གསེར་ཕྲེང་རྩོམ་གཞི་ལྔ་པའི་དྲིས་ལན།

ཡོང་ཁུངས།   ལེགས་བཤད་གསེར་ཕྲེང་བགྲོ་གླེང་།     སྤེལ་དུས།  2016-02-25 23:04:14     རྩོམ་པ་པོ།   ལྷ་རམས་པ་བློ་བཟང་ཆོས་འཛིན།    ཀློག་ཐེངས།  

          ༄༅།།གཉིས་པ་ནི།ཡུམ་ལ་ཡོན་ཏན་ཞེས་སོགས་དེར་མཁྱེན་པ་གསུམ་གྱི་
ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་དེ་ཞེས་བསྟན་པ་ན་ཞེས་པ་ནས་བརྒྱད་ཁྲི་བཞི་སྟོང་ལ་སྤྱོད་པའི་གཉེན་པོར་རོ་ཞེས་པའི་བར་གྱི་དྲིས་ལན།
           སྟོབས་བཅུ་དཔལ་མངའ་མཉམ་མེད་བུ་རམ་ཤིང༌།།འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཞབས།།འཇམ་མགོན་མི་ཡི་རྣམ་རོལ་ཙོང་ཁ་པ།།ཡབ་སྲས་བརྒྱུད་པར་བཅས་ལ་སྙིང་ནས་འདུད།།བློ་བཟང་རྒྱལ་བའི་ཟབ་རྒྱས་གསུང་གི་གནད།།བདག་འདྲའི་ཇི་བཞིན་རྟོགས་པར་མི་ནུས་མོད།།སྐྱེ་བའི་ཕྲེང་བར་ཡིད་ལ་གོམས་ཕྱིར་དང༌།།གཞན་གྱི་སྐུལ་ངོར་འབད་པས་འབྲི་བར་བྱ།།
           འདིར་གང་གླེང་བར་བྱ་བ་ནི།མཆོད་བརྗོད་ཀྱི་དོན་བཤད་ཐབས་ལྔའི་སྒོ་ནས་བཤད་པའི་ནང་འདིར་བརྒལ་ལན་དང་ཚིག་དོན་བཤད་པ་གཉིས་ལས།དང་པོ་གཞུང་གི་འཕྲོས་ཚུལ་ནི།ཉན་ཐོས་ཞི་བ་ཞེས་སོགས་མཆོད་བརྗོད་ཀྱི་ཚིག་རྐང་བཞིས་བསྟན་བཅོས་ཀྱི་བརྗོད་བྱ་ཡུམ་མཁྱེན་པ་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་ཡུམ་ལ་བསྟོད་པ་དང་མཁྱེན་གསུམ་འཕགས་བཞིའི་ཡུམ་བྱེད་ཚུལ་བརྗོད་པའི་སྒོ་ནས་ཡུམ་ལ་དངོས་སུ་བསྟོད་པ་ན།མཆོད་བརྗོད་ཀྱི་གཞུང་གིས་ཡུམ་ལ་བསྟོད་པ་དེ་ཡུམ་མཐའ་དག་ལ་བསྟོད་པར་བཞེད་པ་ཡིན་ན་བསྟོད་ཡུལ་ཉུང་བའི་སྐྱོན་ཡོད་ཡོད་དེ།སྦྱོར་བཞི་དང་ཡེ་ཤེས་ཆོས་སྐུ་ལ་མ་བསྟོད་པའི་ཕྱིར་རོ།ཡུམ་གྱི་ཕྱོགས་གཅིག་ལ་བསྟོད་པར་བཞེད་ན།དོན་གྱི་གཙོ་བོ་རྣམ་མཁྱེན་ལྟ་བུ་གཅིག་ལ་བསྟོད་པར་ཆོག་པས་བསྟོད་ཡུལ་མང་བའི་སྐྱོན་ཡོད་ཅེས་བརྒལ་བའི་ལན་དུ།བསྟོད་ཡུལ་མང་ཉུང་གི་སྐྱོན་མེད་དེ།དེ་ལྟར་བསྟོད་པ་ལ་རྒྱུ་མཚན་དང་དགོས་པ་ཁྱད་པར་གཉིས་ཡོད་ཅེས་འཆད་པ་ལ།དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ།ཞེས་སོགས་ཀྱི་གཞུང་འདི་བྱུང༌།གཞུང་འདི་ལོ་ཆེན་གྱི་ཊིཀ་ཆུང་ནང༌།བསྡུས་པའི་དོན་བརྗོད་པའི་ལན་ཞེས་གསུངས་པ་ལ་བརྟེན་ནས།བུ་ཉ་སོགས་ཀྱིས་བསྡུས་དོན་དུ་བྱས་པ་དང༌།རྟོགས་དཀའི་སྣང་བ་ལས་ཀྱང༌།གཉིས་པ་བསྡུས་དོན་ནི།ཞེསགསུངས་པས་བསྡུས་དོན་དུ་བྱས་ལ།རྣམ་བཤད་ལས་ནི་བརྒལ་ལན་དུ་བྱས་པ་ལྟར་ཡིག་ཆའི་གཞུང་རྣམས་ཀྱང་དེ་བཞིན་དུ་བྱས་སོ།།མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་ཡུམ་ལ་དངོས་སུ་བསྟོད་པ་ལ་རྒྱུ་མཚན་ཡོད་དེ།མཁྱེན་གསུམ་གྱིས་དོན་མངོན་པར་རྟོགས་པར་བརྒྱད་མཐའ་དག་བསྡུས་ཤིང༌།བསྡུས་པ་དེ་ལྟར་ཐུགས་ལ་བཞག་ནས་ཡུམ་ལ་དངོས་སུ་བསྟོད་པ་དེའི་ཕྱིར།མཁྱེན་གསུམ་ལ་དངོས་སུ་བསྟོད་པ་ན་མངོན་རྟོགས་བརྒྱད་ཀ་ལ་བསྟོད་པར་འགྱུར་བའི་ཕྱིར།རྒྱུ་མཚན་དེ་ལྟར་ཡིན་གྱི།གསུམ་གྱིས་བརྒྱད་བསྡུས་པས་གསུམ་ལ་བསྟོད་པ་ན་བརྒྱད་ལ་བསྟོད་པར་འགྱུར་ཞེས་པ་ཙམ་མིན་ཏེ།དེ་ལྟར་ན་ཆོས་ཐམས་ཅད་ལ་བསྟོད་པར་འགྱུར་བ་དང་སྒྲ་རྟོག་ཡུལ་ལ་སེལ་འཇུག་མིན་པའི་ཐལ་བ་རྟོགས་དཀའི་སྣང་བར་གསུངས་པ་ལྟར་ཡིན་ལ།དགོས་པ་ཡོད་དེ།མཁྱེན་གསུམ་གྱིས་བསྡུས་པའི་དོན་མངོན་པར་རྟོགས་པ་བརྒྱད་པོ་ཐམས་ཅད་ཀྱང་ཡུམ་མཚན་ཉིད་པ་ཡིན་ཞིང༌།བརྒྱད་པོ་དེས་ཀྱང་འཕགས་བཞིའི་བཞེད་དོན་ཕུན་ཚོགས་སྒྲུབ་ནུས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར།དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌།ཞེས་པའི་འགྲེལ་པའི་ཚིག་དེ་གསེར་ཕྲེང་དུ་རྒྱུ་མཚན་ལ་སྦྱར་ལ།རྣམ་བཤད་དང་རྟོགས་སྣང་དུ་དགོས་པ་ལ་སྦྱར་བས་དེ་གཉིས་མི་འགལ་ཚུལ་གུང་ཐང་བློ་གྲོས་རྒྱ་མཚོའི་འགྲེལ་པ་དོན་གསལ་གྱི་མཆན་ལས།དེས་ཀྱང་ཞེས་པའི་དེ་སྒྲ་དང་ཀྱང་སྒྲས་ཡིན་པས་མི་འགལ་ལོ།།ཞེས་གསུངས་སོ།།མཁྱེན་གསུམ་གྱིས་དོན་མངོན་པར་རྟོགས་པ་བརྒྱད་བསྡུས་ཚུལ་ལ།རྒྱ་ཆེ་བས་ཆུང་བ་བསྡུས་པ་དང༌།རང་བཞིན་གྱིས་གནས་སྐབས་བསྡུས་ཚུལ་སོགས་ནི་བསྡུ་བྱ་སྡུད་བྱེད་ཐ་དད་པ་ཁོ་ན་སོང་བས་རིགས་པས་དཔྱད་མི་བཟོད་པ་རྣམ་བཤད་ཀྱིས་གསུངས་ལ།གསེར་ཕྲེང་ལས་ཀྱང༌།ཚུལ་དེ་མ་རྟོགས་པར་བསྡུ་བྱ་སྡུད་བྱེད་ཐ་དད་ཁོ་ནར་བཟུང་ནས་སྐབས་དོན་ལས་ཉམས་པར་མི་བྱའོ།།ཞེས་གསུངས་ལ།རྣམ་བཤད་ལས་གསུམ་གྱིས་བརྒྱད་བསྡུས་ཚུལ་ལ།དོན་བསྡུས་ན།མངོན་པར་རྟོགས་པ་བརྒྱད་པོ་གང་རུང་གཅིག་ཡིན་ན།མཁྱེན་པ་གསུམ་པོ་གང་རུང་གཅིག་གི་བསྒོམ་བྱའི་རྣམ་པ་ཡིན་པས་ཁྱབ་ཅིང༌།ཚུལ་དེ་ལྟར་ཉམས་སུ་ལེན་པས་གསུམ་གྱིས་བརྒྱད་བསྡུས་པའོ།།ཞེས་གསུངས་པ་བཞིན་ཉམས་ལེན་གྱིས་བསྡུས་ཚུལ་གསུངས་པ་དང་མཐུན་པ་མཁས་གྲུབ་བསྟན་དར་བའི་སྤྱི་དོན་ལས།འདི་ནི་ཕྱི་མ་ལྟར་ཡིན་ཏེ།མཁྱེན་པ་གསུམ་པོ་གང་རུང་གཅིག་གི་ཉམས་ལེན་གྱིས་དོན་མངོན་པར་རྟོགས་པ་བརྒྱད་ཀའི་ཉམས་ལེན་བསྡུས་པའི་ཕྱིར།དེ་ཡིན་ཏེ།དོན་མངོན་པར་རྟོགས་པ་བརྒྱད་པོ་གང་རུང་གི་ཉམས་ལེན་ཡིན་ན་མཁྱེན་གསུམ་གང་རུང་གི་ཉམས་ལེན་ཡིན་དགོས་པའི་ཕྱིར།ཞེས་གསུངས་པའི་ཕྱིར་རོ།།
          གསེར་ཕྲེང་གིས་མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་ཚུལ་ལ།དེ་ཉིད་ལས།དེ་ལ་རང་གི་ལུགས་ནི།ཐེག་པ་གསུམ་གྱི་མངོན་རྟོགས་གང་ཡིན་མཁྱེན་གསུམ་གང་རུང་ཞིག་ཡིན་པ་ལ་དགོངས་ནས་མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་པར་གསུངས་ཏེ།དེ་གསུམ་དུ་མ་འདུས་པའི་མངོན་རྟོགས་མེད་པས་སོ།།ཞེས་གསུངས་པ་དང་གོང་དུ་ཡང༌།མཁྱེན་པ་གསུམ་པོ་དེས་ཀྱང་ཉན་རང་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་ཡིན་པའི་ཚུལ་གྱིས་བསྡུས་པས་མངོན་རྟོགས་བརྒྱད་ཀ་བསྟོད་ཕྱག་གི་ཡུལ་གྱི་ཡུམ་ཡིན་ནོ།།ཞེས་འདིར་ཡིན་པའི་ཚུལ་གྱིས་བསྡུས་ཚུལ་དགསུངས་སོ།།དེ་ལས་འཕྲོས་ནས་གསེར་ཕྲེང་གི་ཚིག་ཟིན་དུ་མཁྱེན་གསུམ་གྱི་ངོས་འཛིན་ཡིག་ཆའི་གཞུང་རྣམས་དང་མི་འདྲ་བ་ཡོད་པ་ནི།དོན་མངོན་པར་རྟོགས་པ་བརྒྱད་པོ་གང་རུང་ཡིན་ན་མཁྱེན་གསུམ་གང་རུང་ཡིན་པས་ཁྱབ་པ་དང༌།མཁྱེན་གསུམ་གང་རུང་ལ་འཕགས་པའི་མངོན་རྟོགས་ཡིན་པས་མ་ཁྱབ་པ་དང༌།སངས་རྒྱས་ཀྱི་རྒྱུད་ལ་གཞི་ཤེས་དང་ལམ་ཤེས་མེད་པ་དང༌།བྱང་སེམས་ཀྱི་རྒྱུད་ལ་གཞི་ཤེས་མེད་པ་བཅས་ཡིན་ལ།དེ་ལྟར་གསུངས་པའི་ཁུངས་ནི།མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་པའི་རྒྱུ་མཚན་དུ་འགྲེལ་པ་དོན་གསལ་ལས་ཡུམ་བར་མའི་གཞུང་མདོར་བསྟན་དང་རྒྱས་བཤད་གཉིས་དྲངས་ཡོད་པའི་དང་པོ་ནི།རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ།།ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ།།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ།།ཞེས་གསུངས།།
           གཉིས་པ་རྒྱས་བཤད་ནི།བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས།རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་ཀྱི་ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ།རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པས་དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ།།བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས།རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌།ཞེས་པ་ནས།དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ལམ་ཐམས་ཅད་ལམ་གྱི་རྣམ་པ་ཤེས་ཉིད་ཅེས་བྱའོ།།ཞེས་གསུངས།གཞན་ཡང་མཆོད་བརྗོད་ཀྱི་གཞུང་ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་སོགས་ཀྱི་ཚིག་ཟིན་དུ་གཞི་ཤེས་ཀྱི་རྟེན་ཉན་རང་དང་ལམ་ཤེས་ཀྱི་རྟེན་བྱང་སེམས་གསུངས་པ་ལ་བརྟེན་ནས་དེ་ལྟར་བྱུང་བ་ཡིན།འོ་ན་གསེར་ཕྲེང་དུ་དེ་ལྟར་གསུངས་པ་སྒྲ་ཇི་བཞིན་དུ་ཁས་ལེན་པའམ་ཡང་ན་དགོངས་པ་འགྲེལ་དགོས་སོ་ཞེ་ན།གསེར་ཕྲེང་དུ་མཁྱེན་གསུམ་གྱི་ངོས་འཛིན་ནི་ཉན་རང་དང༌།བྱང་སེམས།སངས་རྒྱས་ཀྱི་ལམ་གསུམ་ལ་མཁྱེན་གསུམ་གྱི་མིང་བཏགས་ནས་མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་ཡིན་པའི་ཚུལ་གྱིས་བསྡུས་གསུངས་པ་ཡིན།།ཞེས་དགོངས་པ་འགྲེལ་ཚུལ་ཞིག་དང༌།གཞི་ཤེས་ལ་ཉན་རང་གི་ལམ་གང་རུང་གིས་ཁྱབ་པ་དང་ལམ་ཤེས་ལ་བྱང་སེམས་ཀྱི་ལམ་གྱིས་ཁྱབ་པ་དེ་ལྟར་གསུངས་པ་ནི་རྣམ་གཞག་གི་དབང་དུ་བྱས་པའི་གཞི་ཤེས་དང་རྣམ་གཞག་གི་དབང་དུ་བྱས་པའི་ལམ་ཤེས་ལ་དགོངས་པ་ཡིན།།ཞེས་འགྲེལ་ཚུལ་ཡོད་ལ།གསེར་ཕྲེང་གི་ཚིག་ཟིན་དུ་ཡོད་པ་རྣམས་ཀྱི་ཁུངས་ཟིན་ནས།འབད་པ་ཅུང་ཟད་བྱེད་ཁུལ་དུ་རང་བློས་གང་འཆར་རྨོངས་བཤད་འགའ་བྱེད་ན།གཞི་ཤེས་ཞེས་པ་སྒྲ་བཤད་དང་མཐུན་པ་ངོས་འཛིན་ཞིག་དང༌།དམིགས་རྣམ་འབྲས་བུ་གསུམ་གྱིས་སྒོ་ནས་གཞི་ཤེས་ངོས་འཛིན་གཉིས་ལས་དང་པོ་ནི།གཞི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གང་ཟག་གི་བདག་གི་སྐྱེ་བ་མེད་པ་ཤེས་པའི་ཆ་ནས་གཞི་ཤེས་སམ་ཐམས་ཅད་ཤེས་པ།ཡང་ན་ཀུན་ཤེས་ཞེས་བརྗོད་པ་ཡིན།དེའི་ཕྱིར་གཞི་ཤེས་ཀྱི་གཙོ་བོ་གང་ཟག་གི་བདག་མེད་རྟོགས་པའི་ལམ་ཡིན་ལ།དེའི་རྒྱུ་མཚན་ནི།འབྲས་བུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞི་དབྱིངས་ཙམ་ཐོབ་བྱེད་གཙོ་བོ་གང་ཟག་གི་བདག་མེད་རྟོགས་པའི་ལམ་དེ་ཉིད་ཡིན་ལ།དེ་ལྟར་ན་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་པོ་རྟོགས་པའི་ལམ་རྣམས་ཀྱང་གཞི་ཤེས་ཡིན་ཏེ།རྣམ་འགྲེལ་ལས།སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི།།སྒོམ་པ་ལྷག་མ་དེ་དོན་ཡིན།།ཞེས་གསུངས་པའི་ཕྱིར།དེ་ལ་བརྟེན་ནས་ཉན་རང་གི་ལམ་ཐམས་ཅད་གཞི་ཤེས་ཡིན་པར་བརྗོད་དེ།དེ་ཐམས་ཅད་ཉེར་ཞི་དབྱིངས་ཙམ་གྱི་འབྲས་བུ་ཅན་ཡིན་ལ།།སངས་རྒྱས་དང་བྱང་སེམས་ཀྱི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་པོ་རྟོགས་པའི་ལམ་དེ་ལྟར་མ་ཡིན་པའི་ཕྱིར་རོ།།
          གཉིས་པ་དམིགས་རྣམ་འབྲས་གསུམ་གྱི་སྒོ་ནས་ངོས་འཛིན་པ་ནི།འགྲེལ་པ་དོན་གསལ་ལས།དེ་ལ་ཐམས་ཅད་ཤེས་པ་ཉིད་ནི།གཟུགས་ལ་སོགས་པའི་ཆོས་ལ།མི་རྟག་པ་ལ་སོགས་པའི་རྟེན་ཅན།འབྲས་བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ།།ཞེས་གསུངས་པས།དམིགས་པ་གཟུགས་ལ་སོགས་པའི་ཕུང་ཁམས་སྐྱེ་མཆེད་དང༌།རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་གི་རྟེན་ཅན་ཏེ་ཡུལ་ཅན།འབྲས་བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཙམ་ཞིག་ལ་གཞི་ཤེས་བརྗོད་པ་ཡིན་ནོ།།ལམ་ཤེས་ཀྱི་ངོས་འཛིན་ནི།དམིགས་པ་ཐེག་པ་གསུམ་གྱི་ལམ་ལ་དམིགས་ནས།རྣམ་པ་དེ་དག་བདེན་པར་མ་གྲུབ་པའི་རྟོགས་པའི་ཡུལ་ཅན་ཏེ་ཤེས་རབ་ཀྱི་ཆ་དང༌།ཐབས་ཀྱི་ཆ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ།ཡང་ན་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་དུས་ལ་མཁས་པ།འབྲས་བུ་རིགས་ཅན་གསུམ་གྱི་དོན་སྒྲུབ་པ།དེའི་དོན་ནི།སེམས་ཅན་རྣམས་འཁོར་དུ་སྡུད་ཅིང་རྒྱུད་ལ་ཚོགས་ལམ་སྐྱེད་པ་དང༌།སྨིན་པ་སྦྱོར་ལམ།གྲོལ་བ་མཐོང་སྒོམ་གྱི་ལམ་ལ་འགོད་པར་བྱེད་པ་ཅན་ཡིན་པ་གསུངས་ཏེ།འགྲེལ་པ་དོན་གསལ་ལས།ལམ་ཤེས་པ་ཉིད་ནི་ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་དང༌།དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན།འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པ་ལ་སོགས་པར་བྱེད་པ་ཅན་ཡིན་ནོ།།ཞེས་གསུངས་པའི་ཕྱིར།དེ་ལ་བརྟེན་ནས་སེམས་དཔའི་ཡེ་ཤེས་ཐམས་ཅད་ལ་ལམ་ཤེས་ཞེས་བརྗོད་དོ།།
             གཉིས་པ་ཚིག་དོན་ལ།ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པ་རིམ་པ་གཅིག་གིས་བསྟན་པ་རང་སངས་རྒྱས་ཀྱང་སྟེ།ཞེས་སོགས་ཀྱིས་མཁྱེན་གསུམ་རྟེན་ཐབས་འབྲས་གསུམ་གྱི་སྒོ་ནས་འཆད་པ་ལ།དང་པོ་གཞི་ཤེས་ཀྱི་རྟེན།ཉན་ཐོས་དང༌།རང་དོན་དུ་ཞི་བ་རྐྱང་པ་ཆོག་པར་འཛིན་པས་དེའི་ཕྱོགས་སུ་བསླན་པ་དང་གཟུང་འཛིན་སྤོང་བ་སོགས་ཉན་ཐོས་ལས་རྣམ་པར་ཐར་པ་ཅུང་ཟད་ཅིག་གིས་ལྷག་པ་རང་རྒྱལ།ཐབས་བྱིས་པས་བདག་ཏུ་འཛིན་པ་དང་འཕགས་པས་བདག་ཏུ་འཛིན་པ་དེ་སྤོང་བའི་གཞི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གང་ཟག་གི་བདག་དང་ཕྱི་དོན་གྱི་སྐྱེ་བ་མེད་པར་ཡོངས་སུ་ཤེས་པའི་ལམ།འབྲས་བུ་སྡུག་བསྔལ་ཕུང་པོ་དང་བཅས་པའི་མྱང་འདས་དང་སྡུག་བསྔལ་གྱི་ཕུང་པོ་དང་བྲལ་བའི་མྱང་འདས་ཐོབ་པར་མཛད་པ་གང་ཡིན་པ་དང་ཞེས་པ་ཡིན་ལ།འདིར་འབྲས་བུ་མྱང་འདས་གཉིས་འཆད་པ་ལ།ལྷག་བཅས་ལྷག་མེད་ཀྱི་དོན་དང༌།མྱང་འདས་ཀྱི་ངོ་བོ་གང་ལ་འདོད་པ་གཉིས་ལས།བྱེ་བྲག་སྨྲ་བའི་ལུགས་ལ།གསེར་འཕྲེང་ལས།དེས་ན་ཉོན་མོངས་པ་མ་ལུས་པར་སྤངས་ཀྱང་ཕུང་པོའ་ིརྒྱུན་མ་ལོག་པ་དང༌།ཕུང་པོའ་ིརྒྱུན་ཆད་པ་གཉིས་ཁྱད་པར་དུ་འདོད་དེ།ཞེས་ཕུང་པོའ་ིརྒྱུན་མ་ལོག་པ་ལྷག་བཅས་མྱང་འདས་དང་རྒྱུན་ལོག་པ་ལྷག་མེད་མྱང་འདས་སུ་གསུངས་ཏེ།མདོ་ལས།མ་ཞུམ་པ་ཡི་སེམས་ཀྱི་སུ།ཚོར་བ་དང་དུ་ལེན་པ་ན༌།།དེ་ཡི་སེམས་ནི་རྣམ་པར་གྲོལ།།མར་མེ་ཤི་བར་གྱུར་བ་བཞིན།།ཞེས་ལྷག་བཅས་མྱང་འདས་དང༌།གང་ན་ལུས་ཞིག་འདུ་ཤེས་འགགས།།ཚོར་བ་ཐམས་ཅད་བྲལ་གྱུར་ཅིང༌།།འདུ་བྱེད་ཉེ་བར་ཞི་བ་དང༌།།རྣམ་པར་ཤེས་པ་ནུབ་པར་གྱུར།།ཞེས་ལྷག་མེད་མྱང་འདས་གསུངས་སོ།མར་མེ་ཤི་བར་གྱུར་བ་བཞིན།།ཞེས་པ་པཎ་ཆེན་སྤྱི་དོན་ནང་ལྷག་མེད་མྱང་འདས་ལ་སྦྱར་ཡང༌།དེ་ཡིག་ནོར་ཡིན་ཞེས་དང༌།རྩ་ཤེ་ཊིཀ་ཆེན་ལས་ལྷག་བཅས་མྱང་འདས་ལ་སྦྱར་བ་དང་འགྱུར་འགའ་ཤས་ནང༌།མར་མེ་ཤི་བར་གྱུར་བ་ལྟར།།དེ་ཡི་སེམས་ནི་རྣམ་པར་ཐར།།ཞེས་འབྱུང་བས་ལྷག་བཅས་མྱང་འདས་སྟོན་པ་ཁས་ལེན་པ་སྟོན་དགོས་པ་དཔལ་ལྡན་ཆོས་རྗེའི་ཕར་ཕྱིན་སྤྱི་དོན་གྱི་ཟུར་མཆན་ལས་གསུངས་སོ།འོན་ཀྱང་མཁས་གྲུབ་བསྟན་དར་བའི་སྤྱི་དོན་ལས།གང་ན་ལུས་ཞིག་འདུ་ཤེས་འགགས།།རྣམ་པར་ཤེས་པ་ནུབ་གྱུར་པ༌།།མར་མེ་ཤི་བར་གྱུར་པ་ལྟར།།དེ་ཡི་ཡིད་ཀྱང་ཤིན་ཏུ་འབྱུང༌།།ཞེས་དྲངས་འདུག་པས་དཔྱད་པར་བྱའོ།དེ་ཡང་ཟག་བཅས་ཀྱི་ཕུང་པོའི་རྒྱུན་ལོག་མ་ལོག་བྱེད་དགོས་དེ།ལྷག་མེད་ཀྱི་ཚེ་ཐོབ་པ་འདུ་བྱེད་པ་ཡོད་པས་ཟག་མེད་ཀྱི་ཕུང་པོ་ཡོད་ལ།འདིར་གསེར་ཕྲེང་དུ་དགྲ་བཅོམ་པའི་རྒྱུད་ལ་ཟག་བཅས་ཀྱི་ལས་ཡོད་པའི་སྒྲུབ་བྱེད་དུ་དྲངས་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་དུ།དགྲ་བཅོམ་པ་དག་ལ་སོ་སོ་སྐྱེ་བོའི་ནས་སྐབས་ན་བྱས་པ་ཡང་སྲིད་པའི་ལས་དགེ་བའམ་མི་དགེ་བ་མ་ངེས་པ་དག་ནི་མེད་པ་མ་ཡིན་མོད་ཀྱི།ཕྲ་རྒྱས་མེད་པའི་ཕྱིར་དེ་དག་གིས་སྲིད་པ་མངོན་པར་འགྲུབ་མི་ནུས་སོ།།ཞེས་གསུངས་པས།དགྲ་བཅོམ་པའི་རྒྱུད་ལ་འཕེན་བྱེད་མ་ངེས་པའི་དགེ་བའི་ལས་ཡོད་པ་གྲུབ་མཐའ་གོང་འོག་མཐུན་ཀྱང༌།བྱེ་བྲག་སྨྲ་བའི་ལུགས་ལ་དགྲ་བཅོམ་པའི་རྒྱུད་ལ་མི་དགེ་བའི་ལས་ཡོད་པར་གསུངས་པ་དཔྱད་གཞི་ཤིན་ཏུ་ཆེ་སྟེ།འདུལ་བ་ལས་དགྲ་བཅོམ་རྒྱུད་ལ་མི་དགེ་བ་གྱུར་པའི་ལྟུང་བ་མེད་པར་གསུངས་པ་དང༌།ཤེས་པ་ཡིན་ན་མི་དགེ་བ་གྱུར་པའི་ཤེས་པ་གཞན་རྣམས་ཀྱང་ཡོད་པར་འགྱུར་བ་དང༌།ནུས་པ་ཙམ་ཞིག་ཡིན་ན་ནི་ཉོན་མོངས་ཅན་གྱི་མུན་པའི་ས་བོན་དང༌།གཟུགས་ཡིན་ན་བར་མའི་གཟུགས་དང་སྡོམ་མིན་གྱི་གཟུགས་ཀྱི་གཏོང་རྒྱུ་མཛོད་ལས་གསུངས་པ་རྣམས་དང་འགལ་བར་འགྱུར་རོ།། གསེར་ཕྲེང་ལས་ཀྱང་ཟག་བཅས་ལས་ཡོད་པའི་སྒྲུབ་བྱེད་དུ་དྲངས་པ་ལས་ལུང་དེས་མ་ངེས་པའི་མི་དགེ་བའི་ལས་ཡོད་པར་སྒྲུབ་པར་མ་གསུངས་ལ།མྱང་འདས་ཀྱི་ངོ་བོ་ནི།བྱེ་བྲག་སྨྲ་བས་འདུས་མ་བྱེད་གསུམ་མམ་བཞི་ཡོད་པའི་ནང་སོ་སོར་བརྟགས་འགོག་ཏུ་འདོད་ལ།མདོ་སྡེ་པས་ཀྱང་དེ་བཞིན་དུ་འདོད་དོ།། ཁྱད་པར་ནི་བྱེ་བྲག་སྨྲ་བས་མྱང་འདས་མ་ཡིན་དགག་དང་མདོ་སྡེ་པས་མེད་དགག་ཏུ་འདོད་ལ།དེའི་ཚུལ་ནི།རྩ་ཤེས་ཊིཀ་ཆེན་ལས།བྱེ་བྲག་སྨྲ་བ་རྣམས་ན་རེ།མྱང་འདས་ནི་ལས་ཉོན་དང་སྐྱེ་བའི་རྒྱུན་ཕྱི་མ་འཇུག་པའི་འགོག་བྱེད་ཆུའི་རྒྱུན་འགོག་པའི་ཆུ་ལོན་ལྟ་བུ་ཡིན་པས་དངོས་པོ་ཡིན་ཏེ།དངོས་མེད་ཀྱིས་དོན་བྱེད་མི་ནུས་པའི་ཕྱིར་རོ།།ཞེས་གསུངས་པ་བཞིན་སྲིད་པ་ཟད་ཙམ་དེ་ཉིད་མྱང་འདས་མིན་ཞིང༌།ལས་ཉོན་དང་སྐྱེ་བའི་རྒྱུན་ཕྱི་མ་འགོག་བྱེད་ཀྱི་རྫས་གྲུབ་ཞིག་ལ་མྱང་འདས་སུ་འདོད་པས།མ་ཡིན་དགག་ཡིན་པའི་རྒྱུ་མཚན་ཡང་དེ་ཡིན་ནོ།མེད་དགག་ཡིན་ན་རྫས་གྲུབ་ཏུ་མི་འཐད་པ་དང༌།ཡང་ན་ནི་ཁ་ཆེ་བྱེ་བྲག་སྨྲ་བས་མེད་དགག་མི་འདོད་ཟེར་ན་འགྲིག་སྙམ་དེ།འདུ་བྱེད་ལ་མེད་དགག་མི་འཐད་པ་གྲུབ་མཐའ་གོང་འོག་མཐུན་ལ།འདུས་མ་བྱས་ལ་ནི་ནམ་མཁའ་དང་འགོག་པ་གཉིས་མ་གཏོགས་མེད་པས་འགོག་པ་གཉིས་ལས་སོ་སོར་བརྟགས་འགོག་མ་ཡིན་དགག་ཡིན་པར་འདིར་གསུངས་པ་དང༌།བརྟགས་མིན་གྱི་འགོག་པ་ཡང་དེ་བཞིན་དུ་བྱའོ།ནམ་མཁའ་ནི་མདོ་སྡེ་པས་ཐོག་རེག་བཀག་ཙམ་ལ་འདོད་ཀྱང༌།བྱེ་སྨྲས་མི་སྒྲིབ་པ་དང་གཟུགས་ཅན་གྱི་གོ་བྱེད་པའི་རྫས་གྲུབ་ཞིག་ལ་འདོད་པ་དང་མདོ་ལས་རླུང་ནམ་མཁའ་ལ་བརྟེན་པ་གསུངས་པས་རླུང་རྟེན་པའི་དོན་བྱེད་པས་རྫས་གྲུབ་ཏུ་འདོད་པས།ནམ་མཁའ་མེད་དགག་ཏུ་མི་འདོད་སྙམ།འོ་ན་དེ་ལྟར་ཡིན་ན།མདོ་ལས་དགའ་བའི་འདོད་ཆགས་དང་ལྷན་ཅིག་ཏུ་གྱུར་པའི་སྲེད་པ་ཟད་ཅིང༌།འདོད་ཆགས་དང་བྲལ་བ་འགོག་པ་གང་ཡིན་པ་ནི་མྱ་ངན་ལས་འདས་པའོ།།ཞེས་སྲེད་པ་ཟད་ཙམ་མྱང་འདས་བཞག་པ་དང༌།གོང་དུ་དྲངས་པའི་མདོ་ལས་ཀྱང༌།མར་མེ་ཤི་བར་གྱུར་པ་ལྟར།།ཞེས་མར་མེ་ཤི་བ་མྱང་འདས་ཀྱི་དཔེར་གསུངས་པ་ཇི་ལྟར་ཡིན་སྙམ་ན།སྲེད་པ་ཟད་པ་ཞེས་གསུངས་པས་སྲེད་པ་ཟད་ཙམ་མྱང་འདས་དེ་ཡོད་ན་དེའི་མཐུས་སྲེད་པ་ཟད་པར་འགྱུར་ཞེས་པའི་དོན་དང༌།མར་མེ་ཤི་བ་ཉོན་མོངས་ཟད་པའི་དཔེ་ཙམ་ཡིན་གྱི་མྱང་འདས་ཀྱི་དཔེ་སྟོོན་པ་མ་ཡིན་པར་རྩ་ཤེས་ཊིཀ་ཆེན་ལས་གསལ་བར་གསུངས་སོ།།
             སེམས་ཙམ་པའི་ལུགས་ལ་མྱང་འདས་གཉིས་ཀྱི་ཁྱད་པར་ནི།གསེར་ཕྲེང་ལས།ལྷག་མ་ཡོད་མེད་ཀྱི་དོན་སྔར་ལྟར་དང༌།ཞེས་གསུངས་པས་ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་ལུགས་ལ་ལྷག་བཅས་ལྷག་མེད་ཀྱི་དོན་བྱེ་བྲག་སྨྲ་བ་དང་འདྲ་ལ།ཉན་ཐོས་ལྷག་མེད་ཀྱི་ཚེ་བེམ་རིག་རྒྱུན་ཆད་པ་ཡང་འདྲ་སྟེ།བསྡུ་བ་ལས།ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི།སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པའི་རྣམ་པར་བཞག་པ་ཡོད་ཀྱི།ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི།སྒྲིབ་པའི་རྣམ་པར་བཞག་པ་མེད་དོ།དེ་ཅིའི་ཕྱིར་ཞེ་ན།ཚད་མ་དང་གནས་ངན་ལེན་ཐམས་ཅད་རྒྱུན་ཆད་ཅིང་འགགས་པའི་ཕྱིར་ཏེ།ཞེས་གསུངས་སོ།།མྱང་འདས་ཀྱི་ངོ་བོ་ནི།གསེར་འཕྲེང་ལས།ངོ་བོ་ནི་བསྡུ་བར་ཆོས་དབྱིངས་ཤིན་ཏུ་དག་པའི་མཚན་ཉིད་དུ་བཤད་ཅིང༌།ཞེས་དང༌།ཀུན་བཏུས་དར་ཊིཀ་ལས།འགོག་པའི་བདེན་པ་ནི།ཁྱད་ཆོས་གསུམ་གྱིས་ཁྱད་པར་དུ་བྱས་ཏེ།དགག་གཞི་གང་དུ་འགོག་པ་བདག་གི་སྤྲོས་པས་དབེན་པའི་སེམས་རང་བཞིན་གྱིས་རྣམ་པར་དག་པ་དང༌།གཉེན་པོ་གང་གིས་འགོག་པ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང༌།དགག་བྱའི་ཆོས་གང་འགོག་པ་ཉོན་མོངས་པ་ས་བོན་དང་བཅས་པ་འགོག་པ་སྟེ།སེམས་རང་བཞིན་གྱིས་རྣམ་པར་དག་པ་ལ་གཉེན་པོའ་ིསྟོབས་ཀྱིས་ཉོན་མོངས་པའི་ས་བོན་སྤངས་པའི་བྲལ་བ་ནི།འགོག་བདེན་གྱི་མཚན་ཉིད་དོ།།ཞེས་དང༌།དྲངས་མ་ཐག་པའི་བསྡུ་བའི་ལུང་ལས་མྱ་ངན་ལས་འདས་པའི་དབྱིངས་ཞེས་གསུངས་པས་ཉོན་མོངས་ཟད་པའི་བདག་མེད་ཕྲ་རགས་གང་རུང་ཞིག་ལ་མྱང་འདས་སུ་འདོད་དོ།མྱང་འདས་ཡིན་ན་བདག་མེད་ཕྲ་རགས་གང་རུང་ཡིན་པས་ཁྱབ་པ་ཇི་ལྟར་ཡང༌།མྱང་འདས་ཀྱི་ངོ་བོར་གྱུར་པའི་བདག་མེད་ཕྲ་རགས་ཡོད་པར་འདོད་དགོས་ཏེ།དབྱིངས་ཞེས་བརྗོད་པ་ལ་དོན་ཡོད་པའི་ཕྱིར།དེ་ལྟར་ན་ལྷག་མེད་མྱང་འདས་ཀྱི་ངོ་བོར་གྱུར་པའི་བདག་མེད་ཕྲ་རགས་བཞག་དགོས་པས།ཉན་ཐོས་ལྷག་མེད་ཀྱི་ཚེ་སྟོང་གཞི་ཆོས་ཅན་མེད་པས་བཞག་དཀའ་སྙམ་པའི་དོགས་སློང་ཙམ་མོ།། རིགས་པའི་རྗེས་འབྲང་པ་སེམས་ཙམ་ལུགས་ལ་མྱང་འདས་གཉིས་ཀྱི་ཁྱད་པར་དབུ་མ་པའི་ལུགས་དང་འདྲའོ།།དབུ་མ་པའི་ལུགས་ལ་མྱང་འདས་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན།རང་བཞིན་གྱི་མྱང་འདས།མི་གནས་པའི་མྱང་འདས།ལྷག་བཅས་མྱང་འདས།ལྷག་མེད་མྱང་འདས་བཅས་ལས།རང་བཞིན་གྱི་མྱང་འདས་དང་སྟོང་ཉིད་དོན་གཅིག་ལ།དགག་བྱ་བདེན་གྲུབ་ལ་མྱ་ངན་དུ་བྱས་ནས་དེ་ལས་རང་བཞིན་གྱིས་འདས་པ་ན་རང་བཞིན་གྱི་མྱང་འདས་ཞེས་བརྗོད་པ་ཡིན།རང་བཞིན་གྱི་མྱང་འདས་ཡིན་ན་མྱང་འདས་མ་ཡིན་པས་མ་ཁྱབ་སྟེ།རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་མྱང་འདས་དང་སྟོང་ཉིད་ཡིན་པའི་ཕྱིར་དང༌།རང་རྒྱུད་པའི་ལུགས་ལ་འགོག་བདེན་གྱི་རྣམ་པ་ལ་སྟོང་ཉིད་བཅུ་དྲུག་བཞག་པས་དེ་དང་སྟོང་ཉིད་གཞི་མཐུན་ཡོད་པའི་ཕྱིར།མི་གནས་པའི་མྱང་འདས་ཀྱི་དོན་ལ།གསེར་ཕྲེང་ལས།གཉིས་པ་ནི།སངས་རྒྱས་དང་བྱང་སེམས་ཀྱི་མྱང་འདས་སོ།ཞེས་དང༌།ཀུན་བཏུས་དར་ཊིཀ་ལས།སངས་རྒྱས་དང་བྱང་སེམས་འཕགས་པའི་རྒྱུད་ཀྱི་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་འགོག་བདེན་ཆོས་ཅན།ཞེས་སོགས་གསུངས་པ་ལ་བརྟེན་ནས་བྱང་སེམས་ཀྱི་རྒྱུད་ཀྱི་མྱང་འདས་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་རྒྱུ་མཚན་གྱིས་མི་གནས་པའི་མྱང་འདས་སུ་གསུངས་པ་ཡོད་ཀྱང༌།མི་གནས་པའི་མྱང་འདས་ནི་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ལམ་གྱི་སྟོབས་ཀྱིས་ཐོབ་པའི་སྤངས་པ་མཐར་ཐུག་ལ་བྱེད་དོ།གསེར་ཕྲེང་དང་ཀུན་བཏུས་ལས་གསུངས་པ་དེ་སེམས་ཙམ་པའི་ལུགས་ཡིན་ནམ་སྙམ།།ལྷག་བཅས་ལྷག་མེད་ཀྱི་དོན་ལ།རང་རྒྱུད་པའི་ལུགས་ལ།སྔ་མའི་ལས་ཉོན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པའི་གང་ཟག་གི་རྒྱུད་ཀྱི་མྱང་འདས་དེ་ལྷག་བཅས་མྱང་འདས་དང༌།དེ་དང་བྲལ་བའི་གང་ཟག་གི་རྒྱུད་ཀྱི་མྱང་འདས་དེ་ལྷག་མེད་མྱང་འདས་ཡིན་པས།ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ལ་དམན་པའི་མྱང་འདས་ཡིན་པས་མ་ཁྱབ་སྟེ།ལྷག་བཅས་དགྲ་བཅོམ་པ་ཚེ་དེ་ལ་ཐེག་ཆེན་ལམ་དུ་བཞུགས་པའི་བྱང་སེམས་ཀྱི་རྒྱུད་ལ་ལྷག་བཅས་མྱང་འདས་ཡོད་པའི་ཕྱིར་དང༌།སངས་འཕགས་ཀྱི་རྒྱུད་ཀྱི་མྱང་འདས་དེ་ལྷག་མེད་མྱང་འདས་ཡིན་པས་སོ།གསེར་ཕྲེང་ལས།ཐེག་དམན་གྱི་དབང་དུ་བྱས་པ་ནི།ཞེས་གསུངས་པ་ལ་བརྟེན་ནས་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ལ་དམན་པའི་མྱང་འདས་ཡིན་པའི་ཁྱབ་པ་གསུངས་པ་ཡོད་ཀྱང༌།སེམས་བསྐྱེད་ཀྱི་བཤད་བྱའི་རྩ་བའི་མདོ་ལས།ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།།ཞེས་གསུངས་པས་མཁས་གྲུབ་བསྟན་དར་བའི་ཡིག་ཆ་ལས་བྱུང་བ་བཞིན་སྔར་ལྟར་ཁས་བླང་ངོ༌།ཐལ་འགྱུར་བའི་ལུགས་ལ།བདེན་སྣང་དང་བཅས་པའི་གང་ཟག་གྱི་མྱང་འདས་ཐོབ་པ་འདོད་དོ།།
       ཐེག་ཆེན་གྱི་དབང་དུ་བྱས་པའི་མྱང་འདས་གཉིས་ཀྱི་ཁྱད་པར་ནི།སློབ་དཔོན་ཀླུ་བཤེས་ཀྱིས་མཛད་པའི་སྐུ་གསུམ་བསྟོད་པ་ལས།ཕུང་པོར་བཅས་པའི་མྱ་ངན་འདས།།ཐུབ་སྐུ་གཉིས་ལ་བཞག་པ་ཡིན།།ཕུང་པོ་ཀུན་དང་གྲོལ་བའི་ཕྱིར།།
ཆོས་ཀྱི་སྐུ་ལ་ཕུང་པོ་མེད།།ཅེས་གཟུགས་སྐུ་གཉིས་ལ་ལྷག་བཅས་མྱང་འདས་དང༌།ཆོས་སྐུ་ལ་ལྷག་མེད་མྱང་འདས་ཀྱིས་སྒྲས་བསྟན་པ་ནི།གཟུགས་སྐུ་གཉིས་པོ་དེ་གདུལ་བྱ་ལ་མངོན་སུམ་དུ་སྣང་བའི་ལྷག་མ་དང་བཅས་ཤིང༌།མྱ་ངན་ལས་འདས་པ་དང༌།ཆོས་སྐུ་དེ་གདུལ་བྱས་མངོན་སུམ་དུ་མཐོང་བའི་ལྷག་མེད་པར་མྱ་ངན་ལས་འདས་པའི་དོན་ཡིན་པའི་ཕྱིར།།
འདིར་འབད་རྣམ་དཀར་དགེ་བ་ཅི་མཆིས་པ།།དེ་ཡི་མཐུ་ལས་སྤྱི་སྒོས་རྒྱལ་བའི་བསྟན།།ནམ་ཡང་མི་ནུབ་སྲིད་མཐར་གནས་པ་དང༌།།འགྲོ་ཀུན་བྱང་གྲོལ་གོ་འཕང་མྱུར་ཐོབ་ཤོག།
 

གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ། 
དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

 

 

བརྒྱུད་འགོད།