གསེར་ཕྲེང་རྩོམ་གཞི་བཅུ་པའི་ལན།

ཡོང་ཁུངས།   ལེགས་བཤད་གསེར་ཕྲེང་བགྲོ་གླེང་།     སྤེལ་དུས།  2016-03-03 17:11:43     རྩོམ་པ་པོ།   ལྷ་རམས་པ་ཐུབ་བསྟན་ལེགས་སྨོན།    ཀློག་ཐེངས།  



IMG_9249.JPG
         

           ལེགས་བཤད་གསེར་ཕྲེང་བགྲོ་གླེང་གི་རྩོམ་ཤོག་ཨང་བཅུ་པ་བློ་གསར་རྣམས་ལ་དཔྱོད་པའི་སྒོ་ཙམ་སྟོན་པ་གསེར་གྱི་ལྡེ་མིག།
           གསེར་ཞུན་ཚང་ལ་མ་ནོར་ལུགས་བཟང་ཆེ།།ཉི་ལྟར་གསལ་མཛད་འཇམ་མགོན་བླ་མ་ཡིས།།ཟབ་དོན་འབྱེད་ལ་བློ་ཡི་སྣང་བ་དང༌།།དཀའ་གནད་འཆད་པའི་ངག་གི་དཔལ་ཡོན་སྩོལ།།ཟབ་བརླིང་གསུང་མཆོག་ལེགས་བཤད་གསེར་ཕྲེང་ལ།།འོལ་ཚོད་བཤད་ཡམ་བྱེད་པ་གང་ནས་སྤོབས།།འོན་ཀྱང་གོམས་ཤིང་སྒྲོ་འདོགས་ཆོད་སླད་དུ།།གཞོལ་བར་ནོངས་པ་མཆིས་གང་མཁས་ལ་འཆགས།།
ཞེས་མཆོད་པར་བརྗོད་པ་སོགས་སྔོན་དུ་བཏང་ནས་འདིར་གང་བརྗོད་པར་བྱ་བའི་གཞི་ནི།གསེར་ཕྲེང་ལས།གཉིས་པ་ལ་བཞི།རྣམ་ཀུན།རྩེ་མོ།མཐར་གྱིས་པ།སྐད་ཅིག་མའི་ས་མཚམས་སོ།།ཞེས་གསུངས་པ་ལྟར་གཉིས་པ་སྦྱོར་བ་བཞི་འཆད་པ་ལ་བཞི་ལས།དང་པོ་རྣམ་རྫོགས་སྦྱོར་བ་འཆད་པ་ནི།རྒྱན་ལས།རྣམ་པ་སྦྱོར་བ་བཅས་རྣམས་དང༌།།ཞེས་སོགས་དང༌།གཞི་ཤེས་པ་ཡི་བྱེ་བྲག་རྣམས།།ཞེས་སོགས་ཀྱི་གཞུང་རྣམས་ཀྱིས་མཚོན་བྱེད་བཅུ་གཅིག་གིས་མཚོན་པའི་སྒོ་ནས་འཆད་དོ།།རྣམ་རྫོགས་སྦྱོར་བའི་མཚན་ཉིད་ནི།གསེར་ཕྲེང་ལྟར་ན།མཁྱེན་གསུམ་གྱི་རྟོགས་པ་ལ་རང་དབང་ཐོབ་པར་བྱ་བའི་ཕྱིར་དུ་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པའི་སེམས་དཔའི་རྣལ་འབྱོར་དང༌།དབྱེ་ན་སྦྱོར་བ་ཉི་ཤུའོ།།ཞེས་གསུངས།རྣམ་བཤད་ལས།རྣམ་རྫོགས་སྦྱོར་བ་ལ་མཚན་ཉིད་ནི།མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་རོ།།ཞེས་གསུངས།ས་མཚམས་ནི།གསེར་ཕྲེང་ལས།བུད་དྷ་ཤྲཱིས།ལས་དང་པོ་བ་དང༌།སྦྱོར་བ་དང༌།མཐོང་བ་དང༌།སྒོམ་པའི་གནས་སྐབས་ཅན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཉིད་དང༌།ཞེས་དང༌།སྦྱོར་བ་ཉི་ཤུས་ས་མཚམས་ཀྱིས་ཤེས་སོ་ཞེས་པའི་སྒྲུབ་བྱེད་ལ་བརྟེན་ནས་ཚོགས་ལམ་ཆུང་ངུ་ནས་ས་བཅུ་རྒྱུན་འཐའི་བར་དུ་གསུངས་སོ།།འདིར་གསེར་ཕྲེང་ལས།སྔོན་གྱི་མཁས་པ་དག་ཅེས་པ་རྗེ་རེད་མདའ་བ་སོགས་ཀྱིས་སྦྱོར་བ་དང་པོ་གསུམ་ལ་ཁྱད་པར་ཅན་ཡིན་མིན་གཉིས་སུ་བྱས་ནས་འཆད་ཅིང་ཁྱད་པར་ཅན་གྱི་དོན་ཡང་རྟེན་གྱི་ཁྱད་པར་ཕྱིར་མི་ལྡོག་པ་དང༌།སྦྱོར་བའི་ཁྱད་པར་སྐྱོན་ཐམས་ཅད་དང་བྲལ་བ་དང༌།ཡུལ་གྱི་ཁྱད་པར་སྟོབས་ལ་སོགས་པའི་རྣམ་པ་མ་ལུས་པ་ཡུལ་དུ་བྱེད་པའོ།།ཞེས་ཟེར་ལ།འདོད་ཚུལ་འདི་ནི་གསེར་ཕྲེང་ལས།སྤྱིར་ལམ་གསུམ་བཏགས་པ་བར་འདོད་པའི་ལུགས་ལ་ཡང་སྦྱོར་བ་དང་པོ་གསུམ་ལ་རྣམ་དབྱེ་དེ་ལྟ་བུ་ཞིག་དགོས་པར་སྣང་སྟེ་ཞེས་གསུངས་པས་རང་ལུགས་ལ་མི་མཐད་པར་གོའོ།།ཐུབ་པ་དགོངས་རྒྱན་དུ།ཆོས་སྐུ་རྣམ་ཀུན་མངོན་རྫོགས་མཚན་ཉིད་པ་དང༌།སྦྱོར་བ་རྣམ་ཀུན་བཏགས་པ་བར་འཆད་པ་ནི།རྣམ་ཀུན་དང་སྦྱོར་བ་གཉིས་སོ་སོར་ཕྱེ་ནས་འཐོབ་བྱ་མཐར་ཐུག་ལ་རྣམ་ཀུན་གྱི་སྒྲ་དངོས་དང་འཐོབ་བྱེད་སྦྱོར་བ་ལ་དེའི་སྒྲ་བཏགས་པའི་དབང་དུ་བྱས་ནས་འཆད་ཀྱང་རང་ལུགས་ནི་རྣམ་ཀུན་དང་སྦྱོར་བ་གཉིས་གཞི་མཐུན་བསྡུ་བའི་དབང་དུ་བྱས་ནས་འཆད་དེ།གསེར་ཕྲེང་ལས།འདིར་ནི་གཞི་མཐུན་བསྡུ་བ་ལ་བྱས་ལ་ཞེས་གསུངས་སོ།།ཡང་ན།ཆོས་སྐུ་སྟེ་རྣམ་མཁྱེན་གྱི་སྐབས་སུ་འཆད་པའི་རྣམ་ཀུན་མངོན་རྫོགས་དང༌།སྦྱོར་བཞིའི་སྐབས་སུ་འཆད་པའི་རྣམ་ཀུན་མངོན་རྫོགས་གཉིས་ལ་མཚན་བཏགས་འབྱེད་པ་སོགས་གང་ཡིན་དཔྱད་པར་ཞུའོ།།རྣམ་རྫོགས་སྦྱོར་བའི་མཚན་ཉིད།གསེར་ཕྲེང་ལས་བཤད་པ་ལྟར་བྱེད་ན་རྣམ་རྫོགས་སྦྱོར་བ་ལ་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པས་མ་ཁྱབ་པ་དང་སེམས་ཙམ་པར་གྱུར་པའི་བྱང་སེམས་སོགས་ཀྱིས་སྐྱེ་མེད་གསུམ་སྒོམ་པ་མེད་པས་མི་འཐད་ལ།མཁས་པ་དགགིས༌།གསེར་ཕྲེང་དུ་དངོས་པོ་བརྒྱད་སོ་སོའི་མཚན་ཉིད་བཞག་པ་ནི་བུ་ཉ་གཉིས་ལྟར་ཡིན་པས་རྣམ་བཤད་དུ་ལམ་ཤེས་ཀྱི་མཚན་ཉིད་ལ་དགག་པ་མཛད་པ་ལྟར་ཕལ་ཆེར་ཚིག་ཟིན་ལྟར་མི་རུང༌།།ཞེས་རྗེའི་རང་ལུགས་མིན་པར་འཆད་པས་དཔྱད།ཡང་གསེར་ཕྲེང་ལས།དེས་ན་ས་བརྒྱད་པ་ཡན་ཆད་རྩོལ་བྲལ་གྱི་སར་བཤད་པ་ནི།བདག་གིས་སེམས་ཅན་འདི་ཡི་དོན་འདི་ལྟ་བུ་བྱའོ་སྙམ་དུ་གང་ཟག་ཏུ་རྟོག་པའི་རྩོལ་བ་ཞི་བ་ཙམ་ཡིན་ཏེ།ཉོན་ཡིད་གནས་གྱུར་པའི་ཕྱིར་རོ།།ཞེས་གསུངས་པས་གསེར་ཕྲེང་གི་དགོངས་པ་སེམས་ཙམ་དུ་གནས་པར་མི་བཟུང་བར་གསེར་ཕྲེང་གི་སྒྲས་ཟིན་སེམས་ཙམ་པ་དང༌།དངོས་བསྟན་ཐལ་འགྱུར་བ།ཤུགས་བསྟན་རང་རྒྱུད་པའི་ལུགས་ཞེས་གསུངས་རྒྱུན་ལྟར་འགྲེལ་ལོ།།
གཉིས་པ།རྩེ་མོའི་སྦྱོར་བ་འཆད་པ་ནི།རྒྱན་ལས།དེ་ཡི་རྟགས་དང་རྣམ་འཕེལ་དང༌།།ཞེས་སོགས་དང༌།རྨི་ལམ་ན་ཡང་ཆོས་རྣམས་ཀུན།།ཞེས་སོགས་ཀྱིས་མཚོན་བྱེད་བརྒྱད་ཀྱིས་མཚོན་པའི་སྒོ་ནས་འཆད་པར་བྱེད་དོ།མཚན་ཉིད་ནི།གསེར་ཕྲེང་ལྟར་ན།རྣམ་རྫོགས་སྦྱོར་བ་ལ་བརྟེན་ནས་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པ་ལ་དབང་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དང༌།དབྱེ་ན།རྩེ་མོ་བདུན་ནོ།།ཞེས་གསུངས།རྣམ་བཤད་ལས།རྩེ་སྦྱོར་ལ་མཚན་ཉིད་ནི།སྟོང་པ་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་མཁྱེན་པའི་རྣམ་པ་བསྒོམ་པ་རབ་ཏུ་གྱུར་པའི་སེམས་པའི་རྣལ་འབྱོར།ཞེས་གསུངས།ས་མཚམས་ནི།ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ན་ཡོད།ཐེག་ཆེན་གྱི་སྦྱོར་ལམ་ནས་འཇོག་དགོས་པའི་རྒྱུ་མཚན་ཡང་རྩེ་སྦྱོར་གྱི་རྩེ་མོའི་དོན་ནི་མཁྱེན་གསུམ་གྱི་རྟོགས་པ་ལ་དབང་དུ་གྱུར་པའི་སྒོ་ནས་ཡིན་ལ་མཁྱེན་གསུམ་གྱི་རྟོགས་པ་ལ་དབང་དུ་གྱུར་པ་ཡང་ཐོས་བསམ་ཤས་ཆེ་བས་ཚོགས་ལམ་ནས་མི་འཐོབ་ཅིང་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་ཐོབ་པའི་དྲོད་ནས་ཐོབ་པས་སོ།།དེ་ལྟར་ཡང་གསེར་ཕྲེང་ལས།རྩེ་མོའི་དོན་ནི་རྣམ་ཀུན་གྱི་རྟོགས་པ་ལ་དབང་དུ་གྱུར་པ་ཡིན་ལ།ཞེས་གསུངས་པ་ལྟར་རོ།།འོ་ན།བསྒོམ་བྱ་ལ་དབང་དུ་གྱུར་ཚུལ་ལམ་དབང་ཐོབ་ཚུལ་ཇི་ལྟར་ཡིན་ཞེ་ན།དེ་ནི་བསྒོམ་བྱ་གང་ཞིག་ལ་དམིགས་པའི་ཞི་གནས་ཐོབ་པའི་སྟེང་ནས་དེ་ལ་དམིགས་པའི་ལྷག་མཐོང་ནམ་ཐོབ་པ་ན་དེ་བསྒོམ་པ་ལ་དབང་དུ་གྱུར་པར་འཇོག་པ་ཡིན་ཏེ།བསྒོམ་བྱ་དེ་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་ཡོད་ན་དེ་བསྒོམ་པ་ལ་འདོད་དགུར་འཇུག་པ་འབྱུང་བའི་ཕྱིར་རོ།།དེ་ཡང་མི་རྟག་པ་སོགས་བསྒོམ་པ་ལ་དབང་དུ་གྱུར་པའི་ཡེ་ཤེས་ནི་ཚོགས་ལམ་ནས་ཀྱང་ཡོད་ལ་དེ་ཙམ་གྱིས་མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་ལ་དབང་དུ་གྱུར་པ་འཇོག་མི་ཐུབ་པས་མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་ལ་དབང་ཐོབ་ཚུལ་ནི།སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ལྷག་མཐོང་ཐོབ་པ་ནས་འཇོག་པ་ཡིན་ནོ།།ཡང་འདིར་རྩེ་སྦྱོར་དྲོད་ནས་འཇོག་པའི་སྒྲུབ་བྱེད་ལ།གསེར་ཕྲེང་ལས།གཞན་ཡང༌།རྩ་བ་ལས་ཀྱང་རྩེ་མོ་བདུན་བཤད་པའི་ཐ་མ་དྲོད་ཡིན་པ་དང༌།།ཞེས་གསུངས་པའི་ཐ་མ་འདི་བར་ཆད་མེད་པའི་རྩེ་སྦྱོར་ལ་སྦྱར་ན་ཤེས་བྱེད་དུ་མི་འགྲིག་པས་ཡས་རིམ་ནས་རྩིས་པའི་ཐ་མ་ཡིན་ནམ་ཡང་ན་དེ་དག་ལས་གཞན་པ་ཞིག་ཡོད་མེད་དཔྱད་པར་ཞུ།
              གསུམ་པ།མཐར་གྱིས་སྦྱོར་བ་འཆད་པ་ལ།རྒྱན་ལས།མཐར་གྱིས་པ།རྣམ་གསུམ་རྣམ་བཅུ།།ཞེས་དང༌།སྦྱིན་པ་ཤེས་རབ་བར་དག་དང༌།།ཞེས་སོགས་ཀྱིས་མཚོན་བྱེད་བཅུ་གསུམ་གྱིས་མཚོན་པའི་སྒོ་ནས་འཆད་པར་བྱེད་དོ།།མཚན་ཉིད་ལ་གསེར་ཕྲེང་ལྟར་ན།མཁྱེན་གསུམ་གྱི་ཤེས་རྣམ་ཅིག་ཅར་དུ་སྐྱེ་བའི་རྟོགས་པ་བརྟན་པོར་བྱ་བའི་ཕྱིར་མཁྱེན་གསུམ་གྱི་རྣམ་པ་རྣམས་རིམ་གྱིས་སྒོམ་པའི་སེམས་དཔའི་རྣལ་འབྱོར།དབྱེ་ན་མཐར་གྱིས་པ་བཅུ་གསུམ་མོ།།ཞེས་གསུངས།རྣམ་བཤད་ལས།མཐར་གྱིས་སྦྱོར་བ་ལ་མཚན་ཉིད་ནི་མཁྱེན་པ་གསུམ་གྱི་རྣམ་པ་བརྟན་པ་ཐོབ་ཕྱིར་དུ་རིམ་གྱིས་སྒོམ་པའི་སེམས་དཔའི་རྣལ་འབྱོར།ཞེས་གསུངས།ས་མཚམས་ལ།གསེར་ཕྲེང་ནས་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ།།ཞེས་དང༌།རྣམ་བཤད་ནས།ས་མཚམས་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་རོ།།ཞེས་གསུངས།གསེར་ཕྲེང་ནས་སྐད་ཅིག་མའི་སྦྱོར་བ་ས་བཅུའི་ཐ་མ་ལ་བཞག་འདུག་པས་རྒྱུན་མཐའ་དང་ས་བཅུའི་ཐ་མ་ལ་ཁྱད་པར་ཡོད་མེད་དང༌།མཐར་གྱིས་སྦྱོར་བ་དང་སྐད་ཅིག་མའི་སྦྱོར་བ་འགལ་མིན་བསམ་པར་ཞུ།གསེར་ཕྲེང་ནས་མཐར་གྱིས་པའི་ས་མཚམས་བཞག་པ་འདི་ལ་མཁས་པ་དག་གིས་མཐར་གྱིས་སྦྱོར་རྒྱུན་མཐར་བཞག་པ་ནི།ཉ་ཊིཀ་ལས།ཡ་མཐའ་རྒྱུན་འཐའི་བར་དུ་ཡོད་པར་འཕགས་པས་བཞེད་པར་མངོན་ཞེས་པ་ལྟར་ཡིན་པ་ལས་གསེར་ཕྲེང་གི་རང་ལུགས་མིན་ཏེ།བདུན་པའི་མཚམས་སྦྱར་དུ་མཐར་གྱིས་པའི་འོག་ཏུ་སྐད་ཅིག་མ་གཅིག་པའི་ཚེ་མངོན་དུ་གྱུར་པ་ནས་དེ་ལྟར་ནུས་པའི་རྒྱུ་མཚན་ནི་གྲངས་མེད་གསུམ་དུ་རིམ་སྒོམ་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་རོ།།ཞེས་མཐར་སྦྱོར་མཐར་ཕྱིན་པའི་རྗེས་སུ་སྐད་ཅིག་སྦྱོར་སྐྱེས་པར་གསུངས་པའི་ཕྱིར་རོ།།གཞན་ཡང༌།གསེར་ཕྲེང་དང་རྣམ་བཤད་ནས་མཚན་ཉིད་གསུངས་པ་ལྟར།མཐར་གྱིས་སྦྱོར་བ་ལ་མཁྱེན་གསུམ་གྱི་རྣམ་པ་རིམ་གྱིས་སྒོམ་པས་ཁྱབ་པ་དགོས་མིན་དང༌།མཁྱེན་གསུམ་གྱི་རྣམ་པ་སྒོམ་དགོས་མིན།དགོས་ན་གཞི་ཤེས་ཀྱི་རྣམ་པ་སྒོམ་དགོས་པས་མཐར་གྱིས་སྦྱོར་བ་ལ་ཐེག་དམན་གྱི་རྟོགས་རིགས་སུ་གནས་པས་ཁྱབ་པར་ཐལ་བ་ཡོད་མེད་དང་སྒོམ་ཚུལ་སོགས་ལ་དཔྱོད།།
           བཞི་པ།སྐད་ཅིག་སྦྱོར་བ་འཆད་པ་ནི།རྒྱན་ལས།སྐད་ཅིག་མ།གཅིག་གིས་མངོན་རྫོགས་བྱང་ཆུབ་པ།།ཞེས་སོགས་དང༌།སྦྱིན་པ་ལ་སོགས་རེ་རེས་ཀྱང༌།།ཞེས་སོགས་ཀྱིས་མཚོན་བྱེད་ཀྱི་ཆོས་བཞིས་མཚོན་པའི་སྒོ་ནས་འཆད་པར་བྱེད་དོ།།མཚན་ཉིད་ལ་གསེར་ཕྲེང་ལྟར་ན།མཁྱེན་གསུམ་རིམ་གྱིས་སྒོམ་པ་མཐར་ཐུག་པའི་སེམས་དཔའི་རྣལ་འབྱོར།ལྡོག་པས་དབྱེ་ན་བཞིའོ།།ཞེས་གསུངས།རྣམ་བཤད་ལས།སྐད་ཅིག་སྦྱོར་ལ་མཚན་ཉིད་ནི།མཐར་གྱིས་སྦྱོར་བའི་སྟོབས་ལས་བྱུང་བའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ།ཞེས་གསུངས།ས་མཚམས་ནི།གསེར་ཕྲེང་ལས།དེས་ན་ས་བཅུའི་ཐ་མ་ལ་བཞག་གོ་ཞེས་དང།རྣམ་བཤད་ལས།ས་མཚམས་རྒྱུན་མཐའ་ཁོ་ན་ཡོད་དོ།།ཞེས་གསུངས།འདིར་གསེར་ཕྲེང་ལས།ཆེ་བ་གང་དག་སྐད་ཅིག་མ་འདི་བཞི་ཞེས་པ་ནི་ལཱོ་ཆེན་གྱི་འདོད་པ་སྟེ།དེ་ཉིད་ཀྱི་ཊིཀ་ཆུང་ལས།སྦྱོར་བ་བཞི་ནི།ས་བདུན་པ་དང༌།བརྒྱད་པ་དང༌།དགུ་པ་དང༌།བཅུ་པ་ལ་རིམ་བཞིན་འཐོབ་བོ་ཞེས་པ་ལྟར་རོ།།འདོད་ཚུལ་འདི་མི་འཐད་པ་ནི་འཕགས་པ་གྲོལ་སྡེས་སྐད་ཅིག་སྦྱོར་བ་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཏུ་གསུངས་པ་དང༌།དེ་ནས་ཁྱད་པར་དུ་འགྲོར་མེད་པ་དང༌།འོག་བསྡུས་དོན་དྲུག་ཏུ་འཆད་པའི་རྒྱན་རྩ་བ་ལས།དེ་མཐའ་ཞེས་གསུངས་པ་སོགས་ཀྱིས་བཀག་གོ།འདིར་སྐད་ཅིག་མའི་ངོས་འཛིན་ལ་ཆོས་བཤེས་ཀྱིས་མཛད་པའི་ཚིག་གསལ་དུ་དུས་མཐའི་སྐད་ཅིག་རྡུལ་ཕྲན་གཅིག་གོ་ས་འཕོས་པའི་ཚད་དང༌།སེ་གོལ་གཏོགས་པའི་ཡུན་ལ་སུམ་བརྒྱ་དྲུག་ཅུ་རེ་བརྒྱད་བགོས་པའི་ཆ་གཅིག་དང༌།བྱ་རྫོགས་ཀྱི་སྐད་ཅིག་མ་གང་ལ་བྱེད།དང་པོ་གཉིས་ལྟར་ན།ཡུན་ཐུང་བས་སྒོམ་པ་རྫོགས་མི་ནུས་ལ།ཕྱི་མ་ལྟར་ན་དུས་ངེས་པ་མེད་དེ་བྱ་བ་རྫོགས་པའི་དུས་མི་ཤེས་པས་སོ།།ཞེས་བཀོད་པའི་དང་པོའི་ལན་དུ།དང་པོ་གཉིས་ལྟར་ན་ཡང་ཉེས་པ་མེད་དེ་ཞེས་སོགས་ཀྱིས་ལན་མཛད་པ་དང༌།ཕྱི་མའི་ལན་དུ།འདི་ཡི་དུས་ལ་ཡང་གདུལ་བྱའི་དབང་གིས་ཇི་ཙམ་སྒོམ་པའི་ངེས་པ་མེད་དེ་ཞེས་སོགས་ཀྱིས་ལན་མཛད་པ་དག་ལ།གསེར་ཕྲེང་ལས་ཕྱིས་ཀྱི་ཊིཀ་བྱེད་དག་ལེགས་ཆར་བྱེད་ཀྱང་ཞེས་པ་བུ་ཊིཀ་ནས་ལན་དེ་དག་འཐད་ཕྱོགས་སུ་བཟུང་ནས་རང་ལུགས་སུ་འཇོག་པར་མཛད།རྗེ་བླ་མས་ནི་སྒྲུབ་བྱེད་དེ་དག་མི་འཐད་པར་བཞེད་དེ།དེ་ཡང་པད་དཀར་ལས་སྟོན་པ་སངས་རྒྱས་ཚུལ་གསུངས་པ་དེ་སྐད་ཅིག་སྦྱོར་ཐོབ་པའི་བྱང་སེམས་ཇི་ཙམ་ནས་སངས་རྒྱས་པའི་ཤེས་བྱེད་དུ་མི་རུང་བ་དང༌།འཕགས་པ་མོ་འགལ་གྱི་བུས་མཛད་པའི་གདགས་པའི་བསྟན་བཅོས་ནས་བཤད་པའི་རྡུལ་ཕྲན་གཅིག་བླ་འོག་བསྒྱུར་བའི་དུས་དང་ཉན་ཐོས་ཀྱི་གྲུབ་མཐའ་ནས་བཤད་པ་སྟེ་མཛོད་འགྲེལ་ལས་སེ་གོལ་གཏོགས་པའི་ཡུན་ལ་སྐད་ཅིག་དྲུག་ཅུ་རེ་ལྔར་ཕྱེ་བའི་ཆ་དེ་གཉིས་ཀ་དུས་མཐའི་སྐད་ཅིག་མའི་ངོས་འཛིན་ཡིན་པས་དེ་གཉིས་ལ་དུས་མཐའི་སྐད་ཅིག་མ་ཡིན་མིན་གཉིས་སུ་བགྲང་བ་མི་འཐད་པ་དང།དབང་ཐོབ་པའི་བྱང་སེམས་ཀྱི་རྣམ་གཞག་ལྟར་བྱེད་ན་རྣམ་གཞག་ཐམས་ཅད་འཇིག་པར་འགྱུར་བས་མི་འཐད་ཅེས་བཀག་ནས་རང་ལུགས་ལ་དེ་ཉིད་ལས།དེས་ན་སྐད་ཅིག་སྦྱོར་བྱ་རྫོགས་ཀྱི་སྐད་ཅིག་ཡིན་པས་རྒྱུན་དང་ལྡན་ཡང་སྔ་མ་ལས་ཕྱི་མ་ཁྱད་པར་འཕགས་པར་མི་བྱའོ།།ཞེས་གསུངས།འདིར་གདགས་པའི་བསྟན་བཅོས་དང་མཛོད་འགྲེལ་ནས་རྡུལ་ཕྲན་གཅིག་བླ་འོག་བསྒྱུར་བ་དང་སྐྱེས་བུ་སྟོབས་ལྡན་གཅིག་གིས་སེ་གོལ་གཅིག་གཏོགས་པའི་ཡུན་ལ་སྐད་ཅིག་དྲུག་ཅུ་རེ་ལྔར་ཕྱེ་བའི་ཆ་གཅིག་ལ་དུས་མཐའི་སྐད་ཅིག་མའི་ཡུན་ཚད་དུ་གསུངས་པས་དུས་མཐའི་སྐད་ཅིག་མ་ལ་དེ་ལྟར་ཕྱེ་བའི་ཆ་ལས་ཐུང་བ་མེད་པར་འདོད་དགོས་ལ་དེ་ལྟར་འདོད་ན་ཡང་མི་འཐད་དེ།དེ་ལ་ཆ་སུམ་བརྒྱ་དྲུག་ཅུ་རེ་ལྔ་དང༌།སུམ་བརྒྱ་དྲུག་ཅུ་རེ་བརྒྱད་ཕྱེ་ཚུལ་ཐེག་ཆེན་གྱི་བསྟན་བཅོས་དང་བསྟུན་ན་འཐོན་པ་གང་ཞིག་དེ་འདྲའི་ཆ་དེ་སྔ་མ་ལས་ཀྱང་ཕྲ་བའམ་ཐུང་བའི་ཕྱིར་རོ།།དང་པོ་གྲུབ་སྟེ།རྒྱལ་ཚབ་རྗེའི་གསུང་ཐེག་ཆེན་སྒོ་འབྱེད་ལས།སེ་གོལ་གཏོགས་པའི་ཡུན་ལ་སྐད་ཅིག་སུམ་བརྒྱ་དྲུག་ཅུ་རེ་ལྔ་འདའ་བའི་ཚུལ་བསམ་ན་ཡིད་བརྟན་དུ་རུང་བ་ཅུང་ཟད་ཀྱང་མེད་པའི་མི་རྟག་པའི་འདུ་ཤེས་བསྒོམ་པར་བྱའོ།།ཞེས་གསུངས།ཕྱི་མ་གྲུབ་སྟེ།དེ་འདྲའི་ཚིག་མེད་ན་པཎ་ཆེན་དེ་འདྲས་མི་འགོད་པའི་ཕྱིར་དང་རིགས་པས་ཀྱང་འགྲུབ་པའི་ཕྱིར་རོ་ཞེས་མཁས་པ་དག་གིས་དཔྱད་པར་མཛད་ལ།གསེར་ཕྲེང་དུ་ནོར་བར་བཤད་པ་ཡང་མཛོད་དང་བསྟུན་ན་ནོར་ཞེས་དགོངས་པ་བླངས་འདུགདགོངས་པ་ལེན་ཚུལ་དེ་ལྟར་བྱས་ན་མཛོད་ནས་དུས་མཐའི་སྐད་ཅིག་མར་བཞག་པ་དེ་དབུ་མའི་ལུགས་ལྟ་བུར་དུས་མཐའི་སྐད་ཅིག་མ་མིན་པ་དང༌།དེ་ནས་བཤད་པའི་ཕྲ་བའི་མི་རྟག་པ་རྟོགས་པས་ཕྲ་བའི་མི་རྟག་པ་རྟོགས་པས་མ་ཁྱབ་པ་ལྟ་བུ་ཞིག་སྣང་བས་ཕྲ་བའི་མི་རྟག་པ་རྟོགས་པའི་གང་ཟག་ལ་ཐེག་ཆེན་གྱི་རིགས་ཅན་གྱིས་ཁྱབ་པའི་ཐལ་བ་ཡོད་མེད་དང༌།དུས་མཐའི་སྐད་ཅིག་མ་དང་ཕྲ་བའི་སྐད་ཅིག་མ་རྟོགས་ཚུལ་ཁྱད་པར་ཡོད་མེད་ཀྱང་དཔྱད།ཡང་སྐད་ཅིག་སྦྱོར་བ་ལ་རྣམ་པར་སྨིན་པའི་དེ་དང་རྣམ་པར་སྨིན་པ་མིན་པའི་སྐད་ཅིག་སྦྱོར་བ་སོགས་བཞིར་ཕྱེ་བའི་རྣམ་པར་སྨིན་མ་སྨིན་འཇོག་ཚུལ་ཡང་རྗེ་ཡབ་སྲས་ཀྱི་གསུངས་ཟིན་ལ་མི་འདྲ་བ་འགའ་འདུག་ཀྱང་འདིར་མ་བྲིས་སོ།།
པ།ཆོས་སྐུ་འཆད་པ་ནི།རྒྱན་ལས།ངོ་བོ་ཉིད་ལོངས་རྫོགས་བཅས་དང༌།།ཞེས་སོགས་དང།ཐུབ་པའི་ངོ་བོ་ཉིད་སྐུ་ནི།།ཞེས་སོགས་ཀྱིས་འཆད་དོ།།མཚན་ཉིད་གསེར་ཕྲེང་ལྟར་ན།སྦྱོར་བ་བསྒོམས་པའི་འབྲས་བུ་མཐར་ཐུག་ཟག་མེད་ཀྱི་ཡན་ལག་དུ་མ་དང་ལྡན་པ།དབྱེ་ན་སྐུ་བཞིའོ།།ཞེས་གསུངས།རྣམ་བཤད་ལས།ཆོས་སྐུ་ལ་མཚན་ཉིད་ནི།མཁྱེན་གསུམ་གྱི་རྣམ་པ་བསྒོམས་པའི་སྟོབས་ཀྱིས་ཐོབ་པའི་འབྲས་བུ་མཐར་ཐུག་གོ།

            ཞེས་གསུངས།ས་མཚམས་ནི།སངས་རྒྱས་ཀྱི་ས་ཁོ་ནར་ཡོད།ཡང་འདིར།ཆོས་དབྱིངས་བསྟོད་པ་ལས།ཇི་ལྟར་མར་ངོའ་ིབཅུ་བཞི་ན།།ཟླ་བ་ཅུང་ཟད་གསལ་བ་ལྟར།།ཞེས་སོགས་དང༌།གསེར་ཕྲེང་ལས།ལམ་རྣམས་སུ་སྒྲིབ་པ་དག་པའི་རིམ་པས་ཆོས་སྐུ་ཡང་ཟླ་བའི་འཕེལ་ཚུལ་གྱིས་མཚོན་པར་བྱས་ནས་སློབ་ལམ་དུ་ཡང་ཡོད་པར་བཤད་ཀྱང༌།ཞེས་སློབ་ལམ་དུ་ཆོས་སྐུའམ་དེའི་མིང་ཅན་གྱི་ཆོས་སྐུ་ཡོད་པར་གསུངས་པའི་ཆོས་སྐུ་ནི་འགོག་བདེན་དང་སྟོང་ཉིད་ཀྱི་གཞི་མཐུན་དུ་གྱུར་པའི་སློབ་པའི་རྒྱུད་ཀྱི་སྤངས་པ་ཞིག་ལ་འཇོག་པར་སྣང་ངོ༌།འཇོག་ཚུལ་ནི་གསེར་ཕྲེང་ལས།དཔེར་ན་བུམ་པས་དག་པའི་ས་ཕྱོགས་དང་དེའི་སྟེང་གི་བུམ་པ་བཀག་ཆ་གཉིས་ཀ་བུམ་མེད་ཡིན་པ་ལྟར་འཕགས་རྒྱུད་ཀྱི་དེ་བཞིན་ཉིད་དང་དེའི་སྟེང་དུ་ལམ་གྱིས་སྤང་བྱ་བཀག་ཆ་གཉིས་ཀའང་འགོག་བདེན་ཡིན་ཏེ།དེ་ནི་འདས་ལམ་གྱི་སྤང་བྱ་སྤངས་པའི་འདུས་མ་བྱས་ཡིན་པས་སོ།།ཞེས་གསུངས་པ་ལྟར་ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་པའི་རྒྱུད་ཀྱི་དགག་གཞི་སེམས་བདེན་སྟོང་གི་སྟེང་དུ་དགག་བྱ་བདེན་འཛིན་ཀུན་བཏགས་བཀག་པའི་བཀག་ཆ་འགོག་བདེན་དང་སྟོང་ཉིད་དུ་འཇོག་པ་ལྟ་བུ་ཡིན་ནོ།།དེ་ལྟ་བུའི་ཆོས་ཉིད་དེ་མངོན་སུམ་དུ་མཐོང་བ་ཡོད་མེད་ཀྱི་སྒོ་ནས་ས་བཅུའི་སྟོང་ཉིད་རྟོགས་པའི་མཉམ་གཞག་ཡེ་ཤེས་དག་ལ་ཆོས་ཉིད་མཐོང་བ་ལ་ཁྱད་པར་མེད་ཀྱང་ཆོས་སྐུའི་མིང་ཅན་གྱི་འགོག་བདེན་མཐོང་བ་ལ་ཁྱད་པར་ཡོད་པ་གསུངས་པ་ཡིན་ནོ།།གསེར་ཕྲེང་ལས།ཁ་ཅིག་འགོག་བདེན་ལ་དེ་བཞིན་ཉིད་ཀྱིས་ཁྱབ་པར་འདོད་ཅིང་གཞན་དག་བཟློག་ཏེ་འདོད་པ་ནི་གཉིས་ཀས་ཀྱང་ཞིབ་ཏུ་མ་བརྟག་པ་སྟེ།ཞེས་དང༌།ཡང་སྟོང་ཐུན་ལས།འགོག་བདེན་ཡིན་ན་དེ་བཞིན་ཉིད་ཡིན་པས་ཁྱབ་པར་འདོད་པ་ལ་དབུ་སེམས་ཀྱི་མཁས་པ་སུ་ཡང་མི་མཐུན་པ་མེད་དོ།།ཞེས་སོགས་ལ་བརྟེན་ནས་འགོག་བདེན་ལ་དེ་བཞིན་ཉིད་ཀྱི་ཁྱབ་པར་འདོད་མིན་ལ་ཡིག་ཆ་སོ་སོར་འདོད་པ་མི་འདྲ་བ་ཡང་མཆིས་སོ།།
ལྔ་པ།ཟློས་པ་སྤང་བ་ལ།སྐབས་དང་པོ་གསུམ་དུ་མཁྱེན་གསུམ་བསྟན་པ་དང་སྐབས་བཞི་པར་ཡང་མཁྱེན་གསུམ་བསྟན་པ་གཉིས་ཟློས་པར་རྒོལ་བ་ལ།སྟོན་ཚུལ་དང་དགོས་པ་མི་འདྲ་བའི་ཆ་ནས་ཟློས་སྐྱོན་མེད་དེ།སྐབས་དང་པོ་གསུམ་དུ་མཁྱེན་གསུམ་སོ་སོར་བསྟན་ཅིང༌།སྐབས་བཞི་པར་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བའི་ཡུལ་དུ་བསྡུས་ནས་བསྟན་ལ།ཡང་སྐབས་དང་པོ་གསུམ་དུ་མཁྱེན་གསུམ་བསྟན་པ་ནི་ཐུན་མོང་མ་ཡིན་པའི་ངོ་བོ་ཤེས་པའི་ཆེད་མཚོན་བྱེད་ཀྱི་སྒོ་ནས་དང༌།སྐབས་བཞི་པར་ལེན་བྱེད་སྦྱོར་བས་ཉམས་སུ་ལེན་ཚུལ་གྱི་སྒོ་ནས་བསྟན་ལ།ཡང་སྐབས་དང་པོ་གསུམ་དུ་རང་བཞིན་གྱི་ཉེ་བར་ཞི་བ་སྟེ་མཁྱེན་པ་གསུམ་པོ་དེ་རང་གི་འཛིན་སྟངས་ལ་ཉོན་མོངས་པའི་བསླད་པ་མ་ཞུགས་པའི་ཞི་བའི་རྣམ་པ་ཅན་དུ་དང༌།སྐབས་བཞི་པར་སྒྲོ་འདོགས་ཀྱི་གཉེན་པོར་སྦྱར་ནས་བསྟན་པས་མི་ཟློས་ལ་དགོས་པ་ཡང་དེ་ལྟར་ཤེས་པའི་ཆེད་ཡིན་པས་སོ།།སྐབས་དང་པོར་མཐོང་སྒོམ་བཤད་པ་དང༌།སྐབས་གཉིས་པར་ཡང་དེ་གཉིས་བཤད་པ་ཟློས་པར་རྒོལ་བ་ལ།དགོས་པ་ཐ་དད་པའི་ཕྱིར་མི་ཟློས་ཏེ།སྐབས་དང་པོར་བཤད་པ་ནི་རྒྱུ་དང་འབྲས་བུའི་ཆོས་མ་ལུས་པ་མཁྱེན་པ་ཞིག་རྣམ་མཁྱེན་ཡིན་ནོ་ཞེས་ཤེས་པའི་ཆེད་དུ་དང༌།གཉིས་པར་བཤད་པ་ནི་རྣམ་མཁྱེན་དེ་འཐོབ་བྱེད་རྒྱུ་ལམ་ཤེས་ཀྱི་ལྡོག་པའི་ཆ་ནས་བསྟན་པས་སོ།།

སྐབས་གཉིས་པར་ཉན་རང་གི་ལམ་བཤད་པ་དང༌།སྐབས་གསུམ་པར་ཡང་དེ་བཤད་པ་ཟློས་པར་རྒོལ་བ་ལ།མི་ཟློས་ཏེ།གཉིས་པར་བཤད་པ་ནི།ཡུལ་ཅན་ལམ་ཤེས་མཚོན་པའི་དོན་དུ་ཡིན་ལ།གསུམ་པར་བཤད་པ་ནི་བྱང་སེམས་ལམ་གྱི་གོལ་སར་ཤེས་པའི་ཆེད་དུ་དེའི་ལམ་ལོགས་སུ་བསྟན་པའི་ཕྱིར་ཡིན་པས་སོ།།སྐབས་དང་པོར་ཆོས་སྐུ་བསྟན་པ་དང་བརྒྱད་པར་དེ་བསྟན་པ་ཟློས་པར་རྒོལ་བ་ལ།མི་ཟློས་ཏེ།དང་པོར་ཡུལ་གྱི་ངོས་ནས་དང་བརྒྱད་པར་འབྲས་བུའི་ངོས་ནས་བཤད་པས་མི་ཟློས་སོ།།
             གཉིས་པ་ལུས་རྒྱས་པར་བཤད་པའི་སྐབས་སུ་རྣམ་མཁྱེན་གྱི་ལུས་རྒྱས་པར་བཤད་པ་ལ།རྣམ་མཁྱེན་ཇི་ལྟར་བཤད་པའི་ཚུལ་དང༌།དེའི་འཆད་བྱེད་གཏན་ལ་དབབ་པ་སོགས་ལས་དང་པོ་ནི།གསེར་ཕྲེང་ལས།གལ་ཏེ་འདིར་རྣམ་མཁྱེན་སྟོན་ན་ཅིའི་ཕྱིར་སེམས་བསྐྱེད་སོགས་སྟོན་ཞེ་ན།དོན་བཅུ་པོ་འདིས་མཚོན་ནས་སྟོན་པས་སྐྱོན་མེད་དོ།།ཞེས་གསུངས་ལ།དོན་བཅུས་མཚོན་ཚུལ་ལ་ཡང་སྔོན་གྱི་ཆེན་པོ་ཁ་ཅིག་རྒྱུས་འབྲས་བུ་མཚོན་པའི་སྒོ་ནས་ཡིན་ལ།རྒྱུ་ནི་སྒྲུབ་པ་ཡིན་ཅིང་དེ་ཡང་རྟེན་དང་དམིགས་པ་དང་ཆེད་དུ་བྱ་བ་རང་གི་ངོ་བོ་སྟེ་བཞི་ཡིན་ལ།རྟེན་དེ་ཡང་བསམ་པའི་ཁྱད་པར་སེམས་བསྐྱེད་པ།གདམས་ངག་དང་རྗེས་བསྟན་ཐོབ་པ།སྦྱོར་བའི་ཁྱད་པར་ངེས་འབྱེད་ལ་གནས་པ།རིགས་ཀྱི་ཁྱད་པར་ཆོས་དབྱིངས་དང་ལྡན་པ་ཞེས་ཁྱད་ཆོས་བཞི་ལྡན་དུ་འཇོག་པར་བྱེད་དོ།།ཡང་སྔོན་གྱི་མཁས་པ་ཁ་ཅིག་གིས་ནི་ཆོས་བཅུས་རྣམ་མཁྱེན་མཚོན་ཚུལ་འདི་རྒྱུས་འབྲས་བུ་མཚོན་པ་མིན་གྱི་ཡུལ་གྱི་ཡུལ་ཅན་མཚོན་ཚུལ་ཡིན་ནོ་ཞེས་མཚོན་ཚུལ་དེ་གཉིས་འགལ་བར་སྨྲ་བར་བྱེད་དོ།།གསེར་ཕྲེང་ལས་ནི་མཚོན་ཚུལ་དེ་གཉིས་ཀ་འཐད་པར་གསུངས་ཏེ།དེ་ཉིད་ལས།དེ་ལྟར་རྒྱན་སྣང་དང་ཡེ་ཤེས་ཞབས་ཀྱིས་བཤད་ཀྱང་གཉིས་ཀ་ལྟར་ཡང་མི་འགལ་ལོ།།ཞེས་དང༌།དེ་ལྟར་སེམས་བསྐྱེད་པ་ནས་ངེས་སྒྲུབ་དང་བཅས་པ་རྣམས་ཀྱིས་ཡུལ་ལམ་རྒྱུའི་སྒོ་ནས་མཚོན་པའི་རྣམ་མཁྱེན་ནི་ཐུབ་པའི་འོ།།ཞེས་གསུངས་སོ།།རྣམ་བཤད་ལས་ནི་རྒྱུས་འབྲས་བུ་མཚོན་ཚུལ་ལ་ཅུང་ཟད་སྦྱར་དུ་ཡོད་ཀྱང་སློབ་དཔོན་གྱི་དགོངས་པ་མིན་པར་གསུངས་ཏེ།དེ་ཉིད་ལས།རྒྱུས་འབྲས་བུ་མཚོན་པའི་ཚུལ་ལ་ཡང་ཅུང་ཟད་བཤད་དུ་ཡོད་ཀྱང༌།སློབ་དཔོན་གྱི་བཞེད་པ་ནི།འགྲེལ་ཆེན་དུ།ཡུལ་གྱིས་ཡུལ་ཅན་མཚོན་པར་ཤིན་ཏུ་གསལ་ཏེ།།ཞེས་གསུངས།འདིར་གསེར་ཕྲེང་ལས།གྲོལ་བ་དོན་གཉེར་གྱི་གྲོལ་བ་ཐོབ་པའི་ཐབས་ཆ་ཚང་ཞིག་མཁྱེན་ན་དེ་ཙམ་གྱིས་ཀྱང་རྣམ་མཁྱེན་རྫོགས་པ་ཡིན་ནོ།ཐབས་དེ་ཡང་འདིར་སེམས་བསྐྱེད་ལ་སོགས་པས་ཚང་བར་བསྟན་པའི་ཕྱིར།ཞེས་པའི་གསུང་འདིས་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་རྣམ་མཁྱེན་གྱི་མཚོན་བྱེད་དུ་འཐད་པ་རྗེའི་བཞེད་དགོངས་མཐར་ཐུག་དང་བསྟན་བཅོས་ཀྱི་དགོངས་པ་མཐར་ཐུག་ཡིན་པ་རྣམ་བཤད་ནས།རྣམ་མཁྱེན་ལ།མཚན་ཉིད་ནི།སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་མངོན་སུམ་གྱིས་རྟོགས་པ་མཐར་ཐུག་པའི་ཡེ་ཤེས།།ཞེས་པས་གསལ་བར་བྱས་ལ།གོང་དུ་གསེར་ཕྲེང་ལས།ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མ་ལུས་པ་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་མཁྱེན་པའོ།།ཞེས་པ་རྣམ་མཁྱེན་གྱི་མཚན་ཉིད་དུ་གསུངས་པ་སོགས་ནི་བུ་ཉ་གཉིས་ལྟར་ཡིན་པའམ།མདོའི་དངོས་ཟིན་ལྟར་བྱས་ནས་གསུངས་པ་ཡིན་པར་འགྲེལ་ཚུལ་འདུག་གོ།
གཉིས་པ་དེའི་འཆད་བྱེད་གཏན་ལ་དབབ་པ་ལ་བཞི་ལས།དང་པོ་ལམ་གྱི་རང་བཞིན་སེམས་བསྐྱེད་པ་ནི།རྒྱན་ལས།སེམས་བསྐྱེད་པ་དང༌།ཞེས་དང༌།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།ཞེས་སོགས་ཀྱིས་འཆད་ཅིང༌།སེམས་བསྐྱེད་ཀྱི་མཚན་ཉིད་ནི་གསེར་ཕྲེང་ལས།གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་དུ་འབྱུང་བའི་སེམས་སོ།ཞེས་དང༌།དབྱེ་ན།ངོ་བོའི་སྒོ་ནས་སྨོན་འཇུག་གི་སེམས་བསྐྱེད་གཉིས།སྐྱེ་ཚུལ་གྱི་སྒོ་ནས་བརྡ་ལས་བྱུང་བ་དང༌།བསྒོམས་སྟོབས་ཀྱིས་སྐྱེས་པ་གཉིས།ས་མཚམས་ཀྱི་སྒོ་ནས་མོས་པས་སྤྱོད་པའི་སེམས་བསྐྱེད་དང༌།ལྷག་བསམ་དག་པའི་སེམས་བསྐྱེད།རྣམ་པར་སྨིན་པའི་སེམས་བསྐྱེད།སྒྲིབ་པ་སྤངས་པའི་སེམས་བསྐྱེད་བཅས་བཞི་དང༌།བཞེད་ཚུལ་གྱི་སྒོ་ནས་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་དང༌།མཉན་པ་ལྟ་བུའི་སེམས་བསྐྱེད།རྒྱལ་པོ་ལྟ་བུའི་སེམས་བསྐྱེད་བཅས་གསུམ་གསུངས་སོ།།
སེམས་བསྐྱེད་ཀྱི་ངོ་བོ་འདོད་ཚུལ་ལ།གསེར་ཕྲེང་དངོས་ཟིན་ལྟར་བྱས་ན་འཕགས་ཡུལ་གྱི་མཁས་པ་དག་ལ་བཞེད་ཚུལ་མི་འདྲ་བ་དུ་མ་སྣང་སྟེ་ཐོགས་མེད་སྐུ་མཆེད་ཀྱི་སེམས་བསྐྱེད་ཀྱི་ངོ་བོ་སྨོན་ལམ་གྱི་སེམས་པར་བཞེད་པ་དང༌།འཕགས་པ་གྲོལ་སྡེ་དང་སློབ་དཔོན་རྗེས་འབྲང་དང་བཅས་པས་དེའི་ངོ་བོ་སེམས་སུ་བཞེད།བུད་དྷ་ཤྲཱིས་འཕགས་པ་དང་སློབ་དཔོན་གྱིས་སེམས་སུ་བཤད་པ་བཀག་ནས་དེའི་ངོ་བོ་དོན་གཉེར་གྱི་འདུན་པ་ཉིད་ལ་བཤད་ཅིང་སེམས་སེམས་བྱུང་རྫས་གཅིག་ཏུ་བཞེད།ཤཱནྟི་པས་དེའི་ངོ་བོ་ཡིད་དང་འདུན་པ་གཉིས་ཆར་ལ་འདོད་པར་གསུངས་སོ།།འོན་ཀྱང་རང་ལུགས་ནི་འཕགས་པ་དང་སློབ་དཔོན་ལྟར་དེའི་ངོ་བོ་སེམས་སུ་འཇོག་ཅིང་རྒྱུ་མཚན་ཡང་སེམས་མིན་ན་སེམས་བསྐྱེད་ཅེས་པའི་སྒྲ་དོན་མི་འཐད་པ་དང༌།མདོ་རྒྱན་ལས།དོན་གཉིས་ལྡན་པའི་སེམས་འབྱུང་བ།།ཞེས་པས་སེམས་པ་མཚུངས་ལྡན་དུ་ཡོད་པའི་སེམས་ཞིག་ལ་སེམས་བསྐྱེད་དུ་འཇོག་དགོས་པར་དགོངས་ནས་སེམས་སུ་བཞེད་པར་གསུངས་སོ།།
           གཉིས་པ་སེམས་བསྐྱེད་དག་བྱེད་གདམས་ངག་ལ།རྒྱན་ལས།གདམས་ངག་དང༌།ཞེས་དང༌།སྒྲུབ་དང་བདེན་པ་རྣམས་དང་ནི།།ཞེས་སོགས་ཀྱི་འཆད་ཅིང༌།འདི་ལ་ཡང་གདམས་ངག་ཙམ་དང༌།ཐེག་ཆེན་གྱི་གདམས་ངག་གཉིས་ལས།དང་པོ་ནི།ཐར་ལམ་མ་ནོར་བར་སྟོན་པའི་རྗོད་བྱེད་ལ་གསུངས་ལ།ཐེག་ཆེན་གྱི་གདམས་ངག་ནི།ཐེག་ཆེན་སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱ་ཐོབ་པའི་ཐབས་མ་ནོར་བར་འདོམས་པའི་རྗོད་བྱེད་དོ།།ཞེས་གསུངས།དབྱེ་ན་བཅུ་ཡོད་ཅིང༌།ས་མཚམས་ནི་རྣམ་བཤད་ལས།ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་དུ་མ་ཞུགས་པའི་སྔ་རོལ་ནས་ཀྱང་ཡོད་ཅིང་སངས་རྒྱས་ཀྱི་སའི་བར་ཡོད་ལ།།ཞེས་གསུངས།མངོན་རྟོགས་རྒྱན་ལྟ་བུ་ལ་ཡང་གདམས་ངག་ཁྱད་ཅན་གྱི་དོན་ལེགས་པར་ཚང་བའི་ཕྱིརབཀས་མ་ཁྱབ་པར་གསུངས།འོན་ཀྱང་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་སྟོན་པའི་མདོ་དང་བསྟན་བཅོས་སོགས་ལ་ཐེག་ཆེན་སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱ་འཐོབ་པའི་ཐབས་མ་ནོར་བར་ཚང་མིན་དང༌།རྗོད་བྱེད་དང་རྗོད་བྱེད་རྣམ་དག་བཅས་ལ་ཁྱད་པར་ཇི་ཡོད་ལ་དཔྱད་བྱ་ཡོད་ཀྱང་འདིར་མ་བྲིས་སོ།
          གསུམ་པ་གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག་ནི།རྒྱན་ལས།ངེས་བྱེད་ཡན་ལག་རྣམ་བཞི་དང༌།།ཞེས་དང༌།དམིགས་པ་དང་ནི་རྣམ་པ་དང༌།།ཞེས་སོགས་ཀྱི་འཆད་ལ།འདིར་ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ནི།གསེར་ཕྲེང་ལས།ཐེག་ཆེན་ཚོགས་ལམ་རྫོགས་རྗེས་སུ་སྐྱེས་པའི་ཡེ་ཤེས་གང་མོས་སྤྱོད་ཀྱི་སས་བསྡུས་པའོ།།ཞེས་དང༌།དབྱེ་ན།ཁྱད་པར་ལྔ་ལྡན་གྱི་དྲོད་རྩེ་བཟོད་མཆོག་རྣམ་པ་བཞིའོ།།ཞེས་གསུངས།འདིར་ངེས་འབྱེད་ནི་མཐོང་ལམ་དང་ཡན་ལག་ནི་དེ་འཐོབ་པའི་ཐབས་སམ་རྒྱུ་ཡིན་པས་སྦྱོར་ལམ་ལ་འབྲེལ་ཏེ།གསེར་ཕྲེང་ལས།མི་རྟག་པས་རྒྱུད་མཐོང་སྤང་ལས་ངེས་པར་འབྱེད་པའི་མཐོང་ལམ་གྱི་རྒྱུ་ཡིན་པས་ངེས་འབྱེད་ཡན་ལག་ནི།།ཞེས་གསུངས་པ་ལྟར་རོ།ཁྱད་ཆོས་ལྔ་ནི།དམིགས་པ་དང་ནི་རྣམ་པ་དང༌།།ཞེས་སོགས་ཀྱིས་བསྟན་པ་ལྟར་དམིགས་པའི་ཁྱད་པར།རྣམ་པའི་ཁྱད་པར།རྒྱུའི་ཁྱད་པར།ཡོངས་འཛིན་གྱི་ཁྱད་པར།ལྡན་ཆོས་ཀྱི་ཁྱད་པར་བཅས་ལྔ་ཡིན་ལ་དེ་ལྔའི་སྒོ་ནས་ཉན་རང་གི་སྦྱོར་ལམ་ལས་ཁྱད་དུ་འཕགས་པར་སྟོན་ནོ།།ཐེག་ཆེན་གྱི་སྦྱོར་ལམ་ལ་ཁྱད་ཆོས་ལྔ་ལྡན་གྱིས་ཁྱབ་མིན་དང༌།རྣམ་པའི་ཁྱད་པར་སོགས་ལ་དཔྱོད་ཚུལ་ཡོད་ཀྱང་འདིར་དེ་ཙམ་ལས་མི་སྤྲོའོ།།
         བཞི་པ་གདམས་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པ་བཤད་པ་ལ་བཞི་ལས།དང་པོ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ནི།རྒྱན་ལས།སྒྲུབ་པ་ཡི་ནི་རྟེན་གྱུར་པ།།ཞེས་དང༌།རྟོགས་པ་ཡི་ནི་ཆོས་དྲུག་དང༌།།ཞེས་སོགས་ཀྱིས་འཆད་ཅིང༌།འདིར་སྨོས་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ནི།གསེར་ཕྲེང་ལས།དབྱིངས་གང་འདིར་སྨོས་སྒྲུབ་པའི་རྟེན་གཞི་བྱེད་པའོ།།ཞེས་དང༌།རྟེན་ཆོས་ཀྱི་དབྱེ་ན་བཅུ་གསུམ་མོ།།ཞེས་གསུངས།རྣམ་བཤད་ལས།ཆོས་དབྱིངས་གང་ཞིག་ཐེག་ཆེན་སྒྲུབ་པའི་རྟེན་གཞི་བྱེད་པ།ཞེས་གསུངས།ས་མཚམས་ནི་སྤྱིར་ཚོགས་ལམ་ནས་རྒྱུན་མཐའི་བར་དང་འདིར་དངོས་སུ་བསྟན་པ་དྲོད་ནས་རྒྱུན་མཐའི་བར་དུ་ཡོད།འདིར་དངོས་བསྟན་སྦྱོར་ལམ་དྲོད་ནས་འཇོག་པའི་རྒྱུ་མཚན་ལ་གསེར་ཕྲེང་ནས།སྐབས་དོན་ནི་སྐབས་འདིའི་རིགས་ལ་གཉིས་ལས་ཁྱད་པར་ཅན་ནི་རིགས་ངེས་པ་ཡིན་ལ་དེ་ཡང་དྲོད་ནས་ཕྱིར་མི་ལྡོག་ཏུ་བཤད་པས་དེ་དང་བསྟུན་པ་ཡིན་ཞིང་ཚོགས་ལམ་དུ་ཕྱིར་མི་ལྡོག་གི་རྟགས་མ་ཐོབ་པས་མ་བཞག་སྟེ།ཞེས་དང༌།རྣམ་བཤད་ལས།ཐེག་པ་ཆེན་པོའི་སྦྱོར་ལམ་གྱི་རྟེན་ནས་སྐབས་འདིར་བསྟན་པ་ནི།རིགས་ཀྱི་ཉེས་དམིགས་བཞི་དང་བྲལ་བ་དང༌།རང་བཞིན་དུ་གནས་པའི་རིགས་ལ་སྒོམ་བྱུང་གི་ཤེས་རབ་ཀྱིས་དམིགས་ནས་གོམས་པས་འཕགས་པའི་ཆོས་ཐོབ་པ་བདག་པོར་འགྱུར་བས་སྦྱོར་ལམ་ནས་རྣམ་པར་བཞག་གོ།ཞེས་གསུངས།འདིར་རྟེན་ནི་འདིར་སྨོས་སྒྲུབ་པའི་སྟེང་གི་ཆོས་ཉིད་དང་བརྟེན་པ་ནི་སྒྲུབ་པ་དེ་ཡིན་ལ་དེ་ཉིད་རྟེན་དུ་འཇོག་ཚུལ་ཡང་སྒྲུབ་པས་རང་སྟེང་གི་ཆོས་ཉིད་ལ་དམིགས་ནས་བསྒོམས་པས་རང་ཉིད་གོང་འཕེལ་དུ་འགྲོ་བའི་གཞི་བྱེད་པས་རྟེན་ནམ་ཡང་ན་དེ་ཉིད་སྐྱོན་སྤོང་བ་དང་ཡོན་ཏན་འབྱུང་བའི་གཞིར་ཡོད་པའི་གནད་ཀྱིས་དེའི་གཞིའམ་རྟེན་ཞེས་བྱའོ།དེ་ཡང་གསེར་ཕྲེང་ལས།འདིར་རྟེན་དང་བརྟེན་པའི་དོན་ནི་འཁར་གཞོང་ལ་རྒྱ་ཤུག་གམ་ས་གཞི་ལ་ལོ་ཏོག་ལྟ་བུར་མི་བསམ་གྱི་འོན་ཀྱང་སྐྱེ་མཆེད་དྲུག་གི་རང་བཞིན་སྤྲོས་པ་དང་བྲལ་བ་དེ་རྟོགས་པའི་མཐུས་སྒྲུབ་པ་བཅུ་གསུམ་པོ་དེ་རིམ་པ་ལྟར་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ནོ།།ཞེས་གསུངས།འདིར་གྲུབ་མཐའ་བཞིའི་རིགས་ཀྱི་ངོ་བོ་འདོད་ཚུལ་མདོ་ཙམ་ཞིག་སྨོས་ན།བྱེ་སྨྲས།སེམས་བྱུང་མ་ཆགས་པའི་རང་བཞིན་ཞིག་ལ་རིགས་སུ་འཇོག་སྟེ།མཛོད་ལས།མ་ཆགས་འཕགས་རིགས།།ཞེས་གསུངས།མདོ་སྡེ་པས་ནི།རྒྱལ་སྲས་མ་ལས།མདོ་སྡེ་བ་དག་གིས་རིགས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ།སོ་སོའི་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ།།ཞེས་གསུངས་པ་ལྟར།སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་ཀྱི་ནུས་པ་ཞིག་ལ་རིགས་སུ་འཇོག་གོ།མ་ཟད་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ལ་རིགས་སུ་འཇོག་པ་ཡང་ཡོད་དེ།མཛོད་ལས།དབང་པོ་རྣོ་རྟུལ་དེ་དག་ཏུ།།ཞེས་དང༌།གསེར་ཕྲེང་ལས།ཉན་ཐོས་སྡེ་བས་རིགས་ཐ་དད་དུ་མི་འདོད་པ་ལ་ཤེས་བྱེད་མེད་ཅིང་གནོད་བྱེད་ཡོད་དེ་དེ་དག་མ་ཆགས་པ་དང་དབང་པོ་ཁྱད་པར་ཅན་ལ་རིགས་སུ་འདོད་པས་སོ།།ཞེས་གསུངས།འོན་ཀྱང་སྡེ་བ་འདི་གཉིས་ཀྱི་རང་བཞིན་གནས་རིགས་སོགས་ཀྱི་ཐ་སྙད་མི་འདོད་དོ།།སེམས་ཙམ་པས་ནི།སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་ཀྱི་རྟོགས་པ་བསྐྱེད་པའི་ནུས་པ་ཞིག་ལ་འདོད་ལ།ཡང་སེམས་ཙམ་པ་ཀུན་གཞི་མི་འདོད་པས་ཐོག་མེད་ནས་བརྒྱུད་དེ་འོངས་པའི་ནང་གི་སྐྱེ་མཆེད་དྲུག་གི་སྟེང་གི་ཟག་མེད་ཡེ་ཤེས་སྐྱེ་རུང་གི་ས་བོན་ཐོས་སོགས་ཀྱིས་གསོས་མ་བཏབ་པ་རང་བཞིན་གནས་རིགས་དང་དེ་ཉིད་ཐོས་སོགས་ཀྱི་གསོས་བཏབ་པ་ནས་རྒྱས་རིགས་སུ་འཇོག་པ་དང༌།ཀུན་གཞི་འདོད་པས་རྣམ་སྨིན་གྱི་རྣམ་ཤེས་ཁོ་ནའི་སྟེང་དུ་འཇོག་ཅིང་དེ་ཡང་སྐྱེ་མཆེད་དྲུག་ལ་བཏགས་པའི་གང་ཟག་གི་གདགས་གཞིའི་སྟེང་དུ་འཇོག་པའམ་སྐྱེ་མཆེད་དྲུག་གནས་འགྱུར་རུང་གི་ནུས་པ་ཡིན་པས་བཞག་གོ་ཞེས་གུང་ཐང་གི་ཕར་ཕྱིན་དུ་གསལ་བས་དཔྱད།དབུ་མ་པས་ནི་སངས་རྒྱས་སུ་འགྱུར་རུང་ལ་རིགས་སུ་འཇོག་གོ།
          ཡང་འདིར་སྨོས་ཐེག་ཆེན་སྒྲུབ་པ་སྦྱོར་ལམ་དྲོད་ནས་འཇོག་པའི་རྒྱུ་མཚན་དུ་རིགས་ཀྱི་ཉེས་དམིགས་བཞི་དང་བྲལ་བའི་རྒྱུ་མཚན་གྱིས་ཡིན་པར་གསུངས་པས་དེ་ལྟར་ན་ངན་སོང་གི་རྟེན་ཅན་གྱི་སྦྱོར་ལམ་དྲོད་པ་བ་དེ་རིགས་ཀྱི་ཉེས་དམིགས་བཞི་དང་བྲལ་ཚུལ་གང་ཡིན་དང༌།ཡང་དེ་འདྲའི་བྱང་སེམས་མེད་ཟེར་ན།མཛོད་ལས།བཟོད་ཐོབ་ངན་སོང་ཡོངས་མི་འགྲོའོ།།ཞེས་བཟོད་པ་ནས་དམིགས་ཀྱིས་བཀར་བའི་རྒྱུ་མཚན་བརྗོད་དགོས་སོ།མ་ཟད་མཛོད་ཊིཀ་ཐར་ལམ་གསལ་བྱེད་ནས་ཀྱང༌།རྩེ་མོ་ཐོབ་ནས་མཚམས་མེད་བྱེད་པ་དང་ངན་སོང་དུ་སྐྱེ་བ་སྲིད་ཀྱང༌།།ཞེས་གསུངས་པས་དཔྱད།རིགས་ཀྱི་ཉེས་དམིགས་བཞི་དང་བྲལ་བའི་ཁྱབ་པ་མི་དགོས་ན།ཚོགས་ལམ་ནས་ཀྱང་བཞག་ཆོག་པར་ཐལ།དེར་ཡང་རིགས་ཀྱི་ཉེས་དམིགས་བཞི་དང་བྲལ་བ་ཡོད་པའི་ཕྱིར་ཟེར་ན་དཔྱད།རྣམ་བཤད་ནས་རིགས་ཀྱི་ཉེས་དམིགས་བཞི་དང་བྲལ་བ་ཙམ་མིན་པར་རང་བཞིན་དུ་གནས་པའི་རིགས་ལ་སྒོམ་བྱུང་གི་ཤེས་རབ་ཀྱིས་དམིགས་ནས་གོམས་པས་ཞེས་རྒྱུ་མཚན་གཉིས་བཀོད་པས་ཀྱང་རིགས་ཀྱི་ཉེས་དམིགས་བཞི་དང་བྲལ་བ་ཙམ་གྱིས་མིན་པར་སེམས་སོ།།རིགས་ཀྱི་ཉེས་དམིགས་བཞི་ནི།རྣམ་བཤད་ལས།ཉོན་མོངས་ཤས་ཆེ་བ་དང༌།གྲོགས་ངན་པས་ཟིན་པ་དང༌།འཚོ་བའི་ཡོ་བྱད་ལ་སོགས་པས་ཕོངས་པ་དང༌།སེམས་ཅན་གཞན་གྱི་དབང་དུ་གྱུར་པ་རིགས་ཀྱི་ཉེས་དམིགས་བཞི་དང་ལྡན་པས་ཡིན་ནོ།།ཞེས་གསུངས།ཡང་ཚོགས་ལམ་ནས་མི་འཇོག་པའི་རྒྱུ་མཚན་དུ།ཐེག་ཆེན་གྱི་ཚོགས་ལམ་ཡང་རིགས་ལ་བརྟེན་པ་ཡིན་མོད་ཀྱི་རིགས་གོང་ནས་གོང་དུ་སོང་བར་བྱེད་པའི་གནས་སྐབས་ཀྱི་གཙོ་བོར་གྱུར་པ་དང༌།རིགས་ཀྱི་ཉེས་དམིགས་མཐའ་དག་དང་བྲལ་བ་མེད་པས་མ་བསྟན་ནོ།།ཞེས་རྣམ་བཤད་ནས་གསུངས་པས་རིགས་ཀྱི་ཉེས་དམིགས་མཐའ་དག་དང་བྲལ་ཚུལ་ཇི་ལྟར་འཇོགཡང་འདིར་རྟོགས་དཀའི་སྣང་བ་ལས།དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་བཞག་ན་དེའི་སྟེང་ན་ཡོད་པ་དང༌།རྣམ་པར་མ་བཞག་ན་ནང་གི་སྐྱེ་མཆེད་དྲུག་གི་སྟེང་ན་ཡོད་པའི་ཟག་པ་མེད་པའི་ས་བོན་རིགས་འདྲ་སྔར་མེད་གསར་དུ་རྐྱེན་གྱི་བསྒྲུབས་པ་མིན་གྱི།ཐོགས་མ་མེད་པ་ནས་རིགས་བརྒྱུད་དེ་འོང་པ་འཕགས་ལམ་སྐད་ཅིག་དང་པོའ་ིཉེར་ལེན་བྱེད་པ་ཞིག་སྟེ་དེ་མེད་ན་ཟག་མེད་ཡེ་ཤེས་སྐད་ཅིག་དང་པོ་ལ་སྐལ་མཉམ་གྱི་རྒྱུ་མེད་པར་འགྱུར་རོ།།ཞེས་གསུངས་པའི་ལུགས་དེ་ལ་རྣམ་ཤེས་ཡིན་ན་རང་གི་ཉེར་ལེན་དུ་གྱུར་པའི་རྣམ་ཤེས་སྔ་མ་སྔོན་དུ་སོང་བས་མ་ཁྱབ་པ་འདྲ་ཞིག་སྣང་བས་དེ་ལྟར་འཐད་ན།རྣམ་འགྲེལ་ལས།རྣམ་ཤེས་མིན་པའི་རྣམ་ཤེས་ཀྱི།།ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ།།ཅེས་པའི་ལུང་དོན་འགྲེལ་ཚུལ་སོགས་ཇི་ལྟར་ཡིན་དཔྱད།སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་པ་ནི་རྟོགས་དཀའི་སྣང་བ་ལས།དེ་འདྲའི་ཟག་པ་མེད་པའི་ས་བོན་དེ་ནི་གང་ལ་ལྡན་པའི་ནང་གི་སྐྱེ་མཆེད་དྲུག་པོ་རྣམས་ས་བོན་དེ་དང་མི་འདྲ་བའི་ཁྱད་པར་གྱིས་ཐེག་པ་གསུམ་གྱི་རིགས་ཅན་སོ་སོར་མཚོན་པར་བྱེད་པའི་ཕྱིར་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བྱ་ལ།ཞེས་གསུངས་པ་ལྟར་སྐྱེ་མཆེད་དྲུག་གི་བྱེ་བྲག་ལ་མིན་པར་རིགས་སུ་འཇོག་པའི་ས་བོན་དེ་ཉིད་ལ་བཞེད་པར་འདྲའོ།།
           གཉིས་པ་སྒྲུབ་པའི་དམིགས་པ་ནི།རྒྱན་ལས།དམིགས་པ་དག་དང༌།ཞེས་དང༌།དམིགས་པ་ཆོས་རྣམས་ཐམས་ཅད་དེ།།ཞེས་སོགས་ཀྱིས་བསྟན་ཅིང༌།ཐེག་ཆེན་སྒྲུབ་པའི་དམིགས་པ་ནི།གསེར་ཕྲེང་ལས།སྒྲུབ་པ་པོའི་ཤེས་བྱར་གྱུར་པའོ།།དབྱེ་ན།བཅུ་གཅིག་གོ་ཞེས་གསུངས།རྣམ་བཤད་ལས།མཚན་ཉིད་ནི།སྒྲུབ་པའི་སྒྲོ་འདོགས་བཅད་པར་བྱ་བའི་གཞིའོ།།ཞེས་གསུངས།སྐབས་འདིར་དམིགས་པ་ལ་བཅུ་གཅིག་ཏུ་འབྱེད་པའི་ཚུལ་ནི།བླང་བྱ་དང༌།དོར་བྱ་དང༌།བཏང་སྙོམས་སུ་བཞག་པར་བྱ་བའི་དགེ་མི་དགེ་ལུང་མ་བསྟན་ཏེ་སྤྱིར་བསྟན་པ་གསུམ་དང༌།ལམ་དང་སྤང་གཉེན་དང༌།བདེན་པ་དང་འབྲས་བུའི་སྒོ་ནས་རིམ་ཅན་དུ་དཔྱོད་པའི་སྒོ་ནས་སོ་སོར་དབྱེ་བ་བརྒྱད་དུ་གསུངས་པ་ཡིན་ཏེ།རྣམ་བཤད་ལས།བླང་དོར་བཏང་སྙོམས་སུ་བྱ་བའི་སྒོ་ནས་སྤྱིར་བསྟན་པ་དང༌།ལམ་དང་སྤང་གཉེན་དང༌།བདེན་པ་དང༌།འབྲས་བུའི་སྒོ་ནས་དབྱེ་བ་བརྒྱད་དོ།།ཞེས་དང༌།ཆོས་གསུམ་སྤྱིར་རྟོག་པ་དེའི་འོག་ཏུ་དམིགས་པ་ལྷག་མ་རྣམས་ལ་དཔྱོད་པར་བྱེད་དེ།ཇི་ལྟར་ཞེ་ན།གསུམ་པོ་དེ་དག་ཉིད་ལས་དབྱེ་གཞིར་བྱས་ནས་འཇིག་རྟེན་པ་ལ་སོགས་པ་རྣམ་པ་གཉིས་པོའི་དབྱེ་བ་ཟུང་བཞི་ཉིད་ཀྱིས་སོ།།ཞེས་དང༌།དེ་ནས་མི་མཐུན་ཕྱོགས་སྤང་པའི་ཆེད་དུ་སྤང་བྱ་ཟག་བཅས་ནི་གང༌།གཉེན་པོ་ཟག་མེད་ནི་གང་ཞེས་རྟོག་ལ།།ཞེས་དང༌།ཟག་མེད་དེ་ཉིད་ལ་རྒྱུ་དང་འབྲས་བུའི་ཆ་གཉིས་སུ་ཕྱེ་ནས་དཔྱོད་ལ།ཞེས་དང༌།དེ་ནས་འཐོབ་བྱའི་འབྲས་བུ་ནི་གང་ཞེས་དཔྱོད་པ་ན་ཞེས་སོགས་གསུངས་པ་ལྟར་རོ།ཟག་བཅས་ཟག་མེད་འཇོག་ཚུལ་ལ་ཡང་གསེར་ཕྲེང་ལས།དེ་ལ་སྤྱིར་ཀུན་བཏུས་ལས་ཞེས་སོགས་ལྟར་ཀུན་བཏུས་ཀྱི་ལུགས་ལ་ཟག་པ་སྒོ་དྲུག་གང་རུང་དང་འབྲེལ་བའི་ཆ་ནས་ཟག་བཅས་དང༌།དེ་མེད་པ་ལ་ཟག་མེད།མཛོད་ནས་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་པར་གྱུར་མ་གྱུར་ལ་དེ་གཉིས་སུ་བྱེད་པ་དང༌།ཡང་ཐལ་འགྱུར་བའི་སྐབས་དགོངས་པ་རབ་གསལ་ལས།རང་གི་ལུགས་ནི་བདེན་འཛིན་གྱི་མ་རིག་པ་དང་དེའི་བག་ཆགས་གང་རུང་གི་བསླད་པ་ནི་ཟག་བཅས་དང༌།བསླད་པ་དེ་དང་བྲལ་བའི་ཡེ་ཤེས་ནི་ཟག་པ་མེད་པ་ཡིན་ཏེ།ཞེས་ཤེས་པར་འགྱུར་བ་ལ་ཟག་བཅས་ཟག་མེད་དུ་འབྱེད་ཚུལ་གསུངས་པ་ལྟ་བུ་དང༌།རང་རྒྱུད་པའི་ལུགས་ལ་ཡང་སྐབས་འདིའི་ཟག་བཅས་ཟག་མེད་ནི་ཟག་པའི་གཉེན་པོ་བྱེད་མི་བྱེད་ལ་འཇོག་པ་ཡིན་ཏེ།གསེར་ཕྲེང་ལས།འདིར་ནི་ཟག་པའི་གཉེན་པོ་བྱེད་མི་བྱེད་ལ་འདོད་པས་མི་མཐུན་ནོ།།ཞེས་གསུངས།ཡང་སྐབས་གཉིས་པའི་སྒོམ་ལམ་གྱི་ཐད་དུ་རྟོག་པའི་ཟག་པ་དང་བཅས་མ་བཅས་ལ་དེ་གཉིས་སུ་འཇོག་པ་དང༌།སྐབས་བཞི་པར་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་དོན་བསྡུའི་ཐད་དུ་འགྲེལ་པ་དོན་གསལ་ལས།དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གི་གོ་རིམ་བཞིན་དུ་ཟག་པ་མེད་པ་དང༌།ཟག་པ་དང་བཅས་པ་དག་ཀྱང་ཡིན་ནོ་ཞེས་ཉོན་མོངས་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བའི་ཆ་ནས་ཟག་མེད་དེ་ལྟར་མི་སྤོང་བའི་ཆ་ནས་ཟག་བཅས་འཇོག་པ་སོགས་དུ་མ་ཞིག་འདུག་མོད་ལུགས་འདིར་སྤྱི་ཁྱབ་ཀྱི་ཟག་བཅས་ཟག་མེད་ཀྱི་དོན་འཇོག་ཚུལ་ཇི་ལྟར་བྱེད་མིན་དཔྱད།དེ་བཞིན་ཟག་པའི་གཉེན་པོ་བྱེད་ཚུལ་དང་དེའི་གཉེན་པོ་ཡིན་ཚུལ་སོགས་ལ་ཁྱད་པར་ཡོད་མེད་ཀྱང་དཔྱད་དོ།།
          གསུམ་པ་སྒྲུབ་པའི་ཆེད་དུ་བྱ་བ་ནི།རྒྱན་ལས།ཆེད་དག་དང༌།།ཞེས་དང༌།སེམས་ཅན་ཀུན་མཆོག་ཉིད་སེམས་དང༌།།ཞེས་སོགས་ཀྱིས་འཆད་ལ།ངོ་བོ་ནི།གསེར་ཕྲེང་ལས།གང་གི་དབང་དུ་བྱས་ནས་བྱང་སེམས་སྒྲུབ་པ་ལ་འཇུག་པར་འགྱུར་བའི་འབྲས་བུ་མཐར་ཐུག་གོ།ཞེས་དང༌།དབྱེ་ན།ཆེན་པོ་གསུམ།ས་མཚམས་སངས་རྒྱས་ཀྱི་སའོ།།ཞེས་གསུངས།དེ་གསུམ་གྱི་ངོས་འཛིན་ནི།གསེར་ཕྲེང་ལས།དེ་ལྟར་ན་མཆོག་ཉིད་ཆེན་པོ་ནི་སེམས་ཅན་ཀུན་གྱི་མཆོག་སངས་རྒྱས་ཏེ་སྤྱིའོ།།སྤོང་བ་ཆེན་པོ་དང་རྟོགས་པ་ཆེན་པོ་ནི་རིམ་པ་ལྟར་སྒྲིབ་གཉིས་མ་ལུས་པར་སྤངས་པ་དང༌།ཇི་ལྟ་ཇི་སྙེད་ཐམས་ཅད་རྟོགས་པས་ཡུལ་གང་ལ་ཡང་ཆགས་པ་དང་བྲལ་བ་སྟེ་ཁྱད་པར་རོ།།ཞེས་གསུངས།རྣམ་བཤད་ལས།སེམས་ཆེན་པོ་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་ཉིད་དང༌།སྤངས་པ་མཐར་ཐུག་སྤོང་བ་ཆེན་པོ་ཉིད་དང༌།རྟོགས་པ་མཐར་ཐུག་རྟོགས་པ་ཆེན་པོ་ཉིད་དོ།།ཞེས་གསུངས།རྟོགས་དཀའི་སྣང་བ་ལས།ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད།ཐེག་ཆེན་སྒྲུབ་པ་ཉམས་སུ་ལེན་པའི་དགོས་པ།དབྱེ་ན།སེམས་ཆེན་པོ།སྤོང་བ་ཆེན་པོ།རྟོགས་པ་ཆེན་པོ་གསུམ།དང་པོ་ནི།རྡོ་རྗེའི་ལྟ་བུའི་སེམས་བསྐྱེད་པ་ལ་སོགས་པ་རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པའོ་ཞེས་དང༌།གཉིས་པ་ནི་བདག་གཉིས་སུ་ལྟ་བ་ཅི་རིགས་པའམ་མ་ལུས་པ་སྤངས་པ་དང༌།གསུམ་པ་ནི་བདག་མེད་གཉིས་རྟོགས་པའོ།།ཞེས་དང༌།ས་མཚམས་ནི་འདི་དག་རེ་རེ་ལ་ཡང་གནས་སྐབས་དང་མཐར་ཐུག་གཉིས་སུ་ཕྱེ་ནས་དང་པོ་ཐེག་ཆེན་ཚོགས་ལམ་ནས་ཡོད་ཅིང༌།གཉིས་པ་སངས་རྒྱས་ཀྱི་སར་ཡོད་པར་ཤེས་པར་བྱའོ།།ཞེས་གསུངས།གསུམ་པོ་འདིའི་གོ་རིམ་སྟོན་ཚུལ་ཡང་དེ་ཉིད་ལས།དེ་ཡང་ཆེད་དུ་བྱ་བའི་གཙོ་བོ་ཡིན་པས་སེམས་ཆེན་པོ་དང་པོར་བསྟན་ཅིང༌།དེ་ཉིད་ཀྱང་མི་མཐུན་ཕྱོགས་མ་ལུས་པ་སྤངས་པའི་སྒོ་ནས་འཐོབ་དགོས་པས་དེའི་འོག་ཏུ་སྤོང་བ་ཆེན་པོ་བསྟན་ལ།སྤང་བྱ་དང་རྟོགས་བྱ་རྟོགས་པའི་སྒོ་ནས་སྤང་དགོས་པས་དེའི་འོག་ཏུ་རྟོགས་པ་ཆེན་པོ་བསྟན་ཏེ།ཞེས་གསུངས།རོལ་མཚོ་ལས།ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ལ་སྐབས་འདིར་བསྟན་གྱི་དེས་མ་ཁྱབ་སྟེ།གཞན་དོན་དེ་དེའི་ཆེད་དུ་བྱ་བ་ཡིན་པའི་ཕྱིར་དང༌།མཐའ་དཔྱོད་དུ།གང་གི་ཆེད་དུ་སྒྲུབ་པ་ལ་འཇུག་པའི་འབྲས་བུ་མཐར་ཐུག།ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད།ཅེས་གསུངས།པཎ་ཆེན་གྱི་མཐའ་དཔྱོད་ལས།ཆེན་པོ་གསུམ་འགལ་བ་ཡིན་ཏེ།སེམས་ཆེན་པོ་ཡིན་ན་ཐབས་ཀྱི་རྟོགས་རིགས་སུ་གནས་པས་ཁྱབ།སྤོང་བ་ཆེན་པོ་ཡིན་ན་གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཡིན་པས་ཁྱབ།རྟོགས་པ་ཆེན་པོ་ཡིན་ན་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པས་ཁྱབ་པའི་ཕྱིར།།ཞེས་གསུངས།གསེར་ཕྲེང་ལས།སེམས་ཆེན་པོ་སྤྱི་དང༌།གཞན་གཉིས་ཁྱད་པར་དུ་གསུངས་པ་ལྟར་མི་འགལ་བར་སེམས་སོ།།གཞན་ཡང་སངས་འཕགས་ཀྱི་རྒྱུད་ཀྱི་རང་རིག་དང་མིག་ཤེས་སོགས་དང༌།སོ་ཐར་གྱི་སྡོམ་པ་སོགས་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་དང་རྟོགས་པ་མཐར་ཐུག་ཡིན་མིན་སོགས་དཔྱད།
             བཞི་པ།སྒྲུབ་པ་རང་གི་ངོ་བོ་ནི་རྒྱན་ལས།གོ་ཆ་འཇུག་པའི་བྱ་བ་དང༌།།ཞེས་སོགས་དང༌།དེ་དག་སོ་སོར་སྦྱིན་ལ་སོགས།།ཞེས་སོགས་ཀྱིས་འཆད་ཅིང༌།ཐེག་ཆེན་སྒྲུབ་པའི་མཚན་ཉིད་ནི།གསེར་ཕྲེང་ལས།ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་བླ་མེད་བྱང་ཆུབ་ཀྱི་ཆེད་དུ་དོན་གཉིས་སྒྲུབ་པའི་བྱ་བ།ཞེས་དང༌།དབྱེ་ན།གོ་འཇུག་ཚོགས་ངེས་ཏེ་བཞིའོ།།ཞེས་གསུངས།རྣམ་བཤད་ལས།ཐེག་ཆེན་སྒྲུབ་པའི་མཚན་ཉིད་ནི།ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་ཆེན་པོ་གསུམ་སྒྲུབ་པའི་བྱ་བའོ།།ཞེས་གསུངས།སྒྲུབ་པ་དེ་ཡང་གནས་པ་ཆེ་བ།རྩོམ་པ་ཆེ་བ།འབྲས་བུ་ཆེ་བ་བཅས་ཀྱི་ཁྱད་ཆོས་ཅན་དུ་མདོ་སྡེ་རྒྱན་ལས་བཤད་ཅིང་གནས་རྩོམ་ཆེ་བ་སོགས་ཀྱང༌།གསེར་ཕྲེང་ལས།དེ་ལ་གནས་རྩོམ་པ་འབྲས་བུ་ཆེ་བ་གསུམ་ནི་རིམ་པ་ལྟར་སེམས་བསྐྱེད་དོན་གཉིས་སྒྲུབ་པ་བྱང་ཆུབ་ཆེན་པོ་རྣམས་སོ།།ཞེས་གསུངས།ཡང་སྒྲུབ་པ་ལ་སྟོན་ཚུལ་མི་འདྲ་བའི་དབང་དུ་བྱས་ན་མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས་ཡོད་ཅིང་སྟོན་ཚུལ་གྱི་ཁྱད་པར་ཡང་སྐབས་དང་པོ་གསུམ་དུ་གོ་སྒྲུབ་ལ་སོགས་པའི་སྐབས་འགའ་ཞིག་མ་གཏོགས་ཕལ་ཆེར་མཁྱེན་གསུམ་ཉམས་ལེན་གྱི་སྒོ་ནས་བཤད་ཅིང༌།སྦྱོར་བ་བཞིའི་སྐབས་སུ་ཕལ་ཆེར་ཕྱིན་དྲུག་ཉམས་ལེན་གྱི་སྒོ་ནས་བཤད་དོ།།དེའི་ཕྱིར་དེ་གཉིས་ཀྱི་ངོས་འཛིན་ཡང་མཁྱེན་གསུམ་ཉམས་ལེན་དུ་བྱེད་པའི་སྒྲུབ་པ་དང༌།ཕྱིན་དྲུག་སོ་སོར་དྲུག་ལྡན་དུ་ཉམས་སུ་ལེན་པའི་སྒྲུབ་པའོ།།དེ་གཉིས་ནི་འགལ་བ་ཡང་མིན་ཏེ།སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ལ་མཁྱེན་པ་ཡུལ་གྱི་སྒྲུབ་པ་ཡིན་པས་ཁྱབ་པའི་ཕྱིར་ཏེ།རྣམ་བཤད་ལས།དེས་ན་དངོས་པོའི་གནས་ཚོད་ཀྱི་དབང་དུ་བྱས་ན་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཡིན་ན་མཁྱེན་པ་ཡུལ་དུ་བྱས་པའི་སྒྲུབ་པ་ཡིན་པས་ཁྱབ་པའི་སྤྱི་དང་བྱེ་བྲག་ཡིན་གྱི་སྤྱི་དང་བྱེ་བྲག་གི་སྒྲུབ་པའི་ཐ་སྙད་བྱས་ནས་དེ་གཉིས་འགལ་བར་འདོད་པ་ནི་དོན་གྱི་གནས་ཚོད་དང་རྗོད་བྱེད་སེལ་བས་འཇུག་པའི་རྣམ་དབྱེ་མ་ཤེས་པས་ནོངས་སོ།།ཞེས་གསུངས།།གོ་སྒྲུབ་འཆད་པ་ལ་རྒྱན་ལས།གོ་ཆ།ཞེས་དང༌།དེ་དག་སོ་སོར་སྦྱིན་ལ་སོགས།།ཞེས་སོགས་ཀྱིས་འཆད་ཅིང༌།མཚན་ཉིད་ནི།གསེར་ཕྲེང་ལས།སྔར་གྱི་སྤྱིའི་མཚན་ཉིད་འདི་དང་འོག་མ་གསུམ་ག་ལ་སྦྱར་རོ་ཞེས་སྒྲུབ་པ་སྤྱིའི་མཚན་ཉིད་གོ་སྒྲུབ་སོགས་བཞི་ལ་སྦྱར་དགོས་པར་གསུངས་པས་དེ་ལྟར་ན་ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་བླ་མེད་བྱང་ཆུབ་ཀྱི་ཆེད་དུ་དོན་གཉིས་སྒྲུབ་པའི་བྱ་བ་གང༌།ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པ་ཞེས་དང༌།དབྱེ་ན་ཕྱིན་དྲུག་གི་གོ་ཆ་དྲུག་གོ།རྣམ་བཤད་ལས།གོ་ཆའི་སྒྲུབ་པའི་མཚན་ཉིད།ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་བྱང་སེམས་ཀྱི་བྱ་བའོ།།ཞེས་གསུངས།ས་མཚམས་ནི།ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་རོ།།ཅིའི་ཕྱིར་གོ་ཆ་ཞེས་བྱ་ཞེ་ན།མི་མཐུན་པའི་ཕྱོགས་ཀྱི་མཚོན་གྱིས་མི་འཕིགས་པའི་ཕྱིར་དེ་སྐད་ཅེས་བྱའོ།།གོ་འཇུག་གཉིས་ལ་ཁྱད་པར་མེད་པར་འགྱུར་ཏེ་གཉིས་ཀ་ཕྱིན་དྲུག་ལ་སློབ་པར་མཚུངས་པའི་ཕྱིར་རོ་ཞེ་ན།དེ་ལྟར་ཡིན་ཀྱང་ཁྱད་པར་མེད་པར་མི་འགྱུར་ཏེ།འཇུག་སྒྲུབ་ནི་སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་ཕྱིན་དྲུག་ལ་འཇུག་ལ།གོ་སྒྲུབ་ལ་ཐོས་བསམ་གཙོ་བོར་གྱུར་པས་ཀྱང་སྤྱོད་པ་ཡོད་པའི་ཕྱིར་རོ།།
          འོ་ན་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་ཚུལ་ཇི་ལྟར་ཞེ་ན།སྦྱིན་པའི་ཕར་ཕྱིན་ལྟ་བུ་ལ་མཚོན་ན།དེས་ཆོས་དང་ཟང་ཟིང་དང་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་གཏོང་བ་དེའི་ཚེ་སྦྱིན་པར་བྱེད་པའི་གཏོང་བའི་སེམས་པ་དེ་སྦྱིན་པ་དང༌།དེའི་ཚེ་རང་ཉིད་གཅིག་པུ་ཞི་བདེ་དོན་དུ་གཉེར་བའི་ཉན་རང་ཡིད་བྱེད་ཀྱི་བསམ་པས་དབེན་པའི་སྤོང་བའི་ཚུལ་ཁྲིམས་དང༌།སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བ་ལ་བཟོད་པ་བཟོད་པ་དང༌།ཐེག་པ་ཆེན་པོའི་ཆོས་མཐའ་དག་ལ་འདུན་པའི་བརྩོན་འགྲུས་དང༌།ཐེག་པ་གཞན་དང་མ་འདྲེས་པའི་བསམ་པ་དེ་བསམ་གཏན་ཏེ་དེ་རྣམས་གོ་རིམ་བཞིན་དུ་སྦྱིན་པར་བྱ་བ་ལ་སོགས་པ་འཁོར་གསུམ་དུ་བདེན་པར་མི་དམིགས་པའི་ཤེས་རབ་ཀྱི་གོ་ཆ་ཉིད་ཀྱིས་ཁྱབ་པར་བྱེད་པའི་སྒོ་ནས་སྦྱིན་པ་ཉམས་སུ་ལེན་པར་བྱེད་པ་ཡིན་ལ།དེ་བཞིན་དུ་ཚུལ་ཁྲིམས་སོགས་ལ་སྦྱར་བར་བྱའོ།།གོ་སྒྲུབ་སོ་དྲུག་ཏུ་འབྱེད་ཚུལ་ཡང་ལྡོག་པའི་སྒོ་ནས་འབྱེད་ཀྱི་བསྡུ་ན་སྦྱིན་པའི་གོ་སྒྲུབ་སོགས་དྲུག་ཏུ་བསྡུ་ཞིང་བསྡུ་ཚུལ་ཡང་སྦྱིན་པའི་གོ་ཆར་གྱུར་པའི་སྦྱིན་སོགས་དྲུག་སྦྱིན་པའི་གོ་ཆར་ཆོས་མཐུན་པ་ནས་ཤེས་རབ་ཀྱི་གོ་ཆར་གྱུར་པའི་དེ་དྲུག་ཤེས་རབ་ཀྱི་གོ་ཆར་ཆོས་མཐུན་པའི་སྒོ་ནས་བསྡུ་བ་ཡིན་ནོ།དེ་ལྟར་ཡང་རྣམ་བཤད་ལས།ལྡོག་པས་དབྱེ་བ་དེ་ལྟར་ཡིན་མོད་ཀྱི་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་གོ།ཞེས་གསུངས།གསེར་ཕྲེང་ལས་ཀྱང༌།སྦྱིན་པ་རྟེན་པའི་ཕྱིན་དྲུག་སྦྱིན་པ་ལས་བྱུང་ཞིང་དེ་ཉམས་ལེན་ལ་རག་ལས་པས་ཕྱེ་བས་རྒྱུད་གཅིག་ལས་བྱུང་བར་འདྲ་བའི་ཕྱིར་ཆོས་མཐུན་ནོ།།ཞེས་གསུངས།གོ་ཆ་དྲུག་ཆོས་མཐུན་ཚུལ་ལ་རྟོགས་དཀའི་སྣང་བ་ལས།གོ་ཆའི་སྒྲུབ་པ་རྣམ་པ་དྲུག་ཏུ་བསྡུ་རུང་སྟེ།སྦྱིན་པའི་སྦྱིན་པ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་དྲུག་སྦྱིན་པ་དང༌།ལ་སོགས་པ་སྦྱིན་པའི་ཤེས་རབ་ནས་ཤེས་རབ་ཀྱི་ཤེས་རབ་ཀྱི་བར་ཤེས་རབ་ཏུ་ཆོས་མཐུན་པ་ཡིན་པའི་ཕྱིར་ཤེས་རབ་སྒོམ་པར་བྱེད་དོ།།ཞེས་གསུངས་པ་ནི་རྣམ་བཤད་ལས།ཁ་ཅིག་སྦྱིན་པ་དྲུག་སྦྱིན་པར་ཆོས་མཐུན་པ་ནས་ཤེས་རབ་དྲུག་ཤེས་རབ་ཏུ་ཆོས་མཐུན་པའི་དོན་དུ་བྱེད་པ་ནི།སུམ་ཅུ་རྩ་དྲུག་ཡོད་པའི་སྒྲུབ་བྱེད་ཡིན་གྱི་གོ་ཆའི་སྒྲུབ་པ་དྲུག་ཏུ་ངེས་པའི་སྒྲུབ་བྱེད་དུ་བྱེད་པ་ཕྱིན་ཅི་ལོག་པ་ཡིན་ཏེ།ཞེས་པས་བཀག་ལ་མ་ཟད་ཆོས་མཐུན་ཚུལ་དེ་ལྟར་བྱས་ན་ཤེས་རབ་ཕར་ཕྱིན་གྱི་གོ་ཆར་གྱུར་པའི་སྦྱིན་པ་ལ་སྦྱིན་པའི་ཕར་ཕྱིན་ཡིན་པས་ཁྱབ་པས་སློབ་ལམ་ན་ཤེས་རབ་ཕར་ཕྱིན་དང་སྦྱིན་པའི་ཕར་ཕྱིན་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ་བ་དང༌།དེ་མིན་ཐེག་ཆེན་མཐོེང་ལམ་བར་ཆད་མེད་ལམ་དེ་ཤེས་རབ་ཕར་ཕྱིན་དྲུག་ལྡན་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར་མ་ཡིན་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ན་མི་འཐད་དོ།།དེས་ན་རྟོགས་སྣང་ལས་དེ་ལྟར་གསུངས་པ་ནི་རེད་མདའ་བའི་བཞེད་པ་བཀོད་པ་ཙམ་ཡིན་ནོ།།ཡང་མཐོང་ལམ་པའི་རྒྱུད་ཀྱི་བདེན་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལྟ་བུ་ཤེས་རབ་ཕར་ཕྱིན་གྱི་གོ་ཆར་གྱུར་པའི་སྦྱིན་སོགས་དྲུག་ཀ་ཡིན་མིན་དང༌།ཡིན་ན་དེའི་གོ་ཆར་གྱུར་པའི་སྦྱིན་སོགས་འབྱེད་ཚུལ་ཇི་ལྟར་ཡིན་དང་དེའི་གོ་ཆར་གྱུར་པའི་སྦྱིན་པ་ཉམས་སུ་ལེན་ན་སྦྱིན་པའི་ཕར་ཕྱིན་ཉམས་སུ་ལེན་དགོས་མིན་སོགས་དཔྱད།ཡང་མཚན་ཉིད་ཀྱི་སྐབས་སྟོང་ཉིད་རྟོགས་མ་མྱོང་བའི་སེམས་དཔའི་རྒྱུད་ཀྱི་གོ་སྒྲུབ་དང༌།སློབ་ལམ་ན་ཕར་ཕྱིན་དྲུག་མེད་པར་འདོད་པ་དག་གིས་གོ་སྒྲུབ་ལ་སྦྱིན་སོགས་དྲུག་ལྡན་དུ་འཇོག་ཚུལ་ཇི་ལྟར་བྱེད་དཔྱད།འཇུག་སྒྲུབ་འཆད་པ་ལ།རྒྱན་ལས།འཇུག་པའི་བྱ་བ་དང༌།།ཞེས་དང༌།བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌།།ཞེས་སོགས་ཀྱིས་འཆད་ཅིང༌།མཚན་ཉིད།གསེར་ཕྲེང་ལས།སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་ཐེག་ཆེན་ལ་འཇུག་པའི་བྱ་བ།དབྱེ་ན་འཇུག་སྒྲུབ་དགུའོ།།ཞེས་གསུངས།རྣམ་བཤད་ལས།འཇུག་པའི་སྒྲུབ་པའི་མཚན་ཉིད་ནི།ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་སྦྱོར་བ་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་པའི་བྱ་བ།།ཞེས་གསུངས།ས་མཚམས་ནི།གསེར་ཕྲེང་ལས།ས་མཚམས་ཡ་མཐའ་སྔར་དང་འདྲ་ལ་ཞེས་གོ་སྒྲུབ་ཀྱི་ཡ་མཐའི་ས་མཚམས་རྒྱུན་མཐར་བཞག་པ་དང་མཚུངས་པ་ཡིན་ལ།མ་མཐའི་ས་མཚམས་ནི་སྦྱོར་ལམ་དྲོད་ནས་འཇོག་གོ།སྒོ་མང་བས་སྦྱོར་ལམ་རྩེ་མོ་ནས་བཞག་པའི་དགོངས་པ་ནི་དངོས་བསྟན་གཙོ་བོ་ལ་དགོངས་པར་འཆད་ཀྱི་འདུགའཇུག་སྒྲུབ་དགུ་པོ་དེ་ཡང་བསྡུ་ན་རྔོག་ལོ་སོགས་ཀྱི་བཞེད་ཚུལ་ལྟར་རྒྱུའི་ཐེག་ཆེན་ལ་འཇུག་པ་བརྒྱད་དང༌།འབྲས་བུའི་ཐེག་ཆེན་ལ་འཇུག་པ་གཅིག་བཅས་སུ་བསྡུ་བར་གསེར་ཕྲེང་དང་རྣམ་བཤད་ནས་གསུངས།རྟོགས་དཀའི་སྣང་བ་ལས།རྒྱུའི་ཐེག་ཆེན་ལ་འཇུག་པ་དང་པོ་དྲུག་དང༌།འབྲས་བུའི་ཐེག་ཆེན་ལ་འཇུག་པ་ཕྱི་མ་གསུམ་དུ་བྱས་ནས་འཆད་པ་ནི་རེད་མདའ་བའི་འདོད་པ་བཀོད་པ་ཡིན་པར་འགྲེལ་པ་དོན་གསལ་གྱི་མཆན་ནས་གསུངས།འོ་ན་འདིར་འཛེག་འཇུག་གི་དོན་གང་ཞེ་ན།དེ་ནི་གསེར་ཕྲེང་ལས།འདི་གཉིས་རྣམ་གྲངས་པར་ཉི་སྣང་ལས་བཤད་ལ།།ཞེས་གསུངས་པ་ལྟར་ཉི་སྣང་ལས།དེའང་དོན་གཅིག་པ་ཉིད་ཀྱིས་འཇུག་པ་ནི་འཛེག་པ་ཡིན་ལ།འཛེག་པའང་འཇུག་པ་ཡིན་ནོ།།ཞེས་པ་ལྟར་འཛེག་འཇུག་དོན་གཅིག་ཏུ་མཛད་དོ།།སློབ་དཔོན་གྱི་འགྲེལ་པ་ཆེ་ཆུང་གཉིས་སུ་འཛེག་འཇུག་གི་དོན་སོ་སོར་བཀྲལ་ཞིང་དེ་ཡང་རྒྱན་སྣང་ལས་ཞུགས་པ་དང་གནས་པ་གཉིས་དང་པོར་ཐོབ་པ་དང་ཕྱིས་ཁྱད་པར་དུ་འགྲོ་བ་ལ་བཤད་པར་གསེར་ཕྲེང་དུ་གསུངས་ལ་འགྲེལ་ཆུང་ཡང་དེ་དང་མཐུན་པར་གུང་ཐང་གི་ཕར་ཕྱིན་དུ་གསུངས།དེ་ཡང་འཇུག་པའི་སྒྲུབ་པ་དང་པོར་ཐོབ་པ་འཇུག་པའི་དོན་དང༌།འོག་མ་ནས་གོང་མར་བགྲོད་པ་དང་ཁྱད་པར་དུ་འགྲོ་བ་འཛེག་པའི་དོན་དུ་བཀྲལ་ཞིང་འགྲེལ་པ་ཆེ་ཆུང་གཉིས་སུ་འཛེག་འཇུག་གི་དོན་སོ་སོར་གསུངས་པ་ནི།མདོར་ཅི་ཙམ་གྱིས་འཇུག་འཛེག་གམ་ཞུགས་པ་དང་གནས་པ་དྲིས་པའི་ལན་དུ་དང་པོ་ལྔ་འཇུག་པ་དང་ཕྱི་མ་བཞི་འཛེག་པའི་སྒྲས་གསུངས་པས་ཡིན་ནོ་ཞེས་གསུངས།ཡུམ་གསུམ་གནོད་འཇོམས་ལས་ཀྱང་འཛེག་འཇུག་གམ་ཞུགས་གནས་སོ་སོར་བྱས་ནས་ཞུགས་པ་མོས་སྤྱོད་ནས་དང་གནས་པ་ས་བརྒྱད་པ་ནས་འཇོག་པར་མཛད།ཐུབ་དགོངས་སུ་འགྲོ་བར་རྩོམ་པ།ཞུགས་པ།གནས་ནས་འགྲོ་བ་ཞེས་གསུམ་དུ་བྱས་ནས་འགྲོ་བར་རྩོམ་པ་མོས་སྤྱོད་དང༌།ཞུགས་པ་ས་དང་པོ་བདུན་དང་གནས་ནས་འགྲོ་བ་ཕྱི་མ་གསུམ་ལ་བཞག་གོ།འདིར་འཇུག་སྒྲུབ་འདི་དག་གིས་འཇུག་ཡུལ་དེ་དག་ལ་འཇུག་ཚུལ་དང་སྦྱོར་བ་ལག་ལེན་གཙོ་བོར་བྱས་ནས་ཉམས་སུ་ལེན་ཚུལ་ཇི་ལྟར་ཡིན་དཔྱད།།
         ཚོགས་སྒྲུབ་འཆད་པ་ནི།རྒྱན་ལས།ཚོགས་ནི།།ཞེས་དང༌།བརྩེ་དང་སྦྱིན་ལ་སོགས་པ་དྲུག།ཅེས་སོགས་ཀྱིས་འཆད་ཅིང༌།མཚན་ཉིད་ནི།གསེར་ཕྲེང་ལས།བྱང་ཆུབ་ཆེན་པོ་དངོས་སུ་འབྱིན་པའོ།།དབྱེ་ན་ཚོགས་བཅུ་བདུན་ནོ།།ཞེས་གསུངས།རྣམ་བཤད་ལས།ཚོགས་ཀྱི་སྒྲུབ་པའི་མཚན་ཉིད་ནི།རང་འབྲས་བྱང་ཆེན་དངོས་སུ་འབྱིན་པའི་བྱ་བའོ།།ཞེས་གསུངས།ས་མཚམས་ནི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་ཡོད།ཚོགས་སྒྲུབ་བཅུ་བདུན་གྱི་བརྩེ་བའི་ཚོགས་སྒྲུབ་ནས་ཟུང་འབྲེལ་གྱི་ཚོགས་སྒྲུབ་ཀྱི་བར་བཅུ་ནི་གོ་སྒྲུབ་ལས་འཕྲོས་པ་དང༌།ཐབས་མཁས་ཀྱི་ཚོགས་མན་ཆད་ཀྱི་ཚོགས་སྒྲུབ་བདུན་ནི་འཇུག་སྒྲུབ་ལས་འཕྲོས་པར་གསེར་ཕྲེང་དང་རྣམ་བཤད་ལས་གསུངས་སོ།།བཅུ་བདུན་པོ་འདི་ཡང་བདག་ཉིད་ཆེན་པོས་རྣམ་པ་ལྔར་བསྡུས་ནས་འཆད་པ་ལྟར་འཐད་པར་གསེར་ཕྲེང་དུ་གསུངས་ཤིང༌།དེ་ཡང་བསམ་སྦྱོར་གྱི་དབང་དུ་བྱས་པའི་ཚོགས་སྒྲུབ་བརྩེ་བའི་ཚོགས་སྒྲུབ་ནས་ཤེས་རབ་ཀྱི་ཚོགས་སྒྲུབ་ཀྱི་བར་བདུན་དང༌།མཉམ་པར་བཞག་པ་དང་མ་བཞག་པའི་དབང་དུ་བྱས་ནས་ཞི་གནས་ཀྱི་ཚོགས་སྒྲུབ་ནས་ཐབས་མཁས་ཀྱི་ཚོགས་སྒྲུབ་ཀྱི་བར་བཞི་དང༌།ལྟ་བ་དང་སྤྱོད་པའི་དབང་དུ་བྱས་ནས་ཡེ་ཤེས་ཀྱི་ཚོགས་སྒྲུབ་དང་བསོད་ནམས་ཀྱི་ཚོགས་སྒྲུབ་གཉིས།འབྲས་བུ་སྒྲུབ་པ་དང་དམིགས་པ་འཛིན་པའི་དབང་དུ་བྱས་ནས་ལམ་གྱི་ཚོགས་སྒྲུབ་དང་གཟུངས་ཀྱི་ཚོགས་སྒྲུབ་གཉིས།ཡོན་ཏན་གྱི་རྟེན་བྱེད་པ་དང་ཉེས་པ་སེལ་བའི་གཉེན་པོའི་དབང་དུ་བྱས་ནས་སའི་ཚོགས་དང་གཉེན་པོའི་ཚོགས་སྒྲུབ་གཉིས་བཅས་གསུངས་སོ།།
           ཚོགས་སྒྲུབ་བཅུ་བདུན་པོ་འདི་ལམ་གང་ནས་ཡོད་ཅེ་ན།སློབ་དཔོན་གྱི་སྡུད་འགྲེལ་རྟོགས་སླ་ལས།ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་དང་སྦྱིན་པ་ལ་སོགས་པ་དྲུག་དང་ཞེས་སོགས་ཀྱི་གསུང་ལ་བརྟེན་ནས་དང་པོ་བཅོ་ལྔ་ཆོས་མཆོག་ཆེན་པོ་ནས་དང་ས་དང་གཉེན་པོའི་ཚོགས་སྒྲུབ་གཉིས་ས་བཅུ་ན་ཡོད་པར་གསེར་ཕྲེང་ལས་གསུངས་སོ།།འདིར་གསེར་ཕྲེང་ལས།སྤྱིར་ཚོགས་ཙམ་ཞིག་ལས་དང་པོ་བའི་ས་ནས་ཡོད་ཀྱང་སྒོམ་བྱུང་གཙོ་བོར་གྱུར་པས་སྟོང་ཉིད་རྟོགས་པ་དང་རང་འབྲས་བྱང་ཆུབ་ཀྱི་དངོས་ཀྱི་རྒྱུ་ཚོགས་ཞིག་ལ་ཚོགས་སུ་འདོད་པས་ཞེས་གསུངས་པས་ཚོགས་སྒྲུབ་ལ་སྟོང་ཉིད་རྟོགས་པའི་བློ་མི་དགོས་པ་ཤེས་སླ་ལ།རང་འབྲས་བྱང་ཆུབ་ཀྱི་དངོས་ཀྱི་རྒྱུ་དགོས་པར་གསུངས་པ་ལ་སྦྱོར་ལམ་ཆོས་མཆོག་ཆེན་པོ་སྐད་ཅིག་གཉིས་པའི་ཡེ་ཤེས་དེ་རང་འབྲས་བྱང་ཆུབ་ཆེན་པོའ་ིདངོས་རྒྱུ་ཡིན་ན་དེ་དེའི་དངོས་རྒྱུ་མིན་པར་ཐལ།དེ་དང་རང་འབྲས་བྱང་ཆུབ་ཆེན་པོའི་བར་དུ་ཆོས་གཞན་གྱིས་ཆོད་པའི་ཕྱིར་ཏེ་དེ་སྐད་ཅིག་གསུམ་པ་དང་དང་པོས་ཆོད་པའི་ཕྱིར།མ་ཁྱབ་པ་ཡང་མིན་ཏེ།དཔེར་ན།མིག་ཤེས་སྐད་ཅིག་དང་པོ་དང་གསུམ་པའི་བར་དུ་དེ་སྐད་ཅིག་གཉིས་པའི་ཆོད་པའི་རྒྱུ་མཚན་གྱིས་མིག་ཤེས་སྐད་ཅིག་དང་པོ་དེ་སྐད་ཅིག་གསུམ་པའི་དངོས་རྒྱུ་མིན་པར་འཇོག་པ་བཞིན་མཚུངས་པའི་ཕྱིར།ཆོས་གཞན་གྱིས་ཆོད་ཀྱང་དངོས་རྒྱུར་འཇོག་ཅེ་ན།དངོས་རྒྱུ་དང་བརྒྱུད་རྒྱུའི་གོ་དོན་ཇི་ལྟར་བྱེད།ཡང་ཚོགས་སྒྲུབ་ཀྱི་མཚན་ཉིད་ལ་བྱང་ཆེན་དངོས་སུ་འབྱིན་པའི་བྱ་བར་གསུངས་པས་ཆོས་མཆོག་ཆེན་པོས་དངོས་སུ་འབྱིན་བྱར་གྱུར་པའི་མཐོང་ལམ་ལྟ་བུ་བྱང་ཆེན་དུ་འདོད་དགོས་པ་འདྲ་ཡང༌།རྗེ་བཙུན་པ་དང༌།པཎ་ཆེན།མཁས་གྲུབ་བསྟན་དར་བ་སོགས་ཀྱིས་དེ་བྱང་ཆེན་དུ་མི་བཞེད།ཀུན་མཁྱེན་གྱིས་བྱང་ཆེན་དུ་བཞེད་ཅིང་དེའི་སྒྲུབ་བྱེད་ལ་རྣམ་བཤད་ལས།བཅུ་བདུན་པོ་འདི་དག་གིས་མྱུར་དུ་ཡང་དག་པར་འགྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འབྲས་བུར་འཛིན་པར་བྱེད་པའི་ཕྱིར་ཞེས་པའི་གསུང་ལ་བརྟེན་ནས་མྱུར་བར།སྦྱར་བའི་དགོས་པ་ཡོད་པའི་ཕྱིར་དང༌།ཆོས་མཆོག་ཆེན་པོ་ནས་བཞག་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཞེས་གུང་ཐང་གི་ཕར་ཕྱིན་ལས་གསུངས།དེ་བྱང་ཆུབ་ཆེན་པོར་མི་བཞེད་མཁན་ཚོ་ལྟར་ན་རྣམ་བཤད་ལས།གནས་སྐབས་ཀྱི་བྱང་ཆུབ་ཆེན་པོ་མཐོང་ལམ་རྩེ་སྦྱོར་གྱི་རྒྱུ་སྟོན་པ་ལ་ངེས་པར་སྦྱར་བར་བྱའོ།།ཞེས་དང༌།རང་འབྲས་བྱང་ཆེན་དངོས་སུ་འབྱིན་པའི་བྱ་བའོ།།ཞེས་པའི་གནས་སྐབས་དང་རང་འབྲས་ཞེས་པའི་ཚིག་གི་ནུས་པ་ལ་དཔག་ནས་དང་དེ་ཐོབ་པས་བྱང་ཆུབ་ཆེན་པོ་ཐོབ་པའི་གོ་མི་ཆོད་པའི་ཆ་ནས་འགྲེལ་ལམ་ཡང་ན་ཇི་ལྟར་ཡིན་དཔྱད།ཡང་འདིར་སྤྱིར་ཚོགས་ཙམ་ལས་དང་པོ་ནས་ཡོད་གསུངས་པའི་ཙམ་སྒྲས་ཚོགས་ཁྱད་པར་ཅན་གཅོད་ན་དེ་ཡང་ཅུང་མི་འགྲིག་པར་མངོན་ཏེ།འདི་ལྟར་ཐེག་ཆེན་ཚོགས་ལམ་ཆེན་པོ་ནས་ཆོས་གཟུགས་ཀྱི་སྐུའི་ལག་རྗེས་འཇོག་བྱེད་ཁྱད་པར་ཅན་ཡོད་པས་དེ་ལ་ཚོགས་ཁྱད་པར་ཅན་དུ་མི་འཇོག་ན།འགྲེལ་པ་དོན་གསལ་ལས།ཡང་དག་པར་འགྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འཛིན་པར་བྱེད་པའི་ཕྱིར་ན་སྙིང་རྗེ་ཆེན་པོ་ལ་སོགས་པ་ནི་ཚོགས་ཡིན་པས་ཞེས་པའི་དོན་དང༌།དགོངས་པ་རབ་གསལ་ལས།བསོད་ནམས་དང་ཡེ་ཤེས་སྤྱི་ལ་ཚོགས་ཀྱི་སྒྲ་ཙམ་འཇུག་པ་ཡོད་ཀྱང༌།ཚོགས་ཀྱི་སྒྲ་འཇུག་པའི་གཙོ་བོ་ནི་ཞེས་དང༌།བླ་ན་མེད་པའི་བྱང་ཆུབ་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཐབས་ཀྱིས་འབྲས་བུ་འཛིན་པ་ལ་གསུངས་པ་ལྟར་གྱིས་དོན་ཚང་བའི་བསོད་ནམས་དང་ཡེ་ཤེས་སོ།དོན་དེ་མ་ཚང་བ་གཉིས་ནི་ཕལ་བའོ།།ཞེས་དང༌།སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ།།བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས།།བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད།།སངས་རྒྱས་གཟུགས་ཀྱི་ཞེས་སོགསjགསུངས་པ་དང་རྣམས་བསྡུར་ནས།ཚོགས་གཙོ་ཕལ་དང་ཉན་རང་ལ་ཚོགས་ཁྱད་ཅན་ཡོད་མེད་ལ་དཔྱད་བྱ་མང༌།།དེས་ན་ཙམ་སྒྲས་ཚོགས་ཀྱི་གཙོ་བོ་གཅོད་ཀྱང་དེ་ཁྱད་པར་ཅན་མི་གཅོད་པས་སྐྱོན་མེད་ཅེས་ཟེར་ན་དཔྱད།འབྲས་བུ་འཛིན་འབྱིན་གཉིས་ལ་ཡང་ཁྱད་པར་ཡོད་དེ།མཆིམས་མཛོད་ལས།འབྲས་བུ་འཛིན་པ་ནི་འབྲས་བུ་བསྐྱེད་པའི་ནུས་པ་མཐུ་ཅན་ཡིན་པས་འབྲས་བུ་འབྱིན་པ་ནི་འབྲས་བུ་དངོས་སུ་བསྐྱེད་པའོ།ཞེས་གསུངས།ཡང་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས་དེ་ཚོགས་སྒྲུབ་དང་པོ་བཅོ་ལྔ་པོ་ཡིན་མིན་དང༌།ཞི་གནས་དང་ལྷག་མཐོང་གི་ཚོགས་སྒྲུབ་ལ་དེ་ཟུང་འབྲེལ་གྱི་ཚོགས་སྒྲུབ་ཡིན་པས་ཁྱབ་པ་འདྲ་བས་ཟུང་འབྲེལ་གྱི་དོན་གང་དུ་འཇོག་མིན་དང་ལམ་གྱི་ཚོགས་སྒྲུབ་དང་མཉམ་པར་བཞག་མ་བཞག་གི་དོན་སོགས་ལ་དཔྱད།།ངེས་འབྱུང་སྒྲུབ་པ་འཆད་པ་ནི།རྒྱན་ལས།ངེས་པར་འབྱུང་བཅས།།ཞེས་དང༌།ཆེད་དུ་བྱ་དང་མཉམ་ཉིད་དང༌།།ཞེས་སོགས་ཀྱིས་འཆད་དོ།།མཚན་ཉིད་ནི་གསེར་ཕྲེང་ནས།འབྱུང་ས་མཐར་ཐུག་ཏུ་གདོན་མི་ཟ་བར་འབྱིན་བྱེད་ས་བཅུ་པའི་ཁྱད་པར་གྱི་ལམ་གྱིས་བསྡུས་པའོ།།ཞེས་དང༌།དབྱེ་ན།འབྱུང་སའི་སྒོ་ནས་འབྱིན་བྱེད་ཀྱི་སྒྲུབ་པ་བརྒྱད་དོ།།ཞེས་གསུངས།རྣམ་བཤད་ནས།ངེས་འབྱུང་སྒྲུབ་པའི་མཚན་ཉིད་ནི།རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱིན་པའི་དག་སའི་རྣལ་འབྱོར།།ཞེས་དང༌།ས་མཚམས་དག་པ་ས་གསུམ་ནའོ།།ཞེས་གསུངས།ངེས་འབྱུང་སྒྲུབ་པ་བརྒྱད་པོ་འདི་ཡང་སློབ་པ་དང་མི་སློབ་པའི་མཐར་ཐུག་གི་ངེས་པར་འབྱུང་སའི་དབང་དུ་བྱས་ནས་མི་སློབ་ལམ་ན་བདུན་དང༌།སློན་ལམ་ན་གཅིག་ཏུ་བྱས་པ་ཡིན་ཏེ།གསེར་ཕྲེང་ལས།སྒྲུབ་པ་འདི་འབྱུང་ས་མཐར་ཐུག་ཏུ་འབྱིན་བྱེད་ཡིན་ལ།དེ་ཡང་སློབ་པ་དང་མི་སློབ་པའི་སྒོ་ནས་མཐར་ཐུག་པ་གཉིས་སུ་ཡོད་པའི་ཕྱིར་མི་སློབ་ལམ་ན་བདུན་དང༌།སློབ་ལམ་ན་གཅིག་ཏུ་བྱས་པ་ནི་རིགས་སོ།།ཞེས་གསུངས།རྣམ་བཤད་ལས།ངེས་པར་འབྱུང་ས་སྤྱིའི་དབང་དུ་བྱས་ནས་ཆེན་པོ་གསུམ་གཅིག་ཏུ་བྱས་པ་དང༌།བྱེ་བྲག་སེམས་ཆེན་པོའ་ིདབང་དུ་བྱས་པ་གསུམ།སྤོང་བ་ཆེན་པོའི་དབང་དུ་བྱས་པ་གཉིས།རྟོགས་པ་ཆེན་པོའི་དབང་དུ་བྱས་པ་གཉིས་བཅས་སུ་ཕྱེ་བར་གསུངས་ཏེ།དེ་ཉིད་ལས།ངེས་པར་འབྱུང་ས་ཆེད་དུ་བྱ་བ་སོགས་སྤྱི་དང་བྱེ་བྲག་བརྒྱད་ཀྱི་སྒོ་ནས་ཤེས་པར་བྱ་བའི་ཕྱིར།ཞེས་གསུངས།རྟོགས་དཀའི་སྣང་བ་ལས་ནི་མཐར་ཐུག་དང་གནས་སྐབས་ཀྱི་སྒོ་ནས་འཇོག་ཅིང༌།དེ་ཡང་མཐར་ཐུག་ངེས་པར་འབྱུང་ས་ལ་དང་པོ་བདུན་དང༌།གནས་སྐབས་ཀྱི་ངེས་པར་འབྱུང་ས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གཅིག་ཏུ་བྱས་པ་ཡིན་ཏེ།དེ་ཉིད་ལས།ངེས་འབྱུང་སྒྲུབ་པ་བརྒྱད་དུ་ངེས་ཏེ།གནས་སྐབས་དང་མཐར་ཐུག་གི་ངེས་པར་འབྱུང་བ་བརྒྱད་དུ་ངེས་པའི་ཕྱིར།ཞེས་གསུངས།ངེས་འབྱུང་སྒྲུབ་པ་བརྒྱད་དུ་འབྱེད་པའི་རྒྱུ་མཚན་ནི་གསེར་ཕྲེང་ལས།འབྱེད་པའི་རྒྱུ་མཚན་ནི་ངེས་པར་འབྱུང་བའི་གཞི་རྣམ་པ་བརྒྱད་ཡིན་པས་སོ།།ཞེས་གསུངས་ལ་ངེས་པར་འབྱུང་ས་བརྒྱད་དུ་ངེས་པ་ཡང་རྣམ་བཤད་ལས།ངེས་པར་འབྱུང་ས་བརྒྱད་དུ་ངེས་ཏེ།བརྒྱད་ཡོད་ཅིང་ངེས་པར་འབྱུང་བར་བྱ་བའི་གཞི་བརྒྱད་པོ་དེ་ལྟ་བུ་དག་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར།ཞེས་གསུངས།ངེས་པར་འབྱུང་ཚུལ་ནི་མི་དམིགས་པར་རྟོགས་པའི་ཚུལ་གྱིས་ཡིན་ཏེ།གསེར་ཕྲེང་ལས།ངེས་པར་འབྱུང་བའི་ཚུལ་ནི་ཆོས་ཐམས་ཅད་ཅིར་ཡང་མི་དམིགས་པར་རྟོགས་པ་ཉིད་ཀྱིས་སོ།།ཞེས་པ་ལྟར་རོ།།ས་མཚམས་གསེར་ཕྲེང་ལས།ས་བཅུ་པའི་ཁྱད་པར་རམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞག་པ་བུ་ཉ་ལྟར་གཙོ་བོར་དགོངས་ལ།རྣམ་བཤད་ལས།ས་བརྒྱད་པ་ནས་བཞག་ཅིང༌།དེ་ཡང་ཐོགས་མེད་ཀྱིས་སྒོམ་ལམ་དང༌།སློབ་དཔོན་གྱིས་ཁྱད་པར་གྱི་ལམ་དུ་བཤད་པས་ཡིན་ལ།གཙོ་བོ་འབད་རྩོལ་རགས་པ་མེད་པར་རྣམ་མཁྱེན་དུ་ངེས་པར་འབྱུང་བས་ཡིན་ན།།ཞེས་གུང་ཐང་གི་མཆན་འགྲེལ་དང་ཕར་ཕྱིན་གཉིས་སུ་གསུངས་སོ།།སྦྱོར་ཚུལ་སྐབས་མཐའ་འདས་ཀྱི་ངེས་འབྱུང་རྣམ་བཤད་ནས་སྤོང་བ་ཆེན་པོའ་ིཁྱད་པར་ལ་སྦྱར་ལ།རྟོགས་དཀའི་སྣང་བ་ལས་ཇི་ལྟ་བ་རྟོགས་པ་དང་སྦྱར་བས་ངེས་འབྱུང་སྒྲུབ་པ་བརྒྱད་པོ་འགལ་མིན་ཡང་དཔྱད།།
སླར་སྨྲས་པ།དོན་ཕན་ལེགས་བཤད་མཆིས་ཚེ་བླ་མའི་དྲིན།།ཉེས་ཚོགས་རང་གི་རྨོངས་པ་རི་མོར་མངོན།།འདི་ལྟའི་ཆོས་ཀྱི་བགྲོ་བ་མཛད་པ་ཡིས།།བསྟན་པའི་སྙིང་པོ་རིང་དུ་གསལ་བར་ཤོག། །།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

བརྒྱུད་འགོད།