གསེར་ཕྲེང་རྩོམ་གཞི་དགུ་པའི་དྲིས་ལན།

ཡོང་ཁུངས།   ལེགས་བཤད་གསེར་ཕྲེང་བགྲོ་གླེང་།     སྤེལ་དུས།  2016-03-03 15:01:50     རྩོམ་པ་པོ།   ལྷ་རམས་པ་ངག་དབང་སངས་རྒྱས།     ཀློག་ཐེངས།  

          གསུམ་པ་ལ་གཉིས།འདོད་པ་འགོད་པ་དང་།དེའི་འཐད་ཕྱོགས་བསྟན་པའོ་ཞེས་པ་ནས་དེར་ཡང་དང་པོར་མཐར་ཐུག་པའི་ཤེས་པ་ལ་གཞི་ཤེས་སུ་བཤད་ནས་ཕྱིས་ཐུན་མོང་དུ་བཤད་པ་ལྟར་རོ་ཞེས་པའི་བར་གྱི་དྲིས་ལན། 
                                      IMG_9945.JPG

                 ཟབ་མོ་ཤེར་ཕྱིན་གྱི་དོན་ལ་ཅུང་ཙམ་དཔྱད་པ།ཤེར་ཕྱིན་དངོས་བཏགས་གཞུང་གི་དཀའ་གནད་ཀུན།།འཕགས་བོད་མཁས་པའི་གསུང་ལ་གཞི་བཅོལ་ནས།།རང་དང་སྐལ་མཉམ་ཚོགས་ལ་ཕན་ཕྱིར་ཏུ།།ཅུང་ཙམ་འགྲེལ་ལ་སྤྲོ་བ་ངང་གིས་འཕེལ།།འདིར་སྐབས་སུ་བབས་པ་ལུས་མདོར་བསྟན་ལས་འཕྲོས་ཏེ་ཤེར་ཕྱིན་གྱི་སྐོར་བཤད་པ་ལ་གཉིས།འདོད་པ་འགོད་པ་དང༌།དེའི་འཐད་ཕྱོགས་བསྟན་པའོ།།དང་པོ་ལ་གསུམ།གནོད་འཇོམས་དང༌།ཕྱོགས་གླང་རྗེས་འབྲས་དང་བཅས་པ་དང༌།དེ་ལས་གཞན་པའི་ལུགས་སོ།།
              དང་པོ་ནི།གསེར་ཕྲེང་ལས།ཡུམ་གསུམ་གནོད་འཇོམས་ལས་ཞེས་པ་ནས་ཡེ་ཤེས་བཞི་རྣམས་ཤེར་ཕྱིན་བཏགས་པ་བ་ཡིན་ལ་སྔ་མ་མཚན་ཉིད་པར་བཞེད་དོ།།ཞེས་པའི་བར་གྱི་དོན་བཤད་ན།ཡུམ་གསུམ་གནོད་འཇོམས།འབུམ་གྱི་གནོད་འཇོམས།མན་ངག་རྗེས་འབྲང་གསུམ་གྱི་ཤེར་ཕྱིན་འདོད་ཚུལ་དོན་ཚན་གསུམ་ལས།ཤེར་ཕྱིན་ལ་དངོས་བཏགས་ཀྱི་ཁྱད་པར།བོད་སྔ་མའི་འདོད་པ་དགག་ཚུལ་དང༌།དོན་བསྡུས་པའོ།།དང་པོ་ནི།སྨོན་ལམ་སོགས་རྣམ་པ་དགུའི་ཕ་རོལ་ཏུ་སོན་པའི་སངས་རྒྱས་སའི་རྡོར་ཏིང་སྣང་མེད་ཀྱི་འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཤེར་ཕྱིན་དངོས་དང༌།སངས་རྒྱས་ཀྱི་རྗེས་ཐོབ་སྣང་བཅས་མེ་ལོང་ཡེ་ཤེས།མཉམ་ཉིད་ཡེ་ཤེས།སོ་སོར་རྟོག་པའི་ཡེ་ཤེས།བྱ་བ་སྒྲུབ་པའི་ཡེ་ཤེས་རྣམས་དང༌།ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་ཡེ་ཤེས་རྣམས་དེའི་རྒྱུ་ལས་བྱུང་བས་འབྲས་བུ་ལ་རྒྱུའི་མིང་གི་བཏགས་པའི་ཤེར་ཕྱིན་བཏགས་པ་དང༌།བཞུང་ཤེར་ཕྱིན་རྣམས་ཤེར་ཕྱིན་གྱི་རྒྱུ་ཡིན་པས་རྒྱུ་ལ་འབྲས་བུའི་མིང་གི་བཏགས་པའི་ཤེར་ཕྱིན་བཏགས་པ་བ་དང༌།མོས་སྤྱོད་ཀྱི་ས་ནས་ཆོས་ཀྱི་སྤྲིན་གྱི་བར་གྱི་བྱང་སེམས་ཀྱི་ས་རྣམས་ལའང་ཤེར་ཕྱིན་གྱི་མིང་ཙམ་འཇུག་པས་ཤེར་ཕྱིན་བཏགས་པའོ།།
             གཉིས་པ་ནི།བོད་སྔ་མ་རྣམས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་འཁྲུལ་ནས་ཤེར་ཕྱིན་དངོས་རྒྱུན་མཐའི་ཡི་ཤེས་ལ་བཞེད་པར་འཆད་པ་ནི།གནོད་འཇོམས་ཀྱི་དགོངས་པ་མིན་ཏེ།གནོད་འཇོམས་གཉིས་དང༌།མན་ངག་རྗེས་འབྲང་གསུམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའི་ཤེར་ཕྱིན་ནི་སངས་རྒྱས་ཀྱི་སར་གཏོགས་པའི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་ཡེ་ཤེས་སུ་བྱེད་པའི་ཕྱིར་དང༌།ཁྱད་པར་དུ་མན་ངག་རྗེས་འབྲང་ལས།འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡང་དག་པར་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ་ཞེས་ཤེར་ཕྱིན་སངས་རྒྱས་འཕགས་པའི་མཁྱེན་པ་ལ་གསུངས་པའི་ཕྱིར།གཞན་ཡང༌།གནོད་འཇོམས་ཀྱི་སྐབས་གཞན་དུ་རྡོར་ཏིང་ལྟ་བུའི་ཏིང་ངེ་འཛིན་རྣམ་མཁྱེན་ལ་བཤད་པའི་ཕྱིར་དང༌།ས་བཅུ་པ་མན་ཆད་ཀྱི་རྟོགས་པ་ཤེར་ཕྱིན་བཏགས་པ་བར་བཤད་པའི་ཕྱིར་རོ།།གསུམ་པ་དོན་བསྡུས་པ་ནི།སངས་རྒྱས་ཀྱི་སས་བསྡུས་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སྣང་མེད་ཀྱི་མཉམ་གཞག་ཡེ་ཤེས་ནི་ཤེར་ཕྱིན་དངོས་དང༌།དེའི་རྒྱུ་ལས་བྱུང་བའི་རྗེས་ཐོབ་སྣང་བཅས་ཀྱི་ཡེ་ཤེས་རྣམས་ཤེར་ཕྱིན་བཏགས་པ་བར་འདོད་དོ།།
              གཉིས་པ་ཕྱོགས་གླང་རྗེས་འབྲང་དང་བཅས་པའི་བཤད་ཚུལ་ལ་གཉིས།རྒྱན་སྣང་ལས་བཤད་ཚུལ་དང༌།ཚིག་གསལ་ལས་བཤད་ཚུལ་ལོ༌།།དང་པོ་ནི༌།རྒྱན་སྣང་ལས།ཞེས་པ་ནས་བཤད་པ་ཡིན་ནོ་ཞེས་པའི་བར་གྱི་དོན་བཤད་ན།གཙོ་བོའི་དབང་དུ་བྱས་ན་ཤེར་ཕྱིན་དེ་ཁྱད་ཆོས་གསུམ་དང་ལྡན་དེ།རྟེན་གྱི་ཁྱད་པར་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པ༌།ངོ་བོའི་ཁྱད་པར་ཡུལ་སྟོང་པ་ཉིད་དང༌།ཡུལ་ཅན་ཡེ་ཤེས་གཉིས་ཐ་དད་ཀྱི་སྣང་བ་ནུབ་པའི་སྒོ་ནས་ཆུ་ལ་ཆུ་བཞག་པ་བཞིན་དུ་མངོན་སུམ་དུ་རྟོགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པ།དགག་བྱ་བདེན་གྲུབ་དང་བྲལ་བའི་སྒྱུ་མ་ལྟ་བུའི་ཡེ་ཤེས་ནི་ཤེར་ཕྱིན་གྱི་གཙོ་བོ་དང༌།དེ་ཐོབ་བྱེད་ཀྱི་ཐབས་སུ་གྱུར་བའི་གཞུང་ཤེར་ཕྱིན་དང༌།ལམ་ཤེར་ཕྱིན་ནི་ཤེར་ཕྱིན་ཕལ་པའོ།།དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས།ཤེས་རབ་ཕ་རོལ་ཕྱིན་གཉིས་མེད།།ཡེ་ཤེས་དེ་ནི་དེ་བཞིན་གཤེགས།།བསྒྲུབ་བྱའི་དོན་དེ་དང་ལྡན་པས།།གཞུང་ལམ་དག་ལ་དེ་སྒྲ་ཡིན།།ཞེས་གསུངས་སོ།།ཤེས་རབ་ཕ་རོལ་ཞེས་པས་མཚོན་བྱ་ཤེར་ཕྱིན་དང༌།།གཉིས་མེད་ཡེ་ཤེས་དེ་ནི་དེ་བཞིན་གཤེགས།ཞེས་པས་ཤེར་ཕྱིན་གྱི་ཁྱད་ཆོས་དང༌།བསྒྲུབ་བྱའི་དོན་དེ་དང་ལྡན་པས།།གཞུང་ལམ་དག་ལ་དེ་སྒྲ་ཡིན༌།།ཞེས་པས་གཞུང་ལམ་གཉིས་ཤེར་ཕྱིན་ཕལ་པ་བསྟན་པ་ཡིན་ནོ།།ཕྱོགས་གླང་གི་ཤེར་ཕྱིན་གྱི་ཁྱད་ཆོས་གཉིས་ལྡན་བསྟན་པ་ཡིན་ཏེ།གཉིས་མེད།།ཞེས་པས་གཟུང་འཛིན་རྫས་ཐ་དད་ཀྱི་སྟོང་བ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པ།དེ་ནི་དེ་བཞིན་གཤེགས།།ཞེས་པས་རྟེན་གྱི་ཁྱད་པར་སངས་འཕགས་ཁོ་ནའི་རྒྱུད་ལ་ཡོད་པར་བསྟན།དེ་ཡང་གཞུང་འདི་ཡིས་ཤེར་ཕྱིན་གྱི་གཙོ་བོ་དེ།ཁྱད་ཆོས་གསུམ་ལྡན་ནམ་གཉིས་ལྡན་བསྟན་པའོ།།གཉིས་པ་ཚིག་གསལ་ལས་བཤད་ཚུལ་ནི།ཚིག་གསལ་དུ་ནི་ངོ་བོ་ཉིད་དང༌།ཞེས་པ་ནས།འདིས་ཀྱང་ལུང་དེའི་དོན་གཙོ་ཕལ་ལ་འདོད་ཞེས་པའི་བར་གྱི་དོན་བཤད་ན༌།ཤེར་ཕྱིན་ལ་རང་བཞིན་ཤེར་ཕྱིན་དང༌།དེ་ལ་རྟེན་ཤེར་ཕྱིན་གཉིས་ལས།དང་པོ་ནི།ཆོས་ཐམས་ཅད་བདེན་པའི་སྟོང་པའི་སྟོང་ཉིད་ལྟ་བུའོ།དེ་ནི་རྟེན་སྟོང་གཞི་ཆོས་ཅན་དང༌།ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད་པ་ཡིན་ཏེ།མདོ་ལས་ཤེར་ཕྱིན་ཡི་གེ་མ་ཡིན་ཏེ་དེ་ལ་སུ་ཡང་སྟོན་པ་དང༌།ཉན་པ་དང༌།ཤེས་པར་བྱེད་པ་མེད་དོ་ཞེས་སོ།།ཡུལ་སྟོང་ཉིད་མ་རྟོགས་པར་ཡུལ་ཅན་ཡེ་ཤེས་ཤེར་ཕྱིན་དུ་བཞག་པར་མི་ནུས་པས།ཡུལ་ཅན་ཡེ་ཤེས་ཤེར་ཕྱིན་དུ་བཞག་པ་ནི་ཡུལ་སྟོང་ཉིད་རྟོགས་པའི་འཐུས་ཡིན་ནོ།།
                གཉིས་པ་ནི།འབྲས་བུ་ཤེར་ཕྱིན་དང༌།ལམ་ཤེར་ཕྱིན།གཞུང་ཤེར་ཕྱིན་དང་གསུམ་ལས།དང་པོ་ནི།དེ་བཞིན་ཉིད་མེད་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དམིགས་པ་གང་བརྟེན་ནས་ཀྱང་མི་སྐྱེ་བས་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་མཐར་ཕྱིན་པའི་ཡེ་ཤེས་དེ་འབྲས་བུ་ཤེར་ཕྱིན་དང༌།གཉིས་པ་དང༌།གསུམ་པ་ནི།དེ་མེད་ན་དེ་ཐོབ་པའི་ཆེད་དུ་ལམ་ལ་ཞུགས་པ་དང༌།གཞུང་ལ་ཐོས་བསམ་གྱི་འཇུག་པ་མེད་པས་འབྲས་བུ་ཤེར་ཕྱིན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་བའི་སྟོང་ཉིད་རྟོགས་པའི་བྱང་སེམས་ཀྱི་མཁྱེན་པ་ལམ་ཤེར་ཕྱིན་དང༌།དེ་ཐོབ་བྱེད་ཀྱི་ཐབས་སུ་གྱུར་བའི་སྟོང་ཉིད་སྟོན་པའི་གཞུང་དེ་དག་གཞུང་ཤེར་ཕྱིན་ཡིན་ནོ།།དེ་ཡང་འབྲས་བུ་ཤེར་ཕྱིན་གཙོ་བོ་དང༌།གཞུང་ལམ་གཉིས་ཕལ་པའོ།།དོན་བསྡུས་ན།ཚིག་གསལ་ལས།ཤེར་ཕྱིན་ལ་རང་བཞིན་ཤེར་ཕྱིན།གཞུང་ཤེར་ཕྱིན།ལམ་ཤེར་ཕྱིན།འབྲས་བུ་ཤེར་ཕྱིན་དང་བཞི་ལས།དང་པོ་གཉིས་བཏགས་པ་དང༌།ཕྱི་མ་གཉིས་མཚན་ཉིད་པའོ།།ཕྱི་མ་གཉིས་ལས།ལམ་ཤེར་ཕྱིན་ཕལ་བ་དང༌།འབྲས་བུ་ཤེར་ཕྱིན་གཙོ་བོ་འདོད་དོ།།གསུམ་པ་དེ་དག་ལས་གཞན་པའི་ལུགས་ལ་གསུམ།དག་ལྡན་ལས་བཤད་ཚུལ།ཡེ་ཤེས་ཞབས་ཀྱི་བཤད་ཚུལ།བི་མ་ལ་མི་ཊཱས་བཤད་ཚུལ།དང་པོ་ནི།གསེར་ཕྲེང་ལས།གསུམ་པ་དག་ལྡན་ལས།ཞེས་པ་ནས།རྗེས་སུ་འབྲང་བར་མངོན་ནོ།།ཞེས་པའི་བར་གྱི་དོན་བཤད་ན།ཤནྟི་པའི་དག་ལྡན་ལྟར་ན་ས་བཅུའི་མཉམ་གཞག་རབ་ཏུ་དགའ་བ་ན་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་གྱི་ས་བཅུའི་ཡེ་ཤེས་རྣམས་ཤེར་ཕྱིན་མཚན་ཉིད་པ་དང༌།སོ་སྐྱེའི་ཚོགས་སྦྱོར་གྱི་ས་གཉིས་ནི།ས་བཅུའི་རྒྱུ་ཡིན་པས་ཤེར་ཕྱིན་ཞེས་བཏགས་པ་དང༌།སངས་རྒྱས་ཀྱི་ཆོས་སྐུ་མཛད་དང་བཅས་པ་ནི།ས་བཅུའི་འབྲས་བུ་ཡིན་པའི་ཕྱིར་ཤེར་ཕྱིན་ཞེས་མིང་གི་བཏགས་པ་དང༌།དེས་ན་ས་བཅུའི་ཡེ་ཤེས་ནི་ཤེར་ཕྱིན་མཚན་ཉིད་པ་དང༌།སོ་སྐྱེའི་ས་དང་སངས་རྒྱས་ས་གཉིས་ནི་ཤེར་ཕྱིན་བཏགས་པ་བར་འདོད་དོ།།ས་བཅུའི་མཉམ་གཞག་ཡེ་ཤེས་ཤེར་ཕྱིན་མཚན་ཉིད་པ་ཡིན་པའི་རྒྱུ་མཚན་ནི་མདོ་ལས་འབྲས་བུ་ཆོས་སྐུ་ཐོབ་པར་འདོད་པ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་ལ།ཇི་ལྟར་བསླབ་པར་བྱ་ཞུས་པས་ལན་དུ་བསྒྲུབ་པ་ལ་གདམས་པའི་མདོ་བཀའ་བསྩལ་ནས་རྣམ་གཡེང་གི་རྣམ་རྟོག་བཅུའི་གཉེན་པོ་བྱེད་པ་ཞིག་ལ་བསླབ་པར་བྱ་བ་གསུངས།རྣམ་རྟོག་བཅུའི་གཉེན་པོ་བྱེད་ནུས་ཤིང་བྱ་བ་དང་ལྡན་པའི་ས་བཅུའི་ཡེ་ཤེས་ཤེར་ཕྱིན་དངོས་དང༌།མོས་སྤྱོད་ཀྱི་ས་ནི་གཉེན་པོ་བྱེད་མི་ནུས་ཤིང༌།སངས་རྒྱས་ཀྱི་ས་ནི་གཉེན་པོའ་ིབྱ་བ་དང་བྲལ་བས་ཤེར་ཕྱིན་མིན་ནོ།།དེ་ལྟར་ཐེག་བསྡུས་ལས།རྣམ་པར་གཡེང་བ་བཅུ་པོ་འདི་དག་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་ཏེ།དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་མཐའ་དག་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་བཅས་པར་རེག་པར་བྱའོ་ཞེས་པའི་རྗེས་སུ་འབྲང་པའོ།།དོན་བསྡུས་ན།དག་ལྡན་ལྟར་ན།ཤེས་པའི་རབ་ཡིན་པས་ན་ཤེས་རབ་བོ།དེ་ཡང་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་པས་ནའོ།ས་བཅུའི་མཉམ་གཞག་ཡེ་ཤེས་ནི།ཤེར་ཕྱིན་དངོས་དང༌།ཚོགས་སྦྱོར་གྱི་ས་དང༌།སངས་རྒྱས་ཀྱི་ས་གཉིས་ཤེར་ཕྱིན་བཏགས་པ་བ་འདོད་དོ།། 

             གཉིས་པ་ཡེ་ཤེས་ཞབས་ཀྱི་བཤད་ཚུལ་ནི།གསེར་ཕྲེང་ལས།ཡེ་ཤེས་ཞབས་ཞེས་པ་ནས་གསུངས་སོ་ཞེས་པའི་བར་གྱི་དོན་བཤད་ན།ཤེས་རབ་ནི་སྤྱིར་ན་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་ཡིན་ལ།དེའི་ཕ་རོལ་ནི་མོས་སྤྱོད་ཚོགས་སྦྱོར་གྱི་གནས་སྐབས་སུ་སྟོང་ཉིད་དོན་སྤྱིའི་ཚུལ་གྱི་རྟོགས་པའམ་མོས་པ་ཡིད་ལ་བྱེད་པའི་ཚུལ་གྱི་རྟོགས་ལ།ས་རབ་ཏུ་དགའ་བ་ནས་མངོན་སུམ་དུ་རྟོགས་པ་ཡིན་པས།དེས་ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་དུ་ཕྱིན་པའོ།དོན་བསྡུས་ན།ཡེ་ཤེས་ཞབས་ཀྱི་བྱང་སེམས་ཚོགས་སྦྱོར་རྣམས།སྟོང་ཉིད་དོན་སྤྱིའི་ཚུལ་གྱི་རྟོགས་ཤིང་ཤེར་ཕྱིན་གྱི་རྒྱུ་ཙམ་དང།ས་རབ་ཏུ་དགའ་བ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེར་ཕྱིན་དུ་བཞག་གོ།གསུམ་པ་ལ།བི་མ་ལ་མེ་ཊས་དྲིི་མེད་བཤེས་གཉེན་གྱི་འདོད་ཚུལ་ནི།གསེར་ཕྲེང་ལས།བི་མ་ལ་མེ་ཊས་ཞེས་པ་ནས་ཤེར་ཕྱིན་མཚན་ཉིད་དུ་བཞེད་པ་ཡིན་ནོ་ཞེས་པའི་བར་གྱི་དོན་བཤད་ན།དོན་དམ་པའི་ཤེར་ཕྱིན་ནམ་འབྲས་བུ་ཤེར་ཕྱིན་ནི་ཡེ་ཤེས་ཀྱི་ཆོས་སྐུ་དང༌།རྒྱུའི་ཤེར་ཕྱིན་ནམ་ལམ་ཤེར་ཕྱིན་ནི་སེམས་བསྐྱེད་པ་ནས་བཟུང་ངེས་འབྱུང་སྒྲུབ་པའི་བར་གྱི་བྱང་སེམས་ཀྱི་ལམ་རྣམས་ཡིན་ནོ།།དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་ཞེས་པའི།ལ་སྒྲའི་དོན་འགྲེལ་ཚུལ་ནི།ལ་སྒྲ་འབྲས་བུ་ཤེར་ཕྱིན་ལ་སྦྱར་ན།ཤིང་གི་ཆེད་དུ་ཆུ་འདྲེན་པ་ལ་དེ་ལ་ཆུ་འདྲེན་ཞེས་པ་ལྟར།འབྲས་བུ་ཤེར་ཕྱིན་ཐོབ་པའི་ཆེད་དུ་ལམ་ལ་སློབ་པ་གོ་བས།རྣམ་དབྱེ་བཞི་པ་དགོས་ཆེད་ཡིན་ལ།རྒྱུ་ལམ་ཤེར་ཕྱིན་ལ་སྦྱར་ན་ཤིང་ལ་བྱ་གནས་ཞེས་པ་ལྟར་ལམ་ཤེར་ཕྱིན་ཉམས་སུ་ལེན་བཞིན་པའམ་ལམ་ཤེར་ཕྱིན་ལ་གནས་པ་གོ་བས་རྣམ་དབྱེ་བདུན་པ་གནས་གཞི་ཡིན་ལ།དོན་བསྡུས་ན།བི་མ་ལ་མི་ཏྲས་ནི།བྱང་སེམས་ཚོགས་ལམ་ནས་བཟུང་སྟེ་རྒྱུན་མཐའི་ཡེ་ཤེས་བར་གྱི་ལམ་རྣམས་ནི།ལམ་ཤེར་ཕྱིན་དང༌།ཡེ་ཤེས་ཆོས་སྐུ་ནི་འབྲས་བུ་ཤེར་ཕྱིན་ནོ།དེ་ཡང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་སྤྱོད་ཅེས་ལ་སྔ་མའི་དོན་བཤད་ཚུལ་མི་འདྲ་བ་གཉིས་བྱུང་ངོ༌།།
              གཉིས་པ་དེའི་འཐད་ཕྱོགས་སྟོན་པ་ལ་ནི།གསེར་ཕྲེང་ལས།གཉིས་པ་ནི་དེ་ལྟར་ཞེས་པ་ནས་སེམས་བྱུང་ཤེས་རབ་ཁོ་ནར་འདོད་པར་མི་བྱའོ།།ཞེས་པའི་བར་གྱི་དོན་བཤད་ན།དེ་ལའང་གཞན་གྱི་ལུགས་དང༌།རང་ལུགས་བཞག་པ་དང༌།མཐའ་དཔྱོད་པའོ།།དང་པོ་ནི༌།དེ་ལ་སློབ་དཔོན་ཕྱོགས་གླང་དང་སློབ་དཔོན་སེང་གེ་བཟང་པོའ་ིདགོངས་པ་དེ།སྔོན་གྱི་མཁས་པ་དང་ཕྱིས་ཀྱི་ཊཱིཀ་ཆེན་དག་གི་འགྲེལ་ཚུལ་ནི།འགྲེལ་ཆེན་ལས།དེ་ལྟར་ཐོས་པ་དང་བསམ་པ་སྒོམ་པའི་རང་བཞིན་གྱི་ཞེས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཞེས་པའི་བར་གྱིས་ཤེར་ཕྱིན་གྱི་སྒྲ་བཤད་པ་ཡིན་ཏེ།དོན་ནི།སངས་འཕགས་ཀྱི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན།ཁྱོད་ལ་ཤེས་རབ་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ།ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ཡིན་པའི་ཕྱིར།དེ་ཆོས་ཅན།ཁྱོད་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གང་ཞིགརང་རྒྱུ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པའི་ཡེ་ཤེས་ཡིན་པའི་ཕྱིར།སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞེས་པ་ནས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་པའོ།།ཞེས་པའི་བར་གྱི་ཤེར་ཕྱིན་དངོས་བཏགས་ཀྱི་ཁྱད་པར་བསྟན་ཏེ།དོན་ནི་འབྲས་བུ་ཤེར་ཕིན་དེ་ཤེར་ཕྱིན་དངོས་དང༌།གཞུང་ལམ་གཉིས་ཀའི་ཤེར་ཕྱིན་དེ་བཏགས་པ་བ་ཡིན་པའི་ཕྱིར༌།དེས་ན་ཁྱད་ཆོས་བཞིས་ཁྱད་པར་དུ་བྱས་པའི་མཐར་ཐུག་གི་མཁྱེན་པ་དེ།ཤེར་ཕྱིན་གྱི་མཚན་ཉིད།དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་བཞི་སྟེ།རང་བཞིན་ཤེར་ཕྱིན།གཞུང་ཤེར་ཕྱིན།ལམ་ཤེར་ཕྱིན།འབྲས་བུ་ཤེར་ཕྱིན་དང་བཞིའོ།།དང་པོ་སྟོང་ཉིད་ལྟ་བུ།གཉིས་པ་ནི།ཤེར་ཕྱིན་གྱི་མདོ་དང་དེའི་དགོངས་འགྲེལ་བསྟན་བཅོས་ལྟ་བུ།གསུམ་པ་ནི།བྱང་སེམས་ཀྱི་མཁྱེན་པ་ལྟ་བུ།བཞི་པ་ནི།རྣམ་མཁྱེན་ལྟ་བུའོ།ཁྱད་ཆོས་བཞི་ནི་རྟེན་གྱི་ཁྱད་པར་སངས་རྒྱས་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པ།རྣམ་པའི་ཁྱད་པར་གཉིས་སུ་མེད་པ།ངོ་བོ་ཡེ་ཤེས་ཡིན་པ།དགག་བྱ་དང་བྲལ་བའི་ཁྱད་པར་བདེན་སྟོང་སྒྱུ་མ་ལྟ་བུའོ།དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཞལ་སྔ་ནས་ཀྱི་ཞེས་པ་ནས།ཞེས་བཤད་པ་ཡིན་ནོ་ཞེས་པའི་བར་གྱིས་ཤེས་བྱེད་ཀྱི་ལུང་འགོད་པ་ཡིན་ཏེ།དོན་ནི།ཤེར་ཕྱིན་ལ་དངོས་བཏགས་ཀྱི་ཁྱད་པར་མཐད་དེ།དེ་ཡང་ཡིན་ཏེ།ཤེས་རབ་ཕ་རོལ་ཕྱིན་ཅེས་པས་མཚན་ཉིད་དེ་བསྟན་ནས་དེའི་དོན་འགྲེལ་བ་ལ།གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི།།ཞེས་གསུངས།དེ་བཞིན་གཤེགས།།ཅེས་པས་རྟེན་གྱི་ཁྱད་པར་དེ་བསྟན་ནས།དེའི་དོན་འཆད་པ་ལ།སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞེེས་གསུངས།བསྒྲུབ་བྱའི་དོན་དེ་དང་ལྡན་པས།།གཞུང་ལམ་དག་ལ་དེ་སྒྲ་ཡིན།།ཞེས་པས་གཞུང་ཤེར་ཕྱིན་དང་ལམ་ཤེར་ཕྱིན་ལ་ཤེར་ཕྱིན་འདོགས་པའི་རྒྱུ་མཚན་དེ་བསྟན་ནས།དེའི་དོན་འཆད་པ་ལ།དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ནི་ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང༌།མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་པའོ།ཞེས་གསུངས།དོན་བསྡུས་ན།དེ་དག་གིས་འབྲས་བུ་ཤེར་ཕྱིན་ཤེར་ཕྱིན་དངོས་དང༌།གཞུང་ལམ་རང་བཞིན་ཤེར་ཕྱིན་གསུམ།ཤེར་ཕྱིན་བཏགས་པ་འདོད་པ་ཡིན་ནོ།།
            གཉིས་པ་རང་ལུགས་བཞག་པ་ནི།སློབ་དཔོན་གཉིས་ཀྱི་དགོངས་པ་ཞིབ་ཏུ་བཙལ་ནས་དངོས་བཏགས་སུ་མི་འདོད་པར་གཙོ་ཕལ་ཏུ་འདོད་དགོས་པར་སྣང་སྟེ།དཀོན་མཆོག་འབངས་ཀྱི་མཛད་པའི་དོན་བསྡུས་འགྲེལ་བ་ལས།འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་དོན་རྣམ་གཉིས་སུ་བསྟན་པ་ཡིན་ཏེ།གཙོ་བོ་དང་ཕལ་བའོ།དེ་ལ་གཙོ་བོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིདདོ།།ཕལ་པ་ནི་གཞུང་དང་ལམ་གྱི་རང་བཞིན་ནོ།།རྒྱན་སྣང་ལས།ཤེས་རབ་ཕ་རོལ་ཕྱིན་གཉིས་མེད།།ཡེ་ཤེས་དེ་ནི་དེ་བཞིན་གཤེགས།།ཅེས་ལུང་ཤེས་བྱེད་དུ་དྲངས་པ་ཡང་ཤེར་ཕྱིན་གྱི་གཙོ་བོ་ལོ་དགོངས་པའོ།།དོན་བསྡུས་ན།འབྲས་བུ་ཤེར་ཕྱིན་ཤེར་ཕྱིན་གྱི་གཙོ་བོ་དང༌།གཞུང་ལམ་གཉིས་ཀྱི་ཤེར་ཕྱིན་ཕལ་པ་དང༌།འབྲས་བུ་ཤེར་ཕྱིན་དང༌།ལམ་ཤེར་ཕྱིན་གཉིས་ཤེར་ཕྱིན་བཏགས་པའོ།།ལམ་ཤེར་ཕྱིན་ཤེར་ཕྱིན་དངོས་ཡིན་ཏེ།ཤེར་ཕྱིན་ཕལ་བ་ཡིན་པས་ཤེར་ཕྱིན་ཡིན་པ་མི་འགལ་ཏེ་མི་ཕལ་བ་མི་ཡིན་པ་བཞིན་ནོ།།གཞུང་ཤེར་ཕྱིན་ཤེར་ཕྱིན་དངོས་མིན་ཏེ་གདུལ་བྱའི་རྒྱུད་ཀྱི་རྣམ་རིག་མིང་ཚིག་ཏུ་སྣང་བ་ཙམ་ཡིན་པའི་ཕྱིར་རོ།།གསུམ་པ་ལ་གསུམ།ཤེར་ཕྱིན་གྱི་མཚན་ཉིད།ས་མཚམས།ངེས་ཚིག་གོ།དང་པོ་ནི།ཐེག་ཆེན་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི་མཚན་གཞི་དང༌།མཚན་ཉིད་ནི།སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཡེ་ཤེས་གང་ཞིག།མི་གནས་པའི་མྱང་འདས་སུ་ཕྱིན་ཟིན་པ་དང༌།ཕྱིན་བྱེད་གང་རུང་དེ།དེ་ལྟར་གསེར་ཕྲེང་ལས།དེས་ན་ཐེག་ཆེན་གྱི་འཕགས་ལམ་གསུམ་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཆ་རྣམས་མཚན་གཞིར་བཟུང་ང་ོ།དེ་ལྟར་ཡང་གསེར་ཕྲེང་ལས།ཆོས་ཐམས་ཅད་སྤྲོས་བྲལ་དུ་མངོན་སུམ་རྟོགས་པ་གང༌།མི་གནས་པའི་མྱང་འདས་སུ་ཕྱིན་པའམ་ཕྱིན་བྱེད་དོ།།དབྱེ་བ་གཉིས་ཏེ།ལས་སྒྲུབ་ཀྱི་ཤེར་ཕྱིན་དང༌།བྱེད་སྒྲུབ་ཀྱི་ཤེར་ཕྱིན་གཉིས།དང་པོ་དང་འབྲས་བུ་ཤེར་ཕྱིན་དོན་གཅིག།གཉིས་པ་དང་ལམ་ཤེར་ཕྱིན་དོན་གཅིག་གོ།དེའི་རྗེས་སུ་འབྲང་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང༌།མཁས་གྲུབ་བསྟན་དར་བ་གཉིས་ཀྱིས།སེམས་ཅན་གྱི་ས་ལ་ཤེར་ཕྱིན་ཡོད་པར་ཁས་བླངས་ཏེ།ཀུན་མཁྱེན་གྱི་ཕར་ཕྱིན་ལས།དམ་པ་བཅུ་དང་ལྡན་པའི་ལམ།ཕར་ཕྱིན་གྱི་མཚན་ཉིད།འཁོར་བ་ཕྲ་རགས་ཀྱི་ཕ་རོལ་དུ་ཕྱིན་ཟིན་པའི་ཡེ་ཤེས་ཁྱད་པར་གསུམ་ལྡན་ནམ་བཞི་ལྡན་དེ།ལས་གྲུབ་ཕར་ཕྱིན་གྱི་མཚན་ཉིད།དམ་པ་དྲུག་གམ་བཅུ་ལྡན་གྱི་སློབ་ལམ་དེ།བྱེད་སྒྲུབ་གྱི་བསྟན་པའི་ཕར་ཕྱིན་མཚན་ཉིན་ཅེས་གསུངས་ལ།མཁས་གྲུབ་བསྟན་དར་གྱིས་མཛད་པའི་ཕར་ཕྱིན་སྤྱི་དོན་རྣམ་བཤད་སྙིང་པོའ་ིརྒྱན་གྱི་སྣང་བ་ལས།རང་ལུགས་ལ།ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་མཁྱེན་པ་ཤེར་ཕྱིན་གྱི་མཚན་ཉིད་ཅེས་གསུངས་སོ།།
            གསུམ་པ་ས་མཚམས་ལ་གཉིས།བཏགས་པའི་མཐའ་དགག་པ་དང༌།གནས་པའི་དོན་འགོད་པའོ།།དང་པོ།ཁ་ཅིག་ན་རེ།སློབ་ལམ་རྣམས་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་ཡོད་པས་ཤེར་ཕྱིན་ནི་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དེ།ཤེས་པ་རབ་ཀྱི་མཐར་ཕྱིན་ཡིན་པས་སོ།།ཞེས་ཟེར་ཏེ།དེ་ནི་མི་འཐད་དེ།དེ་ལ་གནོད་བྱེད་བཅུ་གཅིག་ཡོད་པའི་ཕྱིར།བཅུ་གཅིག་གང་ཞེ་ན།༡༽བྱང་སེམས་འཕགས་པའི་ལམ་ཐབས་ཤེས་གཉིས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པར་ཐལ་བ།༢༽བྱང་སེམས་ཀྱི་བསླབ་པ་གསུམ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པར་ཐལ་བ༌།༣༽བྱང་སེམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པར་ཐལ་བ།༤༽སློབ་ལམ་ན་ཕར་ཕྱིན་ལྔ་མེད་པར་ཐལ་བ།༥༽སློབ་ལམ་ན་སྦྱིན་སོགས་ཕར་ཕྱིན་དང་པོ་ལྔ་སངས་རྒྱས་ཀྱི་སར་མ་ནོར་བར་འཁྲིད་བྱེད་ཀྱི་ལམ་མེད་པར་ཐལ་བ།༦༽ཕར་ཕྱིན་བཅུ་རྫོགས་པས་ས་བཅུ་རྫོགས་པར་མི་འཐད་པར་ཐལ་བ།༧༽སློབ་ལམ་ན་སྤྱོད་པ་པོ་བྱང་འཕགས་མེད་པར་ཐལ་བ།༨༽ཐེག་བསྡུས་ལས་སློབ་ལམ་ན་ཤེར་ཕྱིན་ཡོད་པར་གསུངས་པ་མི་འཐད་པར་ཐལ་བ།༩༽རྒྱལ་བ་རྣམས་ཀྱི་ཟག་མེད་ཀྱི་ཕུང་པོ་བསྐྱེད་བྱེད་དང༌།རྒྱལ་སྲས་རྣམས་ཀྱི་ཐར་ལམ་གྱི་མིག་ཉམས་པར་འགྱུར་བར་ཐལ་བ།༡༠༽ཕར་ཕྱིན་དྲུག་ལ་དམན་མཆོག་གི་ཁྱད་པར་མེད་པར་ཐལ་བ༌།༡༡༽རྣམ་མཁྱེན་གྱི་ཤེས་རྣམ་དུ་གྱུར་བའི་ཕར་ཕྱིན་བཅུ་བྱང་སེམས་ལ་ཡོད་པ་དང༌།རྗེས་མཐུན་པའི་རྣམ་མཁྱེན་གྱི་ཤེས་རྣམ་མ་ཡིན་པར་ཐལ་བའོ།།སྤྱོད་འཇུག་ལས།ཡན་ལག་འདི་དག་ཐམས་ཅད་ནི།།ཐུབ་པས་ཤེས་རབ་དོན་དུ་གསུངས།།ཞེས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་ཕར་ཕྱིན་འདི་ཉིད་ངོ་བོ་གོང་འཕེལ་ཏུ་འགྲོ་རྒྱུའི་ཐབས་སུ་ཕར་ཕྱིན་དང་པོ་ལྔ་ཉམས་སུ་ལེན་པའི་ཕྱིར།དེས་ན་ཕར་ཕྱིན་དང་པོ་ལྔ་ཐབས་དང༌།ཤེས་རབ་ཀྱི་ཕར་ཕྱིན་ཤེས་རབ་ཀྱི་བསྡུས་པའོ།།དེ་འདྲའི་བྱང་སེམས་ཀྱི་ཐབས་ཤེས་གཉིས་ཀྱང་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པར་འགྱུར་རོ།།གཉིས་པ་གྲུབ་སྟེ།དགོངས་པ་རབ་གསལ་ལས།དེ་ལ་ས་དང་པོ་ནི།བསླབ་པའི་རྟེན་དང༌།བསླབ་པའི་ངོ་བོ་ལ་གཉིས་པར་ལྷག་པའི་ཚུལ་ཁྲིམས་དང༌།གསུམ་པར་སྷག་པའི་སེམས་ཀྱི་བསླབ་པ་དང༌།བཞི་པ་ནས་དྲུག་པའི་བར་གསུམ་ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་འཇོག་པ་ལ།།ཞེས་གསུངས་པ་ལྟར།སྦྱིན་པའི་ཕར་ཕྱིན་བསླབ་པའི་རྟེན་དང༌།ཚུལ་ཁྲིམས་ཀྱི་ཕར་ཕྱིན་བསླབ་པ་ཚུལ་ཁྲིམས་ཀྱི་ནང་དུ་བསྡུས་པ་དང༌།བཟོད་པའི་ཕར་ཕྱིན་གྱི་བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པའི་ནང་དུ་བསྡུས་པ་དང༌།བརྩོན་འགྲུས་དང༌།བསམ་གཏན།ཤེས་རབ་ཀྱི་ཕར་ཕྱིན་གསུམ།ཤེས་རབ་ཀྱི་བསླབ་པའི་ནང་དུ་འདུས་པས་བྱང་སེམས་ཀྱི་བསླབ་པ་གསུམ་ཡང་སངས་རྒྱས་ཀྱི་ས་ཁོ་ནར་འགྱུར་བའི་ཕྱིར་རོ།།གསུམ་པ་གྲུབ་སྟེ།དབུ་མ་འཇུག་པ་ལས།སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ།།བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས།།བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད།།སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ།།ཞེས་སོགས་གསུངས་པ་ལྟར།ཕར་ཕྱིན་དང་པོ་གསུམ་བསོད་ནམས་ཀྱི་ཚོགས་དང༌།གཟུགས་སྐུ་ལག་རྗེས་འཇོག་བྱེད།ཕར་ཕྱིན་མཐའ་མ་གསུམ་ཡེ་ཤེས་ཀྱི་ཚོགས་དང༌།ཆོས་སྐུ་ལག་རྗེས་འཇོག་བྱེད་གསུངས་པས།བྱང་སེམས་ཀྱི་བསོད་ནམས་ཀྱི་ཚོགས་དང༌།ཡེ་ཤེས་ཀྱི་ཚོགས་ཀྱང་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པར་འགྱུར་རོ།བཞི་བ་གྲུབ་སྟེ།ཡུམ་གྱི་མདོ་ལས་འཁོར་ལོར་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བྲལ་ན་འཁོར་བསྒྱུར་གྱི་མིང་མི་འཐོབ་བོ།།དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་ན་ཕ་རོལ་དུ་ཕྱིན་པའི་མིང་མི་འཐོབ་བོ།།ཞེས་གསུངས་པ་ལྟར།སློབ་ལམ་ན་ཕར་ཕྱིན་དང་པོ་ཡང་མེད་པར་ཐལ།ཤེས་རབ་ཀྱི་ཕར་ཕྱིན་མེད་པའི་ཕྱིར།ཁྱབ་ཏེ།ཕར་ཕྱིན་དང་པོ་ལ་ཕར་ཕྱིན་འཇོག་པ་དེ་ཤེས་རབ་ཀྱི་ཕར་ཕྱིན་ལ་རག་ལས་པའི་ཕྱིར་རོ།ལྔ་པ་གྲུབ་སྟེ།དབུ་མ་འཇུག་པ་ལས།ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ།།མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི།།ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས།།མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ།།ཞེས་གསུངས་པ་ལྟར།སློབ་ལམ་ན་ཕར་ཕྱིན་དང་པོ་ལ་རྣམ་མཁྱེན་དུ་མ་ནོར་བར་འཁྲིད་བྱེད་ཀྱི་འཕགས་ལམ་མེད་པར་ཐལ།ཤེས་རབ་ཀྱི་ཕར་ཕྱིན་མེད་པའི་ཕྱིར།ཁྱབ་སྟེ།དེ་རྣམས་རྣམ་མཁྱེན་དུ་འཁྲིད་བྱེད་ཤེས་རབ་ཀྱི་ཕར་ཕྱིན་ཡིན་པའི་ཕྱིར།དྲུག་པ་གྲུབ་སྟེ།འཇུག་འགྲེལ་ལས།དེ་ཡང་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་དང༌།མཐུ་ཕུལ་དུ་བྱུང་བ་ཐོབ་པ་དང༌།སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་ཐོབ་པ་དང༌།རྣམ་པར་སྨིན་པ་འཕེལ་བའི་བྱེ་བྲག་གིས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བས་རྣམ་པ་བཅུར་བཞག་གོ།ཞེས་གསུངས་པ་ལྟར།སློབ་ལམ་ན་ཕར་ཕྱིན་རྫོགས་པས་ས་བཅུ་རྫོགས་པར་བཞག་པ་མ་ཡིན་པར་ཐལ།སློབ་ལམ་ན་ཕར་ཕྱིན་བཅུ་མེད་པའི་ཕྱིར།བདུན་པ་གྲུབ་སྟེ།ཤཱ་རིའི་བུ་ཆོས་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།།ཞེས་གསུངས་པ་ལྟར།སློབ་ལམ་ན་སྤྱོད་པ་པོ་བྱང་འཕགས་མེད་པར་ཐལ།སྤྱད་པར་བྱ་བའི་ཕར་ཕྱིན་མེད་པའི་ཕྱིར།བརྒྱད་པ་གྲུབ་སྟེ།ཐེག་བསྡུས་ལས།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ་ཇི་སྐད་དུ།བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་མི་གནས་པའི་ཚུལ་གྱིས་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ།།ཞེས་ཐེག་བསྡུས་ཀྱི་ལུང་དོན་མ་གྲུབ་པར་ཐལ།སློབ་ལམ་ན་ཕར་ཕྱིན་མེད་པའི་ཕྱིར།།དགུ་པ་གྲུབ་སྟེ།འཕགས་པ་སྡུད་པ་ལས།དམུས་ལོང་དམིགས་བུ་མེད་པར་བྱེ་བ་ཁྲག་ཁྲི་རྣམས།།ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར།།ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས།།དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན།སློབ་ལམ་ན་རྒྱལ་བ་རྣམས་ཀྱིས་གཤེགས་པའི་ཤུལ།རྒྱལ་བ་རྣམས་ཀྱི་ཟག་མེད་ཀྱི་ཕུང་པོ་སྐྱེད་བྱེད།བྱང་སེམས་རྣམས་མིག་ཉམས་པར་བྱས་པར་ཐལ།སློབ་ལམ་ན་ཤེར་ཕྱིན་མེད་པའི་ཕྱིར།ཁྱབ་སྟེ།དེ་རྣམས་ཤེར་ཕྱིན་ཏུ་བཞག་དགོས་པའི་ཕྱིར༌།བཅུ་པ་གྲུབ་སྟེ།མདོ་སྡེ་རྒྱན་ལས།སྔ་མ་ལ་བརྟེན་ཕྱི་མ་སྐྱེ།།དམན་དང་མཆོག་ཏུ་གནས་ཕྱིར་དང༌།།རགས་པ་དང་ནི་ཕྲ་བའི་ཕྱིར།།དེ་དག་རིམ་པ་བསྟན་པ་ཡིན།།ཞེས་གསུངས་པ་ལྟར།ཕར་ཕྱིན་བཅུ་ལ་ཕྲ་རགས་དང༌།དམན་མཆོག་གི་ཁྱད་པར་མི་འཐད་པར་ཐལ།དེ་རྣམས་ཡེ་ཤེས་ཆོས་སྐུ་གང་ཞིག།ཆོས་སྐུ་ལ་ཁྱད་པར་མེད་པའི་ཕྱིར།བཅུ་གཅིག་པ་གྲུབ་སྟེ།མངོན་རྟོགས་རྒྱན་ལས།སུམ་ཅུ་བདུན་དང་སུམ་ཅུ་བཞི།།སུམ་ཅུ་རྩ་དགུ་དག་ཏུ་བཞེད།།ཅེས་གསུངས་པ་ལྟར།སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཕར་ཕྱིན་བཅུ་དེ་བྱང་སེམས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་ཤེས་རྣམ་མ་ཡིན་པར་ཐལ།བྱང་སེམས་རྒྱུད་ལ་ཕར་ཕྱིན་བཅུ་མེད་པའི་ཕྱིར།།གཉིས་པ་གནས་དོན་འགོད་པ་ནི།སྤྱིར་བསྟན་བཅོས་རྣམས་ལ་འགྲེལ་ཚུལ་དུ་མ་ཡོད་པས།དེ་དག་ཕྱོགས་གཅིག་ཏུ་སྒྲིག་མི་ནུས་པས་རང་གིས་གང་འཆད་པའི་གཞུང་དེ་ཉིད་ཚད་མར་བྱེད་དགོས་སོ།།མངོན་རྟོགས་རྒྱན་དང༌།ཡུམ་བར་མ་དང༌།དབུ་མ་འཇུག་པ་གསུམ་ལས།སློབ་ལམ་ན་ཤེར་ཕྱིན་ཡོད་པ་གསལ་བར་བསྟན་ཏེ།མངོན་རྟོགས་རྒྱན་ལས།སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།།བསམ་གཏན་ཤེས་རབ་རབ་རྫོགས་པས།།སློབ་མ་དང་ནི་བསེ་རུ་ལ།།དགའ་དང་སྐྲག་པའི་སེམས་སྤངས་པ༌།།བསླངས་ན་མི་ཞུམ་བདོག་པ་ཀུན།།གཏོང་ཡང་མི་དགའ་མེད་པ་དང༌།།དབུལ་ཡང་སློང་བ་མི་སྤོང་བས།།ས་ནི་དྲུག་པ་ཡང་དག་འཐོབ༌།།ཅེས་ས་དྲུག་པའི་ཡོངས་སྦྱོང་གི་སྐབས་སུ་ས་དྲུག་པས་ཕར་ཕྱིན་དྲུག་རྫོགས་པས་སྤང་བྱ་དྲུག་སྤང་བ་གསུངས་པའི་ཕྱིར་ཏེ།དེ་ཡང་སྦྱིན་པའི་ཕར་ཕྱིན་རྫོགས་པས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་འདོད་ཀྱི་དགའ་བ་སྤོང་བ་དང༌།ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པས་བསེ་རུ་རང་རྒྱལ་གྱི་བྱང་ཆུབ་ཐོབ་འདོད་ཀྱི་དགའ་བ་སྤོང་བ་དང༌།སྟོང་ཉིད་ལ་མི་སྐྲག་པའི་བཟོད་པའི་ཕར་ཕྱིན་རྫོགས་པས་བདེན་པའི་ངོ་བོ་ཉིད་སྐྲག་པའི་སེམས་སྤོང་བ་དང༌།བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པས་སློང་བ་པོས་བསླང་ན་མི་ཞུམ་སྟེ་ཞུམ་པའི་སེམས་སྤོང་བ་དང༌།གཏོང་བ་ལ་ཡིད་རྩེ་གཅིག་པའི་བསམ་གཏན་གྱི་ཕར་ཕྱིན་རྫོགས་པས་བདོག་པ་ཀུན་བཏང་ཡང་མི་དགའ་བ་སྤོང་བ་དང༌།སྦྱིན་པའི་ཕན་ཡོན་རྟོགས་པའི་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པས་དབུལ་ཡང་སློང་བ་པོ་མི་སྤོང་བ་སྟེ་ཡལ་བར་འདོར་བའི་སེམས་སྤོང་བ་དང་དྲུག་གསུངས་པའི་ཕྱིར་རོ།།གཞན་ཡང་མངོན་རྟོགས་རྒྱན་ལས།ཚུ་རོལ་ཕ་རོལ་མཐའ་ལ་མིན།།དེ་དག་བར་ན་མི་གནས་པ།།དུས་གསུམ་མཉམ་པ་ཉིས་ཤེས་ཕྱིར།།ཤེས་རབ་ཕ་རོལ་ཕྱིན་པར་འདོད།།ཅེས་སློབ་ལམ་ན་ཤེར་ཕྱིན་ཡོད་པར་བསྟན་ཏེ།གཞུང་དེས་དུས་གསུམ་པའི་ཆོས་རྣམས་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡེ་ཤེས་དེ་རྟེན་སངས་རྒྱས་བྱང་སེམས་རྣམས་ཀྱི་རྒྱུད་ལ་ཉེ་བར་བསྟན་པའི་ཕྱིར།དེ་ལྟར་འགྲེལ་པ་དོན་གསལ་ལས།དུས་གསུམ་པའི་ཆོས་རྣམས་སྐྱེ་བ་མེད་པའི་རྣམ་པར་མཉམ་པ་ཉིད་དུ་རྟོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་གྱུར་བར་འདོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་ཞེས་གསུངས།དབུ་མ་འཇུག་པ་ལས་ཀྱང།ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ།།ཞེས་ཤེས་རབ་ཀྱི་ཕར་ཕྱིན་མེད་པར།ཕར་ཕྱིན་གཞན་རྣམས་ཀྱིས་སངས་རྒྱས་ཀྱི་ས་ལ་འགྲེལ་བགྲོད་མི་ནུས་པར་གསུངས་པའི་ཕྱིར།དེར་མ་ཟད་མདོ་སྡེ་རྒྱན་ལས།སྔ་མ་ལ་བརྟེན་ཕྱི་མ་སྐྱེ་ཞེས་པ་དང༌།དེའི་བ་རྣམས་སུ་ཕར་ཕྱིན་དྲུག་ལ་སྐྱེ་བའི་རིམ་པ་དང༌།དམན་མཆོག་གི་རིམ་པ་དང༌།ཕྲ་རགས་ཀྱི་རིམ་པ་སོགས་ཀྱི་ཤེར་ཕྱིན་སློབ་ལམ་ན་ཡོད་པར་གསལ་བའི་ཕྱིར།ད་དུང་མངོན་རྟོགས་རྒྱན་གྱིས་བཤད་བྱ་རྩ་བའི་མདོ་རྣམས་སུ་ཤེར་ཕྱིན་བྱང་སེམས་ཀྱི་ཁྱད་ཆོས་སུ་བཤད་པའི་ཕྱིར་རོ།།
              གསུམ་པ་སྒྲ་བཤད་པ་ནི།མདོ་སྡེ་རྒྱན་ལས།དོན་དམ་ཤེས་པའི་ཕྱིར་བཤད་དོ།།ཞེས་གསུངས་པ་ལྟར།དོན་དམ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་པའི་རབ་ཡིན་པས་ན་ཤེས་རབ་དང༌།དེ་ལ་ཕ་རོལ་ནི་འཁོར་བའི་རྒྱ་མཚོའི་ཕར་འགྲམ་དང༌།ངོགས་ཏེ་སྒྲིབ་གཉིས་མ་ལུས་པ་སྤངས་པའི་སངས་རྒྱས་སོ།།ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ།།དེ་ཡང་ཤེར་ཕྱིན་གྱི་སྒྲ་བཤད་པའི་གཞི་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་གཙོ་བོར་བྱེད་ཀྱི་གཞན་ལ་གཙོ་བོར་མི་བྱེད་དེ།གསེར་ཕྲེང་ལས།དེ་ལས་བཞན་ལ་ནི་ངེས་པའི་ཚིག་རིགས་པ་མ་ཡིན་ཤིང་སྒྲ་སྦྱར་བ་ཡང་དཀའ་ལ་བཅོམ་སྡན་འདས་ཀྱི་ངེས་པའི་ཚིག་དང་ཡང་འགལ་བར་འགྱུར་རོ།།ཞེས་གསུངས་པའི་ཕྱིར།ཤེར་ཕྱིན་ལ་ཕ་རོལ་ཏུ་སོན་པ་གསུངས་པ་དེ་ཡང་སྒྲ་བཤད་པ་ཙམ་ཡིན།ཤེས་རབ་གསུངས་པ་ཡང་སྒྲ་བཤད་ཙམ་ལས་ཁྱབ་པ་ནི་མིན་ནོ།།དེ་ལྟར་གསེར་ཕྲེང་ལས།དེས་ན་ཆོས་རབ་ཏུ་རྣམ་འབྱེད་ལ་བཤད་ཀྱང་ཤེར་ཕྱིན་ལ་གཙོ་བོ་ཡིན་པའི་བརྗོད་ཀྱི་སེམས་བྱུང་ཤེས་རབ་ཁོ་ནར་འདོད་པར་མི་བྱའོ།།ཞེས་གསུངས་པའི་ཕྱིར་རོ།།
          མཐའ་དཔྱད་པ་ལ།སྐབས་འདིར་ཤེར་ཕྱིན་འདོད་ཚུལ་ལ།ཡུམ་གསུམ་གནོད་འཇོམས།གཞུང་འགྲེལ་གནོད་འཇོམས།མན་ངག་རྗེས་འབྲང༌།རྒྱན་སྣང༌།ཚིག་གསལ༌།དག་ལྡན༌།ཡེ་ཤེས་ཞབས།བི་མ་ལ་མི་ཊས་བཅས་ཀྱི་འདོད་ཚུལ་བརྒྱད་ལས།གསེར་ཕྲེང་གིས་བརྒྱ་སྟོང་དོན་བསྡུས་དང༌།རྒྱན་སྣང་གི་དགོངས་པ་ལྟར་ཤེར་ཕྱིན་ལ་དངོས་བཏགས་ཀྱི་ཁྱད་པར་མི་ཕྱེ་བར་གཙོ་ཕལ་དང༌།ལམ་ཤེར་ཕྱིན་ཕལ་བ་དང༌།འབྲས་བུ་ཤེར་ཕྱིན་གཙོ་བོ་དང༌།སེམས་ཅན་གྱི་ས་ལ་ཤེར་ཕྱིན་མཚན་ཉིད་པ་ཡོད་པ་དང༌།གཞུང་ཤེར་ཕྱིན་ཤེར་ཕྱིན་དངོས་མ་ཡིན་པ་དང༌།ལམ་ཤེར་ཕྱིན་གྱི་གཙོ་བོ་ལ་སྟོང་ཉིད་རྟོགས་པའི་ཁྱབ་པ་དང༌།ཉན་རང་ལ་ཤེར་ཕྱིན་མེད་པ་དང༌།བྱང་སེམས་ཚོགས་སྦྱོར་རྣམས་ལམ་ཤེར་ཕྱིན་གྱི་གཙོ་བོར་མ་ཡིན་པར་ཁས་བླངས་པ་ལ།ཁོ་ན་རེ།རྒྱན་སྣང་དང་བརྒྱད་སྟོང་དོན་བསྡུས་ཀྱི་དགོངས་པ་ཤེར་ཕྱིན་ལ་དངོས་བཏགས་ཀྱི་ཁྱད་པར་མི་ཕྱེ་བར་གཙོ་ཕལ་ལ་བྱེད་པར་ཐལ།གསེར་ཕྲེང་ལས།དེ་ལྟར་འདོད་པ་ཐ་དད་པ་དེ་དག་ལས་འདིར་གང་བཟུང་ཞེ་ན།དེ་ལ་ཕྱོགས་གླང་དང་སློབ་དཔོན་གྱི་བཞེད་པ་ནི་སྔོན་དང་ཕྱིས་ཀྱི་ཊཱིཀ་བྱེད་ཁ་ཅིག་གཞུང་ལམ་བཏགས་པ་བ་དང་འབྲས་བུ་ཤེར་ཕྱིན་མཚན་ཉིད་ཡིན་པའི་སློབ་ལམ་ན་ཤེར་ཕྱིན་ཡོད་པར་བཤད་པ་བཏགས་པ་བ་ལ་དགོངས་ཤིང་མཚན་ཉིད་པ་སངས་རྒྱས་ཀྱི་ས་ན་ཡོད་པར་བཞེད་པར་སྣང་སྟེ།དགོངས་པ་བཙལ་ན་ནི་མཚན་བཏགས་ཀྱི་དོན་དུ་མི་སྣང་གི་གཙོ་ཕལ་ལ་བཞེད་པར་སྣང་སྟེ།ཞེས་སོགས་གསུངས་པའི་ཕྱིར།འདོད་ན།ལམ་ཤེར་ཕྱིན་ཤེར་ཕྱིན་ཡིན་པར་ཐལ།འདོད་ན།རྣམ་བཤད་སྙིང་པོ་རྒྱན་ལས།དེའི་དོན་ནི་ཁྱད་ཆོས་གསུམ་མམ་བཞིས་ཁྱད་པར་དུ་བྱས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ཤེར་ཕྱིན་དངོས་དང༌།ལམ་ཤེར་ཕྱིན་དང་གཞུང་ཤེར་ཕྱིན་བཏགས་པ་བ་ཡིན་ནོ།།ཞེས་གསུངས་པའི་ཕྱིན་དང༌།རྗེ་བཙུན་སྤྱི་དོན་ལས།དོན་ནི་ཤེར་ཕྱིན་ལ་དངོས་བཏགས་ཀྱི་ཁྱད་པར་ཡོད་དེ།འབྲས་བུ་ཤེར་ཕྱིན་དེ་དངོས་དང༌།གཞུང་ལམ་གཉིས་ཀྱི་ཤེར་ཕྱིན་དེ་བཏགས་པ་བ་ཡིན་པའི་ཕྱིར།ཞེས་གསུངས་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།གསེར་ཕྲེང་ལྟར་ན་ཕ་རོལ་ཏུ་ཕྱིན་པའི་དོན་བྱེད་པ་དང༌།ལས་གཉིས་ཀ་ལ་སྦྱར་བས་དངོས་བཏགས་ལ་མི་བྱེད་པར་གཙོ་ཕལ་བཞེས་པའི་ཕྱིར།ཡང་ན།གཞུང་ལམ་གཉིས་ཕྱིན་ཟིན་པའི་ཤེར་ཕྱིན་བཏགས་པ་དང༌།འབྲས་བུ་ཤེར་ཕྱིན་དེ་ཕྱིན་ཟིན་པའི་ཤེར་ཕྱིན་དངོས་ཡིན་པ་བསྟན་པའི་ཕྱིར།དེ་ལྟར་ཡང་མཁས་གྲུབ་བསྟན་དར་བའི་རྣམ་བཤད་སྙིང་པོ་རྒྱན་གྱི་སྣང་བ་ལས།འབྲས་བུ་ཤེར་ཕྱིན་དེ་དེས་བསྟན་པའི་ཕྱིན་ཟིན་པའི་ཤེར་ཕྱིན་དངོས་དང༌།གཞན་གཉིས་ཕྱིན་ཟིན་པའི་ཤེར་ཕྱིན་བཏགས་པ་བ་ཡིན་ཏེ།ཞེས་གསུངས་པའི་ཕྱིར།རྣམ་བཤད་ལྟར་ན།ཕ་རོལ་ཏུ་ཕྱིན་པའི་དོན་ཁོ་ན་ལ་སྦྱར་བས་ལམ་ཤེར་ཕྱིན་ཤེར་ཕྱིན་མ་ཡིན་པ་འདོད་དོ།ཁོ་ན་རེ།སེམས་ཅན་གྱི་ས་ལ་ཤེར་ཕྱིན་ཡོད་པར་ཐལ།གསེར་ཕྲེང་ལས།དེ་ེལྟར་ན་སློབ་ལམ་དང་ཤེར་ཕྱིན་འགལ་བ་འདོད་པ་དག་གིས་བདེ་བར་གཤེགས་པ་ཀུན་གྱིས་གཤེགས་ཤུལ།རྒྱལ་བ་རྣམས་ཀྱི་ཟད་མེད་ཀྱི་ཕུང་པོ་སྐྱེད་བྱེད།བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐར་ལམ་འཚོལ་བའི་མིག་གཅིག་པུ་དེ་ཉིད་སྤངས་པས།དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་འཚོལ་བ་དང་བྲལ་ཞིང་རྒྱལ་སྲས་རྣམས་ཀྱི་མིག་ཉམས་པར་བྱས་པ་ཡིན་ནོ།།ཞེས་གསུངས་པའི་ཕྱིར་དང༌།རྟོགས་དཀའི་སྣང་བ་ལས།གལ་ཏེ་སློབ་ལམ་ན་ཤེར་ཕྱིན་མཚན་ཉིད་པ་མེད་ན་ཕར་ཕྱིན་གཞན་རྣམས་ཀྱང་མེད་པར་འགྱུར་བས།ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པའི་བྱང་སེམས་མི་སྲིད་པར་ཐལ་བ་དང༌།རང་ཉིད་ཀྱི་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་ལམ་དང༌།སྒྲུབ་པ་དང་སྦྱོར་བའི་རྣམ་བཞག་དུ་མ་སྨྲས་པ་ཐམས་ཅད་དང་ཁས་བླངས་ནང་འགལ་དང༌།མདོ་ལས།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་རྣམ་པར་བཞག་པ་མཐའ་ཡས་པ་ཞིག་གསུངས་པ་དང་འགལ་བ་འགྱུར་བ་སོགས་ཉེས་པ་ཤིན་ཏུ་ཆེན་པོ་དང་མང་པོ་དག་ཏུ་འགྱུར་རོ།།འདོད་ན།ལམ་ཤེར་ཕྱིན་ཤེར་ཕྱིན་ཡིན་པར་ཐལ་ལོ།།འདོད་ན།རྣམ་ཤད་སྙིང་པོ་རྒྱན་ལས།གཞུང་དང་ལམ་ཤེར་ཕྱིན་གཉིས་ནི་ཤེར་ཕྱིན་བཏགས་པ་བ་ཡིན་ཏེ།ཞེས་གསུངས་པའི་ཕྱིར་དང༌།འཇུག་འགྲེལ་ལས།དེ་ལ་ཕ་རོལ་ནི་གང་འཁོར་བའི་རྒྱ་མཚོའི་ཕར་འགྲམ་མམ་ངོགས་ཏེ།ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་རང་བཞིན་མངའ་བའི་སངས་རྒྱས་ཉེད་དོ།།དེར་སོན་པ་ནི་དེར་ཕྱིན་པའོ།།ཞེས་གསུངས་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།རྣམ་བཤད་ལས་གསུངས་པ་ནི།ལས་གྲུབ་ཀྱི་དབང་དུ་བྱས་པ་ཡིན་པས།འདིར་ཕ་རོལ་ཏུ་ཕྱིན་པ་ཞེས་ལས་དང་སྦྱར་ན།ཤེར་ཕྱིན་མཚན་ཉིད་པ་སངས་རྒྱས་ཀྱི་ས་དང༌།ལམ་ཤེར་ཕྱིན་ཤེར་ཕྱིན་མཚན་ཉིད་པ་མ་ཡིན་ནོ།།
       གསེར་ཕྲེང་ལྟར་ན་ནི།བྱེད་སྒྲུབ་དང་ལས་སྒྲུབ་གཉིས་ཀའི་དབང་དུ་བྱས་པ་ཡིན་པས།འདིར་ཕ་རོལ་ཏུ་ཕྱིན་པ་ཞེས་ལས་དང་སྦྱར་ན་ལས་སྒྲུབ་དང༌།འདིས་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ཞེས་བྱེད་པ་ལ་སྦྱར་ན།སེམས་ཅན་གྱི་ས་ལ་ཤེར་ཕྱིན་མཚན་ཉིད་པ་དང༌།ལམ་ཤེར་ཕྱིན་ཤེར་ཕྱིན་མཚན་ཉིད་པ་ཡིན་ནོ།དབུ་མ་དགོངས་པ་རབ་གསལ་ལས།དེས་ན་ཕ་རོལ་ཏུ་ཕྱིན་པའི་དོན་ལ་ཕ་རོལ་འདིར་ཕྱིན་པ་ཞེས་ལས་ལ་སྦྱར་ན་སངས་རྒྱས་སར་ཕྱིན་པ་ཡིན་པ་ལ།འདིས་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ཞེས་བྱེད་པ་ལ་སྦྱར་ན།སློབ་ལམ་ན་ཡང་ཕར་ཕྱིན་ཡོད་དོ།།ཞེས་གསུངས་པའི་ཕྱིར།འཇུག་འགྲེལ་ལས་གསུངས་པ་ནི།སྤྱིར་ཤེར་ཕྱིན་གྱི་སྒྲ་བཤད་པ་དང་ཡང་ན་ལས་སྒྲུབ་ཀྱི་ཤེར་ཕྱིན་གྱི་སྒྲ་བཤད་པ་ཙམ་ཡིན་པའི་ཕྱིར།ཡང་ཁོ་ན་རེ།གཞུང་ཤེར་ཕྱིན་ཤེར་ཕྱིན་མཚན་ཉིད་པ་མ་ཡིན་པའི་རྒྱུ་མཚན་གདུལ་བྱའི་རྒྱུད་ཀྱི་རྣམ་རིག་མིང་ཚིག་ཏུ་སྣང་བ་ཙམ་ཡིན་པའི་རྒྱུ་མཚན་གྱི་སྒྲུབ་རྒྱུ་ཡིན་པར་ཐལ།གསེར་ཕྲེང་ལས།དེ་ལྟ་ན་ཡང་གཞུང་སྟོང་ཕྲག་བརྒྱ་པ་ལྟ་བུ་ནི་སྔར་བཤད་པ་ལྟར་གདུལ་བྱའི་རྒྱུད་ཀྱི་རྣམ་རིག་མིང་ཚིག་ཏུ་སྣང་བ་ཙམ་ཡིན་པས་ཤེར་ཕྱིན་མཚན་ཉིད་པ་མིན་ནོ།།འདོད་ན།གཞུང་ཤེར་ཕྱིན་ཆོས་ཅན།བྱེ་བྲག་སྨྲ་བའི་འདོད་པ་ལྟར་ལྡན་མིན་འདུ་བྱེད་ཡིན་པར་ཐལ།འདོད་ན།ཁྱོད་ཐོས་པའི་ཉན་ཤེས་མེད་པར་ཐལ།འདོད་ན།ཁྱོད་ཐོས་བསམ་སྒོམ་གསུམ་བྱེད་པ་ལས་འབྲས་བུ་ཤེར་ཕྱིན་ཐོབ་པའི་རྒྱུ་མཚན་གྱིས་ཁྱེད་ལ་ཤེར་ཕྱིན་ཞེས་མིང་གི་བཏགས་པ་མ་ཡིན་པར་ཐལ།འདོད་ན།རྣམ་བཤད་ལས།བཏགས་པའི་དགོས་པ་ནི།འབྲས་བུ་ཐོབ་པར་འདོད་པས་གཞུང་ལ་ཐོས་བསམ་དང་ལམ་ཉམས་སུ་ལེན་དགོས་པར་ཤེས་པའི་ཕྱིར་རོ།།ཞེས་ཟེར་ན།སྐྱོན་མེད་དེ།གསེར་ཕྲེང་ལས།དེ་ལྟ་ན་ཡང་གཞུང་སྟོང་ཕྲག་བརྒྱ་པ་ལྟ་བུ་ནི།སྔར་བཤད་པ་ལྟར་ཞེས་སོགས་གསུངས་པའི་དོན་ནི་སྤྱིར་གཞུང་འདིའི་དོན་གོ་དཀའ་ཡང༌།གཞུང་འདིས་གཞུང་ཤེར་ཕྱིན་བྱེ་བྲག་སྨྲ་བའི་འདོད་པ་ལྟར་གྱི་ལྡན་མིན་འདུ་བྱེད་དུ་སྟོན་པ་མིན་ལ།སྔར་བཤད་པ་ལྟར་ཞེས་གསུངས་པ་ནི།བཀའ་བསྟན་བཅོས་ཀྱི་འཐད་ཕྱོགས་ངོས་བཟུང་བའི་སྐབས་སུ།གསེར་ཕྲེང་ལས།ཆོས་སྟོན་པ་པོར་སྣང་བ་གཟུགས་སྐུ་གཉིས་དང་ཞེས་པ་ནས་དཔེར་ན་རྨི་ལམ་ན་སྔགས་ལ་སོགས་པ་ལྷའི་མཐུས་རྙེད་པའི་རྣམ་རིག་ཉིད་རང་གི་ཤེས་པ་ཡིན་ཀྱང་ལྷས་བྱས་ཞེས་བརྗོད་པ་བཞིན་ཏེ།ཞེས་བཤད་སྦྱར་དང༌།རྒྱན་སྣང་དང་ཉི་ཤུ་པའི་འགྲེལ་བ་དང༌།རྒྱུད་གཞན་གྲུབ་པའི་འགྲེལ་བ་བཅས་ཤེས་བྱེད་དང་བཅས་པའི་སྒོ་ནས་གྲུབ་པའི་གཞུང་འདི་ཡིན།སྔར་གྱི་གཞུང་འདིས་ཆོས་སྟོན་པ་པོ་དང༌།དེས་བསྟན་པའི་ཆོས་བཀའ་བསྟན་བཅོས་རྣམས་ཕྱི་རོལ་དོན་དུ་མ་གྲུབ་པར་ཤེས་པའི་བདག་ཉིད་ཙམ་སྟོན་པ་ཡིན་ཏེ།ཆོས་སྟོན་པ་པོ་དང༌།དེས་བསྟན་པའི་ཆོས་རྣམ་ཕྱི་རོལ་རྒྱང་ཆད་དུ་སྣང་བ་ནི།གདུལ་བྱས་སྣང་བ་ཙམ་ཡིན་པས།དེ་ལྟར་སྣང་བ་ལྟར་ཉན་པ་པོའི་རྒྱུད་དང་འབྲེལ་གྱི།སངས་རྒྱས་ལ་དེ་ལྟར་མི་སྣང་བ་སྟེ།སྒྲིབ་པ་མ་ལུས་པ་སྤངས་པའི་ཕྱིར་ཞེས་པའི་དོན་ཡིན།ཉན་པ་པོ་ལ་སྣང་བ་ཙམ་གྱི་གཞུང་ཤེར་ཕྱིན་དེ་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདག་རྐྱེན་གྱི་མཐུ་ལས་བྱུང་བས་དེས་བྱས་པར་བཞག་སྟེ།དཔེར་ན།རྨི་ལམ་ན་སྔགས་དང་ལྷའི་མཐུས་རྙེད་པ་དེ་རང་གི་ཤེས་པ་ལ་སྣང་བ་ཙམ་ཡིན་ཡང་ལྷས་བྱས་ཞེས་བརྗོད་པ་བཞིན་ནོ།།ད་ལྟའི་གཞུང་གིས་ཉན་པ་པོ་ལ་སྣང་བ་ཙམ་གྱི་གཞུང་ཤེར་ཕྱིན་དེ་སངས་རྒྱས་མ་ཡིན་པར་ཉན་པ་པོ་དང་འབྲེལ་བས་ཤེར་ཕྱིན་མ་ཡིན་ཞེས་པའི་དོན་ཡིན།མདོར་དྲིལ་ན་གཞུང་སྔ་ཕྱི་གཉིས་ཀས་གཞུང་ཤེར་ཕྱིན་ཕྱི་རོལ་དོན་དུ་མ་གྲུབ་ཅིང༌།གདུལ་བྱའི་ཐུན་མོང་མ་ཡིན་པའི་སྣང་བྱར་གྱུར་བའི་གཞུང་ཤེར་ཕྱིན་ཤེར་ཕྱིན་མ་ཡིིན་པ་བསྟན་ནོ།།ཡང་ཁོ་ན་རེ།འོ་ན་སེམས་ཙམ་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་གཞུང་ཤེར་ཕྱིན་བྱེ་བྲག་སྨྲ་བའི་འདོད་པ་ལྟར་གྱི་ལྡན་མིན་འདུ་བྱེད་དུ་ཁས་མི་ལེན་པར་ཐལ།འདོད་ན།ལྡན་མིན་འདུ་བྱེད་མ་ཡིན་པར་ཐལ།འདོད་ན།གསུང་རབ་ཡན་ལག་བཅུ་གཉིས་ལྡན་མིན་འདུ་བྱེད་མ་ཡིན་པར་ཐལ།འདོད་ན།གཟུགས་སོགས་དོན་ལྔ་པོ་གང་རུང་ཡིན་པར་ཐལ།འདོད་ན།སེམས་ཙམ་པའི་ལུགས་ལ་ཀུན་གཞིའི་དམིགས་པ་ཡིན་པར་ཐལ།འདོད་ན༌།ཀུན་གཞིའི་རྒྱ་ཆེར་འགྲེལ་ལས།དབང་དོན་བག་ཆགས་གསུམ་ལས་གཞན་པའི་ཡིད་ཤེས་ཀྱི་ཡུལ་ཡན་ལག་བཅུ་གཉིས་ལྟ་བུ་དང༌།འདས་སོགས་སྒྲོ་བཏགས་པ་རྣམས་ནི་ཀུན་གཞིའི་ཡུལ་དུ་མི་འགྱུར་ཏེ།།ཞེས་གསུངས་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།སེམས་ཙམ་པས་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བའི་བརྗོད་བྱ་བདག་མེད་ཕྲ་རགས་དང་དགག་སྒྲུབ་ཀྱི་བཅས་པ་སོགས་ཀུན་གཞིའི་ཡུལ་མིན་ཞེས་པའམ།ཡང་ན།སེམས་ཙམ་པའི་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ།བྱེ་སྨྲའི་འདོད་པ་ལྟར་གྱི་ལྡན་མིན་འདུ་བྱེད་དུ་ཁས་ལེན་ཚུལ་ཞིག་ཡོད་དམ་སྙམ་མོ།།
            ཡང་ཁོ་ན་རེ།ལམ་ཤེར་ཕྱིན་ལ་སྟོང་ཉིད་རྟོགས་པའི་ཁྱབ་པར་ཐལ།ཤེར་ཕྱིན་ལ་སྟོང་ཉིད་རྟོགས་པའི་ཁྱབ་པའི་ཕྱིར།དེ་ལྟར་ཡང་གསེར་ཕྲེང་ལས།འོ་ན།སློབ་དཔོན་དེ་དག་གིས་ཡུམ་དེ་ཤེར་ཕྱིན་དུ་ཡང་བཤད་པའི་ཕྱིར་མངོན་རྟོགས་བརྒྱད་ཀ་ཤེར་ཕྱིན་དུ་འགྱུར་ཞེ་ན།ཤེར་ཕྱིན་དང་ཡུམ་ཁྱད་མེད་པ་ལྟར་བཤད་པ་ནི།ཟག་མེད་ཀྱི་ཕུང་པོ་སྐྱེད་པ་དང་གསོ་བའི་སྒོ་ནས་བྱེད་ལས་མཚུངས་པ་ཙམ་དགོངས་པ་སྟེ།གཞན་དུ་ན་ཡུམ་མཚན་ཉིད་པའི་དོན་སྲས་ཀྱི་བཞེད་པ་སྒྲུབ་པ་ཡིན་པ་དང༌།ཤེར་ཕྱིན་མཚན་ཉིད་པའི་དོན་རང་བཞིན་མེད་རྟོགས་ཀྱི་བློ་དམ་པ་ཡིན་པ་གཉིས་ཁྱད་པར་མེད་པའི་སྐབས་ག་ལ་ཡོད།ཅེས་དང༌།དེས་ན་ཐེག་ཆེན་གྱི་འཕགས་ལམ་གསུམ་གྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཆ་རྣམས་མཚན་གཞིར་གཟུང་ངོ༌།།ཞེས་དང༌།དེ་ལས་གཞན་ལ་ནི་ངེས་ཚིག་རིགས་པ་མ་ཡིན་ཞིང་སྒྲ་སྦྱར་བ་ཡང་དཀའ་ལ།བཅོམ་ལྡན་འདས་ཀྱི་ངེས་ཚིག་དང་ཡང་འགལ་བར་འགྱུར་རོ།།འདོད་ན།སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་བྱང་སེམས་ཀྱི་ལམ་རྣམས་ཆོས་ཅན།ལམ་ཤེར་ཕྱིན་མ་ཡིན་པར་ཐལ།འདོད་ན།རྣམ་བཤད་སྙིང་པོ་རྒྱན་ལས།ལམ་ཤེར་ཕྱིན་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌།ཐབས་སྙིང་རྗེ་ཆེན་པོས་དངོས་སུ་ཟིན་པའི་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་ལམ་རྣམས་སོ།།ཞེས་དང༌།རྣམ་བཤད་རྟོགས་དཀའི་སྣང་བ་ལས།ལམ་ཤེར་ཕྱིན་ནི།འབྲས་བུ་ཤེར་ཕྱིན་དེ་ཉིད་ཐེག་པ་གཞན་གྱིས་བར་མ་ཆོད་པར་འཐོབ་པའི་རྒྱུར་གྱུར་པའི་ལམ་སྟེ།ཐེག་ཆེན་སློབ་ལམ་རྣམས་སོ།།ཞེས་གསུངས་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།ལམ་ཤེར་ཕྱིན་གྱི་གཙོ་བོ་དང་འབྲས་བུ་ཤེར་ཕྱིན་གྱི་གཙོ་བོ་ལ་སྟོང་ཉིད་རྟོགས་པའི་ལྡོག་ཆ་ནས་བཞག་པའི་བློ་ཡིན་དགོས་ཀྱང་སྤྱིར་མི་དགོས་སྙམ་ལ།གོང་གི་ཤེར་ཕྱིན་གྱི་མཚན་ཉིད་གསུངས་པ་དེ་གཙོ་བོ་ལ་དགོངས་པར་སྙམ།ཡང་ཁོ་ན་རེ།གསེར་ཕྲེང་ལྟར་ན་རྒྱན་སྣང་གི་དགོངས་པ་ཤེར་ཕྱིན་གྱི་གཙོ་བོ་དེ་ཁྱད་ཆོས་གསུམ་མམ་བཞི་ལྡན་དང༌།རྣམ་བཤད་ལྟར་ན་ཤེར་ཕྱིན་དེ་ཁྱད་ཆོས་གསུམ་མམ་བཞི་ལྡན་བསྟན་པར་ཐལ།རང་རང་གིས་རྒྱན་སྣང་གི་དགོངས་པ་བླངས་ཚུལ་འཐད་པའི་ཕྱིར།འདོད་ན།དགག་བྱ་དང་བྲལ་བའི་ཁྱད་པར་བདེན་སྟོང་སྒྱུ་མ་ལྟ་བུ་དེ་དེ་དག་གི་ཁྱད་ཆོས་སུ་ཐལ།འདོད་མི་ནུས་ཏེ།ཆོས་ཐམས་ཅད་དགག་བྱ་དང་བྲལ་བའི་བདེན་སྟོང་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།དེ་ནི་འབྲས་བུ་ཤེར་ཕྱིན་དེའི་མཚན་ཉིད་ཕྱོགས་ཀྱི་གླང་པོའ་ིབརྒྱད་སྟོང་དོན་བསྡུས་ལས།ཤེས་རབ་ཕ་རོལ་ཕྱིན་གཉིས་མེད༌།།ཡེ་ཤེས་ཞེས་སོགས་ཀྱི་རྗེས་སུ་འབྲངས་ནས་སློབ་དཔོན་སེང་གེ་བཟང་པོས་བཤད་པ་ལ།འོ་ན་ཕྱོགས་གླང་གིས་བཞེད་པ་ལྟར་དེ་བདེན་གྲུབ་ཡིན་ནམ་སྙམ་པ་སོགས་ཀྱི་ལོག་རྟོག་ཟློག་པའི་ཕྱིར་ཏུ་བདེན་སྟོང་སྒྱུ་མ་ལྟ་བུ་ཁྱད་ཆོས་སུ་སྨོས་པ་ཡིན་པའི་ཕྱིར།དཔེར་ན།སྔགས་ཀྱི་སྐབས་སུ་ལོངས་སྐུ་དེ་ཁ་སྦྱོར་ཡན་ལག་བདུན་སྡན་ཡིན་ཏེ།༡༽མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་ཡན་ལག༢༽རྟག་ཏུ་རང་སྣང་གི་རིག་མ་དང་སྦྱོར་བའི་ཡན་ལག༣༽ཐུགས་རྒྱུད་བདེ་བ་ཆེན་པོས་ཡོངས་སུ་གང་བའི་ཡན་ལག༤༽སྒྱུ་མ་ལྟར་སྣང་ཡང་རང་བཞིན་མེད་པའི་ཡན་ལག༥༽དམིགས་པ་མེད་པའི་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོས་རྒྱུད་ཡོངས་སུ་གང་བའི་ཡན་ལག༦༽རྒྱུན་ཆད་པ་མེད་པའི་ཡན་ལག༧༽མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་སྐུའི་སྣང་བ་འགོག་པ་མེད་པའི་ཡན་ལག་དང་ལྡན་པའི་ཕྱིར།།ཞེས་གསུངས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟར་སྣང་ལ་རང་བཞིན་མེད་པ་ཡིན་ཡང༌།ལོངས་སྤྱོད་རྫོགས་པའི་སྐུ་དེ་རྟག་ཏུ་རྒྱུན་མི་འཆད་པའི་ཡན་ལག་དང་ལྡན་པས་རང་བཞིན་གྱིས་ཡོད་དགོས་སོ་སྙམ་པ་ཟློག་པའི་ཕྱིར།སྒྱུ་མ་ལྟར་སྣང་ཡང་རང་བཞིན་མེད་པ་ཁྱད་ཆོས་སམ་ཡན་ལག་ཏུ་བཞག་པ་བཞིན་ནོ།།

            ཡང་ཁོ་ན་རེ།ཉན་རང་ལ་ཤེར་ཕྱིན་མེད་པར་ཐལ།ཉན་རང་གི་གཞུང་དང༌།ལམ་དང༌།འབྲས་བུ་རྣམས་ཤེར་ཕྱིན་གྱི་གཟུགས་བརྙན་ལྟ་བུ་གསུངས་པའི་ཕྱིར།དེ་སྟར་ཡང་རྒྱན་སྣང་ལས།དེའི་ཕྱིར་དེ་དག་འབྲེལ་བ་ཉིད་ཀྱིས་གཟུགས་བརྙན་དང་བྲལ་བ་རྣམ་པ་གསུམ་ཀ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་དོ།།ཞེས་དང༌།རྗེ་བཙུན་གྱི་རོལ་མཚོ་ལས།རྟེན་གྱི་གང་ཟག་ཐེག་པ་ཆེན་པོ་དང་འབྲེལ་བའི་རྒྱས་འབྲིང་བསྡུས་གསུམ་གཞུང་ཤེར་ཕྱིན་དངོས་དང༌།ཐེག་དམན་གྱི་མདོ་རྣམས་དེའི་གཟུགས་བརྙན།རྟེན་གྱི་གང་ཟག་ཐེག་པ་ཆེན་པོ་དང་འབྲེལ་བའི་སློབ་ལམ་རྣམས་ལམ་ཤེར་ཕྱིན་དངོས་དང༌།ཐེག་དམན་གྱི་སློབ་ལམ་རྣམས་དེའི་གཟུགས་བརྙན།རྟེན་གྱི་གང་ཟག་ཐེག་པ་ཆེན་པོ་དང་འབྲེལ་བའི་མི་སློབ་ལམ་རྣམས་འབྲས་བུ་ཤེར་ཕྱིན་དངོས་དང༌།ཐེག་དམན་གྱི་མི་སློབ་ལམ་རྣམས་དེའི་གཟུགས་བརྙན་ཡིན་ནོ།།ཞེས་གསུངས་པའི་ཕྱིར།འདོད་ན།ཉན་རང་ལ་ཤེར་ཕྱིན་ཡོད་པར་ཐལ།ཉན་རང་གི་རྒྱུད་ལ་སྟོང་ཉིད་རྟོགས་པའི་མཁྱེན་པ་ཡོད་པའི་ཕྱིར།ཁྱབ་ཏེ།གསེར་ཕྲེང་ལས།ཞེས་ཉན་རང་གི་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པར་ལྟར་ན་དེ་ལ་ཤེར་ཕྱིན་ཡོད་པར་མི་འགལ་ཡང་བྱམས་ཆོས་རྣམས་ཀྱི་སྒྲས་ཟིན་ཚོད་དང༌།འཕགས་པ་དང་སློབ་དཔོན་གྱིས་ཉན་རང་གིས་ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པར་མ་བཤད་ཅིང་མི་བཞེད་པས་འདིར་ཁས་མི་བླང་ངོ༌།།ཞེས་གསུངས་པའི་ཕྱིར་དང༌།ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་ཐལ།དང་པོ་ཉིད་ནས་རིགས་ངེས་པའི་ཉན་རང་སློབ་པ་ལ་མེད་ཀྱང་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པ་རྗེ་བཙུན་གྱི་རིགས་སྤྱི་མཐའ་དཔྱོད་གཉིས་ཀ་ལས་གསུངས་པའི་ཕྱིར།དེ་ལྟར་ཡང༌།རིགས་ཀྱི་སྤྱི་དོན་ལས།ཁ་ཅིགཐེག་དམན་དུ་རིགས་ངེས་པ་ལ་སྟོང་ཉིད་མ་རྟོགས་པའི་ཁྱབ་པ་འདོད་པ་མི་འཐད་དེ།རྣམ་འཤད་ལས།ཐེག་དམན་དུ་རིགས་ངེས་པ་ཡིན་ཡང༌།རིམ་པ་དང་པོའི་རྒྱུད་སྨིན་པར་བྱས་ནས་རིམ་པ་གཉིས་པའི་སྲིད་པ་ལས་གྲོལ་བར་མཛད།རིམ་པ་གསུམ་པའི་སྒོ་ནས་ཐེག་པ་ཆེན་པོའི་ལམ་དུ་བཀྲི་བར་མཛད་ལ་ཞེས་གསུངས་པའི་ཕྱིར།ཞེས་དང༌།རིགས་ཀྱི་སྤྱི་དོན་ལས།ཐེག་དམན་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པ་ཡིན་ཏེ།དེ་ལྟར་ལུང་གིས་ཀྱང་གྲུབ་རིགས་པས་ཀྱང་གྲུབ་པའི་ཕྱིར།དང་པོ་གྲུབ་སྟེ།མདོ་ལས།འཛམ་བུ་གླིང་འདིར་དགེ་སློང་ཤཱ་རིའི་བུ་དང༌།མོའུ་འགལ་གྱི་བུ་ལྟ་བུ་ཤ་སྟག་གི་གང་བ་ཞེས་སོགས་ཀྱི་ཉན་ཐོས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་བསྐལ་བར་བསྒོམ་པ་བས་བྱང་སེམས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ཉིད་གཅིག་བསྒོམ་པ་བསོད་ནམས་ཆེ་བ་གསུངས་པའི་ཕྱིར།།གཉིས་པ་གྲུབ་སྟེ།བདེན་སྟོང་རྟོགས་པའི་ཐེག་དམན་གྱི་ལམ་མཐའ་དག་ལས།བདེན་སྟོང་རྟོགས་པའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱིས་སྟོང་ཉིད་རྟོགས་པའི་ཤེས་རབ་བསྒོམ་པ་བསོད་ནམས་ལྷག་པའི་སྒོ་ནས་ཁྱད་པར་དུ་འཕགས་པར་སྒྲུབ་པ་ལ་རྒྱུ་མཚན་ཞིག་ཡོད་པའི་ཕྱིར།སྟོང་ཉིད་རྟོགས་པའི་བྱང་སེམས་ཚོགས་ལམ་པ་ཐེག་དམན་ལམ་དུ་འཇུག་པ་ཡོད་པའི་ཕྱིར།།ཞེས་གསུངས་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།གསེར་ཕྲེང་གི་དགོངས་པ་ནི།ཉན་རང་རྣམས་ལ་རིགས་པའི་རྣམ་གྲངས་འཐའ་ཡས་པའི་སྒོ་ནས་སྟོང་ཉིད་བསྒོམ་བྱེད་གཙོ་བོར་བྱེད་པ་ཡོད་ན་ཤེར་ཕྱིན་བཞག་ཆོག་ཀྱང་དེ་མེད་པས་ཉན་རང་ལ་ཤེར་ཕྱིན་མེད་པར་ཁས་བླངས་པ་ཡིན་ནོ།།ཡང་ཁོ་ན་རེ།བྱང་སེམས་ཀྱི་ཚོགས་སྦྱོར་གཉིས་ལམ་ཤེར་ཕྱིན་མ་ཡིན་པར་ཐལ།གསེར་ཕྲེང་ལས།ལམ་དང་པོ་གཉིས་ལ་ཕར་ཕྱིན་གྱི་སྒྲ་འཇུག་ཀྱང་མཚན་ཉིད་པ་མིན་ནོ།།ཞེས་དང༌།དེས་ན་ཐེག་ཆེན་འཕགས་ལམ་གསུམ་གྱི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཆ་རྣམས་མཚན་གཞིར་གཟུང་ངོ༌།།ཞེས་གསུངས་པའི་ཕྱིར།འདོད་ན།སྟོང་ཉིད་རྟོགས་པའི་བྱང་སེམས་ཚོགས་སྦྱོར་གྱི་ལམ་རྣམས་ཤེར་ཕྱིན་མ་ཡིན་པར་ཐལ།རྣམ་བཤད་ལས།ལམ་ཤེར་ཕྱིན་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌།ཐབས་སྙིང་རྗེ་ཆེན་པོས་དངོས་སུ་ཟིན་པའི་ལམ་རྣམས་སོ།།ཞེས་གསུངས་པའི་ཕྱིར།ཟེར་ན།སྐྱོན་མེད་དེ།ལམ་ཤེར་ཕྱིན་གྱི་གཙོ་བོར་བདེན་འཛིན་དངོས་གཉེན་བྱེད་པའི་ནུས་པ་ཐོབ་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ལམ་རྣམས་ལ་བྱེད་ཀྱང༌།ལམ་ཤེར་ཕྱིན་ཙམ་ལ་དེ་ལྟར་མི་དགོས་པའི་ཕྱིར།གསེར་ཕྲེང་ལས་དེ་ལྟར་གསུངས་པ་ནི་ལམ་ཤེར་ཕྱིན་གྱི་གཙོ་བོ་ལ་དགོངས་སམ་སྙམ་མོ།
            ཟབ་མོ་ཤེར་ཕྱིན་དོན་ལ་དཔྱད་པ་འདིར༌།།མ་རྟོགས་འཁྲུལ་བ་མང་བ་སྐྱེ་བོའི་གཤིས།།བློ་ལྡན་རིགས་སྨྲའི་ཚོགས་ཀྱིས་ལེགས་གཟིགས་ཏེ།།ལེགས་ཉེས་དབྱེ་འབྱེད་དུས་ལྟར་གནང་བར་འཚལ།།འདི་བྲིས་དགེ་བའི་ཆུ་ཐིགས་གང་མཆིས་ཚེ།།རྒྱལ་བསྟན་དར་ལ་སྐྱེས་ཆེན་དམ་པའི་ཚོགས།།སྐུ་ཚེ་བསྐལ་རྒྱར་བརྟན་ལ་བཞུགས་ཕྱིར་ཏུ།།ལག་ཟུང་ཐལ་མོ་སྦྱར་ཏེ་ཕུལ་བ་ཡིན།།བཀུར་འོས་རྩོམ་སྒྲིག་པ་མཆོག་གི་ཞབས་དྲུང་དུ།ཆེད་ཞུ།གུས་པ་ད་ལྟ་ལས་བྲེལ་ཆེ་ཡང་ཁྱེད་ཅག་གི་རླབས་ཆེན་གྱི་བྱ་གཞག་འདི་ལ་རྒྱབ་སྐྱོར་གྱི་ཚུལ་དུ་རྩོམ་ཡིག་ཅིག་འབྲི་ཁུལ་བྱས་ཏེ་དུས་ལྟར་ཕུལ་བ་ཡིན།དུས་ཚོད་ཀྱི་དབང་གིས་ཞུ་དག་དང་གང་ཅིའི་ཐད་ནས་ཡག་པོ་ཞིག་མ་བྱུང་བ་ལ་བློ་འགྱོད་དང་བཅས་ངང་ནས་བསྐུར་བ་ཡིན།ཁྱེད་ཅག་གིས་གཞུང་དངོས་མ་གཏོགས་ཡིག་ནོར་དང་ཚིག་སྦྱོར་ལ་བཟོ་བཅོས་གནང་ཡང་འཐུས།དེ་ནི་རྩོམ་སྒྲིག་པའི་དབང་ཚད་རེད།མཐར་ཁྱེད་ཅག་གི་བསམ་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་དང་བཅས་སེར་བྱེས་ལྷ་རམས་པ་དགེ་བཤེས་མངའ་རིས་ངག་དབང་སངས་རྒྱས་ཀྱིས་༢༠༡༠་ལོའི༠༨་ཚེས་༢༡་ཉིན་ཕུལ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
 

བརྒྱུད་འགོད།