གསེར་ཕྲེང་རྩོམ་གཞི་བརྒྱད་པའི་དྲིས་ལན།

ཡོང་ཁུངས།   ལེགས་བཤད་གསེར་ཕྲེང་བགྲོ་གླེང་།     སྤེལ་དུས།  2016-03-03 14:10:13     རྩོམ་པ་པོ།   ལྷ་རམས་པ་བྱམས་པ་དགེ་ལེགས།     ཀློག་ཐེངས།  

            འདིར་དགོས་སོགས་ཆོས་བཞི་དང་ལྡན་པའི་བསྟན་བཅོས་ཀྱི་རང་བཞིན་དང༌ཞེས་པ་ནས་ཞེས་པ་ནི་ཤཱནྟི་པའི་གཞུང་ལ་གསལ་ཁ་མི་སྣང་ཡང་དེ་བཞིན་དུ་འདོད་པ་བྱའོ་ཞེས་པའི་བར་གྱི་དྲིས་ལན།

                                                                   U9926P1443DT20130621150719.jpg
            རྣམ་དག་ཚོགས་གཉིས་རྒྱ་ཆེར་བསྐྲུན་པའི་སྐུ།།རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསུང༌།།རྣམ་མང་ཤེས་བྱའི་ཆོས་ཀུན་གཟིགས་པའི་ཐུགས།།རྣམ་འདྲེན་ཐུབ་པའི་དབང་པོར་གུས་ཕྱག་འཚལ།།རྒྱལ་ཀུན་མཁྱེན་པའི་གསུང་རབ་གཞུང་བརྒྱའི་གནད་ལ་བློ་གྲོས་འཁྲུལ་བའི་དྲི་མ་དང་བྲལ་ཞིང༌།།མཁས་པའི་མཁས་པས་བློ་ཡིས་དཔྱད་ཀྱང་མ་རིག་ཡུམ་དོན་སྦས་དོན་མངོན་རྟོགས་སྙིང་པོའི་བཅུད།།འགྲེལ་མཛད་ཉེར་གཅིག་སོ་སོར་མ་འདྲེས་གསལ་བར་འདོམས་པས་ཉི་མའི་གཉེན་གྱི་རིང་ལུགས་སྐྱོང༌།།བྱམས་མགོན་ལས་ཀྱང་འགྲོ་ལ་བྱམས་མགོན་བློ་བཟང་གྲགས་པར་བྱང་ཆུབ་བར་དུ་སྤྱི་བོར་འདུད།།ལུགས་གཉིས་གནད་ལ་མཁས་ཤིང་བྱམས་བརྩེ་བདག་གིར་བཞེས།།མང་ཐོས་གནས་ལ་བཙུན་ཞིང་དཀའ་གནད་མདུད་རྒྱ་བཀྲོལ།།རྣམ་དཔྱོད་ཚུལ་ལ་བཟང་ཞིང་དབུ་ཚད་སེང་གེ་མཇིང༌།།གསུམ་ལྡན་གསུམ་ལྡན་འཛིན་པའི་བཤེས་གཉེན་རྣམ་གསུམ་འདུད།།
            ཞེས་ཕྱག་འཚལ་བ་སྔོན་དུ་བཏར་ནས་གང་འབྲི་བར་བྱ་བ་ནི།༧རྒྱལ་དབང་ལྔ་པ་ཆེན་པོས་བསྔགསབརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བའི་མཁས་པའི་དབང་པོ་སྟག་ཚང་ལོ་རྩྭ་བའི་གསུང་ལས།ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ།།ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།ཞེས་ཇི་སྐད་བསྔགས་པ་ལྟར།རིས་སུ་མ་ཆད་པའི་མཁས་པ་དུ་མའི་ཡིད་ཀྱི་དབང་པོ་རང་དབང་མེད་པར་འཕྲོག་པའི་མདོ་རྒྱན་སྦྱར་བ་མ་ཟད།འགྲེལ་བ་ཉེར་གཅིག་གི་དོན་ཕྱིན་ཅི་མ་ལོག་པར་སོ་སོར་འགྲེལ་བའི་རྨད་དུ་བྱུང་བའི་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བའི་ནང་ཚན་བཀའ་དང་བསྟན་བཅོས་ཀྱི་དོན་གོ་དཀའ་བའི་གནད་ཅུང་ཟད་ཡིན་ལ།དེ་ལ་ཡང་འདིར་དགོས་སོགས་ཆོས་བཞི་དང་ལྡན་པའི་བསྟན་བཅོས་ཀྱི་རང་བཞིན་དང༌།དེའི་སྒྲ་བཤད་གཉིས་ལས།དང་པོ་ལ་གཉིས།ལུགས་གཞན་བསྟན་པ་དང༌།འཐད་ཕྱོགས་ངོས་བཟུང་བའོ།།དང་པོ་ནི།མཛོད་ལས།ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག་ཅེས་པ་ནས།།གཟུགས་དང་འདུ་བྱེད་དག་ཏུ་འདུས།།ཞེས་པའི་འགྲེལ་བ་གང་སྤེལ་དུ་ཚིག་གམ་མིང་ཡིན་ཞེས་པའི་མིང་ཚིག་ཀྱང་མཚོན་པ་ཙམ་སྟེ།བྱེ་མདོ་གཉིས་ཀས་ཀྱང་བཀའི་ངོ་བོ་མིང་ཚིག་ཡི་གེའི་ཚོགས་གསུམ་གའི་རང་བཞིན་དུ་འདོད་པ་དང༌།དེ་གཉིས་ཀྱང་རིམ་པ་ལྟར་ལྡན་མིན་མེད་པ་གཟུགས་དང༌།ཡོད་པ་ལྡན་མིན་འདོད་པ་ལ་བཤད་དོ།།དེའི་དོན་ཚོགས་གསུམ་གའི་རང་བཞིན་དུ་འདོད་པ་གཉིས་ཀ་མཐུན་ཀྱང༌།གཅིག་སྟེ་བྱེ་སྨྲས་ནི།ཚོགས་གསུམ་སྒྲ་སྔ་མ་ཕྱི་མའི་ཕྲེང་བའི་ཚོགས་སྤྱི་རྫས་གྲུབ་ལ་འདོད་པས་ལྡན་མིན་དང༌།གཅིག་སྟེ་མདོ་སྡེ་པས་ནི་དེ་གསུམ་ངག་གི་རིག་བྱེད་སྟེ་རང་བཞིན་གྱི་སྒྲ་རང་མཚན་ལ་འདོད་པས་གཟུགས་ཀྱིས་བསྡུས་པའོ།།དེས་ན་མིང་ཡིན་ན་འདུ་བྱེད་དང༌།ཚིག་ཡིན་ན་གཟུགས་སུ་འདུས་ཞེས་མིང་ཚིག་གཉིས་སུ་ངེས་པར་མི་བྱའོ།།རྒྱལ་པོའ་ིསྲས་སུ་ཡང་གང་སྤེལ་དང་མཐུན་པ་ལས་ཁྱད་པར་དུ་མངོན་པ་སྡེ་བདུན་གྱི་རྗེས་འབྲང་གིས་ཆོས་མངོན་པ་རྣམས་བཀའི་ངོ་བོའི་གཞི་ལྡོག་གཟུགས་དང༌།སྤྱི་ལྡོག་འདུ་བྱེད་གཉིས་ཀར་འདོད་ཅེས་འཆད་དགོས་ཏེ་གཞན་དུ་ན།སྒྲ་ཁམས་དང་ཆོས་ཁམས་ཀྱི་གཞི་མཐུན་ཐལ་བ་དང༌།འདུ་བྱེད་ལ་ཕུང་པོ་བཞི་ལས་གཞན་ཡིན་མི་དགོས་པར་ཐལ་ལོ།།དེ་ལྟར་ཡང་གསེར་ཕྲེང་ལས།དང་པོོ་ནི་མཛོད་ལས་ཞེས་དང༌།དེའི་དོན་ནི་ཞེས་སོགས་གསུངས་པའི་ཕྱིར།གསེར་ཕྲེང་ལས།དེ་གཉིས་ལས་སྔ་མ་བྱེ་སྨྲ་དང༌།ཕྱི་མ་མདོ་སྡེ་པའི་འདོད་པ་དང་མཐུན་པ་སྟེ་ཏེ་ཞེས་པའི་སྔ་ཕྱི་གཉིས་མཛོད་རྩའི་རིམ་པ་མིན་ཏེ།དེ་ལས་ཚིག་གམ་མིང་ཡིན་དེ་དག་ནི།།གཟུགས་དང་འདུ་བྱེད་དག་ཏུ་འདུས་གསུངས་པས་སྔ་མ་མདོ་སྡེ་པ་དང༌།ཕྱི་མ་བྱེ་སྨྲའི་འདོད་པ་ཡིན་ལ།སྡོམ་ལས་ཀྱང་སྔ་མ་བྱེ་སྨྲ་ཕྱི་མ་མདོ་སྡེ་པའི་འདོད་པ་དང་མཐུན་གསུངས་པའི་སྔ་ཕྱི་གཉིས་མཛོད་རྩའི་རིམ་པ་མིན་པ་ཤིན་ཏུ་གསལ་ཞེས་གསུངས་པའི་ཕྱིར།འོ་ན་སྔ་ཕྱིའི་རིམ་པ་དེ་གཉིས་གང་ལ་བྱེད་ཅེ་ན།གོང་དུ་གསེར་ཕྲེང་ལས།གང་སྤེལ་གྱི་འདོད་པ་ལ།གཅིག་ནི་ཚོགས་གསུམ་སྒྲ་སྤྱིའི་ཕྲེང་བར་འདོད་པས་ལྡན་མིན་དང༌།གཅིག་ནི་དེ་གསུམ་ངག་གི་རིག་བྱེད་ཀྱི་སྒྲ་རང་མཚན་ལ་འདོད་པས་གཟུགས་ཀྱིས་བསྡུས་པའོ་ཞེས་པའི་རིམ་པ་ལ་སྦྱར་བ་ཡིན་ནམ་སྙམ་མོ།ཁོ་ན་རེ།བྱེ་མདོས་བཀའ་བསྟན་བཅོས་བེམ་པོར་ཁས་ལེན་པར་ཐལ།བེམ་པོའི་བདག་ཉིད་དུ་ཁས་ལེན་པའི་ཕྱིར་ན་མ་ཁྱབ།རྟགས་གྲུབ་ཏེ།གསེར་ཕྲེང་ལས།ལུགས་དེ་གཉིས་ཀྱི་ནི་བསྟན་བཅོས་བེམ་པོའི་ངོ་བོར་འདོད་ལ་ཞེས་དང༌།འགྲེལ་བའི་མཆན་འགྲེལ་ལས།བྱེ་སྨྲས་ངག་གིས་བུམ་པ་ཞེས་བཏགས་པའི་ཆའམ།དེ་ལྟར་བཏགས་པ་ན་དོན་དེ་ཡིད་ལ་གསལ་བའི་ཆ་མིང་དང་བསྟན་བཅོས་སུ་བཞག་པའི་ངག་དེ་དང་ངོ་བོ་གཅིག་ཏུ་འདོད་པས་ཡིན་ནམ་དཔྱད་ཞེས་གསུངས་པའི་ཕྱིར།རྟོག་གེ་དཔྱོད་པ་བ་ནི་དངོས་ཀྱི་རྗོད་བྱེད་རྟོག་པ་ལ་སྣང་བའི་ཆ་ཀུན་བཏགས་དང༌།ཞེན་པའི་རྗོད་བྱེད་ཀྱི་སྒྲ་རང་མཚན་པ་ལ་འདོད་ཀྱང༌།རིག་བྱེད་ཀྱི་བསྟན་བཅོས་སུས་ཀྱང་མ་བྱས་པས།རྟག་དངོས་གཉིས་ཀར་འདོད་པས་དོན་གྱི་དངོས་མེད་དུ་ཁས་བླངས་ལ་སོང་བ་ཡིན་ནོ།།དེ་ལྟར་ཡང་གསེར་ཕྲེང་ལས།རྟོག་གེ་བ་རྣམས་ནི་དངོས་ཀྱི་རྗོད་བྱེད་སྒྲ་སྤྱི་དང་ཞེན་པའི་རྗོད་བྱེད་སྒྲ་རང་མཚན་པར་འདོད་དོ་ཞེས་གསུངས་པའི་ཕྱིར།།

               གཉིས་པ་འཐད་ཕྱོགས་ངོས་བཟུང་བ་ལ་གཉིས།བཀའ་དང་བསྟན་བཅོས་ཀྱི་མཚན་གཞིའོ།།དང་པོ་ནི།ཆོས་སྟོན་པ་པོར་སྣང་བ་གཟུགས་སྐུ་གཉིས་དང༌།དེས་བསྟན་པར་སྣང་བ་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ།ཕྱི་རོལ་རྒྱང་ཆད་དུ་སྣང་བ་ནི་གདུལ་བྱའི་གཞན་སྣང་འབའ་ཞིག་ལ་འཇོག་པས་བཀའ་ཐམས་ཅད་སངས་རྒྱས་ཀྱིས་བདག་རྐྱེན་དང༌།གདུལ་བྱའི་རྒྱུད་དག་པས་རྒྱུ་རྐྱེན་བྱས་པ་ལ་བརྟེན་ནས་གདུལ་བྱ་དེའི་ཤེས་པ་མིང་ཚིག་ཡི་གེའི་རྣམ་པ་དེ་དང་དེར་སྣང་བ་ཉིད་ཡིན་པའི་ཕྱིར།ཕྱི་རོལ་དུ་རྒྱང་ཆད་དུ་སྣང་བ་དེ་ཉན་པ་པོའི་རྒྱུད་དང་འབྲེལ་གྱི།སངས་རྒྱས་ཀྱི་རྒྱུད་དང་མ་འབྲེལ་ཏེ།གཞན་དུ་ན་སངས་རྒྱས་ལ་ནང་གི་ཤེས་པ་ཕྱི་རོལ་གྱི་སྒྲར་ཞེན་པའི་མ་རིག་པ་ཡོད་པས་སྒྲིབ་པ་མ་ལུས་པར་སྤངས་པ་མི་སྲིད་པས་སོ།ཉན་པ་པོའི་རྣམ་རིག་ལ་སྣང་ཙམ་གྱི་བཀའ་དེ་ཡང་སངས་རྒྱས་ཀྱི་མཐུ་ལས་བྱུང་བའི་ཕྱིར་དེས་བྱས་པ་བཞག་སྟེ།དཔེར་ན།རྨི་ལམ་ན་སྔགས་ལ་སོགས་པ་ལྷའི་མཐུས་རྙེད་པའི་རྣམ་རིག་ཉིད་རང་གི་ཤེས་པ་ཡིན་ཀྱང་ལྷས་བྱས་ཞེས་བརྗོད་པ་བཞིན་ནོ།།དེ་ལྟར་ཡང་སྡོམ་ལས།བཀའ་ཉིད་གཅིག་པུ་འཇོག་ཚུལ་མ་ཡིན་ཏེ།།ཕྱི་དོན་མི་འདོད་རང་སྡེ་ཀུན་ལ་ནི།།རང་འཛིན་ཤེས་པ་དེ་དང་དེའི་རྣམ་པར།།ཤར་བ་ཡིན་པར་འདོད་ཚུལ་མཐུན་པས་ན།།འདུས་བྱས་ཐམས་ཅད་དེ་བཞིན་འཇོག་དགོས་སོ།།ཞེས་གསུངས་པའི་ཕྱིར།།
ཁ་ཅིག་བཀའ་དང་བསྟན་བཅོས་གདུལ་བྱའི་རྒྱུད་ཀྱིས་བསྡུས་པའི་ཤེས་པ་ཡིན་ཏེ།བཤད་སྦྱར་ལས།རྐྱང་པ་སྟེ།༼ཚིགས་ལྷུག་པ་དང༌།༽ཚིགས་སུ་༼བཅད་པ་༽སྦྱར་བའི་སྒྲར་སྣང་བ་འདོད་པའི་དོན་གྱི་རྣམ་པའི་རྗེས་སུ་འཇུག་པ་ཉན་པ་པོའི་རྣམ་པར་རིགས་པའི་ཚོགས་སོ་ཞེས་དང༌།རྒྱན་སྣང་ལས།དེ་བས་ན་གདུལ་བྱའི་ཤེས་པ་སྒྲར་སྣང་བའི་རང་བཞིན་ཉིད་ཡིན་པས་བསྟན་པ་ཉན་པ་པོའི་སྐྱེ་བོ་དང་འབྲེལ་བ་ཡིན་ཀྱང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་བདག་པོ་ལས་སྐྱེས་པའི་ཕྱིར།སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཡིན་ནོ་ཞེས་སོགས་དང༌།དེ་བཞིན་དུ་ཉི་ཤུ་པའི་འགྲེལ་བཤད་དང༌།རྒྱུད་གཞན་གྲུབ་པའི་འགྲེལ་བ་ལས་བཤད་པའི་ཕྱིར་ན་མ་ཁྱབ་སྟེ་དེས་གདུལ་བྱའི་རྒྱུད་ཀྱི་བཀའ་ཡང་ཕྱི་དོན་དུ་མ་གྲུབ་ཙམ་བཤད་ཀྱི་སྤྱིར་སངས་རྒྱས་ཀྱི་རྒྱུད་ལ་བཀའ་མེད་པར་མ་བཤད་པའི་ཕྱིར།གཞན་དུ་ན།མདོ་སྡེ་རྒྱན་ལས།བདེ་གཤེགས་གསུང་ནི་མཐའ་ཡས་པ།།ཡན་ལག་དྲུག་ཅུའི་བསམ་མི་ཁྱབ།།ཞེས་པ་དང༌།དེ་བཞིན་དུ་བྱང་ས་དང༌།ཉི་སྣང༌།དབུ་མ་སྙིང་པོ།རྟོག་གེ་འབར་བ་བཅས་ལས་ཡན་ལག་དྲུག་ཅུ་བཤད་པ་མི་འཐད་པར་འགྱུར་བ་དང༌།སངས་རྒྱས་ཀྱི་སའི་སྐུ་གསུང་ཐུགས་གསུམ་མི་འཐད་པར་འགྱུར་བ་དང༌།བཀའ་ཐོས་པའི་ཉན་ཤེས་ཀྱང་མེད་པར་འགྱུར་རོ།།
             གཉིས་པ་བསྟན་བཅོས་ཀྱི་མཚན་གཞི་ནི།དབུས་མཐའི་འགྲེལ་བཤད་ལས།མིང་དང་ཚིག་དང་ཞེས་པ་ནས་རྣམ་པར་རིག་པ་རྣམས་ནི་བསྟན་བཅོས་སོ་ཞེས་དང༌།ཡང་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྒྲའི་ཁྱད་པར་དུ་སྣང་བའི་རྣམ་རིག་པ་རྣམས་ནི་བསྟན་བཅོས་སོ་ཞེས་གཉིས་བྱུང་བའི་སྔ་མ་ནི།ཕྱི་ནང་གཉིས་ཀའི་བསྟན་བཅོས་ཙམ་པོ་བ་དང༌།ཕྱི་མ་ནི།ནང་པའི་བསྟན་བཅོས་ཁྱད་པར་ཅན་གྱི་ངོས་འཛིན་ནོ།།དེ་ཡང་སོ་སྐྱེ་དང་ས་བཅུ་པ་ལ་ཐུག་གི་འཕགས་པ་ལ་ནི་ཆོས་འཆད་པ་པོ་དང་གདུལ་བྱ་ཉན་པ་པོ་གཉིས་ཀས་བསྟན་བཅོས་ཕྱི་དོན་དུ་སྣང་བ་ལ་བསྟན་བཅོས་བཞག་སྟེ་ས་བཅུ་པ་ཡང་རང་གི་ཤེས་པ་ལོངས་སྐུར་སྣང་བ་ལ་ཕྱི་རོལ་གྱི་སངས་རྒྱས་དང་མིང་ཚིག་སོགས་སུ་སྣང་བ་ཕྱི་རོལ་གྱི་དེ་བཞིན་གཤེགས་པའི་གསུང་དུ་ཞེན་པ་ཡོད་པས།ཞེན་པ་ཕྲ་མོ་ཡོད་པ་དེ་སྲིད་དུ་ཉན་པ་པོ་ལ་མིང་ཚིག་ཇི་ལྟར་སྣང་བ་ལྟར་འཆད་པ་པོ་ལ་ཡང་དེ་དང་རྗེས་སུ་མཐུན་པར་འབྱུང་བས་སོ།།
                དེས་ན་རང་ལུགས་ལ་བྱེ་སྨྲ་ལྟར་སྒྲ་སྤྱིའི་ཕྲེང་བ་ལ་འདོད་ན་བསྟན་བཅོས་དངོས་མེད་དུ་འགྱུར་བས་སྐྱེས་བུས་མ་བྱས་པར་འགྱུར་བས་རིག་བྱེད་པ་ལྟར་འགྱུར་ལ།མདོ་སྡེ་པ་ལྟར་ངག་སྒྲ་རང་མཚན་པ་ལ་འདོད་ན་ཡང་ངག་ཏུ་མ་ཐོན་ན་བསྟན་བཅོས་མ་བརྩམས་པ་འགྱུར་བ་ལས་དེ་མི་འཐད་དེ།དཔེར་ན།རྣམ་འགྲེལ་ལས།བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད་ཅེས་པའི་ཐད་ཐར་ལམ་གསལ་བྱེད་ལས།འདི་ཞེས་ཉེ་ཚིག་སྨོས་པ་ནི།སློབ་དཔོན་གྱི་ཐུགས་ལ་རྫོགས་པ་ལ་དམིགས་པའམ་ཞེས་དགོས་འབྲེལ་ངག་གི་སྐབས་སུ་སློབ་དཔོན་གྱི་ཐུགས་རྒྱུད་ལ་ཚད་མ་རྣམ་འགྲེལ་ཆ་ཚང་རྫོགས་པ་ལ་དམིགས་པར་གསུངས་པ་དང༌།བསེ་རུ་ལྟ་བུས་ཀྱང་གདུལ་བྱ་ལ་ཆོས་མ་བསྟན་པར་འགྱུར་བས།མིང་ཚིག་ཡི་གེ་གསུམ་གྱི་སྒྲ་རང་མཚན་པ་དང༌།སློབ་དཔོན་གྱིས་བརྗོད་བྱ་རྫོགས་པར་མཁྱེན་ནས་སྟོན་འདོད་པའི་བསམ་པ་དང༌།སྔོན་གྱི་སྨོན་ལམ་དང༌།བསམ་གྱིས་མི་ཁྱབ་པའི་མཐུ་ལས།གདུལ་བྱ་གང་ལ་གང་འདུལ་གྱི་དེ་ལ་དེར་སྣང་བའི་ཆ་ལྡན་མིན་དང་གསུམ་གྱི་ངོ་བོར་འདོད་པ་མངོན་ལ།དེ་ལྟར་ཡང་གསེར་ཕྲེང་ལས།དེས་ན་སྒྲ་སྤྱིའི་ཕྲེང་བ་ལ་འདོད་ན་ཞེས་སོགས་གསུངས་པའི་ཕྱིར།གཉིས་པ་དེའི་སྒྲ་བཤད་ནི།ཅིའི་ཕྱིར་བསྟན་བཅོས་ཞེས་བྱ་ཞེ་ན།སློབ་མའི་རྒྱུད་འཆོས་པའི་ཕྱིར་ཏེ།དེ་ཡང་སློབ་མའི་རྒྱུད་ལ་བསླབ་པ་གསུམ་བསྐྱེད་ནས།ལུས་ངག་ཡིད་གསུམ་ཚོགས་པར་དབྱུང་དུ་མི་རུང་བ་སྟེ་གོང་འཕེལ་དུ་འགྲོ་མི་རུང་བ་ལས་བཟློག་པ་དང༌།དབྱུང་དུ་རུང་བའི་ལས་ལ་མཇུག་པར་བྱེད་པའོ།།བཀའ་ཡང་བསྟན་བཅོས་ཡིན་ཏེ།ལུང་རྣམ་འབྱེད་ལས།རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་ནི།།མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི།།སྟོན་དང་བསྟན་པ་ཉིད་ཡིན་ཞེས་དང༌།རྣམ་བཤད་རིགས་པར་ཡང་གསུངས་པའི་ཕྱིར།བསྟན་ཚུལ་ནི།འགྲེལ་བ་འདི་དང་འགྲེལ་བཤད་ཚིག་གསལ་དང་རྟོགས་སྣང་གཉིས་དང་སངས་རྒྱས་ཡེ་ཤེས་ཀྱིས་ཤེར་སྒྲོན་ལས་ནི་དགོས་འགྲེལ་གྱི་གཞུང་འདི་དགོས་སོགས་ཆོས་བཞི་སྟོན་པ་ལ་སྦྱར་ལ།འཕགས་པ་དང་ཤནྟི་པས་འགྲེལ་བ་དང་བསྡུས་དོན་དུ་ཉིང་དགོས་གཅིག་པུ་སྟོན་པ་ལ་སྦྱར་རོ།།དེ་ལ་བུདྡྷ་ཤྲཱི་ནི།རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་སོགས་རྐང་པ་དང་པོ་གསུམ་གྱིས་བརྗོད་བྱ་དང་ཆོས་སྤྱོད་ནས་མཐོང་འགྱུར་གྱི་བར་གྱིས་ཉིང་དགོས་དང༌།ཕྱིར་ཞེས་པ་ནས་དགོས་པ་ཡིན་གྱི་བར་གྱིས་དགོས་པ་བསྟན་ཞིང༌།འབྲེལ་བ་ནི་བརྗོད་བྱ་བསྟན་པ་དེ་རྟོགས་པའི་དོན་དུ་ཡིན་ལ་དེ་རྟོགས་པས་མཐར་ཐུག་པར་འགྱུར་རོ་ཞེས་དངོས་སུ་བསྟན་པའི་ཤུགས་ལ་ཐབས་དང་ཐབས་བྱུང་གི་འབྲེལ་བར་བཞེད་དོ།།ཚིག་གསལ་དུ་ཡང༌།མཐའི་དགོས་པའི་སྒྲས་དགོས་པ་གཉིས་ཀ་བསྟན་པར་བྱས་ནས་རྐང་པའི་གཅོད་མཚམས་དེ་དང་འདྲ་བར་བཤད་དོ།།རྟོགས་སྣང་ལས།དགོས་པ་གཉིས་དངོས་སུ་བསྟན་པའི་ཤུགས་ལ་འབྲེལ་བ་དང་བརྗོད་བྱ་བསྟན་པར་འཆད་པ་ནི་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ།བརྗོད་བྱ་དངོས་སུ་བསྟན་པ་བཞེད་པའི་ཕྱིར།སྔ་མ་བུདྡྷཱ་ཤྲཱི་ལ་ཡང་དོན་གྱི་འབྲེལ་ལ་བརྗོད་བྱ་ལ་སྦྲེལ་རུང་ཡང་རྐང་པའི་གཅོད་མཚམས་ཅུང་མིན་ནོ་ཞེས་དང༌།དེ་ཡང་སྡོམ་ལས།གསེར་ཕྲེང་རྐང་པ་གསུམ་པས་ཉིང་དགོས་བསྟན།རྣམ་བཤད་བརྗོད་བྱའི་ཁྱད་པར་སྦྱར་བས་ཞེས་གསུངས་པའི་ཕྱིར།གསེར་ཕྲེང་ལས་ཀྱང༌།ཉིང་དགོས་ནི་བྱང་སེམས་ལས་གཞན་གྱིས་མྱོང་བ་མ་ཡིན་པའི་རྣམ་མཁྱེན་དེ་ཞེས་གསུངས་པའི་ཕྱིར།གསེར་ཕྲེང་རང་ལུགས་ལ་དགོས་འབྲེལ་གྱི་གཞུང་འདི་གཙོ་བོའི་དོན་དུ་བྱས་ན་དགོས་པ་འཆད་པ་ལ་འབྲེལ་ཀྱང༌།ངག་དོན་རྫོགས་པ་ལ་བཤད་ན་དགོས་སོགས་ཆོས་བཞི་སྟོན་པ་ལ་སྦྱར་རོ།།

            ཚིག་དོན་གྱི་སྐབས་སུ།དག་ལྡན་དུ་ནི་རྣམ་པ་ཐམས་ཅད་ལམ་ཞེས་པའི་ལམ་དེ་ཡང་བཙལ་བར་བྱ་བས་འབྲས་བུའི་ལམ་ཡིན་གྱི་འཚོལ་བར་བྱེད་པས་རྒྱུའི་ལམ་ནི་མ་ཡིན་པའོ་ཞེས་པ་ཡིན་ཏེ།སྡོམ་ལས།བཙལ་བྱའི་ལམ་ཡིན་འཚོལ་བྱེད་མིན་གསུངས་པའི་ཕྱིར།འབྲས་བུའི་ལམ་ལ་སྦྱར་བ་ཤིན་ཏུ་གསལ་ཞེས་གསུངས་པའི་ཕྱིར།བུ་སྟོན་གྱིས་བཙལ་བྱའི་ལམ་དང་འཚོལ་བྱེད་ཀྱི་ལམ་གཉིས་ཀ་ལ་སྦྱར་བ་ཡིན་ཏེ།ལུང་གི་སྙེ་མ་ལས།དང་པོ་བརྗོད་བྱ་ནི།བཤད་ཅེས་དྲང་ངོ༌།།གང་ན་མངོན་རྟོགས་བདུན་ནང་དུ་འདུས་པའི་ཕྱིར།རྣམ་མཁྱེན་རྒྱུ་དང་འབྲས་བུར་བཅས་པ་ཉིད་ལམ་སྟེ།འབྲས་བུ་ནི་འདིས་བཙལ་བར་བྱ་བས་ལམ་ཡིན་ལ།རྒྱུ་ནི་འདིས་འཚོལ་བས་ལམ་སྟེ།དེའོ་ཞེས་གསུངས་པའི་ཕྱིར།ཡང་དག་ལྡན་ལས།དོན་དེ་སྟོན་པས་མདོ་འདི་ལས་བཤད་པ་གང་ཡིན་པ་བྱང་ཆུབ་སེམས་དཔའ་ལས་གཞན་གྱིས་མྱོང་བ་མ་ཡིན་པ་དེ་ནི།བློ་ལྡན་ཏེ་བྱང་སེམས་ཀྱིས་མངོན་དུ་བྱ་བའི་དོན་ཏེ་བསྟན་བཅོས་འདི་ལས་གསལ་བ་ཉིད་དུ་ཤེས་པ་ནི་རྩོམ་པའི་གཙོ་བོའི་དགོས་པའོ་ཞེས་མངོན་རྟོགས་ཤེས་པ་བསྟན་བཅོས་རྩོམ་པའི་གཙོ་བོའི་དགོས་པ་དང༌།མངོན་རྟོགས་ཉམས་སུ་ལེན་པ་གཙོ་བོ་མ་ཡིན་པའི་དགོས་པ་གཉིས་འཆོལ་བ་དང༌།མདོ་ནས་མངོན་རྟོགས་ཀྱི་རིམ་པ་བསྟན་ཟིན་པས་རྒྱན་འདི་བརྩམས་པ་དོན་མེད་དོ་ཞེས་པའི་རྩོད་པ་ཁོང་ན་གནས་པའི་ལན་དུ།མདོ་ལ་བརྟེན་ནས་བདེ་བླག་ཏུ་རྟོགས་མི་ནུས་ལ།བསྟན་བཅོས་རྒྱན་ལས་དེ་ལྟར་ནུས་པས་དགོས་པ་ཡོད་ཅེས་གཞུང་གི་དོན་དུ་སྣང་བ་སྟེ་ཡིན་པ་ལ།ཁྱོད་ཀྱིས་མདོ་དོན་བདེ་བླག་ཏུ་རྟོགས་པ་དེ་མདོ་དོན་ཉམས་སུ་ལེན་པ་ལ་བཤད་ཅིང༌།བློ་དང་ལྡན་པས་མཐོང་བའི་དོན་མངོན་རྟོགས་རྒྱུད་ལ་སྐྱེས་པ་ལ་བཤད་རྒྱུ་ཡིན་པ་ལ་གོ་བ་ཙམ་ལ་བཤད་པས།མངོན་རྟོགས་ཤེས་པའི་དགོས་པ་དང༌།དེ་རྒྱུད་ལ་སྐྱེས་པའི་དགོས་པ་གཉིས་གོ་བཟློག་པ་དང༌།ཆོས་སྤྱོད་བཅུ་དབུས་མཐའ་ནས་བཤད་པའི་ཆོས་བཅུ་ལ་བཤད་པ་ནི་འདི་དག་ཆེན་པོ་དག་གི་གསུང་ཡིན་ཡང་ཆེས་མི་འཐད་དོ།།

             རང་ལུགས་ལ་ཆོས་སྤྱོད་བཅུ་ནི་གསེར་ཕྲེང་ལས་ཕར་ཕྱིན་བཅུ་ལ་བཤད་པ་དང༌།རྣམ་བཤད་ལས་སེམས་བསྐྱེད་སོགས་ཆོས་བཅུ་ལ་བཤད་པ་ནི།གདམ་ག་ཅན་ཡིན་ཏེ།འགྲེལ་བ་ལས།བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་སྒྲུབ་པའི་སྤྱོད་པ་ལེགས་པར་བཞག་ནས་ཞེས་རེ་རེའི་ཐོག་མར་སྨོས་པའི་ཕྱིར།ཡང་ན།གསེར་ཕྲེང་མདོ་ཡི་དངོས་བསྟན་དང༌།རྣམ་བཤད་བསྟན་བཅོས་ཀྱི་དངོས་བསྟན་ཡིན་ནམ་སྙམ་མོ།།གསེར་ཕྲེང་ལས།གལ་ཏེ་བསྟན་བཅོས་ཀྱི་བརྗོད་བྱ་ལ་དངོས་པོ་བརྒྱད་དུ་ཡོད་པ་མ་ཡིན་ནམ།ཅིའི་ཕྱིར་རྣམ་མཁྱེན་ཉིད་བཤད་ཅེ་ན།ཉེས་པ་མེད་དེ།དང་པོ་འདིས་མངོན་རྟོགས་ལྷག་མ་བདུན་པོ་ཐམས་ཅད་ཉེ་བར་མཚོན་པ་ཡིན་ལ།མཚོན་བྱེད་འདི་ཉིད་བསྟན་པ་ཡང་ལྷུར་ལེན་པ་སྟེ་བརྗོད་བྱའི་གཙོ་བོ་ཡིན་པས་བསྟན་ནོ།།ཞེས་དང་རྣམ་བཤད་ལས།དེར་བགྲོད་པའི་ལམ་ཆོས་བཅུ་གནས་སྐབས་བརྒྱད་ཀྱི་ཕྱེ་བ་ཞེས་དང༌།རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ནི་རྣམ་མཁྱེན་དུ་བགྲོད་པར་བྱེད་པའི་ལམ་གཙོ་བོར་བསྟན་པ་ལ་བྱའོ་ཞེས་པ་ནི།རེད་མདའ་བའི་ཉི་ཟེར་ལྟར་ཡིན་ཏེ།དེ་ཉིད་ལས།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སེམས་བསྐྱེད་པ་ལ་སོགས་པ་བཅུ་ཡིན་ལ།དེ་དག་ནི་སངས་རྒྱས་ཀྱི་ལམ་སྟེ།དེར་མངོན་པར་རྟོགས་པ་གཞན་དག་ཀྱང་འདུས་པས།རྩ་བར་དེ་འབའ་ཞིག་སྨོས་པ་ནི།མངོན་རྟོགས་བརྒྱད་པོ་ཐམས་ཅད་ཉེ་བར་མཚོན་པ་ལྷུར་ལེན་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར།ཡང་གཞུང་ལས།རྒྱན་སྣང་ལས།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་ཕྱིན་ཅི་མ་ལོག་པ་མངོན་མཐོ་དང་ངེས་ལེགས་ཀྱི་ཆོས་རྣམས་ཐོབ་པར་བྱེད་པའི་ལམ་མ་ལུས་པ་ཞེས་དངོས་པོ་བརྒྱད་ཀ་དང་ལམ་གཞི་མཐུན་པར་གསུངས་པ་ནི།འགྲེལ་བ་འདི་དང་ཅུང་མི་མཐུན་ལ་ཞེས་པ་ནི།འཇམ་དབྱངས་བཞེད་པས།འགྲེལ་ཆུང་ཕྱི་རྩོམ་ཡིན་པས་འགྲེལ་ཆུང་གཙོ་བོར་བཟུང་དགོས་པ་གསུངས།ལམ་དང་རྣམ་མཁྱེན་སོ་སོར་འཆད་པ་གཉིས་ཀའི་དགོངས་པ་མིན་ནོ་ཞེས་པ་ནི།མཆན་འགྲེལ་ལས།ལམ་དང་རྣམ་མཁྱེན་འགལ་བ་འགྲེལ་བ་ཆེ་ཆུང་གཉིས་ཀའི་དགོངས་པ་མིན་ནོ་ཞེས་པའོ་ཞེས་གསུངས།སྔོན་གྱི་མཁས་པ་འབྲེ་ཆེན་པོས།འགྲེལ་བ་ལས་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དག་ཐབས་དང་ཐབས་ཀྱི་བསྒྲུབ་པར་བྱ་བའི་ཚུལ་གྱིས་འབྲེལ་བར་མཛད་པ་ཞེས་པའི་དོན།མདོ་ཡི་བརྗོད་བྱ་དང་རྗོད་བྱེད་སངས་རྒྱས་ཀྱིས་འབྲེལ་བར་མཛད་པ་བསྟན་བཅོས་ཀྱི་བརྗོད་བྱ་ཞེས་གསུང་གི་བརྗོད་བྱ་ལ་སྦྱོར་ཡང༌།པཎ་ཆེན་འབུམ་ཕྲག་གསུམ་པས།རྩ་བར་ཤུགས་བསྟན་གྱི་འབྲེལ་བ་ལ་འགྲེལ་བས་བཤད་པར་འཆད་པ་ལེགས་ཏེ།གཞན་དུ་ན་འགྲེལ་བ་ལས།འབྲེལ་བ་ལ་སོགས་པ་བསྙད་ནས་ཞེས་མ་འབྲེལ་བར་འགྱུར་རོ།།འབུམ་ཕྲག་གསུམ་པའི་བཞེད་པ་འབྲེ་ཤེས་རབ་འབར་གྱིས་བཀོད་པ་འདིས།སངས་རྒྱས་ཡེ་ཤེས་ཀྱི་ཤེར་སྒྲོན་དུ་རྐང་པ་གསུམ་པ་བརྗོད་བྱའི་ཁྱད་པར་ལ་སྦྱར་བ་ཡང་འཁྲུལ་བ་ཡིན་པར་ངེས་པ་སྐྱེད་དོ།།དེ་ཡང་གསེར་ཕྲེང་ལས།སྔོན་གྱི་མཁས་པ་དག་ཞེས་སོགས་དང༌།འབྲེ་ཆེན་པོའ་ིབཞེད་པ་ཞེས་སོགས་གསུངས་པའི་ཕྱིར།

           འདིར་སྨྲས་པ།དེད་དཔོན་མཁས་པའི་གཞུང་བཤད་མི་ཉན་ཞིང༌།།ཚིག་ཕྲེང་མཚོ་ཕྲན་ནང་དུ་མགོ་འཁོར་ནས།།ཉན་བཤད་མཆིང་བུ་དོན་དུ་གཉེར་བ་ཡི།།དེང་དུས་རང་འདོད་ཅན་རྣམས་ཅི་དགར་བསྟེན།།བདག་ནི་དེང་ནས་བྱང་ཆུབ་སྙིང་པོའི་བར།།འཇམ་མགོན་བླ་མའི་བསྟན་དང་མི་འབྲལ་ཞིང༌།།འཕགས་པའི་རིགས་བཞིར་གནས་ཤིང་ལུས་ཅན་ཀུན།།ཕན་བདེའི་བྱེད་པོ་ཉིད་དུ་འགྱུར་བར་སྨོན།།ཕྱི་ལོ་༢༠༡༠ཟླ་བ་༧པའི་ཚེས་༡༥བོད་ཟླ་༦པའི་ཚེས་༤ཉིན་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་པར་ཅན་ཉིན་སེར་བྱེས་ལྷོ་པ་སོག་དགེ་བཤེས་བྱམས་པ་དགེ་ལེགས་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་ཆོས་སྒར་དུ་བྲིས་པའོ།།།།
 

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
 

བརྒྱུད་འགོད།