གསེར་ཕྲེང་རྩོམ་གཞི་དྲུག་པའི་དྲིས་ལན།
འོ་ན་ཆོས་ཀྱི་འཁོར་ལོ་ཞེས་པ་དེ་ཇི་ལྟ་བུ་ཞེ་ན་ཞེས་པ་ནས་འདི་སྣོད་ཀྱི་ཞིང་ལ་བྱ་སྟེ་བཅུད་ཀྱི་ནི་སེསམ་ཅན་སྨིན་པར་བྱེད་པ་ཡིན་པས་སོ་ཞེས་པའི་བར་གྱི་དྲིས་ལན།
དྲི་མེད་རིན་ཆེན་འབུམ་གྱི་འོད་སྟོང་བཀྲ་བའི་རབ་འབྱམས་མཁྱེན་བརྩེ་མ་ལུས་གཅིག་བསྡུས་ཕན་བདེའི་གཏེར།།ཇི་ལྟར་ཇི་སྙེད་ཆོས་ཀུན་མཁྱེན་པའི་ཐུགས་ཀྱི་དག་པའི་མེ་ལོང་ངོས་སུ་མ་འདྲེས་གསལ་བར་བཀྲ།།ཉོན་མོངས་སྒྲིབ་པའི་རྣམ་རྟོག་མ་ལུས་ཡོངས་སུ་དག་པའི་མཉམ་གཞག་ངང་ལས་གཏན་ནས་གཡོ་མེད་པའི།།ཤེས་བྱའི་དཀྱིལ་འཁོར་མཐའ་དག་འཁོར་ལོའི་བསྒྱུར་དབང་འདྲེན་པ་མཉམ་མེད་ཤཱ་ཀྱའི་ཏོག་དེར་འདུད།།བརྗོད་མེད་སྤྲོས་བྲལ་ཀ་དག་སྟོང་པ་དང༌།།སྒྱུ་མའི་རང་མདངས་ལྷུན་གྲུབ་རྟེན་འབྱུང་གཉིས།།རྒྱུ་དང་འབྲས་བུར་འཆར་ཚུལ་གདམས་པ་ལས།།གཞི་མེད་རྩ་བྲལ་ཀུན་ཁྱབ་བདེ་སྟོང་སྐུ།།ཆོས་སྐུའི་རང་མདངས་རང་སེམས་ལས་གྲུབ་ཚུལ།།ལེགས་བཤད་དམ་པའི་སྣང་བ་ས་གསུམ་ན།།རྒྱས་པར་མཛད་པའི་གངས་ཅན་མཁས་པ་ཡི།།གཙུག་རྒྱན་བློ་བཟང་གྲགས་པར་གུས་པས་འདུད།།རྣམ་དཔྱོད་མཁྱེན་པའི་པདྨའི་གཉེན་ལས་ལེགས་བཤད་འོད་སྟོང་ཕྱོགས་བཅུར་རབ་སྤྲོས་པ།།སྐྱེ་དགུའི་བློ་མུན་སེལ་བར་མཛད་པས་མཁའ་ལ་སྙན་པའི་འབྲུག་སྒྲ་ལྷ་ངེར་བསྒྲགས།།ལྷག་བསམ་དྲི་བསུང་ཕྱོགས་མཐར་ཁྱབ་ཅིང་བཙུན་པའི་མེ་ཏོག་བཟང་པོའི་གོས་རྒྱན་འཆང༌།།ཟླ་མེད་བཤེས་གཉེན་བློ་བཟང་བླ་མ་ལྷར་བཅས་ཚེ་རབས་ཀུན་ཏུ་གུས་པས་མཆོད།།དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་འདི་ཉིད་བསྐལ་བ་དུ་མའི་སྔ་རོལ་དུ་རྒྱལ་བ་དབང་པོའ་ིཏོག་ཏུ་སངས་རྒྱས་ཤིང་ཞིང་འདིར་སྙིགས་མའི་འགྲོ་བ་རྣམས་ཀྱི་ཆེད་དུ་མཆོག་གི་སྤྲུལ་སྐུའི་ཚུལ་དུ་རྡོ་རྗེ་གདན་དུ་སངས་རྒྱས་པའི་མཛད་པ་བསྟན་པར་མཛད་ལ།གསང་སྔགས་ཐེག་པ་ལྟར་ན།ས་ག་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་རྣམ་སྨིན་གྱི་ལུས་གླིང་འདིར་བཞག་སྟེ་ཡིད་ལུས་ཀྱིས་འོག་མིན་དུ་ཕེབས་ཏེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་སངས་རྒྱ་བའི་མཛད་པ་བསྟན་ཏེ་རྣལ་འབྱོར་གྱི་རྒྱུད་གསུངས་པ་དང༌།ཡང་གསང་འདུས་གྱི་དཀྱིལ་འཁོར་དུ་ཞུགས་ནས་བྱང་ཆུབ་རྡོ་རྗེ་ཡེ་ཤེས་མཚོན་པའི་དབང་བསྐུར་ཏེ་ཟུང་འཇུག་གི་སྐུར་བཞེངས་ཏེ་བླ་མེད་ཀྱི་རྒྱུད་གསུངས་པ་དང༌།བདུད་འདུལ་བའི་ཚེ་གཤིན་རྗེའི་གཤེད་དམར་ནག་གི་སྐུར་བཞེངས་ནས་གཤིན་རྗེ་གཤེད་རྒྱུད་གསུངས་པ་ལ་སོགས་པའི་གསང་སྔགས་ཀྱི་ཆོས་འཁོར་མཐའ་ཡས་པ་བསྐོར་བ་མཛད་ལ།སྐབས་འདིར་ཕར་ཕྱིན་ཐེག་པ་ལྟར་ན།བདག་ཅག་གི་སྟོན་པ་དགུང་ལོ་སོ་ལྔ་ལ་བབ་པ་རྒྱལ་བ་ཞེས་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཡི་ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཞག་བདུན་བྱང་ཆུབ་ཀྱི་ཤིང་ལ་བརྟེན་ཏེ་བཞུགས།བདུན་གཉིས་པ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་རྒྱང་རིང་དུ་འཆག་པར་མཛད།བདུན་གསུམ་པ་ལ་བྱང་ཆུབ་ཀྱི་ཤིང་ལ་སྤྱན་མི་འཛུམ་པར་གཟིགས་ཤིང་བཞུགས།བདུན་བཞི་པ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཤར་ནུབ་ཀྱི་རྒྱ་མཚོའི་བར་ལ་འཆག་ཅིང་བཞུགས།བདུན་ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་བཞུགས།བདུན་དྲུག་པ་ལ་ཤིང་དྲུང་དུ་གཤེགས་ཏེ་ཀུན་ཏུ་རྒྱུ་མང་པོ་ཞིག་བྱང་ཆུབ་ཏུ་སྨིན་པར་མཛད།བདུན་བདུན་པ་ལ་ཚོང་དཔོན་ག་གོན་དང་བཟང་པོ་གཉིས་ཀྱིས་ཕུལ་བའི་ཞལ་ཟས་བཞེས་སོ།།
དེ་ནས་ཡུལ་ཝཱ་ར་ནཱ་སིར་འཁོར་ལྔ་སྡེ་བཟང་པོ་ལ།བདེན་པ་བཞི་ཡི་མིང་དང༌།སྤང་བླང༌།ཡན་ལག་བརྒྱད་དང་དབུ་མའི་ལམ་གྱིས་མཐའ་གཉིས་སྤངས་ཚུལ་སོགས་ཀྱི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་མཛད་ལ།འདི་ལྟ་བུ་ཡི་ཆོས་ཀྱི་འཁོར་ལོ་རྣམ་གཞག་བཤད་པ་ལ།བྱེ་བྲག་སྨྲ་བའི་འདོད་པ་བཤད་པ།དབུ་མ་བའི་ལུགས་བཤད་པ་གཉིས་ལས།དང་པོ་ནི།བྱེ་སྨྲ་རྣམས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་དེ།ལྔ་སྡེ་ལ་མཐོང་ལམ་སྐྱེད་པ་ན་གནོད་སྦྱིན་རྣམས་ཀྱིས།ཆོས་ཀྱི་འཁོར་ལོ་བསྐོར་རོ།ཞེས་སྒྲ་བསྒྲགས་པ་དང༌།འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པ་མཐོང་ལམ་ལ་ཡོད་པའི་ཕྱིར་སྙམ་དུ་བསམས་སོ།། འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་ཚུལ་ནི་ལེགས་བཤད་གསེར་ཕྲེང་ཉིད་དུ་གསལ་ལ།མཛོད་ལས་ཀྱང༌།ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ།།མྱུར་བར་འགྲོ་སོགས་རྩིབས་སོགས་ཕྱིར།།ཞེས་གསུངས་སོ།།
དེ་ལྟར་མཐོང་ལམ་སྐྱེ་བའི་ཚུལ་ལ།དེ་ལ་སྐད་ཅིག་བཅོ་ལྔ་ནི།།མ་མཐོང་མཐོང་ཕྱི་མཐོང་བའི་ལམ།།ཞེས་སྐད་ཅིག་མ་བཅོ་ལྔར་བཤད་ལ།དེ་ཡང་ལམ་རྗེས་ཤེས་སྒོམ་ལམ་དུ་འདོད་དོ།འོན་ཀྱང་བྱེ་བྲག་སྨྲ་བའི་ནང་གསེས་ཆོས་སྲུང་སྡེ་བ་ཡིས་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཏུ་འདོད་པར་སྣང་སྟེ།ལེགས་བཤད་གསེར་ཕྲེང་ལས།ལུགས་དང་པོ་ནི།འབྲས་བུ་མངོན་རྟོགས་ལ་ལྟོས་ན་མཐོང་ལམ་སྐད་ཅིག་མ་གཅིག་ཡིན་ལ།སོ་སོར་རྟོགས་པའི་མངོན་རྟོགས་ལ་ལྟོས་ནས་སྐད་ཅིག་མ་བཅུ་དྲུག་གོ་ཞེས་ཟེར་རོ།།ཞེས་གསུངས་ལ་དེ་ཡང་སྐབས་འདིའི་ལུགས་དང་པོ་དེ་ཆོས་སྲུང་སྡེ་པ་ཡིན་པ་ལེགས་བཤད་གསེར་ཕྲེང་དུ་གསལ་བར་མི་སྣང་ཡང༌།གང་སྤེལ་ལས་འཕགས་པ་ཆོས་སྲུང་བའི་སྡེ་བ་ལ་སོགས་པ་དག་བདེན་པ་རྣམས་མངོན་པར་རྟོགས་པ་གཅིག་ཏུ་བརྗོད་དེ།།ཞེས་གསལ་ལོ།།
ཀུན་བཏུས་ཀྱི་ལུགས་ཀྱི་མཐོང་ལམ་སྐྱེ་ཚུལ་ལ་ལེགས་བཤད་གསེར་ཕྲེང་ལས་ཀུན་བཏུས་ཀྱི་ལུགས་ཀྱི་སྡུག་བསྔལ་ཆོས་བཟོད་ཀྱིས་ཁམས་གསུམ་གའི་སྡུག་བསྔལ་མཐོང་སྤངས་སྤོང་ཞིང༌།སྡུག་བསྔལ་ཆོས་ཤེས་ཀྱིས་རྣམ་གྲོལ་ལམ་མངོན་དུ་བྱེད་ལ་ལྷག་མ་གསུམ་གྱི་ཆོས་བཟོད་ཆོས་ཤེས་ཀྱང་དེ་བཞིན་ནོ།།སྡུག་བསྔལ་རྗེས་བཟོད་ཀྱིས་སྡུག་བསྔལ་ཆོས་བཟོད་ཆོས་ཤེས་གཉིས་ལ་དམིགས་ནས་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་འཛིན་ལ།སྡུག་བསྔལ་རྗེས་ཤེས་ཀྱིས་རྗེས་བཟོད་ལ་དམིགས་ནས་སྔར་ལྟར་འཛིན་པའོ།།ཞེས་པར་བྱེད་པ་སྟེ།ལྷག་མ་གསུམ་གྱི་རྗེས་བཟོད་དང་རྗེས་ཤེས་དེ་བཞིན་ནོ།།ཞེས་གསུངས་ལ་འོན་ཀྱང་ཐེག་ཆེན་རྣམས་སྤང་བྱ་གཅིག་ཅར་བ་ཡིན་པས་བཟོད་པ་བརྒྱད་ཤེས་པ་བརྒྱད་དོན་གཅིག་པས་སྡུག་བསྔལ་ཆོས་བཟོད་དང་རྗེས་བཟོད་གཉིས་གནད་གཅིག་པས་སྡུག་བསྔལ་རྗེས་བཟོད་ཀྱིས་སྡུག་བསྔལ་ཆོས་བཟོད་དང་ཆོས་ཤེས་གཉིས་ལ་དམིགས་ནས་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་འཛིན་པ་ལྟར་སྡུག་བསྔལ་ཆོས་བཟོད་ཀྱིས་ཀྱང་དེ་བཞིན་འཛིན་དགོས་པར་འགྱུར་བ་དང༌།གཞན་ཡང་སྡུག་བསྔལ་རྗེས་བཟོད་ཀྱི་སྐབས་ཆོས་རྣམས་མ་སྐྱེས་པས་དེ་ཡིས་སྡུག་བསྔལ་ཆོས་ཤེས་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པར་ཇི་ལྟར་འཛིན་པའི་འཛིན་གྱི་དཔྱད་གཞིར་སྣང༌།འོན་ཀྱང་ལེགས་བཤད་གསེར་ཕྲེང་དེའི་འཇུག་འཐད་ཕྱོགས་བསྟན་པའི་སྐབས་ལས།ཡུལ་དེ་བཞིན་ཉིད་རྟོགས་ཚུལ།མི་མཐུན་པ་མེད་པ་རྒྱུན་གཅིག་ཡིན་པས་སྐད་ཅིག་མ་གཅིག་དང་རྟོགས་ཚུལ་མི་འདྲ་བར་བཤད་པ་བཅུ་དྲུག་ནི་རྗེས་ཐོབ་ཀྱི་ངེས་པ་འདྲེན་ཚུལ་ལ་བཞག་གོ།ཞེས་དང་ས་བཅུའི་དབང་དུ་བྱས་ནས་ས་གཉིས་པ་ནས་གཟུང་བ་ཡིན་གྱི་སྡུག་བསྔལ་ཆོས་ཤེས་ནས་མིན་ཏེ།ཀུན་ཏུ་འགྲོ་དོན་དུ་རྟོགས་པ་ལ་སོགས་པ་རྗེས་ཀྱི་ཚེ་ངེས་པ་འདྲེན་ཚུལ་ལ་བཤད་ཅིང་ཆོས་ཤེས་ཀྱི་ཚེ་མཆོག་གི་དོན་ལ་ངེས་པ་འདྲེན་པར་མི་བཞེད་པའི་ཕྱིར་རོ།།ཞེས་གསུངས་པས་ཆོས་བཟོད་དང་ཆོས་ཤེས་ལ་དམིགས་ནས་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་འཛིན་པར་གསུངས་པ་དེ་རྗེས་ཐོབ་ཀྱི་སྐབས་སུ་ངེས་པ་འདྲེན་ཚུལ་ལ་དགོངས་པ་མིན་ནམ་སྙམ།དེ་བཞིན་ཆོས་བཟོད་དང་ཆོས་ཤེས་གཉིས་དམིགས་བཀར་གྱི་ཟུར་ཕྱུངས་མཛད་པའི་རྒྱུ་མཚན་དང་དགོས་པ་ཇི་བཞིན་པ་གསལ་བར་མི་སྣང་ངོ༌།དེ་ཡང་ལུང་གི་ཆོས་འཁོར་ལ།མདོ་སྡེ་དབྱངས་སྙན་ལུང་བསྟན་དང༌།།ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད།།དེ་ལྟར་བྱུང་དང་གླིང་བཞི་དང༌།།ཤིན་ཏུ་རྒྱས་དང་སྐྱེས་རབ་བཅས།།གཏན་དབབ་རྨད་དུ་བྱུང་ཆོས་སྡེ།།དེ་ལྟར་ཡན་ལག་བཅུ་གཉིས་སོ།།ཞེས་པ་ལྟར་གསུང་རབ་ཡན་ལག་བཅུ་གཉིས་སུ་འདོད་ལ།དེ་ཡང་གསུང་རབ་ཡན་ལག་བཅུ་གཉིས་ངག་སྒྲ་རང་མཚན་པ་འདོད་མི་འདོད་ལ་བཞེད་ཚུལ་མི་འདྲ་བ་ཡོད་ལ།
དེ་ཡང་ལེགས་བཤད་གསེར་ཕྲེང་ལས།ངག་སྒྲ་རང་མཚན་པ་ལ་འདོད་ན་ངག་མ་ཐོན་ན་བསྟན་བཅོས་མ་བརྩམས་པ་དང༌།བསེ་རུ་ལྟ་བུའི་རང་རྒྱལ་གདུལ་བྱ་ལ་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱིས་སྒོ་ནས་ཆོས་བསྟན་པ་མེད་པར་ཐལ་བའི་གནོད་བྱེད་སོགས་བསྟན་ནས་དེ་ཉིད་ལས་དེ་བསྟན་གདུལ་བྱའི་ཤེས་པ་སྒྲར་སྣང་བའི་རང་བཞིན་ཉིད་ཡིན་པས་བསྟན་པ་ཉན་པ་པོའི་སྐྱེ་བོ་དང་འབྲེལ་བ་ཡིན་ཀྱང་ཞེས་དང༌།དེ་ཡང་སོ་སྐྱེ་དང་ས་བཅུ་པ་ལ་ཐུག་གི་འཕགས་པ་ལ་ནི་གདུལ་བྱ་དང་གཉིས་ཀའི་སྣང་བ་ལ་བསྟན་བཅོས་བཞག་སྟེ།།ཞེས་གསུངས་ལ།དེ་བཞིན་ཀུན་གཞི་རྒྱ་ཆེར་འགྲེལ་ལས་ཀྱང༌།དབང་དོན་ལས་གཞན་དྲུག་པའི་ཡུལ།།ཀུན་གཞིའི་ཡུལ་དུ་མི་འགྱུར་རོ།།ཞེས་དང་དབང་དོན་བག་ཆགས་གསུམ་ལས་གཞན་པའི་ཡེ་ཤེས་ཀྱི་ཡན་ལག་བཅུ་གཉིས་ལྟ་བུ་དང༌།འདས་སོགས་སྒྲོ་བཏགས་རྣམས་ནི་ཀུན་གཞིའི་ཡུལ་དུ་མི་འགྱུར་ཏེ།དེ་དག་ནི་ཡེ་ཤེས་ཀྱི་ཡུལ་དུ་བྱས་པ་ཙམ་ཡིན་ཞིང་ཀུན་གཞིའི་ཐ་སྙད་འདོགས་པའི་འདུ་ཤེས་བཀྲ་བར་འཛིན་པ་དང་བྲལ་བའི་ཕྱིར་ཏེ།།ཞེས་སོགས་གསུངས་ལ།དེའི་ཕྱིར་གསེར་ཕྲེང་ལྟར་ན་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་རྒྱལ་བའི་བཀའ་དེ་དག་ངག་སྒྲ་རང་མཚན་པ་མི་འདོད་པར་སྣང་ལ།འོན་ཀྱང་རྒྱལ་བའི་བཀའ་རྣམས་གདམས་ངག་ཡིན་མིན་དང་གདམས་ངག་གང་ཡིན་ངག་ཡིན་དགོས་མིན་ལ་འདི་ལྟར་བརྗོད་པར་བྱ་བ་སྣང་སྟེ་ལེགས་བཤད་གསེར་ཕྲེང་ལས་གདམས་ངག་ཁྱད་པར་ཅན་ལ་ཡང་སྟོན་པ་པོ་སངས་རྒྱས་སུ་མ་ངེས་པར་བསྟན་ལ།སྤྱིར་བཀའ་ཡིན་པར་ཡང་མ་ངེས་ཏེ།མངོན་རྟོགས་རྒྱན་ལྟ་བུ་ལ་ཡང་གདམས་ངག་ཁྱད་པར་ཅན་གྱི་དོན་ལེགས་པར་ཚང་བའི་ཕྱིར་རོ་ཞེས་མངོན་རྟོགས་རྒྱན་ལྟ་བུ་གདམས་ངག་ཏུ་བཞེད་པར་གསལ་ལ་དེ་གདམས་ངག་ཡིན་པས་ངག་ཡིན་ནམ།ཞེས་པ་ལ།ལེགས་བཤད་གསེར་ཕྲེང་ཐེག་ཆེན་གདམས་ངག་ནི་ཐེག་ཆེན་སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱ་འཐོབ་པའི་ཐབས་མ་ནོར་བར་འདོམས་པའི་རྗོད་བྱེད་དོ་ཞེས་དང༌།འདི་ལས་ཀྱང་འདོམས་པ་ནི་གདམས་ངག་སྟེ་ཞེས་ཆེན་པོ་རྣམས་ཞལ་འཆམ་པར་འབྱུང་བའི་ཕྱིར་གདམས་ངག་ནི་རྗོད་བྱེད་མཚན་ཉིད་པ་ཡིན་ལ།ཞེས་གདམས་ངག་རྗོད་བྱེད་ཡིན་པར་གསུངས་པས་དེ་ན་ངག་ཡིན་པར་འགྱུར་རམ་ཅེས་པའི་དོགས་པ་ཁོང་ནས་བསུ་བ་ལ་ངག་དང་རྗོད་བྱེད་ལ་ཁྱད་པར་གྱི་རྣམ་དབྱེ་ཡོད་པར་བརྗོད་ན་དོན་མཐུན་གྱི་ལན་དུ་སོམ་ཉི་ཡི་གནས་སུ་ལྷུང་ངོ༌།།སྐབས་འདིར་ཆོས་ཕུང་གི་ཚད་ཇི་ཙམ་འཇོག་ཚུལ་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་དབང་དུ་བྱས་པ་ལ།ལེགས་བཤད་གསེར་ཕྲེང་ལས།འོན་ཀྱང་འདིར་ནི་ཐེག་པ་ཐུན་མོང་བ་དང༌།ཐུན་མོང་མ་ཡིན་པའི་ལུགས་གཉིས་ལས།དང་པོའི་དབང་དུ་བྱས་ན་ཆོས་ཕུང་རེ་ལ་ཤོ་ལོ་ཀ་སྟོང་ཕྲག་རེ་རེ་སྤྱིར་བསྡོམས་ན་ཚིགས་བཅད་ས་ཡ་བརྒྱད་བཅུ་དང་འབུམ་ཕྲག་བཞི་བཅུར་འགྱུར་ཏེ།འདིར་ནི་ཀུན་བཏུས་འགྲེལ་པའི་ལུགས་སོ།གཉིས་པའི་དབང་དུ་བྱས་ན།གླང་པོ་ཆེ་ས་ལ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་པོ་འབྲི་བར་ནུས་སོ།།ཞེས་གསུངས་ཏེ་ཞེས་གསུངས་ལ།འདི་ནི་རྣམ་བཤད་རྟོགས་དཀའི་སྣང་བར་སློབ་དཔོན་ཆོས་ཤེས་ཀྱི་འདོད་པ་ཡིན་པར་བརྗོད་ནས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་ཕྱེ་བའི་ཉོན་མོངས་པ་རེ་རེའི་གཉིན་པོ་རྫོགས་པར་སྟོན་པའི་གཏམ་གྱི་ཚོགས་རེ་རེ་ལ་ཆོས་ཕུང་རེ་བྱ་བར་གསུངས་ཏེ།དེ་ཉིད་ལས།ཐེག་ཆེན་པའི་ལུགས་ལ་གླང་པོ་ཆེ་ས་ལ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚས་ཆོས་ཕུང་གཅིག་འབྲི་ནུས་པར་འདོད་པ་ལ་ཆོས་ཤེས་ཀྱིས་བཤད་ཀྱང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་ཕྱེ་བའི་ཉོན་མོངས་རེ་རེའི་གཉེན་པོ་རྫོགས་པར་སྟོན་པའི་གཏམ་གྱི་ཚོགས་རེ་རེ་ལ་ཆོས་ཕུང་རེ་བྱ་སྟེ།ཞེས་གསུངས་སོ།དེ་ལྟར་ཆོས་ཀྱི་ཕུང་པོ་ཇི་ཙམ་ཡོད་ཚུལ་ལ།ཁ་ཆེ་བྱེ་བྲག་སྨྲ་བས་ཆོས་ཕུང་བརྒྱད་ཁྲི་ཁོ་ན་འདོད་པ་ཡིན་ཏེ།ཆོས་མངོན་མཛོད་ཀྱི་འགྲེལ་པ་མངོན་པའི་རྒྱན་ལས།དེས་ན་བརྒྱད་ཁྲིར་འདོད་པ་ཁ་ཆེ་བྱེ་བྲག་སྨྲ་བ་ཁོ་ནའི་ལུགས་ཡིན་པར་མངོན་ནོ།།ཞེས་གསུངས་ལ་བྱེ་བྲག་ཏུ་སྨྲ་བའི་སྡེ་པ་གཞན་དག་གིས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་བཞི་སྟོང་དུ་འདོད་དེ།དེ་ལྟར་ཡང་ཀུན་དགའ་བོས་མདོ་ལས།ཀུན་དགའ་བོས་བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་གཅིག་ནི་བཅོམ་ལྡན་འདས་ལས་མངོན་སུམ་གཟུང་ངོ་གཉིས་ནི་དགེ་སློང་དག་ལས་སོ།།ཞེས་གསུངས་པའི་ཕྱིར་དང༌།དེ་བཞིན་ཀུན་བཏུས་ཀྱི་འགྲེལ་པའི་སྐབས་སུ་ཡང༌།ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་གནས་བརྟན་ཀུན་དགའ་བོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་སྟོང་གང་དག་གཟུང་བ་རྣམས་ནི་སྡེ་སྣོད་གསུམ་པོ་འདི་ཉིད་ཡིན་ནོ་ཞེས་གསུངས་ལ།མདོར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་དགོས་པ་ཅིའི་ཕྱིར་གསུངས་ཞེ་ན།འདི་ལྟར་ཆོས་མངོན་མཛོད་ཀྱི་རང་འགྲེལ་ལས་འདི་སྐད་དུ་སེམས་ཅན་རྣམས་ཀྱི་སྤྱོད་པ་འདོད་ཆགས་དང་ཞེ་སྡང་དང༌།གཏི་མུག།ང་རྒྱལ་ལ་སོགས་པའི་སྤྱོད་པ་ཐ་དད་པ་བརྒྱད་ཁྲི་ཡོད་དོ།དེ་དག་གི་གཉེན་པོར་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གསུངས་སོ་ཞེས་བརྗོད་དོ།།
ཞེས་རྒྱ་ཆེར་གསུངས་པ་ལྟར་རོ།།མི་མཇེད་ཞིང་གི་ལྷར་བཅས་འགྲོ་བའི་མིག་གཅིག་ཐུབ་དབང་ཆོས་ཀྱི་རྒྱལ་པོ་དབྱིངས་བཞུགས་རྗེ།།དེ་ཡི་གསུང་རབ་དགོངས་དོན་འབྱེད་པར་རྒྱལ་བའི་ལུང་བསྟན་བརྙེད་པའི་ཤིང་རྟ་ཆེ་རྣམས་ཀྱི།།གསུང་རབ་ཟབ་དོན་ལེགས་པར་བཤད་པའི་གསེར་གྱི་ཕྲེང་དོན་བདག་འདྲའི་བློ་ཡི་ཡུལ་མིན་ཡང༌།།རང་བློ་གོམས་པ་འཕེལ་ཕྱིར་བཀའ་ཚིག་ལམ་ནས་དེང་འདིར་གཞུང་དོན་རྣམ་བཤད་འདིར་འབད་བྱས།།
འདི་ན་ནོངས་པ་ཅི་མཆིས་ཐམས་ཅད་བློ་དམན་བྱིས་པ་བདག་གི་ནོངས་པ་ཁོ་ན་སྟེ།།དེ་ཕྱིར་ནོངས་པ་དེ་ཡི་རྩ་བ་མ་རིག་དང་བཅས་བརྩེ་ལྡན་རྣམས་ཀྱིས་བཟློག་པར་མཛོད།།འོན་ཀྱང་བདག་གིས་ཤིན་ཏུ་འབད་པས་བསོད་ནམས་ཅུང་ཟད་ཙམ་ཞིག་གང་ཐོབ་པ།།འདི་ནི་འགྲོ་བ་མ་ལུས་ཐེག་མཆོག་གྲུ་ཡིས་བརྒལ་དཀའི་འཁོར་བའི་མཚོ་ལས་སྒྲོལ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
