གསེར་ཕྲེང་རྩོམ་གཞི་བདུན་པའི་དྲིས་ལན།
༄༅།།ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས་ཡང་དག་མཐའི་དོགས་དཔྱོད།
འདིར་ཅུང་ཟད་ཅིག་མཐའ་དཔྱད་ན་ཞེས་པ་ནས་རྟོགས་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་གམ་རྒྱུར་འགྱུར་རོ་ཞེས་པའི་བར་གྱི་དྲིས་ལན།
གང་གི་སྐུ་གསུང་ཐུགས་ཀྱི་ཆ་ཙམ་ལས།།ཡིད་ཀྱི་དང་བས་འདི་ཕྱིའི་ལེགས་ཚོགས་ཀུན།།སྐལ་ལྡན་སྐྱེས་བུའི་ཚོགས་ལ་སྦྱིན་མཛད་པའི།ཁམས་གསུམ་ཆོས་ཀྱི་རྒྱལ་པོར་ཅིས་མི་མཆོད།།སྤྱན་རས་གཟིགས་དབང་འགྲོ་བ་ཡོངས་ཀྱི་གཉེན།།དེང་འདིར་སྙིགས་དུས་འགྲོ་རྣམས་འདྲེན་ཕྱིར་དུ།།མི་ཡི་རྣམ་རོལ་བསྟན་འཛིན་རྒྱ་མཚོ་ཡིས།།བདག་ཅག་བྱང་ཆུབ་བར་དུ་བསྐྱབ་ཏུ་གསོལ།།རྡོ་རྗེ་འཆང་ཆེན་ཐ་མལ་ཚུལ་བཟུང་ནས།།འགྲོ་རྣམས་ཐར་པར་བགྲོད་པའི་ས་མཁན་དང༌།།ངལ་བརྒྱས་དུབ་པར་ངལ་གསོའི་གནས་སྦྱིན་པའི།།འཇིགས་བྲལ་དབང་ཕྱུག་ཚེ་རབས་གཏན་གྱི་སྐྱབས།།
ཞེས་མཆོད་པ་བརྗོད་པ་སོགས་སྔོན་དུ་བཏང་ནས་སྐབས་སུ་བབ་པ་གང་བཤད་པར་བྱ་བ་ནི།མདོ་ལས།རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌།རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང༌།སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང༌།དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ།ཞེས་གསུངས་པའི་མདོ་འདི་དག་ཡིན་ལ་འདིའི་དོན་འཆད་པ་ན་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས།ཡུལ་ལམ་གསུམ་པོ་དེ་མཚན་ཉིད་པ་ཡིན་མིན།དེ་དག་གི་སྤངས་རྟོགས་གང་དུ་རྫོགས།དམིགས་བསལ་གྱི་དོན་བརྟག་པ།ཡང་དག་མཐའ་ངོས་བཟུང་བ་དང་བཞིས་རིག་པར་བྱའོ།དེ་ལ་དང་པོ་ནི།བསྐྱེད་བྱར་བཤད་པའི་ལམ་འོག་མ་གཉིས་ལམ་བཏགས་པ་བ་དང༌།བཤད་བྱར་བཤད་པའི་ལམ་གསུམ་གའང་མཚན་ཉིད་པའོ།།ཞེས་གསུངས་པའི་སྐབས་སུ་ཅུང་ཟད་དཔྱད་ན།སྤྱིར་མདོའི་དོན་འགྲེལ་ཚུལ་ལ་རྒྱ་གར་དང་བོད་ཀྱི་མཁས་པ་རྣམས་ཀྱིས་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་གསུང་ཚུལ་མི་འདྲ་བའི་ལེགས་བཤད་མཐའ་ཡས་པ་ཞིག་ཡོད་པ་ལས།རྣམ་བཤད་སྙིང་པོ་རྒྱན་དང་བླ་མ་རྗེ་བཙུན་པས་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཉན་རང་གི་ལམ་མཚན་ཉིད་པ་ཡོད་པར་གསུངས་ཀྱང་ལེགས་བཤད་རིན་པོ་ཆེའི་གསེར་གྱི་ཕྲེང་བའི་གསུང་ཟིན་ལས་ནི།སྐྱེད་བྱར་བཤད་པའི་ལམ་འོག་མ་གཉིས་བཏགས་པ་བ་དང༌།ཤེས་བྱར་བཤད་པའི་ལམ་གསུམ་གའང་མཚན་ཉིད་པའོ།།
ཞེས་བྱང་ཆུབ་སེམས་དཔའི་རྒྱུད་ལ་སྐྱེད་པར་བྱ་བའི་གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་དང༌།གཉིས་སྟོང་རྟོགས་པའི་མཁྱེན་པ་གཉིས་ལ་རིམ་བཞིན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་བཏགས་པ་བ་དང༌།དེ་དག་བྱང་ཆུབ་སེམས་དཔའི་རྒྱུད་ལ་བསྐྱེད་པ་ནི་མདོ་ལས་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ཞེས་པའི་དོན་དུ་གསུངས་ལ་ཉན་རང་གི་ལམ་ཉན་རང་རང་རྒྱུད་ཀྱི་བསྡུས་དགོས་ཤིང༌།དེ་ཡང་གཞི་ཤེས་དང་ཐེག་དམན་རང་རྒྱུད་ཀྱི་བསྡུས་པའི་མཁྱེན་པ་དང་དོན་གཅིག་ཡིན་པའི་གནད་ཀྱི་ཡིན་ནོ།།འདི་ལ་ཁ་ཅིགལེགས་བཤད་གསེར་ཕྲེང་གཞིར་བྱས་ན་ཡང་གཞི་ཤེས་དང་ཐེག་དམན་རང་རྒྱུད་ཀྱི་བསྡུས་པའི་མཁྱེན་པ་དང་དོན་གཅིག་པར་འདོད་པ་མི་འཐད་དེ།གཞི་ཤེས་ཡིན་ན་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་དགོས་པའི་ཕྱིར་ཟེར་བ་ཆེས་མི་འཐད་དེ།ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས།འཕགས་བཞིའི་ཡུམ་ཡིན་པའི་ཕྱིར་སྦྱོར་ལམ་མན་ཆད་དུ་ཡུམ་འདི་ཡོད་པ་མི་རིགས་ཤེ་ན།འདིས་འཁྲུལ་གཞི་བྱས་ནས།གཞན་དུ་ན་ཉི་སྣང་ལས།འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་རྣམས་བསྡུས་པར་འགྱུར་བ་ཡིན་ཏེ།ཞེས་འབྱུང་བས་སོ་བདུན་སོགས་ཐམས་ཅད་འཕགས་པའི་རྟོགས་པར་ཐལ་ལོ།།ཞེས་དང༌།མདོར་ན་གཞི་ཤེས་དང་ལམ་ཤེས་ལ་འཕགས་པའི་རྟོགས་པར་ཁྱབ་པར་རྒྱན་གྱི་འགྲེལ་པ་གང་ནས་ཀྱང་མ་བཤད་དོ།།
ཞེས་ཐེག་དམན་གྱི་ཚོགས་སྦྱོར་དུ་གཞི་ཤེས་ཡོད་པ་གསལ་བར་གསུངས་པའི་ཕྱིར།གཞན་ཡང་ཉན་ཐོས་ཀྱི་ཚོགས་ལམ་ཆོས་ཅན།འཕགས་པའི་རྒྱུད་ཀྱི་མཁྱེན་པ་ཡིན་པར་ཐལ།གཞི་ཤེས་ཡིན་པའི་ཕྱིར།དེར་ཐལ།ཐེག་པ་གསུམ་གང་རུང་གི་མངོན་རྟོགས་ཡིན་པའི་ཕྱིར།མ་ཁྱབ་ན་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས།དེ་ལ་རང་གི་ལུགས་ནི།ཐེག་པ་གསུམ་གྱི་མངོན་རྟོགས་གང་ཡིན་མཁྱེན་གསུམ་གང་རུང་ཡིན་པ་ལ་དགོངས་ནས་མཁྱེན་གསུམ་གྱི་མངོན་རྟོགས་བརྒྱད་བསྡུས་པར་གསུངས་ཏེ།དེ་གསུམ་དུ་མ་བསྡུས་པའི་མངོན་རྟོགས་མེད་པས་སོ།།
ཞེས་གསུངས་པ་དང་ཅིའི་ཕྱིར་མི་འགལ།ཡང་འགའ་ཞིག་གནས་སྐབས་ཐེག་དམན་དུ་རིགས་ངེས་པའི་ཉན་རང་གི་ཚོགས་སྦྱོར་དུ་གཞི་ཤེས་ཡོད་པས་གཞི་ཤེས་ཡིན་ན་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པའི་མ་ཁྱབ་ཀྱང་བྱང་སེམས་འཕགས་པའི་རྒྱུད་ལ་གཞི་ཤེས་ཡོད་པས་གཞི་ཤེས་ཡིན་ན་ཐེག་དམན་གྱི་རྒྱུད་ཀྱིས་བསྡུས་པའི་མཁྱེན་པ་ཡིན་པའི་མ་ཁྱབ་ཟེར་བ་ཡང་ལེགས་བཤད་གསེར་ཕྲེང་ལ་དཔྱད་པ་ཙམ་ཡང་མ་ཞུགས་པར་སྣང་སྟེ།ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས།བྱང་སེམས་ལ་གཞི་ཤེས་དང་ལམ་ཤེས་དང་སངས་རྒྱས་ལ་མཁྱེན་པ་གསུམ་ག་མཚན་ཉིད་པ་ཡོད་པར་སྨྲ་བ་ནི་མི་འཐད་དེ།མཆོད་བརྗོད་དུ་མཁྱེན་གསུམ་གྱི་རྟེན་དང་བྱེད་ལས་མི་འདྲ་བར་གསུངས་ཤིང༌།ལུས་རྣམ་གཞག་ཏུ་ཡང༌།ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད།།ཅེས་དང༌།བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི།།ལམ་ཤེས་ཉིད་ནི་དེ་འདྲར་བཤད།།ཅེས་དང༌།ཉན་ཐོས་ལ་སོགས་མཐོང་བའི་ལམ།།དེ་འདྲ་ཀུན་ཤེས་ཉིད་དུ་འདོད།།ཅེས་རྟེན་ངེས་པ་ཅན་དུ་མཛད་པ་དང༌།མདོ་ལས་ཀྱང༌།རྟེན་སོ་སོའི་རྒྱུད་དང་འབྲེལ་བར་གསུངས་པའི་ཕྱིར།དེས་ན་བྱང་སེམས་དང་སངས་རྒྱས་ལ་གཞི་ཤེས་ཡོད་པར་གསུངས་པ་ནི་གཉེན་པོ་གཞི་ཤེས་ལ་དགོངས་ཤིང་དེ་ནི་སྤང་བྱའི་སྒོ་ནས་མིང་བཏགས་པའོ།།ཞེས་དང༌།ཡང་དེ་ཉིད་ལས།མཁྱེན་གསུམ་གྱི་རྟེན་སོ་སོར་ངེས་པའི་སངས་རྒྱས་བྱང་སེམས་རྣམས་ལ་གཞི་ཤེས་ཀྱི་ཤེས་རྣམ་ཡོད་པར་མི་འཐད་དོ།།
ཞེས་སོགས་གསུངས་པ་དང་དངོས་སུ་འགལ་བར་རྟོགས་སླའོ།དེས་ན་གཞི་ཤེས་དང་ཐེག་དམན་རང་རྒྱུད་ཀྱི་མངོན་རྟོགས་དོན་གཅིག་ཅིང༌།གཉེན་པོ་གཞི་ཤེས་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་བྱང་སེམས་ཀྱི་གཞི་ཤེས་རྣམས་གཞི་ཤེས་བཏགས་པ་བ་ཡིན་ཞིང་འདིར་བསྟན་ཤེས་བྱར་བཤད་པའི་ལམ་གསུམ་ག་མཚན་ཉིད་པའོ་ཞེས་པ་ཡང་ཉན་ཐོས་སོགས་ཀྱི་རྒྱུད་ཀྱིས་བསྡུས་པའི་ཉན་རང་གི་ལམ་མཚན་ཉིད་པ་རྣམས་བྱང་སེམས་རྣམས་ཀྱིས་ཤེས་པར་བྱ་ཞིང་དེ་ཡང་རང་རྒྱུད་ལ་བསྐྱེད་པའི་སྒོ་ནས་ཤེས་པར་བྱ་བ་མ་ཡིན་པས་མིག་གིས་གཟུགས་ལ་ལྟ་བའི་ཚུལ་གྱིས་ཤེས་པར་བྱ་བ་ལས་ལོགས་སུ་མེད་དོ།།ས་བཅད་གཉིས་པ་འཆད་པའི་སྐབས་སུ་གསེར་ཕྲེང་ལས།དེས་ན་རང་གི་ལུགས་ནི་ཉོན་སྒྲིབ་སྤངས་པ་ས་བརྒྱད་པར་རྫོགས་ཏེ།དེ་ནས་ཉོན་ཡིད་གཏན་མི་འབྱུང་བའི་ཚུལ་གྱིས་གནས་འགྱུར་པའི་ཕྱིར་རོ།།ཞེས་གསུངས།འདི་ཡི་དོན་ལ་ཁ་ཅིག་གསེར་ཕྲེང་རང་ལུགས་ལ་ཉོན་ཡིད་ཁས་མི་ལེན་ཀྱང་ཉོན་ཡིད་དང་ཆ་འདྲ་བའི་ཡིད་ཀྱི་རྣམ་ཤེས་བདག་ཏུ་འཛིན་པའི་བདག་འཛིན་རིགས་ངེས་ས་བརྒྱད་པ་ཐོབ་པའི་དུས་སུ་སྤང་བར་བཞེད་པས་དང་པོ་ཉིད་ནས་རིགས་ངེས་བྱང་སེམས་ཀྱིས་ཉོན་སྒྲིབ་སྤངས་པ་ས་བརྒྱད་པའི་དུས་སུ་རྫོགས་ཏེ་དེས་ས་བརྒྱད་པ་ཐོབ་པའི་དུས་སུ་ཉོན་སྒྲིབ་རྫོགས་པར་སྤངས་པའི་ཕྱིར།རིགས་ངེས་ཀྱི་ཉོན་སྒྲིབ་སྤང་ཚུལ་དབུ་མ་ཐལ་འགྱུར་བ་དང་མཐུན་པ་ཡིན་ནོ་ཟེར་བ་མི་འཐད་དེ།གསེར་ཕྲེང་རང་ལུགས་ལ་དང་པོ་ཉིད་ནས་རིགས་ངེས་བྱང་སེམས་རྣམས་ཀྱིས་ཤེས་སྒྲིབ་ཆུང་འབྲིང་ཆེ་གསུམ་སྐོར་དགུ་རིམ་གྱི་སྤང་པ་དང༌།ཉོན་སྒྲིབ་སྐོར་ཤེས་སྒྲིབ་དེ་དག་དང་ཐད་སོ་ཐད་སོར་དྲིལ་ཏེ་ཅིག་ཆར་དུ་སྤང་པ་མ་ཡིན་པ་དང༌།དེས་ས་བརྒྱད་པ་ཐོབ་པ་དང་དུས་མཉམ་དུ་ཉོན་སྒྲིབ་རྫོགས་པར་སྤང་པའི་ཕྱིར།འདོད་ན།ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་ལས།འདི་དག་ཀྱང་བྱང་སེམས་ཀྱི་ཁམས་གསུམ་གྱི་ཆུང་འབྲིང་ཆེན་པོ་རྣམས་ཐད་སོར་དྲིལ་ཏེ་ཅིག་ཆར་དུ་སྤོང་ཏེ་ཁམས་གསུམ་གྱི་ཆོས་ཐམས་ཅད་བདག་གཉིས་ཀྱི་སྟོང་པའི་སྤྲོས་པ་དང་བྲལ་བར་བསྒོམས་པས་དངོས་པོ་མངོན་པར་ཞེན་པ་ལྡོག་ལ།དེ་ལོག་པ་ན་དེའི་རྒྱུ་ཅན་གྱི་ཁམས་གསུམ་གྱི་གཟུང་འཛིན་རྟོག་པ་མཐའ་དག་ཀྱང་འགག་པར་འགྱུར་ཏེ།བུད་ཤིང་ཟད་པའི་མེ་བཞིན་ནོ།།ཞེས་གསུངས་པ་དང་འགལ་ཞིང་དེ་བཞིན་དུ་གསེར་ཕྲེང་ལས།སྒོམ་སྤང་ལ་ཉོན་སྒྲིབ་ཀྱང་ཡོད་ན་ཅིའི་ཕྱིར་རྟོག་པའི་གཉེན་པོར་འབྱེད་ཀྱི་ཉོན་སྒྲིབ་ཀྱི་མིན་ཞེ་ན།འདི་ནི་བརྒལ་ཞིང་བརྟགས་པ་མཚུངས་པའམ་ཡང་ན་བྱང་སེམས་ཀྱི་སྤང་བྱ་ཉོན་མོངས་ནི་རྣམ་པར་རྟོག་པའོ།།
ཞེས་རྒྱན་འགྲེལ་ལས་འབྱུང་བའི་ཕྱིར་རྟོག་པར་འདུས་སོ།།དེ་ཡང་སྒྲིབ་གཉིས་མཚན་ཉིད་གཅིག་ཏུ་སྟོན་པ་ནི་མ་ཡིན་གྱི་ཤེས་སྒྲིབ་རྣམ་རྟོག་ཙམ་ཡིན་པས་དེ་སྤངས་པའི་ཞོར་ལ་ཅིག་ཤོས་ཀྱང་སྤོང་བ་ལ་དགོངས་སོ།།ཞེས་རིགས་ངེས་བྱང་ཆུབ་སེམས་དཔས་ཤེས་སྒྲིབ་སྐོར་དགུ་རིམ་གྱིས་སྤོང་བ་དང་ཉོན་སྒྲིབ་སྐོར་དགུ་དེ་དག་ནི་ཞོར་ལ་སྤངས་པར་གསུངས་པ་དང༌།ཡང་གསེར་ཕྲེང་ལས།གཉིས་པ་བར་ཆད་གཅིག་པའི་སེམས་པ་ནི་ཞེས་པ་ནས།འདི་ནི་ཉོན་མོངས་པ་བདུན་པ་དང་བརྒྱད་པ་སྤངས།དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ།སྐྱེ་བ་ལྷག་མ་གཅིག་ལུས་ཏེ་ཁྱད་པར་དེ་གསུམ་དང་ལྡན་པས་ཕྱིར་འོང་ཙམ་ལས་ཁྱད་ཞུགས་པར་ཉི་སྣང་ལས་སོ།བར་ཆད་གཅིག་པའི་དོན་ཀུན་བཏུས་འགྲེལ་བར་སྐྱེ་བ་གཅིག་གིས་མྱང་འདས་ལ་བར་བཤད་པ་ནི་མདོ་དང་མཐུན་ནོ།འདི་ལ་ཨ་བྷྱས་བདུན་པ་བརྒྱད་པར་འཆད་ཀྱང་མདོ་དང་བསྟུན་ན་བཅུ་པར་གསལ་ཏེ་སྐྱེ་བ་གཅིག་གིས་ཐོགས་པའི་རྒྱལ་སྲས་སུ་བཤད་པས་སོ།།ཞེས་ཚེ་གཅིག་བར་ཆད་གཅིག་པའི་མིང་ཅན་གྱི་བྱང་སེམས་ས་བཅུ་པ་བ་སངས་རྒྱས་པ་ལ་སྐྱེ་བ་གཅིག་དང་ཉོན་མོངས་པ་གཅིག་གིས་བར་དུ་ཆོད་པར་གསུངས་པ་འདི་ཙམ་ལས་བརྒལ་ནས་རང་བཟོའ་ིབཤད་པ་བྱེད་པ་ལ་དགོས་པ་ཅི་ཞིག་ཡོད།།གཞན་ཡང་གསེར་ཕྲེང་ལས་ཉོན་ཡིད་ཁས་མི་ལེན་པར་བཤད་པ་ཡང་འཐད་པར་དཀའ་སྟེ།ལེགས་བཤད་གསེར་ཕྲེང་ལས།བཞི་པ་ནི་ཚོགས་དྲུག་དང་ཉོན་ཡིད་དེ་བདུན་འཁོར་དང་བཅས་པ་འགོག་སྟེ་འདི་ལ་ཉོན་ཡིད་མ་བཀག་ན་འདུ་ཤེས་མེད་པའི་སྙོམས་འཇུག་དང་འདི་གཉིས་ལ་ཞི་མ་ཞིའི་ཁྱད་པར་མེད་པར་འགྱུར་བས་སོ།།
ཞེས་དང༌།ཡང་གསེར་ཕྲེང་ལས།མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་དང༌།རྣམ་ཤེས་ཀུན་གཞི་ཡིན་ལ་རྟེན་དེའི་རྣམ་ཤེས་དེ་གཉིས་ཀྱང་ས་དེ་པ་ཡིན་པས་སོ།།ཞེས་དང༌།ཡང་དེ་ཉིད་ལས།འདིར་ནི་ཉོན་ཡིད་ཁས་ལེན་པ་དེ་བྱིས་ལམ་གྱིས་གཞོམ་མི་ནུས་ཤིང་འདོད་པར་གཏོགས་པས་སྐྱོན་མེད་དོ།།ཞེས་དང༌།ཡང་དེ་ཉིད་ལས།དེས་ན་ངེས་པའི་དོན་དུ་ན་གོང་མའི་སེམས་ཐོབ་ཀྱང་འོག་སའི་ཉོན་མོངས་མངོན་གྱུར་བ་ཀུན་ལྡོག་མི་དགོས་ཏེ།འོག་མའི་རྟེན་ལ་གོང་མའི་སེམས་ཐོོབ་པའི་ཚུར་མཐོང་གི་ཉོན་ཡིད་བཞིན་ནོ།།ཞེས་པའི་ལུང་འདི་དག་དང་འགལ་བར་དོགས་པས་ཚིམ་མ་སྔ་བར་གོ་འོག་ཀུན་ལ་དཔྱོད་ཅིག།ཡང་འགའ་ཞིག་གསེར་ཕྲེང་ལས།རིགས་ངེས་བྱང་སེམས་ཀྱིས་ཉོན་སྒྲིབ་སྤངས་པ་ས་བརྒྱད་པའི་དུས་སུ་རྫོགས་པར་གསུངས་པ་བོད་སྔ་མའི་འདོད་པ་བཀོད་པ་ཡིན་གྱི་གསེར་ཕྲེང་རང་ལུགས་མ་ཡིན་ལ།གསེར་ཕྲེང་གི་དགོངས་པ་ནི་རྣམ་བཤད་ལྟར་རིགས་ངེས་བྱང་སེམས་སངས་རྒྱས་པ་དང་དུས་མཉམ་དུ་ཉོན་སྒྲིན་སྤངས་པ་རྫོགས་ཟེར་བ་ཡང་མི་འཐད་སྙམ་སྟེ།གསེར་ཕྲེང་ལས་གོང་དུ་ཁ་ཅིག་གཉིས་བཀག་ནས་དེས་ན་རང་ལུགས་ནི་ཞེས་ནན་པོའི་ནས་རིགས་ངེས་བྱང་སེམས་ཀྱིས་ས་བརྒྱད་པའི་དུས་སུ་ཉོན་སྒྲིབ་སྤངས་པའི་རིགས་རྫོགས་པར་གསུངས་པའི་ཕྱིར་དང༌།།དེས་ན་རང་ལུགས་ལ་ཞེས་རང་ལུགས་བཞག་པའི་སྐབས་སུ་གཞན་ལུགས་འགོད་པ་ནི་རྩོམ་ལའང་མི་མཁས་པར་འགྱུར་བའི་ཕྱིར།གཞན་ཡང་གསེར་ཕྲེང་ལས།དེས་ན་རང་གི་ལུགས་ནི་ཉོན་སྒྲིབ་སྤངས་པ་ས་བརྒྱད་པར་རྫོགས་ཏེ།དེ་ནས་ཉོན་ཡིད་གཏན་མི་འབྱུང་བའི་ཚུལ་གྱིས་གནས་འགྱུར་བའི་ཕྱིར་རོ།།
ཞེས་གང་རང་ལུགས་སུ་གསུངས་པ་རང་ལུགས་སུ་ཁས་མི་ལེན་པར་དེའི་ཚེ་རྗེའི་དགོངས་ཚུལ་རྣམ་བཤད་ལྟར་ཡིན་ནོ་ཟེར་བ་ནི་རྗེ་རིན་པོ་ཆེའི་མཁྱེན་པའི་ཡུལ་ལའང་གང་ཡོད་རང་གིས་ཤེས་ཁུལ་བྱེད་པ་ནི་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་ན་ལས་ཕོ་ཤེད་ཙམ་དུ་ཟད་དོ།དེས་ན་གསེར་ཕྲེང་གི་དངོས་ཟིན་གྱི་རང་ལུགས་ནི།གནས་སྐབས་ཉན་ཐོས་སུ་རིགས་ངེས་པ་རྣམས་ཀྱིས་ཉོན་ཡིད་སྤངས་པ་ན་ཉོན་སྒྲིབ་རྫོགས་པར་སྤངས་དགོས་ལ་དེ་དང་ཆ་མཐུན་པ་དང་པོ་ཉིད་ནས་རིགས་ངེས་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཐོབ་པ་ན།ཀུན་གཞི་རྩ་བར།འགོག་པ་མཉམ་བཞག་གནས་སྐབས་དུས།།དབང་ཐོབ་དགྲ་བཅོམ་མཐར་ཐུག་གོ།ཞེས་པ་ལྟར་ཉོན་ཡིད་གཏན་མི་འབྱུང་བའི་ཚུལ་གྱིས་སྤངས་པའི་ཕྱིར་ཉན་ཐོས་ཀྱི་སྤངས་པའི་རིགས་ས་བརྒྱད་པར་ཐོབ་པ་ན་རྫོགས་པ་ཡིན་ནོ་ཞེས་པ་དངོས་ཟིན་གྱི་དོན་ནོ།།རྟོགས་རིགས་རྫོགས་ཚུལ་ལ་ཡང༌།གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་རྫོགས་ཚུལ་དང༌།གཉིས་སྟོང་རྟོགས་པའི་རྟོགས་རིགས་རྫོགས་ཚུལ།ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་རྫོགས་ཚུལ།ཇི་སྙེད་པ་རྟོགས་པའི་རྟོགས་རིགས་རྫོགས་ཚུལ་སོགས་དུ་མ་ཡོད་པ་ལས།གང་ཟག་གི་བདག་མེད་དང༌།གཉིས་སྟོང༌།ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་རྣམས་རིགས་ངེས་ཀྱི་བྱང་སེམས་རྣམས་ཀྱི་ས་དང་པོ་ཐོབ་པ་ན་རྫོགས་ཀྱང་དེའི་ཚེ་རྟོགས་པ་དེ་དག་གི་ནུས་པ་རྫོགས་པ་མ་ཡིན་ཏེ།དེ་དག་གི་ནུས་པ་རྫོགས་པ་ན་དེ་དག་མཐའ་མེད་དུ་འཕེལ་ཟིན་པ་ཞིག་དགོས་ལ།ས་དང་པོའི་དུས་སུ་བདག་མེད་རྟོགས་པའི་ཤེས་རབ་གཉིས་ལྟ་བུ་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པར་བྱས་ན་མཐའ་མེད་དུ་འཕེལ་རུང་ཡིན་པའི་ཕྱིར་དང༌།ནུས་པ་ཁྱད་པར་དུ་འགྲོར་ཡོད་པའི་ཕྱིར་ཏེ།གསེར་ཕྲེང་ལས།ཤར་རིའི་རྩེར་ཉི་མ་ཤར་མ་ཐག་པའི་ཚེ་དཀྱིལ་འཁོར་ཡོངས་སུ་རྫོགས་ཀྱང་བགྲོད་པ་མ་རྫོགས་པ་བཞིན་ནོ།།
ཞེས་དང༌།རྣམ་བཤད་སྙིང་པོ་རྒྱན་ལས་ཀྱང༌།གང་ཟག་གི་བདག་མེད་རྟོགས་པའི་ནུས་པ་མ་ལུས་པ་མཐོང་ལམ་དུ་རྫོགས་པའི་དོན་མ་ཡིན་ནོ།།ཞེས་གསུངས་པའི་ཕྱིར།ཇི་སྙེད་པ་རྟོགས་པའི་རིགས་སངས་མ་རྒྱས་པར་མི་རྫོགས་པར་གསེར་འཕྲེང་རང་ལུགས་ཀྱི་སྐབས་སུ་གསུངས་སོ།།འདི་དག་གི་སྐབས་སུ།ཇི་སྙེད་པ་རྟོགས་པའི་རིགས་ས་བརྒྱད་པ་མ་ཐོབ་པའི་སྔ་རོལ་དུ་རྫོགས་པ་མེད་པར་ཐལ།དེ་སངས་མ་རྒྱས་པར་རྫོགས་པ་མེད་པའི་ཕྱིར།འདོད་ན།རྣམ་བཤད་ལས།མཁྱེན་གསུམ་གྱི་རྟོགས་པའི་རིགས་རྫོགས་པར་ཐོབ་པ་ཙམ་གྱི་དག་ས་ལ་སྦྱོར་ན་ཧ་ཅང་ཐལ་ལ།རྟོགས་པའི་ངོ་བོ་རྫོགས་པ་ལ་བྱེད་ན་ས་དགུ་པ་ནས་ཐོབ་པ་དེ་ལས་ཀྱང་མི་འཐད་དོ།།ཞེས་གསུངས་པ་དང་འགལ་བར་འགྱུར་རོ་ཞེས་་དང༌།ཡང༌།ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ན་གང་ཟག་གི་བདག་མེད་རྟོགས་པའི་རིགས་ཡོངས་སུ་རྫོགས་དགོས་པ་མ་ཡིན་པར་ཐལ།ས་དང་པོ་མ་ཐོབ་བར་དེ་མི་རྫོགས་པའི་ཕྱིར།འདོད་ན།གཞི་ཤེས་ཀྱི་རྟོགས་རིགས་ཀྱང་མི་རྫོགས་པར་ཐལ།འདོད་ན།མཁྱེན་གསུམ་གྱི་རྟོགས་རིགས་ཀྱང་མི་རྫོགས་པར་ཐལ།འདོད་ན།རྣམ་བཤད་ལས།ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན།བརྟན་པའི་རྩེ་མོ་ཞེས་བྱ་བ་ནི་མདོ་ལས་མངོན་པར་བརྗོད་པའི་རྒྱུ་མཚན་ཡོད་དེ།རང་དོན་རྟོགས་པས་བསྡུས་པ་ཀུན་མཁྱེན་ཉིད་གསུམ་གྱི་ཆོས་རྣམས་ཀྱི་རྟོགས་པའི་རིགས་ཡོངས་སུ་རྫོགས་པ་བླ་ན་མེད་པ་ཐོབ་ཅིང་གཞན་དོན་སྙིང་རྗེས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་མདོ་ལས་བཤད་པ་ལྟར་ཐོབ་པའི་ངེས་འབྱེད་ཆ་མཐུན་ཡིན་པའི་ཕྱིར།ཞེས་དང༌།ཡང་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ས་བདུན་པ་བས་ཉན་ཐོས་ཀྱི་རྟོགས་རིགས་རྫོགས་སམ་མ་རྫོགས།མ་རྫོགས་ན།ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་དེས་ཉན་ཐོས་ཀྱི་རྟོགས་རིགས་མ་རྫོགས་པར་འགྱུར་ལ།དེའང་འདོད་ན།དེས་ཉན་ཐོས་རྟོགས་རིགས་མ་རྫོགས་པར་ཐལ།འདོད་པའི་ཕྱིར།འདོད་ན།རྗེ་བཙུན་པའི་སྐབས་དང་པོའི་སྤྱི་དོན་ཡང་དག་མཐའི་སྐབས་སུ་དེས་དེ་རྫོགས་པར་གསུངས་པ་དང་འགལ་ཞིང༌།ས་བདུན་པའི་སྐབས་སུ་རྫོགས་ན།དེས་ཉན་ཐོས་ཀྱི་རྟོགས་རིགས་རྫོགས་པར་ཐོབ་པར་ཐལ།འདོད་པའི་ཕྱིར།འདོད་ན་རྗེ་བཙུན་པའི་སྐབས་ལྔ་པའི་མཐའ་དཔྱོད་ལས།ཁོ་ན་རེ།དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ས་བདུན་པ་བ་དེས་གཞི་ཤེས་ཀྱི་རྟོགས་རིགས་རྫོགས་པར་ཐོབ་པར་ཐལ།དེས་མཁྱེན་གསུམ་གྱི་རྟོགས་རིགས་རྫོགས་པར་ཐོབ་པའི་ཕྱིར།འདོད་ན།དེས་ཉན་ཐོས་ཀྱི་རྟོགས་རིགས་རྫོགས་པར་ཐོབ་པར་ཐལ་ལོ་ཟེར་ན་མ་ཁྱབ།འདོད་མི་ནུས་ཏེ།དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པས་ཉན་རང་གི་རྟོགས་རིགས་རྫོགས་པ་དང་རྣམ་མཁྱེན་ཐོབ་པ་དུས་མཉམ་པའི་ཕྱིར།ཞེས་སོགས་ཀྱི་རྟགས་གསལ་མང་དག་ཅིག་འདུག་གོ།རྩ་བའི་ས་བཅད་གསུམ་པ་འཆད་པ་ན་གསེར་ཕྲེང་ལས།གཞུང་འདི་ལ་དམིགས་བསལ་གྱི་རྣམ་གཞག་བྱེད་པ་ནི་མི་འཐད་དེ།ཞེས་པའི་འདི་སྒྲ་འཇུག་སའི་གཞུང་ནི།མདོ་ལས།སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང༌།སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་དང༌།སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་དེ་དག་གི་ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱའོ།།
ཞེས་པའི་མདོ་འདི་ཡིན་ལ་འདི་ལ་སྤྱིར་བཏང་དང་དམིགས་བསལ་མི་འཐད་ཚུལ་ནི་གསེར་ཕྲེང་ལས།འདིར་ནི་མངོན་དུ་མི་བྱེད་པ་སྤྱིར་བཏང་ཡིན་ན་བཟློག་པ་གསུམ་དམིགས་བསལ་ཡིན་དགོས་པས་དམིགས་བསལ་སྒྲས་མ་ཟིན་ལ།སྒྲས་ཟིན་ཚོད་གསུམ་དམིགས་བསལ་ཡིན་ན་མངོན་དུ་བྱེད་པ་སྤྱིར་བཏང་ཡིན་དགོས་པས་སྤྱིར་བཏང་སྒྲས་མ་ཟིན་ཞིང༌།དངོས་བསྟན་གཉིས་སྤྱིར་བཏང་དང་དམིགས་བསལ་ཡིན་ན་དམིགས་བསལ་སྤྱིར་བཏང་དུ་སོང་བའི་སྐྱོན་ཡོད་དོ་ཞེས་གསུངས།དེ་ཡང་གོ་བདེ་བར་བརྗོད་ན།རིགས་ངེས་བྱང་སེམས་རྣམས་ཀྱིས་ཡང་དག་མཐའ་མངོན་དུ་མི་བྱེད་པ་སྤྱིར་བཏང་ཡིན་ན།རྫོགས་སྨིན་སྦྱངས་གསུམ་བྱས་པ་དེ་དམིགས་བསལ་ཡིན་དགོས་པས་དམིགས་བསལ་སྒྲས་མ་ཟིན་ལ།སྒྲས་ཟིན་ཚོད་ཀྱི་རྫོགས་སྨིན་སྦྱངས་གསུམ་མ་བྱས་པ་དམིགས་བསལ་ཡིན་ན་ཡང་དག་མཐའ་མངོན་དུ་བྱེད་པ་སྤྱིར་བཏང་ཡིན་དགོས་པས་སྤྱིར་བཏང་སྒྲས་མ་ཟིན་ཞིང༌།རྫོགས་སྨིན་སྦྱངས་གསུམ་མ་བྱས་པ་དང་ཡང་དག་མཐའ་མངོན་དུ་མི་བྱེད་པའི་དངོས་བསྟན་གཉིས་ལས་དང་པོ་སྤྱིར་བཏང་དང༌།གཉིས་པ་དམིགས་བསལ་དུ་བྱེད་ན་དམིགས་བསལ་སྤྱིར་བཏང་དུ་འགྱུར་བའི་སྐྱོན་ཡོད་ཅེས་པའི་དོན་ནོ།།གོང་དུ་སྨོས་པའི་མདོ་ཚིག་དེ་ཙམ་ལ་སྤྱིར་བཏང་དང་དམིགས་བསལ་གྱི་རྣམ་གཞག་མི་འཐད་ཀྱང་ཡང་དག་མཐའི་སྐབས་སུ་རྣམ་བཤད་དང་རྗེ་བཙུན་པའི་ཡིག་ཆ་སོགས་ལས་གསུངས་པའི་སྤྱིར་བཏང་དང་དམིགས་བསལ་གྱི་རྣམ་གཞག་ནི་ཡིག་ཆ་རང་ལས་ཤིན་ཏུ་གསལ་བས་འདིར་མ་བཀོད་ལ་འོན་ཀྱང་དེ་དག་གི་སྐབས་སུ་དོགས་པ་འདི་ལྟར་ཡོད་དེ།དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ་ཞེས་པས་སྤྱིར་བཏང་ནས་རྫོགས་སྨིན་སྦྱངས་གསུམ་མ་བྱས་པ་ཡང་དག་མཐའ་མངོན་དུ་མི་བྱེད་པ་དམིགས་བསལ་ཡིན་པས་རྫོགས་སྨིན་སྦྱངས་གསུམ་མ་བྱས་པ་ཡང་དག་པའི་མཐའ་མངོན་དུ་བྱེད་པ་དེ་ཉན་རང་གི་ལམ་གྱི་བྱ་བ་ཡིན་ནམ་མིན།དང་པོ་ལྟར་ན།ཉན་རང་དགྲ་བཅོམ་ཐོབ་པ་ཡང་ཉན་རང་གི་ལམ་གྱི་བྱ་བ་ཅིའི་ཕྱིར་མ་ཡིན།དེ་དག་ཉན་རང་གི་ལམ་གྱི་བྱ་བ་ཡིན་ན་དེ་དག་ཀྱང་དམིགས་བསལ་དུ་འགྱུར་བས་དེ་ལ་སོགས་པ་དམིགས་བསལ་མཐའ་ཡས་པར་འགྱུར་རོ།།ཡང་ཉན་རང་དགྲ་བཅོམ་ཐོབ་པ་དེ་དག་གི་ལམ་གྱི་བྱ་བ་མ་ཡིན་ན་རྫོགས་སྨིན་སྦྱངས་གསུམ་མ་བྱས་པ་ཡང་དག་མཐའ་མངོན་དུ་བྱེད་པ་དེ་དག་གི་ལམ་གྱི་བྱ་བར་བཞག་པའི་རྒྱུ་མཚན་གང་ཡིན་སྨོས་ཤིག།རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་བྱེད་པ་དེ་དག་གི་ལམ་གྱི་བྱ་བ་མ་ཡིན་ན།དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ།།ཞེས་དེའི་དམིགས་བསལ་དུ་འགྲོ་ཚུལ་ཇི་ལྟར་ཡིན་སོགས་ཀྱི་དཔྱད་པར་བྱ་རྒྱུ་མང་ངོ༌།།རྩ་བའི་ས་བཅད་བཞི་པ་འཆད་པ་ན་གསེར་ཕྲེང་ལས།འོ་ན་ཅི་ཞེ་ན།དབུས་མཐའ་ལས་ཞེས་པ་ནས་ཞེས་འབྱུང་བའི་ཕྱིར་སྤྲོས་པ་དང་མཚན་མ་ཐམས་ཅད་ཀྱིས་སྟོང་པའི་ཞི་བའི་དབྱིངས་མྱང་འདས་ཙམ་ལ་བྱའོ།།ཞེས་པའི་བར་གསུངས།འདི་དག་སྐབས་སུ་དོགས་པ་འདི་ལྟར་ཡོད་དེ།འདིར་བསྟན་ཡང་དག་མཐའ་དེ་སྟོང་ཉིད་ཡིན་ནམ་མིན།ཕྱི་མ་ལྟར་ན་གསེར་ཕྲེང་ལས།དབུས་མཐའ་དང༌།རྒྱན་སྣང༌།རྒྱུད་བླ་སོགས་ལས་གསུངས་པའི་སྟོང་པ་ཉིད་ཀྱི་མིང་གི་རྣམ་གྲངས་རྣམས་དྲངས་ནས་སྤྲོས་པ་དང་མཚན་མ་ཐམས་ཅད་ཀྱིས་སྟོང་པའིི་ཞི་བའི་དབྱིངས་ལ་བཤད་པ་དང་དངོས་སུ་འགལ་བར་འགྱུར་ལ།དང་པོ་ལྟར་ན།ལྷག་མེད་མྱང་འདས་པ་ཡིན་ན་འདིར་བསྟན་ཡང་དག་མཐའ་མངོན་སུམ་དུ་རྟོགས་པའི་ཁྱབ་པས་ལྷག་མེད་མྱང་འདས་པ་ཡིན་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཁྱབ་པར་འགྱུར་ལ།དེ་ཡང་འདོད་ན།གསེར་ཕྲེང་ལས།ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པ་ལྟར་ན་དེ་ལ་ཤེར་ཕྱིན་ཡོད་པ་མི་འགལ་ཡང་བྱམས་ཆོས་རྣམས་ཀྱི་སྒྲས་ཟིན་ཚོད་དང་འཕགས་པ་དང་སློབ་དཔོན་གྱིས་ཉན་རང་གིས་ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པར་མ་བཤད་ཅིང་མི་བཞེད་པས་འདིར་ཁས་མི་བླང་ངོ༌།།ཞེས་དང༌།
ཡང་དེ་ཉིད་ལས།དབུ་མ་པའི་སློབ་དཔོན་ལ་ཡང་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་དང༌།ཞི་བ་འཚོ་དཔོན་སློབ་དང༌།འཕགས་སེང་རྗེས་འབྲངས་དང་བཅས་པའི་ཕར་ཕྱིན་པ་རྣམས་ཀྱིས་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པར་གསུངས་ཏེ།ཕྱོགས་འདི་ལ་རྒྱ་བོད་ཀྱི་མཁས་པ་ཤིན་ཏུ་མང་ངོ༌།།ཞེས་གསུངས་པ་དང་འགལ་ལོ་ཞེ་ན།སྐྱོན་མེད་དེ།གསེར་ཕྲེང་རང་ལུགས་ལ་སྟོང་པ་ཉིད་ལ་གང་ཟག་གི་བདག་མེད་ཕྲ་མོ་དང༌།གཉིས་སྟོང༌།ཆོས་ཀྱི་བདག་མེད་ཕྲ་མོ་གསུམ་ཡོད་པས་ཉན་རང་གིས་སྤྲོས་བྲལ་མ་རྟོགས་པར་གསུངས་པ་ནི་ཆོས་ཀྱི་བདག་མེད་མ་རྟོགས་པའི་དོན་ཡིན་ལ།སྤྱིར་གསེར་ཕྲེང་རང་ལུགས་ཉན་རང་གིས་སྟོང་ཉིད་རྟོགས་པར་བཞེད་དེ།གསེར་ཕྲེང་ལས།ཆོས་ཀྱི་བདག་མེད་མ་རྟོགས་པར་འདོད་པ་དག་གིས་ཀྱང་དེ་བཞིན་ཉིད་རྟོགས་པར་ནི་འདོད་དེ།།ཞེས་དང༌།ཡང་དེ་ཉིད་ལས།དབུས་མཐའ་ལས་ཀྱང༌།གང་ཟག་དང་ནི་ཆོས་རྣམས་ཀྱི།།དངོས་པོ་མེད་འདིར་སྟོང་པ་ཉིད།།ཅེས་སྟོང་ཉིད་བཅུ་དྲུག་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཀྱི་སྟོང་པ་ཉིད་གཉིས་བཤད་པ་དང་ཞེས་སོགས་གསུངས་པའི་ཕྱིར།ཡང་དག་མཐའི་སྐབས་སུ་གསེར་ཕྲེང་ལས།ཟབ་མོ་བརྒྱད་ཀྱི་གསུམ་པར་བཤད་པ་ལྟར་ཞེས་པའི་ཟབ་མོ་བརྒྱད་ནི།སྐྱེ་བ་ཟབ་པ།འགག་པ་ཟབ་པ།དེ་བཞིན་ཉིད་ཟབ་པ།ཤེས་བྱ་ཟབ་པ།ཤེས་པ་ཟབ་པ།སྤྱོད་པ་ཟབ་པ།གཉིས་སུ་མེད་པ་ཟབ་པ།ཐབས་ལ་མཁས་པ་ཟབ་པ་སྟེ་བརྒྱད་ལ་བཤད་ཅིང༌།དེ་དག་གི་ནང་ནས་གསུམ་པ་དེ་བཞིན་ཉིད་ཟབ་པ་ནི།ལམ་གྱི་གནས་སྐབས་ཐམས་ཅད་དུ་ཤེས་རབ་ཀྱི་དེ་བཞིན་ཉིད་གོམས་པར་བྱེད་ཀྱང་སྙིང་རྗེས་དེ་བཞིན་ཉིད་དེ་རང་དོན་དུ་མངོན་དུ་མི་བྱེད་པ་ལ་གསུངས་སོ།།
ཡང་དག་མཐའ་དོན་ཅུང་ཟད་དཔྱད་པའི་དགེས།།རྒྱལ་བསྟན་སྤྱི་དང་འཇམ་དབྱངས་བླ་མ་ཡི།།ལམ་བཟང་འགྲོ་བའི་སྙིང་ལ་རབ་ཞུགས་ཏེ།།ཁམས་གསུམ་ཆོས་ཀྱི་བཅུད་ཀྱིས་འཚོ་གྱུར་ཅིག།ཐོས་པའི་སྤུ་སྡུག་གོས་ཀྱི་མཛེས་པར་ཀླུབས།།རྣམ་དཔྱོད་གཤོག་ཡངས་ཟུང་གིས་འཕུར་ལྡིང་གཡོ།།མགྲིན་པའི་དྲིལ་ཆུང་འཁྲོལ་བའི་སྙན་པའི་སྒྲས།།ཐུབ་བསྟན་ནགས་ཀླུང་རྒྱན་དུ་མཛེས་གྱུར་ཅིག།ཆུང་ནས་སྐྱེས་ཐོབ་རིག་པ་ལྕགས་ཀྱི་ཁམས།།ལོ་མང་ངལ་བས་གུས་རྟག་རྒྱུན་སྦྱོར་གྱི།།བསྲེག་བརྡུང་ཕྱིས་ཏེ་གྲུབ་པའི་ཤེས་རབ་ཀྱི།།རལ་གྲིས་དཀའ་གནད་མདུད་འཆིངས་བཅད་ལ་ལྟོས།།སེར་ལྷོ་དགེ་བཤེས་བློ་བཟང་གིས་བྲིས།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn