ལ།འོན་ཀྱང་གསེར་ཕྲེང་སྨད་ཆ་ལས།དེ་ལྟར་ན་འདིར་མཁྱེན་གསུམ་གྱི་རྣམ་པ་གང་ཟག་དང་མཁྱེན་པ་སོ་སོ་ལ་ངེས་པར་བཤད་པ་དང།ལུས་རྣམ་གཞག་གི་མཁྱེན་གསུམ་གྱི་རྟེན་གསུངས་པ་རྣམས་འབྲེལ་བའི་ཕྱིར་སྒྲས་ཟིན་གང་ཟག་གསུམ་སོ་སོ་ལ་བྱས་ནས་སངས་རྒྱས་སར་དེ་ཡུལ་དུ་བྱེད་པའི་དེ་དང་རིགས་མཐུན་གྱི་རྣམ་པ་བཟུང་ངོ།།ཞེས་གསུངས་པ་དང།དེ་དང་མཐུན་པར་འབྱུང་བས་རྗེས་མཐུན་པའི་དོན་ནི་ཡིན་པ་ལ་བྱེད་ཀྱི་བཏགས་པ་བ་ལ་འདོད་པ་ནི་མི་འཐད་དེ།གཞན་དུ་ན་ལམ་གསུམ་ག་ལ་ཡང་འབྱུང་བའི་ཕྱིར་སོ་དགུ་ལ་ཡང་ཐལ་བར་འགྱུར་རོ།།ཞེས་དང།ཡང་བྱང་ཆུབ་ཕྱོགས་མཐུན་ནས་རྣམ་པ་ཐམས་མཁྱེན་པ་ཉིད་ཀྱི་བར་བརྒྱ་དང་ཞེ་བཞི་མཐའི་དང་གིས་བསྡུས་པའི་མཁྱེན་པ་གཉིས་དང་བཅས་པས་བརྒྱ་ཞེ་དྲུག་ལ་ཡེ་ཤེས་ཀྱི་ཆོས་ཀྱི་སྐུ་ཞེས་མདོ་ལས་དོན་གྱིས་བརྗོད་པ་སྟེ།ཞེས་སོགས་ཀྱིས་སངས་རྒྱས་ཀྱི་རྒྱུད་ལ་གཞི་ཤེས་དང་ལམ་ཤེས་ཡོད་པ་ལྟ་བུར་གསུངས་པ་རྣམས་ཀྱི་དགོངས་པ་གོང་དུ་གསུངས་པ་ལྟར་བྱེད་དགོས་སམ་དཔྱད་དགོས།ཡང་གསེར་ཕྲེང་ལས།མོས་པ་ནས་འདི་ཡི་བར་གྱི་ས་མཚམས་ནི་ས་གཉིས་པ་ནས་བཅུ་པའི་བར་རོ།།ཞེས་གསུངས་པ་འདི་དང་གསེར་ཕྲེང་གི་གོང་འོག་དུ་མར་ས་དང་པོས་བསྡུས་པའི་སྒོམ་ལམ་མེད་པར་གསུངས་ལ།རྣམ་བཤད་དགོངས་པ་རབ་གསལ་ལས་ཀྱང།དེ་ཡང་སྒོམ་སྤང་གི་ཉོན་མོངས་ལྷན་སྐྱེས་ཆེ་འབྲིང་དྲུག་ས་གཉིས་པ་ནས་བདུན་པའི་བར་གྱིས་སྤོང་བའི་ས་འདིའི་སྤང་བྱ་ལ་དགོངས་སོ་ཞེས་དང།གསེར་ཕྲེང་གི་སྒྲུབ་བྱེད་རྒྱན་སྣང་ལས།བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་ནི་གཅིག་པའི་ཕྱིར་ས་དང་པོའ་ིསྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ།།དེ་ལས་གཞན་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུའི་བར་ནི།མཆོག་གི་དོན་ལ་སོགས་པར་ཆོས་དབྱིངས་སོ་སོར་རྟོགས་པའི་ཕྱིར།སྒོམ་པའི་ལམ་ཡིན་པར་བཤད་དོ།།ཞེས་ས་བཅུས་རྗེས་ཀྱི་ངེས་ཤེས་འདྲེན་ཚུལ་བཅུ་གསུངས་ལ།སྐད་ཅིག་མ་དང་པོས་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དང།སྐད་ཅིག་མ་གཉིས་པས་ཆོས་ཉིད་མཆོག་གི་དོན་དུ་ངེས་ཤེས་འདྲེན་པར་གསུངས་པས་འདི་ས་གཉིས་པ་ལ་སྦྱར་དགོས་ཏེ།དེ་ཡང་རྒྱན་སྣང་ལས་ས་དང་པོར་བདག་གཞན་མཉམ་པ་ཉིད་དུ་རྟོགས་པ་དེ་ཆོས་དབྱིངས་ཀུན་ཏུ་འགྲོ་བ་དང།ས་གཉིས་པར་ལས་ལམ་བཅུ་ཡོངས་སུ་དག་པའི་ཆོས་དབྱིངས་མཆོག་སྟོབས་བཅུ་ལ་སོགས་པའི་འབྱུང་གནས་སུ་རྟོགས་པ་ནས་ས་བཅུ་བར་སངས་རྒྱས་ཀྱི་འཕྲིན་ལས་ལ་དབང་བའི་གནས་སུ་རྟོགས་པ་སོགས་ས་བཅུ་ལ་རྟོགས་ཚུལ་མི་འདྲ་བ་བཅུ་ཡོད་པས་རྗེས་ཀྱི་ངེས་ཤེས་འདྲེན་ཚུལ་མི་འདྲ་བ་བཅུ་རིམ་པ་བཞིན་དུ་སྦྱར་དགོས་ལ།དེ་ཡང་ས་དང་པོ་ལ་མཐོང་སྒོམ་གཉིས་འཇོག་ན་ཆོས་དབྱིངས་མཆོག་གི་དོན་དུ་ངེས་ཤེས་འདྲེན་ཚུལ་སྒོམ་ལམ་གྱི་ས་དང་པོའི་ངེས་ཤེས་སུ་སྦྱར་དགོས་པས་ས་དང་ངེས་ཤེས་ཀྱི་རིམ་པ་མི་མཐུན་པར་འགྱུར་བའི་ཕྱིར་རོ།།
           གལ་ཏེ་རྒྱན་སྣང་ལས་གསུངས་པ་དེ་སྒོམ་ལམ་གྱི་བསྡུས་པའི་ས་བཅུ་ལ་བྱེད་ཟེར་ན།མཐོང་ལམ་གྱིས་སྟོང་ཉིད་རྟོགས་ཚུལ་ལམ་ངེས་ཤེས་འདྲེན་ཚུལ་རྒྱན་སྣང་ལས་མ་གསུངས་པར་འགྱུར་རོ།།རྣམ་བཤད་ལས།རྒྱན་སྣང་གི་གཞུང་ཚིག་འདི་ཉིད་ཀྱི་དགོངས་པ་འགྲེལ་ཚུལ་ནི་དེ་བས་ན་ས་དང་པོའ་ིསྐད་ཅིག་མ་དངཔོ་ནི་མཐོང་བའི་ལམ་ཡིན་ནོ།དེ་ལས་གཞན་སྐད་ཅིག་མ་གཉིས་་ལ་སོགས་པ་ནས་རྡོ་རྗེ་ལྟ་བུར་བརྗོད་པ།བར་ཆད་མེད་པའི་ལམ་གྱི་བར་སྒོམ་ལམ་དུ་བཤད་དོ་ཞེས་འབྱུང་ངོ་ཞེས་ཚིག་གི་དངོས་ཟིན་ལྟར་ན་མཐོང་ལམ་ལ་སྡུག་བསྔལ་ཆོས་བཟོད་གཅིག་པུ་ལས་མེད་པ་ལྟ་བུར་གོ་བས་མཐོང་ལམ་རྣམ་གྲོལ་ལམ་མཐོང་ལམ་མ་ཡིན་པར་འགྱུར་དོགས་སོ།།
             ཡང་སྐབས་གཉིས་པའི་རྣམ་དག་སྒོམ་ལམ་སྐབས་ཀྱི་མདོ་སྦྱར་ཚུལ་འདྲ་མིན་རེ་འདུག་ཀྱང་ཞིབ་ཏུ་ངེད་ཅག་གི་འཕགས་བོད་མཁས་པའི་གཞུང་ལམ་མདོ་རྒྱན་སྦྱར་བའི་འགྲེལ་བར་གསལ་བས་དེར་བལྟ་དགོས།ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་གི་ལམ་ཤེས་མཚོན་ཚུལ།འདིར་ལམ་གསུམ་ཤེས་པའི་ལམ་ཤེས་ཉིད་ནི།ཡུལ་ལམ་གསུམ་གྱིས་མཚོན་པ་དེ་འདྲར་བཤད་དོ་ཞེས་ལམ་ཤེས་གསུམ་ཡུལ་གྱི་སྒོ་ནས་མཚོན་པ་དང།གཞན་རྣམས་གྱིས་ལམ་ཤེས་མཚོན་ཚུལ་གསེར་ཕྲེང་དུ་མི་གསལ་ལ།རྣམ་བཤད་ལས།ཡུལ་དང་ངོ་བོའི་སྒོ་ནས་མཚོན་པར་གསུངས་པས་ཡུལ་ལམ་གསུམ་ཤེས་པའི་ལམ་ཤེས་ཀྱིས་ལམ་ཤེས་ཡུལ་གྱིས་སྒོ་ནས་མཚོན་པ་དང་གཞན་རྣམས་ཀྱིས་ལམ་ཤེས་ངོ་བོས་མཚོན་པ་ཡིན་ལ།རུང་བའི་ལམ་ཤེས་ཀྱི་ཡན་ལག་གིས་ལམ་ཤེས་རྟེན་གྱི་སྒོ་ནས་མཚོན་པ་ཡིན་ནམ་སྙམ།གསུམ་པ་གཞི་ཤེས་སྐབས་སུ་འདིར་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་སྲིད་པའི་རྒུད་པ་ཟློག་པའི་མཁྱེན་པའོ།།གཉིས་པ་སྙིང་རྗེས་ཞི་བ་མྱང་འདས་ལ་མི་གནས་པ་ནི།སེམས་བསྐྱེད་ཁྱད་པར་ཅན་གྱི་སྟོབས་ཀྱིས་ཞི་བའི་རྒུད་པ་ཟློག་པའི་མཁྱེན་པའོ།།ཞེས་སྲིད་ཞི་གཉིས་འགོག་བྱེད་དུ་ཤེས་རབ་དང་ཐབས་སྙིང་རྗེ་གཉིས་རིམ་པ་ལྟར་སྦྱར་དགོས་པ་གསེར་པྲེང་སྐབས་གཉིས་པར།རྟོགས་དཀར།ཞེས་པ་ནས།དེ་ནི་མ་ཡིན་ཏེ།སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང།འདིར་ཡང་འོག་ཏུ་འཁོར་བ་དང་ཞེས་པ་སྔོན་ལ་བྱུང་བས་སྙིང་བརྩེ་བ་དང་བྲལ་བ་སྔོན་ལ་བྱུང་ཡང་སྡེབ་སྦྱོར་གྱི་ངོར་ཡིན་པས་ཤེར་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ།།ཞེས་འགྲེལ་ཆུང་དོན་གསལ་དང་རྒྱན་སྣང་གཉིས་སུ་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་ཞེས་སྙིང་བརྩེ་བ་སྔོན་ལ་བྱུང་ཡང་རིམ་པ་དེ་ལྟར་མ་ཡིན་པར་གོ་རིམ་ཟློག་དགོས་པར་གསུངས་པས་ཤེས་རབ་ཀྱིས་འཁོར་མཐའ་འགོག་པ་དང།སྙིང་བརྩེ་བས་ཞི་མཐའ་འགོག་པ་ཡིན་ཏེ།དེ་ཡང་རིམ་པ་ལྟར་ཤེས་རབ་དེས་འཁོར་བའི་སྐྱོན་མཐོང་བའི་ཕྱིར།ཁྱབ་སྟེ།དབུ་མ་སྙིང་པ་ལས།སྐྱོན་མཐོང་ཕྱིར་ན་སྲིད་པ་མིན།།ཞེས་དང།དེའི་རང་འགྲེལ་ལས།སྐྱོན་དང་ཉེས་དམིགས་མང་པོ་མཐོང་བའི་ཕྱིར།སྲིད་པར་གནས་འཆའ་བར་མི་བྱེད་ལ།ཞེས་དང།སྙིང་རྗེས་དབང་གིས་རང་ཉིད་གཅིག་པུའི་དོན་དུ་འཁོར་བ་ཆད་ཙམ་ཀྱི་མྱང་འདས་ཆེད་དུ་གཉེར་ནས་མི་སྒྲུབ་པས་སྙིང་རྗེས་ཞི་མཐའ་ལ་མི་གནས་པ་ཡིན་ནོ།།འདིར་རང་བཞིན་མེད་རྟོགས་ཀྱི་བློས་འཁོར་བའི་སྐྱོན་མཐོང་བར་གསུངས་པའི་དོན་གསེར་ཕྲེང་སྐབས་གཉིས་པར་ཆོས་ཀྱི་བདག་མེད་མ་རྟོགས་པར་འདོད་པ་དག་གིས་ཀྱང་དེ་བཞིན་ཉིད་རྟོགས་པར་ནི་འདོད་དེ་ཞེས་བསྡུ་བ་དང་ཀུན་བཏུས།དབུས་མཐའ་སོགས་ཀྱིས་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་དེ་བཞིན་ཉིད་དང།གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་སྟོང་ཉིད་བཅུ་དྲུག་ལ་སོགས་པ་གསུངས་པ་དེ་དང་མཐུན་པ་ཡིན་ཞེ་ན།དེ་ཡང་མི་འཐད་དེ།གསེར་ཕྲེང་སྐབས་གཉིས་པར་རང་བཞིན་མེད་པ་བསྟན་པ་ལ་སྐྲག་པའི་དོན་སྨྲ་ལ་སོགས་པ་རྣམས་དྲང་བའི་དོན་དུ་རེ་ཞིག་མི་རྟག་པ་ལ་སོགས་གང་ཟག་གི་བདག་མེད་ཀྱིས་གྲོལ་བར་གསུངས་སོ་ཞེས་ཉན་རང་གི་རང་བཞིན་མེད་པར་མ་རྟོགས་པར་བསྟན་པ་དང།ཡང་དེ་བཞིན་ཉིད་ཅེས་པ་དེ་ཡང་ཆོས་ཉིད་ལ་བྱེད་དགོས་པའི་ཕྱིར་ཏེ།
              གསེར་ཕྲེང་ལས།འོ་ན་ཅི་ཞེ་ན།དབུས་མཐའ་ལས།སྟོང་པ་ཉིད་དེ་མདོར་བསྡུ་ན།།དེ་བཞིན་ཉིད་དང་ཡང་དག་མཐའ།།མཚན་མ་མེད་དང་དོན་དམ་དང།།ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ།།ཞེས་དང།ཀུན་བཏུས་དང་ཡུམ་གྱི་མདོར་ཡང།དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་དེ་ལྟར་གསུངས་པ་དང་།ཞེས་གསུངས་པར་སོགས་དང་དཔྱད་དགོས་སོ།།འདིར་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཆོས་ཀྱི་བདག་མེད་རྟོགས་པ་ལ་བྱེད་ན་དེས་སྲིད་པའི་ཉེས་དམིགས་མཐོང་བར་གསུངས་པ་མི་འཐད་དེ།ཆོས་ཀྱི་བདག་མེད་རྟོགས་པའི་བློས་འཁོར་བའི་སྐྱོན་མི་མཐོང་བ་རྣམ་བཤད་སྟོད་ཆ་ལུས་རྣམ་གཞག་སྐབས་དང།སྨད་ཆར་འཁོར་བའི་སྐྱོན་ཐ་སྙད་པའི་ཤེས་པས་མཐོང་བ་ཡིན་གྱི།དོན་དམ་ལ་དམིགས་པའི་རིགས་ཤེས་ཀྱིས་མཐོང་བ་མི་སྲིད་པའི་ཕྱིར་ཞེས་གསུངས་པའི་ཕྱིར་དེས་ན་འདིར་འཁོར་བའི་སྐྱོན་མཐོང་བར་གསུངས་པའི་དོན་གང་ཡིན་དང།གང་ཟག་གི་བདག་མེད་རྟོགས་པའི་བློས་འཁོར་བའི་སྐྱོན་མཐོང་བར་གསུངས་པའི་འཁོར་བའི་སྐྱོན་ལ་གང་འཇོག་བདག་མེད་རྟོགས་པའི་བློས་རྟོགས་མ་སོགས་དཔྱད་པར་བྱའོ།།གཞན་ཡང་རྣམ་བཤད་ལས།རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་དེ་སྦྱོར་བ་ན་གཞུང་གི་དོན་མིན་པར་རྗེ་ཉིད་ཀྱི་གསུང་ལས་འབྱུང་བའོ།།ཞེས་རྒྱུ་མཚན་སྔ་མ་གཉིས་དང།རྗེའི་གསུང་ལས་འབྱུང་ཚུལ་གང་ཡིན།རྣམ་བཤད་ཀྱི་གཞུང་ཚིག་འདིའི་དགོངས་པ་འགྲེལ་ཚུལ་ཞིག་ལ།སྙིང་རྗེ་ཞི་མཐའ་འགོག་བྱེད་ཡིན་ཡང།ཞི་མཐར་ལྟུང་བ་འགོག་བྱེད་མ་ཡིན།དེ་བཞིན་དུ་ཤེས་རབ་འཁོར་མཐའ་འགོག་བྱེད་ཡིན་ཡང།འཁོར་མཐའ་ལྟུང་བ་འགོག་བྱེད་མ་ཡིན་པའི་ཕྱིར།དང་པོ་དེར་ཐལ།ལས་ཉོན་གྱི་སྐྱེས་པ་མ་ཟད་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་ཀྱང་འཁོར་བར་སྐྱེས་པ་འགོག་འདོད་པ་སྙིང་རྗེ་དང་བྲལ་བས་ཡིན་པས་འཁོར་བའི་མཐར་ལྟུང་བ་སྙིང་རྗེས་འགོག་ཅིང།སྲིད་པར་སྐྱེ་བ་ཆད་ཙམ་ལས་ཐོབ་པའི་སྲིད་པར་སྐྱེ་བའི་དངོས་པོ་མེད་པ་མཐའ་གཅིག་ཏུ་བླང་བྱར་འདོད་པ་གང་ཞིག་ལ།ལས་ཉོན་གྱི་སྐྱེ་བ་བཀག་ཀྱང་སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་མྱང་འདས་སྒྲུབ་པའི་ཐབས་ཤེས་པའི་ཤེས་རབ་དང་བྲལ་བས་ཤེས་རབ་ཀྱིས་ཞི་མཐའ་ལྟུང་བ་འགོག་པར་བྱེད་ཅེས་སྦྱོར་ན་ཆོག་གམ་དཔྱད་དགོས་སོ།།
             དྲུག་པ་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ནི་གཞི་རང་བཞིན་མེད་པར་རྟོགས་པའི་དེ་ལ་མཚན་མར་འཛིན་པའི་གཉེན་པོ་བྱེད་ནུས་པའི་མཁྱེན་པའོ།།ཞེས་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཀྱི་ངོས་འཛིན་ཚུལ་ཡང་གོང་དུ་ཞུས་པ་ལྟར་གྱི་དེ་བཞིན་ཉིད་དམ་གང་ཟག་གི་བདག་གི་རང་བཞིན་མེད་པ་བྱེད་དགོས་པ་ཡིན་ནམ།གཞན་དུ་ན་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་རང་བཞིན་མེད་པར་རྟོགས་པའི་བློ་ལ་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཞེས་བརྗོད་དོན་མེད་དེ།རྣམ་བཤད་ལས།སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་གཉེན་པོ་གཞི་ཤེས་ཀྱི་ཐ་སྙད་འཕགས་སེང་གཉིས་ཀས་མ་མཛད་དོ་ཞེས་གསུངས་སོ།།
              བདུན་པ་གཞི་ཤེས་སྦྱོར་བ་ལ་སྦྱོར་ལམ་གྱིས་ཁྱབ་པ་འཕགས་སེང་གཉིས་ཀྱི་དགོངས་པར་རྟོགས་སྣང་ལས་གསལ་བར་གསུངས་པ་དང།གསེར་ཕྲེང་དང་རྣམ་བཤད་གཉིས་ལས་ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་གསུངས་པ་དཔྱད་གཞི།དགུ་པ་གཞི་ཤེས་ཀྱི་དངོས་བསྟན་མཐོང་ལམ་ནི།སྒྲོ་འདོགས་སོ་གཉིས་དང་བྲལ་བའི་བདེན་པ་གསར་མཐོང་གང་ཐེག་དམན་གྱི་མཐོང་ལམ་ཤུགས་ལ་འཕེན་པའོ།།ཞེས་སྒྲོ་འདོགས་སོ་གཉིས་ནི།དཔེར་ན།སྡུག་བསྔལ་གྱིས་བསྡུས་པའི་གཟུགས་ལ་སོགས་པ་ཆོས་ཅན།དོན་དམ་པར་རྟག་པ་དང་མི་རྟག་པ་ཡང་མ་ཡིན་པ་སྟེ།ཞེས་དོན་དམ་པར་རྟག་པར་འཛིན་པ་དང་དོན་དམ་པར་མི་རྟག་པར་འཛིན་པའི་སྒྲོ་འདོགས་གཉིས་དང།དེ་བཞིན་ལམ་གྱི་བདེན་པ་དོན་དམ་པར་ངེས་འབྱིན་དང།ལམ་བདེན་དོན་དམ་པར་ངེས་འབྱིན་མ་ཡིན་པ་འཛིན་པའི་བར་གྱི་སྒྲོ་འདོགས་སོ་གཉིས་ཡིན་ནོ།།
            དེ་དག་མཉམ་གཞག་གི་ངོར་འཛིན་ཚུལ་ཡིན་པས་མཐོང་སྤང་དུ་འཇོག་དགོས་པ་ཡིན་ཏེ།རྣམ་བཤད་ལས་དོན་ནི་དན་དམ་མངོན་སུམ་དུ་རྟོགས་པའི་གཟིགས་ངོར་སྒྲས་བརྗོད་པ་ལྟར་མི་སྣང་ཞིང་གཉིས་སྣང་ནུབ་པའི་དོན་ཡིན་ནོ།།ཞེས་གསུངས་པའི་ཕྱིར།འོན་ཀྱང་འདི་དག་ལ་ཡང་ལྷན་སྐྱེས་ཡོད་མེད་དང།ལམ་བདེན་དོན་དམ་པར་ངེས་འབྱིན་མ་ཡིན་པར་འཛིན་པ་སྒྲོ་འདོགས་ཡིན་མིན་སོགས་དཔྱད་དགོས་སོ།།གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུས་གཞི་ཤེས་མཚོན་ཚུལ་ནི།གསེར་ཕྲེང་ལས་མི་མཐུན་པ་དང་གཉེན་པོའི་ཕྱོགས་གཉིས་ཀྱིས་བཤད་པ་དེ་འདྲར་བཤད་ཅེས་གསུངས་ལ།དེས་ན་གསེར་ཕྲེང་ལྟར་ན་མཚོན་བྱ་གཞི་ཤེས་ལ་ཡང་དངོས་བསྟན་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་དང།ཤུགས་བསྟན་ཉན་རང་རྒྱུད་ཀྱི་སྤང་བྱའི་གཞི་ཤེས་གཉིས་འཇོག་དགོས་ལ།དེས་ན་དང་པོ་མཚོན་ཚུལ་ནི།ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་དང།སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས།གཉེན་པོ་ཕྱོགས་ཀྱི་གཞི་ཤེས་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས།གཞི་ཤེས་སྦྱོར་བ།སྦྱོར་བའི་མཉམ་ཉིད།མཐོང་ལམ་སོགས་ཀྱིས་དངོས་བསྟན་གཞི་ཤེས་ངོ་བོའི་སྒོ་ནས་མཚོན་པ་དང།མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང།འབྲས་ཡུམ་ལ་རིང་བའི་གཞི་ཤེས་གཉིས་ཀྱིས་མི་མཐུན་པ་སྟེ་སྤང་བྱའི་སྒོ་ནས་མཚོན་པ་ཡིན་ནམ།
གཉིས་པ་ཤུགས་བསྟན་གྱི་གཞི་ཤེས་མཚོན་ཚུལ་ནི།མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང།འབྲས་ཡུམ་ལ་རིང་བའི་གཞི་ཤེས།གཞི་ཤེས་སྦྱོར་བ།དེའི་མཉམ་ཉིད།མཐོང་ལམ་རྣམས་ཀྱིས་ཉན་རང་གི་གཞི་ཤེས་ངོ་བོའི་སྒོ་ནས་མཚོན་པ་དང།གཞན་རྣམས་ཐེག་དམན་གྱི་གཞི་ཤེས་མཚོན་བྱེད་དངོས་ཡིན་མིན་དང་ཡིན་ན་མཚོན་ཚུལ་ལ་བརྟགས་དགོས་སོ།རྣམ་བཤད་ལས་ཀྱང།ཆོས་དགུ་བོ་དེ་དག་གིས་ནི།མི་རྟག་སོགས་ཀྱི་རྣམ་པ་ཅན་གྱི་གཞི་ཤེས་དེ་ཉིད་དངོས་བསྟན་དང་ཤུགས་བསྟན་གཉིས་ཀའི་སྒོ་ནས་མཚོན་ནས་སྟོན་ལ།ཞེས་མཚོན་བྱ་གཞི་ཤེས་ལ་དངོས་བསྟན་དང་ཤུགས་བསྟན་གཉིས་ཡོད་པར་གསུངས་སོ།།
             བདུན་པ་ངེས་འབྱེད་ཆ་མཐུན་ནི།སེམས་ཅན་ལ་དམིགས་པའི་རྣམ་པ་ཁྱད་པར་བ་དང་ལྡན་ཞིང་སྒོམ་བྱུང་གཙོ་བོར་གྱུར་པའི་མོས་སྤྱོད་ཀྱི་ཡེ་ཤེས་སོ།།འདི་དང་སྦྱོར་བ་འོག་མ་གཉིས་སུ་ཡང་ལམ་གསུམ་མཚན་ཉིད་པའི་དབང་དུ་བྱས་ཏེ་མཚན་ཉིད་དང་ས་མཚམས་བཞག་པར་བྱའོ།།ཞེས་རྣམ་རྫོགས་སྦྱོར་བའི་སྐབས་ཀྱི་སྦྱོར་ལམ་དེ་ཡང་མོས་སྤྱོད་ཀྱི་ས་དགོས་པར་གསུངས་པ་དང་སྦྱོར་བ་འོག་མ་གཉིས་སུ་ཡང་དེ་ལྟར་གསུངས་པའི་ཕྱིར།ལམ་གསུམ་མཚན་ཉིད་པའི་དབང་དུ་བྱས་ཞེས་གསུངས་པས་འདི་དག་འཕགས་པའི་རྗེས་སུ་འབྲང་ནས་བཤད་པར་གོའམ།།ཡང་འོག་ཏུ་འདི་དང་སྔ་མ་གཉིས་ཀྱི་ས་མཚམས་འཆད་པར་འགྱུར་རོ་ཞེས་ཐབས་མཁས་སྦྱོར་བ་འདི་དང་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ།ཞིང་དག་སྦྱོར་བ་གསུམ་གྱི་ས་མཚམས་འཆད་ཚུལ་ནི།གསེར་ཕྲེང་སྨད་ཆ་སྦྱོར་བ་འདི་གསུམ་སྦྱོར་ལམ་ནས་བཞག་གོ།
དེ་ཡང་གཙོ་བོའི་དབང་དུ་བྱས་ཀྱི་ཞིབ་ཏུ་དཔྱད་ན་ཚོགས་ལམ་ནས་ཀྱང་གཞག་དགོས་ཏེ།འདི་གསུམ་ནི་ཆོས་རྣམས་སྤྲོས་བྲལ་དུ་སྒོམ་པ་དང་ཞིང་དག་པར་བྱེད་པ་དང་སེམས་ཅན་སྨིན་པར་བྱེད་པ་གསུམ་ཡིན་ལ་དེ་གསུམ་མི་བྱེད་ན་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་བས་སོ།།ཞེས་དེ་གསུམ་གྱི་ས་མཚམས་ཚོགས་ལམ་ནས་བཞག་པ་དང་།རྣམ་བཤད་སོགས་གཞུང་གཞན་དག་ལས་དེ་གསུམ་གྱི་ས་མཚམས་དག་པ་ས་གསུམ་ཁོ་ནར་བཞག་པ་འདི་གཉིས་མི་འགལ་ཚུལ་དང་གཞུང་གང་ལ་བརྟེན་དཔྱད་དགོས།རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་གིས་རྣམ་རྫོགས་སྦྱོར་བ་མཚོན་ཚུལ་ནི།གསེར་ཕྲེང་ལས།གཉིས་པ་དང་ཐ་མ་གསུམ་ནི་ངོ་བོ་ཡིན་ལ།གཞན་རྣམས་ནི་ཡུལ་དང་རྟེན་དང་སྤང་བྱ་ཤེས་བྱ་ཕན་ཡོན་ལ་སོགས་པ་ཡིན་ནོ་ཞེས་གཉིས་པ་སྦྱོར་བ་དང་ཐ་མ་གསུམ་གྱིས་རྣམ་རྫོགས་སྦྱོར་བ་ངོ་བོའི་སྒོ་ནས་མཚོན་པ་དང་།རྣམ་པས་སྒོམ་བྱ་ཡུལ་གྱིས་སྒོ་ནས་མཚོན་པ་དང་།ཕྱིར་མི་ལྡོག་པའི་རྟགས་ཀྱིས་རྣམ་རྫོགས་སྦྱོར་བ་སྒོམ་པའི་རྟེན་གྱི་སྒོ་ནས་དང་།སྦྱོར་བའི་སྐྱོན་སྤང་བྱ་དང་།ཡོན་ཏན་ཕན་ཡོན་དང་།མཚན་ཉིད་མཚོན་ཚུལ་ཤེས་བྱའི་སྒོ་ནས་མཚོན་པ་ཡིན་ནམ་སྙམ།ཐར་ཆ་དང་ངེས་འབྱེད་ཆ་མཐུན་གཉིས་ཀྱིས་མཚོན་ཚུལ་ལ་བརྟག།ཡུལ་གྱི་མཚོན་ཚུལ་དང་ཤེས་བྱའི་སྒོ་ནས་མཚོན་ཚུལ་གཉིས་ཀྱི་ཁྱད་པར་ཀྱང་དཔྱད་དགོས་སོ།།
            རྩེ་སྦྱོར་སྐབས་སྔར་བཤད་པའི་རྩེ་མོའི་མངོན་རྟོགས་དེའི་རྟགས་ནི།བསྡུས་སྒོམ་རབ་ཏུ་གྱུར་པར་མཚོན་བྱེད་གང་དྲོད་ཀྱིས་བསྡུས་པ་སྟེ།ཞེས་དྲོད་རྩེ་སྦྱོར་རྟགས་ཀྱི་སྒོ་ནས་བསྟན་པ་དེ་ཡང་དྲོད་རྩེ་སྦྱོར་ཐོབ་པའི་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྒོ་ནས་བསྟན་པ་ཡིན་ཏེ།གསེར་ཕྲེང་ལས།གོང་དུ་དེའི་ཕྱིར་རྩེ་མོ་དང་པོ་ཐོབ་པའི་རྟགས་དེ་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་ཀྱང་རྩེ་མོ་ཐོབ་པ་ལ་རྟགས་དེ་དག་ཐོབ་པས་ཁྱབ་པ་མེད་དོ་ཞེས་དྲོད་རྩེ་སྦྱོར་ཕྱིར་མི་ལྡོག་པའི་རྟགས་ཀྱིས་མཚོན་པ་ཡོད་ན་སྔར་རྣམ་རྫོགས་སྦྱོར་བའི་སྐབས་སྦྱོར་ལམ་དྲོད་ཕྱིར་མི་ལྡོག་པའི་རྟགས་དང་ཟློས་པར་དོགས་པ་དང་།དབང་རྟུལ་སྦྱོར་ལམ་དྲོད་ལ་ཡང་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་འགྱུར་ལ།དྲོད་རྩེ་སྦྱོར་ཐོབ་པའི་རྟགས་ཡིན་ན་ནི།དྲོད་རྩེ་སྦྱོར་ཐོབ་པ་ལ་རྟགས་དེ་དག་ཐོབ་དགོས་མིན་དང་།གོང་དུ་རྟགས་དེ་དག་ཐོབ་པས་མ་ཁྱབ་གསུངས་པའི་དོན་གང་ཡིན།བཅུ་གཉིས་པོ་མ་ཁྱབ་ཟེར་ན་བཅུ་གཉིས་པོ་ཐོབ་པའི་མ་ཁྱབ་ཟེར་ན་བཅུ་གཉིས་པོ་ཐོབ་པ་ཡོད་མེད་སོགས་དཔྱད།དེ་དག་གིས་རྩེ་སྦྱོར་མཚོན་ཚུལ་ནི།དང་པོ་བདུན་གྱིས་རྩེ་སྦྱོར་ངོ་བོས་སྒོ་ནས་དང་།བསལ་བྱ་ལོག་སྒྲུབ་ཀྱིས་སྤང་བྱའི་སྒོ་ནས་མཚོན་པའོ།།མཐར་གྱི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་གྱི་མཐར་གྱི་སྦྱོར་བ་མཚོན་ཚུལ་ནི།དང་པོ་དྲུག་མཐར་གྱི་པའི་ཉམས་ལེན་གྱི་ངོ་བོ་ཡིན་པས་ཉམས་ལེན་གྱི་སྒོ་ནས་མཚོན་པ་དང་།རྗེས་དྲན་དྲུག་མཐར་གྱི་པའི་གནས་སྐབས་ཡིན་ཞིང་།ཐ་མས་ཟིན་བྱེད་ཀྱིས་སྒོ་ནས་མཚོན་པ་དེ།འདིར་ཉམས་ལེན་དང་དྲན་པ་ཀུན་ཀྱང་ཐ་མས་ཟིན་པའི་ཕྱིར་རོ།།ཞེས་གསུངས།།
             བདུན་པ་སྐད་ཅིག་མའི་སྦྱོར་བ་བཞི་ངོ་བོ་ལ་ཐ་དད་མེད་ཀྱང་ལྡོག་པའི་སྒོ་ནས་ཐ་དད་དུ་ཕྱེ་བའི་དང་པོ་གཉིས་ཀྱི་རྣམ་པར་སྨིན་མ་སྨིན་གྱི་ཁྱད་པར་ནི།གསེར་ཕྲེང་ལས།གཞན་དག་གི་འདོད་ཚུལ་འགའ་ཞིག་བཀག་ནས།རང་ལུགས་ཡུལ་ཅན་ལ་རྣམ་སྨིན་ཡིན་མིན་མི་རུང་བས་ཡུལ་ལ་བྱ་ཞིང་།དེ་ཡང་གཅིག་གི་ཡུལ་གཉིས་ཀའི་འང་ཡིན་པའི་ཕྱིར་མདོ་བསྟན་བཅོས་ནས་བསྟན་ཚོད་ཀྱི་ཡུལ་ལ་རྣམ་སྨིན་དང་དེ་མིན་གཉིས་སུ་དབྱེ་སྟེ།དང་པོའི་ཡུལ་ནི་རང་གི་རྒྱུད་ལ་ནུས་པ་མཐར་ཐུག་མ་སྨིན་པ་དང་།ཕྱི་མ་ནི་རང་གི་རྒྱུད་ལ་དེ་ལྟར་སྐྱེས་པའི་གནས་སྐབས་ཀྱི་དབང་དུ་བྱས་ནས་བཞག་གོ།ཞེས་རང་རྒྱུད་ལ་ནུས་པ་མཐར་ཐུག་སྨིན་མ་སྨིན་ལ་བྱེད་པས་དེའི་ཚུལ་ཡང་།གོང་དུ་གཞན་གྱི་འདོད་པ་སྐབས་གསུམ་པ་ལྟར་ན།མདོ་ལས་མཚན་དཔེ་དང་སྟོབས་དང་མ་འདྲེས་པ་རྣམས་འཆད་པས་བདུན་པ་མན་ཆད་ལ་ཇི་ལྟར་འགྲིག་ཅེས་གསུངས་པས་རང་རྒྱུད་ལ་ནུས་པ་མཐར་ཐུག་མ་སྨིན་པའི་སངས་རྒྱས་ཀྱི་ཡོན་ཏན་དེ་དག་སྐད་ཅིག་གཅིག་ལ་མངོན་དུ་བྱེད་ནུས་པའི་ཆ་ནས་དང་པོ་དང་།ཕྱི་མ་རང་རྒྱུད་ལ་སྨིན་ཟིན་པའི་ཡོན་ཏན་དེ་དག་སྐད་ཅིག་གཅིག་ལ་མངོན་དུ་བྱེད་ནུས་ཀྱི་ཆ་ནས་འཇོག་དགོས་པ་ལྟ་བུར་སྣང་ངོ་།།འོན་ཀྱང་ཡུལ་ལ་འཇོག་པར་གསུངས་པས་དཔྱད་དགོས།།
              གསུམ་པ་ཟློས་སྤོང་སྐབས།རྣམ་མཁྱེན་གྱི་སྦྱོར་ལམ་གྱི་རྟོག་པ་དང་།རྩེ་སྦྱོར་གྱི་མཐོང་སྒོམ་གྱི་སྤང་བྱའི་རྟོག་པ་བཞི་ཚན་རེ་རེ་བཤད་པ་རྣམས་ཟློས་ཤེ་ན།མི་ཟློས་ཏེ་དང་པོ་ཐེག་ཆེན་གྱི་ཁྱད་ཆོས་སུ་བསྟན་ལ།གཉིས་པ་དང་གསུམ་པ་རྣམས་རིམ་པ་ལྟར་མཐོང་ལམ་དང་སྒོམ་ལམ་གྱི་སྤང་བྱར་བསྟན་པས་སོ།།ཞེས་རྟོག་པ་དེ་དག་སྦྱོར་ལམ་གྱི་ཁྱད་ཆོས་སུ་བསྟན་ཚུལ་ནི།རྟོགས་སྣང་ལས་གསུངས་པ་ལྟར་སྤང་བྱ་ཡིན་ན་ཁྱད་ཆོས་ཡིན་པ་འགལ་བས།གསེར་ཕྲེང་གི་དེ་ལྟར་གསུངས་པ།འོག་ཏུ་སྦྱོར་ལམ་སྐབས་དེས་ན་རྟོག་པ་སྤང་བྱར་ལྡན་པ་ཁྱད་ཆོས་སུ་ཡིན་པའི་ཕྱིར།།ཞེས་གསུངས་པ་ལྟར་ཡིན་ལ།སྤང་བྱར་ལྡན་པའི་དོན་ཡང་རྣམ་བཤད་ལས།དེའི་དོན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་གཟུང་འཛིན་བདེན་པར་འཛིན་པའི་རྣམ་རྟོག་ཆེད་དུ་གཏད་ནས་སྤང་བྱའི་གཙོ་བོར་བྱེད་ཀྱི།གཞན་དུ་འདོད་པའི་འབྲས་བུ་རྣམ་མཁྱེན་མི་ཐོབ་པས།དེའི་དོན་དུ་འབད་པར་བྱེད་པ་ཀུན་ནས་ཉོན་མོངས་བྱེད་དུ་ལྡན་པའི་དོན་ཡིན་ཞེས་གསུངས་པས་སྤང་བྱའི་གཙོ་བོར་བྱེད་ཚུལ་ཡིན་སྙམ་མོ།།ཡང་སྐབས་རྣམས་སུ་སྦྱོར་ལམ་ཡང་ཡང་བསྟན་པ་རྣམས་ཟློས་སྤོང་གི་སྐབས་སུ་རྣམ་མཁྱེན་དུ་ནི་དམིགས་རྣམ་རྒྱུ་གསུམ་ལྡན་ཆོས་རྟོག་པ་ཡོངས་འཛིན་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བའི་ཁྱད་པར་དྲུག་དང་ལྡན་པར་བསྟན་ལ།ཞེས་ཉན་ཐོས་ཀྱི་སྦྱོར་ལམ་དང་མི་འདྲ་བའི་ཁྱད་པར་དྲུག་དང་ལྡན་པར་བསྟན་པ་དང་སྐབས་གཞན་དག་ཏུ་བསྟན་པ་རྣམས་དང་མི་ཟློས་ཞེས་གསུངས་པ་ལས།འོན་ཀྱང་ཁྱད་པར་དྲུག་པོ་དེ་ཁྱད་པར་འཕགས་ཆོས་སུ་མ་བསྟན་ཏོ།།སྐབས་བཞི་པའི་ཟློས་སྤོང་གི་སྐབས་སུ་ཉི་སྣང་ལས།ཉན་ཐོས་ལ་སོགས་པ་ལས་ཁྱད་པར་རྣམ་པ་བཞི་བརྗོད་པར་བྱ་བ་ཡིན་ཏེ་ཞེས་རྟོག་པ་མ་གཏོགས་པ་བཞི་ཁྱད་ཆོས་སུ་བཞེད་ལ་བྱང་ཡེས་ཀྱང་ངོ་།།ཞེས་ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་པར་གསུངས་སོ།།
སློབ་དཔོན་གྱིས་ཁྱད་ཆོས་ལྔས་ཁྱད་པར་དུ་འཕགས་པར་བཞེད་དེ།ལྡན་ཆོས་རྟོག་པ་བཞི་དང་བཅས་པའི་ཁྱད་པར་ལྔར་བཞེད་དེ།དག་སྙིང་ཟླ་འོད་བུདྷ་ཤྲཱི་རྣམས་ཀྱང་ངོ་ཞེས་གསུངས་སོ།།ཆེ་འབྲིང་གི་དབྱེ་བའམ་ཁྱདཔར་འཕགས་བཞི་ཡིན་གྱི་འཕགས་ཆོས་མིན་ནོ།།ཞེས་གསུངས་ཤིང་།རྒྱན་སྣང་ལས།དེ་བཞིན་དུ་ཇི་སྐད་བཤད་པར་རྟོག་པ་དང་ལྡན་པ་ལ་བརྟེན་པ་འདི་དག་རེ་རེ་ཞིང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཁྱད་པར་དུ་འཕགས་པ་ཡང་བརྗོད་པར་བྱ་བ་ཡིན་པས་ཞེས་པས་མཐའ་གཅིག་ཏུ་དབྱེ་བ་ཁྱད་ཆོས་སུ་མི་རུང་བ་མ་ཡིན་ནོ།།ཞེས་གསུངས་པ་ལ་བརྟེན་ནས་རྣམ་བཤད་ལས་དྲུག་གིས་ཁྱད་པར་དུ་འཕགས་པར་གསུངས་པ་ཡིན་ནམ་སྙམ་མོ།།
             ཡང་ཟློས་སྤོང་འདི་དག་འཕགས་པའི་རྗེས་སུ་འབྲང་ནས་བཤད་ལ་ཞེས་ལམ་དེ་དག་མཚན་ཉིད་པ་ཡིན་པའི་དབང་དུ་བྱས་ནས་ཟློས་སྤོང་བྱས་ལ།སློབ་དཔོན་འདིའི་བཞེད་པ་དང་དེ་དག་གི་དོན་གང་འཐད་པ་ལ་སོགས་པ་ནི་རྣམ་ཀུན་ལས་འཆད་པར་འགྱུར་རོ།།ཞེས་པས་སྐབས་བཞི་པའི་ཟློས་སྤོང་སྐབས།གསེར་ཕྲེང་ལས།གཉིས་པ་ལ་གཉིས།སློབ་དཔོན་གྱི་བཞེད་པ་ཡིན་མིན་དང་།བསྟན་བཅོས་ཀྱི་དགོངས་པར་གནས་མི་གནས་དཔྱད་པའོ།།ཞེས་དང་པོའི་སྐབས་འགྲེལ་པ་གཉིས་སུ་བཀོད་པ་ནི་གཞན་འདོད་ཡིན་ནོ་ཞེས་སྨྲ་ཡང་རང་ལུགས་སུ་མི་བཞེད་ན་རང་ལུགས་ལོགས་སུ་བཞག་དགོས་པ་ལས་མ་མཛད་པ་དང་།ཁྱད་པར་འགྲེལ་ཆུང་འདིར་རང་གི་བཞེད་པ་འགོད་པ་དང་།འགྲེལ་བཤད་གཉིས་དང་བསྡུས་དོན་དུའང་བཞེད་པར་བཀྲལ་གྱི་གཞན་ལུགས་སུ་མ་བསྟན་པ་དང་ཞེས་གསུངས་པ་ལྟར།རྒྱན་སྣང་ལས་ཀྱང་དེ་ལྟར་གསུངས།གསེར་ཕྲེང་ལས།རྒྱན་སྣང་དུ་སྐད་ཅིག་མ་ཐ་མ་འདི་གཉིས་ལ་ཉི་སྣང་གི་བཤད་པ་རྣམས་མཛད་པ་ནི་འཕགས་པའི་བཤད་པ་དྲངས་པ་ཙམ་ཡིན་གྱི་རང་ལུགས་སུ་མི་རུང་སྟེ།ཡིན་ན་ལམ་འདི་དག་ས་བརྒྱད་པ་ཡན་ཆད་ལ་བྱེད་པ་དང་ལམ་ཤེས་སུ་ཆོས་བཟོད་ཀྱིས་ཁམས་གསུམ་གའི་མཐོང་སྤང་སྤོང་བར་བཤད་པ་དང་འགལ་ལོ།།ཞེས་གསུངས་པ་དང་།
འགྲེལ་ཆུང་ལས་ཀྱང་།རྣམ་པ་དང་ལམ་དང་གཞི་ཐམས་ཅད་རྣམ་པར་བསྒོམ་པའི་དབྱེ་བས་གོ་རིམ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་མངོན་པར་རྟོགས་པ་རྣམ་པ་གསུམ་ལ་འཇིག་རྟེན་པའི་ངེས་པར་འབྱེད་ཆ་དང་མཐུན་པ་རྟོགས་པ་སྔོན་དུ་འགྲོ་བས་འཇིག་རྟེན་ལས་འདས་པའི་མཐོང་བ་དང་།སྒོམ་པའི་ལམ་རྟོག་པ་ཡིན་ལ།རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་གསུམ་ལ་ནི་སྒོམ་པ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱིས།རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་རིམ་གྱིས་སྐྱེ་བ་ཡིན་པས།ཅིག་ཅར་སྐྱེ་བ་དགག་པར་བྱ་བའི་ཕྱིར་ངེས་པར་འབྱེད་པའི་ཆ་ལ་སོགས་པའི་ཐ་སྙད་དུ་གསུངས་པ་ཡིན་པར་ཤེས་པར་བྱའོ།།ཞེས་རྣམ་རྫོགས་སྦྱོར་བའི་སྐབས་སུ་བསྟན་པའི་སྦྱོར་མཐོང་སྒོམ་གསུམ་ས་བརྒྱད་པ་དང་།རྩེ་སྦྱོར་གྱི་བསྟན་པའི་སྦྱོར་མཐོང་སྒོམ་གསུམ་ས་དགུ་པ་དང་བཅུ་པའི་སྟོད།མཐར་གྱི་སྦྱོར་བའི་སྐབས་སུ་བསྟན་པའི་སྦྱོར་མཐོང་སྒོམ་གསུམ་ས་བཅུ་པའི་སྨད་ཀྱི་ཡེ་ཤེས་ཆེ་འབྲིང་ཆུང་གསུམ་ལ་བཤད་ཅིང་།དགོས་པ་དག་ས་གསུམ་དུ་འབད་རྩོལ་ལ་མི་ལྟོས་པས་ལམ་དེ་དག་ཅིག་ཅར་སྐྱེ་སྙམ་པ་དགག་པའི་ཕྱིར་དེ་དག་ལ་ལམ་གསུམ་གྱི་ཐ་སྙད་བྱས་ནས་གསུངས་པ་འདི་ཡང་སློབ་དཔོན་གྱི་རང་ལུགས་བྱས་ནས་བཀོད་པ་ལས་གཞན་འདོད་དུ་མི་སྣང་བའི་ཕྱིར་དང་།འོག་ཏུ་རང་ལུགས་སྐབས་མཁྱེན་གསུམ་དུ་གསུངས་པ་ཐོས་བསམ་གྱི་ཡུལ་དང་སྦྱོར་བ་གསུམ་དུ་གསུངས་པ་རྣམས་ཉམས་ལེན་གྱི་སྒོ་ནས་དང་ཞེས་པ་ནས་སྤྱི་དང་སོ་སོའི་ཟློས་པ་སྤངས་པས་ཆོག་པའི་ཕྱིར་ཕྱོགས་འདི་ལ་ནི་འཕགས་པའི་རྗེས་སུ་འབྲངས་ན་འཐད་དོ་ཞེས་སློབ་དཔོན་གྱི་བཞེད་ཚུལ་འདི་གསེར་ཕྲེང་ཚིག་ཟིན་དང་མི་མཐུན་པར་གོ་བས།སློབ་དཔོན་གྱི་ལམ་རྐྱང་པའི་ལུགས་བཞེད་པ་ཡིན་ནམ།དེ་ལྟར་ན་ཡང་གསེར་ཕྲེང་མཇུག་་ཏུ་འགྲེལ་པ་འདིར་དང་པོར་སེམས་བསྐྱེད་དང་མཐར་འཕྲིན་ལས་ལ་ས་མཚམས་ཀྱི་གོ་རིམ་བརྗོད་ནས་བར་པ་རྣམས་ལ་མི་བརྗོད་པ་ཅི་ཞེ་ན།
              ཡན་ལག་རྒྱས་བཤད་ཀྱི་དང་པོ་སེམས་བསྐྱེད་དང་ཐ་མར་འཕྲིན་ལས་ཉེར་བདུན་ལ་ས་མཚམས་བསྟན་པའི་རིམ་པ་དེས་ཤུགས་ལ་མ་བརྗོད་པའི་ལྷག་མ་བར་གྱི་ཚིག་གིས་དོན་རེ་དགུ་པོ་རྣམས་ཀྱི་ས་མཚམས་ཀྱི་གོ་རིམ་རྣམས་ཀྱང་ཁོང་དུ་ཆུད་པར་བྱ་སྟེ་ཞེས་འགྲེལ་པ་དོན་གསལ་གྱི་གསུང་ཚུལ་དང་པོ་སེམས་བསྐྱེད་དང་ཐ་མ་འཕྲིན་ལས་གཉིས་ཀྱི་སྐབས་སུ་ལས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་གྱི་ལམ་གྱི་རིམ་པ་ཆ་ཚང་བ་རེ་བསྟན་པ་དང་།དེས་བར་པ་རྣམས་ཀྱིས་ཀྱང་དེ་ལྟར་གོ་བས་སྐབས་རེ་རེ་ནས་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཆ་ཚང་བ་རེ་བསྟན་པ་གོ་ལ།མ་ཟད་སྐབས་དང་པོ་ལྟ་བུས་སེམས་བསྐྱེད་དང་།གདམས་ངག།དགེ་འདུན་ཉི་ཤུ།རྟེན་རིགས་སོགས་ཀྱི་སྐབས་སུ་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཆ་ཚང་རེ་བསྟན་པ་དེ་བཞིན་སྐབས་གཞན་དག་ཏུ་ཡང་དེ་ལྟར་བསྟན་པ་འདི་དག་ཀྱང་ཐོག་མཐའ་གཉིས་ཀྱིས་མཚོན་ནས་གོ་དགོས་པས།སློབ་དཔོན་ལམ་རྐྱང་པའི་ཕྱོགས་སུ་འགྲེལ་པ་འདི་ལ་ཡང་བརྟག་དགོས་སོ།།ཡང་གོང་དུ་སློབ་དཔོན་འདི་ཡི་བཞེད་པ་ལ་དོན་བདུན་ཅུའི་གསལ་ཁ་མེད་ལ་དོན་ཐོབ་བྱས་ན།ཞེས་པ་ནས་རྒྱན་སྣང་ལྟར་ན་ཕྱི་མ་མངོན་ནོ།།ཞེས་སློབ་དཔོན་གྱི་དོན་བདུན་ཅུའི་གསལ་ཁ་མེད་ཀྱང་རྒྱན་སྣང་ལྟར་འཕྲིན་ལས་ཆོས་སྐུའི་ཞར་བྱུང་བྱས་ནས་ལོགས་སུ་མི་བགྲངས་པ་ཡིན་ནམ་སྙམ་མོ།།གོང་དུ་དྲངས་པ་ལྟར་དང་པོ་སེམས་བསྐྱེད་དང་བར་གྱི་རེ་དགུ་པོ་ཞེས་བདུན་ཅུ་ལ་བྱེད་དགོས་པ་ཡིན་ནམ་སྙམ་མོ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
 

བརྒྱུད་འགོད།