གསེར་ཕྲེང་རྩོམ་གཞི་བཞི་པའི་དྲིས་ལན།
འདིར་ཡུམ་གྱི་མཐའ་དཔྱད་པ་ལ་གསུམ་ཞེས་པ་ནས།དེའི་ཕྱི་དང་བ་དེ་བྱང་ཆུབ་ཀྱི་དང་པོའི་རྒྱུ་རུ་གཟིགས་དེ་བཤད་པའི་ཐབས་སུ་མཆོད་བརྗོད་མཛད་དོ་ཞེས་པའི་བར་གྱི་དྲིས་ལན།
གསེར་ཕྲེང་དཔྱད་རྩོམ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།
བྱང་སེམས་རྩ་བ་སྙིང་རྗེ་ཆབ་ཀྱིས་བརླན།།འཕྲིན་ལས་ཡལ་འདབ་སྲིད་གསུམ་ཡོངས་ལ་ཁྱབ།།ཕན་བདེའི་དྲི་བསུང་ཕྱོགས་བརྒྱར་འཐུལ་བའི་མགོན།།ཞི་བདེ་བླ་མ་བསྟན་འཛིན་རྒྱ་མཚོས་མཁྱེན།།ཐུབ་གསུང་བརྒྱད་ཁྲིའི་སྙིང་པོ་བསྡུས་པའི་གཞུང༌།།རྒྱལ་ཡུམ་རྒྱན་དང་དགོངས་འགྲེལ་ཉེར་གཅིག་སོགས།།སྣ་མང་ལེགས་བཤད་གསེར་ཕྲེང་སྤུད་པའི་རྔར།།དཔྱད་གསུམ་རིགས་པའི་དབྱུ་གུ་བསྣུན་ཙམ་བྱ།།ཞེས་མཆོད་པ་བརྗོད་པ་དང་རྩོམ་པ་དམ་བཅའ་སོགས་ལམ་མངོན་པར་དབྱེ་བའི་སྐབས་སྔོན་དུ་བཏང་སྟེ།སྐབས་འདིའི་བརྗོད་གཞི།གསེར་ཕྲེང་ལས།ཡུམ་གྱི་མཐའ་དཔྱད་པ་ལ་གསུམ་ཞེས་པ་ནས།དེ་སྐྱེད་པའི་ཐབས་སུ་མཆོད་བརྗོད་མཛད་དོ།།ཞེས་པའི་བར་གྱི་བརྗོད་གཞིའི་དོན་རྣམས་གངས་སེང་ཕར་མཆོང་གི་ཚུལ་དུ་འཆད་པ་ལ་བཞི།གཞུང་སྤྱིའི་ཁོག་བསྡུས་པའི་ཆིངས།ཚིག་མདུད་འགྲོལ་བའི་འབྲུ་འགྲེལ།སྒྲོ་སྐུར་བསལ་བའི་དོགས་གཅོད།མཇུག་བསྡུས་པའི་ཤིས་སྨོན་དང་བཞི་ལས།
དང་པོ་གཞུང་སྤྱིའི་ཁོག་བསྡུས་པའི་ཆིངས་ནི།སྐབས་འདིའི་བསྟོད་ཡུལ་ལ།ཚིག་གསལ་མཁན་པོས།འགྲེལ་བ་ལས།ཚུལ་གསུམ་པ་ཅན་ནི།ཞེས་གསུངས་པ་ཁུངས་སུ་བྱས་ནས་ཚུལ་གྱི་སྒྲས་དངོས་མིན་པར་གདུལ་བྱའི་སྣང་ཚུལ་གྱི་དབང་དུ་བྱས་ཏེ།འདིར་བསྟན་མཁྱེན་གསུམ་སངས་འཕགས་ཁོ་ནའི་རྒྱུད་ལ་བསྡུས་པར་གསུངས་པ་དང༌།དེའི་རྗེས་སུ་འབྲངས་ཏེ་རྗེ་རེད་མདའ་བ་སོགས་འདིར་བསྟན་མཁྱེན་གསུམ་སངས་རྒྱས་འཕགས་པ་ཁོ་ནའི་རྒྱུད་ཀྱི་མཁྱེན་པ་ཡིན་པར་གསུངས།འགྲེལ་པར།སངས་རྒྱས་ཉན་ཐོས་ལ་སོགས་པ་ཞེས་སོགས་དང༌།མདོ་ལས།ཉན་རང་རྣམས་ཀྱི་མངོན་རྟོགས་ནི་ཐམས་ཅད་ཤེས་པ་ཉིད་ཡིན་ནོ།།ཞེས་སོགས་ལ་བརྟེན་ནས།གསེར་ཕྲེང་ལས།འདིར་བསྟན་མཁྱེན་གསུམ་ལ་ཉན་རང་རྒྱུད་ཀྱི་གཞི་ཤེས་དང༌།བྱང་སེམས་རྒྱུད་ཀྱི་ལམ་ཤེས་དང༌།སངས་རྒྱས་རྒྱུད་ཀྱི་རྣམ་མཁྱེན་དང་གསུམ་ལ་འཇོག་ཀྱང༌།རྣམ་བཤད་དང་ཡིག་ཆར།འདིར་དངོས་བསྟན་བསྟན་བྱའི་གཙོ་བོ་བྱང་འཕགས་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་གཞི་ཤེས་དང༌།ལམ་གསུམ་བདེན་པའི་སྐྱེ་མེད་རྟོགས་པའི་ལམ་ཤེས་དང༌།སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་པ་ཆོས་ཐམས་ཅད་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང་གསུམ་ལ་མཛད་དོ།།དེ་ལྟར་བསྟོད་ཡུལ་མཁྱེན་གསུམ་གྱི་ས་མཚམས་གང་འཇོག་མདོ་བསྟན་བཅོས་ཀྱི་ཚིག་ཟིན་ལ་གསལ་ཁ་མ་བྱུང་བའི་དབང་གིས།མཁས་པ་རྣམས་འདིར་བསྟན་མཁྱེན་གསུམ་གྱི་ས་མཚམས་བཞེད་ཚུལ་མི་མཐུན་པ་དུ་མར་བྱུང་སྣང་སྟེ།རྣམ་བཤད་དོན་བདུན་ཅུ་འཆད་པའི་སྐབས་སུ་ཕྱོགས་སྔར་དྲངས་པའི་ནང༌།འདོད་ཚུལ་མི་མཐུན་པ་དྲུག་བྱུང་བ་སྟེ།དང་པོས།མཁྱེན་གསུམ་དུས་གསུམ་འཕགས་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་དང༌།སྦྱོར་བཞི་དང་ཆོས་སྐུ་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཁོ་ནའི་རྒྱུད་དང༌།གཉིས་པས།མཁྱེན་གསུམ་རལ་གྲི་ཐང་གཞག་ལྟར་ས་མཚམས་གཏན་མེད་དང༌།སྦྱོར་བཞི་རལ་གྲི་ལག་བླངས་ལྟར་ས་མཚམས་འཇོག་ཏུ་ཡོད་པ་དང༌།གསུམ་པས།མཁྱེན་གསུམ་ཐོས་བསམ་གྱི་སྐབས་དང༌།སྦྱོར་བཞི་སྒོམ་བྱུང་གི་ཉམས་ལེན་གྱི་སྐབས་དང༌།བཞི་པས།མཁྱེན་གསུམ་ནི་ལྟ་བ་དང༌།སྦྱོར་བཞི་སྒོམ་སྤྱོད་དང༌།ཆོས་སྐུ་འབྲས་བུའི་སྐབས་དང༌།ལྔ་པས།ལམ་རྐྱང་པའི་དབང་དུ་བྱས་ནས་རྣམ་མཁྱེན་ཚོགས་སྦྱོར་གྱི་གནས་སྐབས་དང༌།ལམ་ཤེས་ས་དང་པོ་ནས་དྲུག་པའི་བར་དང༌།གཞི་ཤེས་ས་བདུན་པ་དང༌།སྦྱོར་བཞི་དག་ས་དང༌།ཆོས་སྐུ་སངས་རྒྱས་ཀྱི་ས་དང༌།དྲུག་པས།སྐབས་གཉིས་པས་བསྟན་པའི་ཉན་རང་གི་ལམ་དང༌།སྐབས་གསུམ་པ་དང་བཞི་པས་བསྟན་པའི་ཐེག་དམན་གྱི་ལམ་རྣམས་ཉན་རང་རང་རྒྱུད་ཀྱི་ལམ་དང༌།སྐབས་དང་པོའི་སྐབས་ནས་བསྟན་པའི་སེམས་བསྐྱེད་དང་གཉིས་དང༌།སྐབས་བཞི་པས་བསྟན་པའི་ཐར་པ་ཆ་མཐུན་སོགས་ཐེག་ཆེན་ཚོགས་ལམ་ནས་འཇོག་པ་དང༌།བདུན་པས།བྱང་སེམས་རྒྱུད་ལ་གཞི་ཤེས་དང་ལམ་ཤེས་ཡོད་ཀྱང་ཕན་ཚུན་ངོ་བོ་ཐ་དད་དང༌།དེ་བཞིན་སངས་འཕགས་རྒྱུད་ཀྱི་མཁྱེན་གསུམ་ཡོད་པའང་སྔ་མ་གཉིས་བཞིན་ནང་ཕན་ཚུན་ངོ་བོ་ཐ་དད་དུ་བཞེད།དགུ་པ་ནི།ཉ་ཊཱིཀ་ལས།གཞི་ལམ་གཉིས་ཉན་རང་བྱང་སེམས་ཁོ་ནར་སོ་སོར་མཛད་པ་དང༌།ལེགས་བཤད་གསེར་ཕྲེང་ཡང་ས་མཚམས་ཉ་ཊཱིཀ་བཞིན་མཛད་དེ།མཆོད་བརྗོད་ཀྱིས་བསྟོད་ཡུལ་མཁྱེན་པ་གསུམ་པོ་གང་རུང་ཡིན་ན་འཕགས་རྒྱུད་ཀྱི་མཁྱེན་པས་ཁྱབ་པར་ཐལ་བ་གསུམ་དང་ལུང་ཚན་ལྔ་སྟེ་བརྒྱད་ཀྱིས་བཀག་གོ།འགྲེལ་བ་འགའ་ཞིག་ལས།ཉན་རང་བྱང་སེམས་སངས་རྒྱས་ཀྱི་ཡུམ་གསུམ་ལ་མཁྱེན་གསུམ་གྱི་མིང་བཏགས་ནས་བསྟན་པར་གསུངས་ཀྱང༌།དེ་ལྟར་ན་གོང་དུ་དྲངས་པའི་གསེར་ཕྲེང་གི་གཞུང་ཚིག་རྣམས་ལས་ཐལ་བ་གསུམ་དང་ལུང་བརྒྱད་དྲངས་པའི་དགག་སྒྲུབ་ཀྱི་གཞི་རྣམས་འཐོར་བར་འགྱུར་རོ།།གསེར་ཕྲེང་འོག་ནས།གཞུང་རྩ་བར།ཐེག་ཆེན་ལ་གཞི་ཤེས་ཡོད་པར་གསུངས་པའི་འགལ་སྤོང་གི་སྐབས་སུ།གཉེན་པོ་གཞི་ཤེས་ལ་གཞི་ཤེས་ཀྱི་མིང་བཏགས་པ་ཙམ་ཡིན་པར་གསུངས་པ་དང་ཡང་འགལ་བའི་ཕྱིར་རོ།།འདི་རྗེ་རེད་མདའ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས།གཞི་ཆོས་ཀྱི་བདག་མེད་པར་རྟོགས་པའི་གཞི་ཤེས་ནི།གཉེན་པོ་གཞི་ཤེས་ཞེས་བྱ་ལ།ཞེས་པའི་གསུང་འདི་ལ་དགོངས།དེ་ལ་རྣམ་བཤད་ལས།གཞི་བདེན་སྟོང་སྤྲོས་བྲལ་མངོན་སུམ་རྟོགས་པའི་ཡེ་ཤེས་ལ་གཉེན་པོ་གཞི་ཤེས་ཞེས་ཐ་སྙད་འདོགས་པ་ནི་སློབ་དཔོན་གྱི་འགྲེལ་བ་ཆེ་ཆུང་གང་ན་ཡང་མེད་དོ་ཞེས་དང༌།རྣམ་བཤད་ལས།དེ་ལ་ཁ་ཅིག་གིས།གཞི་ཤེས་ཉན་རང་ཁོ་ན་དང༌།ལམ་ཤེས་བྱང་ཆུབ་སེམས་དཔའ་ཁོ་ནའི་རྒྱུད་ལ་ཡོད་པར་འདོད་པ་ནི།བསྟན་བཅོས་ཀྱི་དགོངས་པ་ཡེ་ནས་མ་ཡིན་ཏེ།འགྲེལ་ཆེན་དུ།ཞེས་སོགས་རྒྱན་སྣང་གི་གཞུང་ཚན་གསུམ་དང༌།འགྲེལ་ཆུང་གི་གཞུང་ཚན་གཉིས་ཏེ་ལུང་ལྔའི་ཤེས་བྱེད་ཀྱིས་བསྒྲུབས་ཤིང༌།དེ་ཡང་ལུང་ཚན་དང་པོ་བཞིའི་དོན་ནི།སྐབས་བརྒྱད་ཀྱི་བསྟན་བྱའི་གཙོ་བོ་བརྒྱད་རྣམ་མཁྱེན་མཚོན་བྱེད་ཆོས་བཅུ་ལམ་གྱི་གཞིར་བཟུང་ནས།དེའི་གནས་སྐབས་བརྒྱད་དུ་ཕྱེ་བ་དེ་ཉིད་ཐེག་ཆེན་གྱིས་ཉམས་སུ་བླང་བྱ་སྟེ་སྒོམ་བྱ་གཙོ་བོར་བྱེད་པར་གསུངས་པ་དང་འགལ་བའི་དོན་དང༌།ལུང་ལྔ་པའི་དོན་ནི།ཆོས་སྐུའི་འགྲེལ་བ་ལས།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌།དང་ཞེས་བྱ་བའི་སྒྲས་བསྡུས་པ་ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་དག་ཀྱང་ཡིན་ཏེ།ཞེས་དང་སྒྲས་སངས་རྒྱས་ཀྱི་རྒྱུད་ལ་གཞི་ལམ་གཉིས་ཡོད་པ་གསུངས་པ་དང་འགལ་བའི་དོན་དང༌།ཡང་རྣམ་བཤད་ལས།སློབ་དཔོན་འཕགས་པས།བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་ཤེས་མཐོང་གི་བལྟས་ནས་འདའ་བའི་དོན་བཤད་པ་དང༌།ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་ཞེས་སོགས་ལས་ནི་གཞི་ཤེས་དང་ལམ་ཤེས་སོ་སོའི་སྐྱེ་བོ་ལ་མེད་པ་ལྟར་མངོན་ནོ།།ཞེས་སྔ་ཕྱི་ཤེས་བྱེད་ལུང་བདུན་གྱིས་དགག་པར་མཛད་དོ།།ལུང་ཕྱི་མ་གཉིས་ཀྱི་དོན་ཡང༌།ལུང་རིགས་ནོར་བུའི་དོ་ཤལ་ལས།མདོ་ལས།ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ།ཞེས་པའི་འགྲེལ་པར།འཕགས་པས་རྗེས་སུ་དཔག་པའི་ཤེས་པ་བསལ་བའི་དོན་དུ་མཐོང་བ་སྨོས་ལ།འཁྲུལ་བའི་མཐོང་བ་བསལ་བའི་དོན་དུ་ཤེས་པ་སྨོས་སོ།།ཞེས་ཤེས་མཐོང་གི་བལྟས་ནས་འདའ་བྱའི་གཞི་ཤེས་མངོན་སུམ་ཡིན་དགོས་པར་གསུངས་པས་སོ་ཞེས་པའི་དོན་དང༌།འགྲེལ་ཆུང་ལས།དྲོ་བ་ལ་སོགས་པ་ཐམས་ཅད་ཀྱང་ཐེག་པ་གསུམ་ཆར་གྱི་རྟོགས་པ་ཐོབ་པའི་རྒྱུའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ།།ཞེས་དང༌།འདིའི་དོན་རྣམ་བཤད་ལས།སྦྱོར་ལམ་མཉམ་གཞག་དེ་བདེན་པ་མངོན་པར་ཞེན་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་ཡིན་ཏེ།གཟུང་འཛིན་བདེན་པར་ཞེན་པའི་ཆོས་སུ་བལྟ་བའི་དངོས་ཀྱི་གཉེན་པོ་ཉིད་ཀྱིས་སོ།།ཐེག་པ་གསུམ་ཆར་མངོན་སུམ་དུ་རྟོགས་པའི་མཐོང་ལམ་གྱི་རྒྱུའི་ངོ་བོ་ཁྱད་པར་ཅན་དུ་གྱུར་པའི་ཕྱིར།ཞེས་སོ།།
གཉིས་པ་ཚིག་མདུད་འགྲོལ་བའི་འབྲུ་འགྲེལ་ནི།གསེར་ཕྲེང་ལས།དེ་ལྟར་མིན་ན་དེ་དག་ལ་ཁྱབ་བྱེད་མཁྱེན་པ་གཉིས་པོ་མེད་པའི་ཕྱིར།ཁྱབ་བྱ་ཐེག་དམན་དང་བྱང་སེམས་ཀྱི་མངོན་རྟོགས་མེད་པར་ཐལ་བ་དང༌།ཉེར་ཞིར་ཁྲིད་པ་དང་ལྷག་བསམ་ཁྱད་པར་ཅན་གྱིས་འཇིག་རྟེན་གྱི་དོན་དངོས་སུ་སྒྲུབ་པའི་བྱང་སེམས་ཀྱི་སྤྱོད་པ་མེད་པར་ཐལ་ལོ།།ཞེས་པའི་དོན་ནི་འོག་ཏུ་འཆད།གསེར་ཕྲེང་ལས།དེ་བཞིན་སློབ་དཔོན་གྱི་ཞེས་སོགས་ཀྱི་དོན་ནི།གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པར་ཞེས་སོགས་དགོས་དོན་གྱི་གཞུང་དང༌།གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཞེས་སོགས་ཚིག་དོན་གྱི་གཞུང་གཉིས་ཚིག་གི་ཟིན་ཚོད་ཙམ་ལ་མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པར་མ་གསུངས་ཀྱང༌།དོན་ལ་མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པར་བསྟན་པ་ཡང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅེས་གསུངས་པས་ཤེས་ནུས་པ་དང༌།དེ་བཞིན་བསྡུས་དོན་ལས།ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ།ཞེས་དང༌།བརྒལ་ལན་ལས་ཀྱང༌།ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་མངོན་པར་རྟོགས་པ་མཐའ་དག་བསྡུས་པས་ན་ཕྱོགས་གསུམ་ཆར་གྱིས་ཀྱང་བསྡུས་པའི་ཕྱིར་རོ།།ཞེས་མངོན་པར་རྟོགས་པ་བརྒྱད་མཁྱེན་གསུམ་དུ་བསྡུས་ནས་དེ་ལ་ཕྱག་བྱས་པ་གསལ་བའི་དོན་ཡིན་ནོ།།དེ་ལྟར་ན་ཆེན་པོ་གཉིས་ཀྱིས་ཀྱང་བཀྲལ་ལ་ཞེས་སོགས་ཀྱི་དོན་ནི།འགྲེལ་པ་ཉེར་གཅིག་རྩོམ་པ་པོའ་ིནང་ནས་འཕགས་སེང་གཉིས་གྲགས་ཆེ་བས་ན་ཆེན་པོ་གཉིས་ཞེས་གསུངས་པ་དང༌།མངོན་པར་རྟོགས་པ་བརྒྱད་མཁྱེན་གསུམ་དུ་བསྡུས་ནས་སྐབས་འདིའི་བསྟོད་ཡུལ་དུ་འཇོག་དགོས་པའང༌།འཕགས་པས་ཤེས་རབ་ཀྱི་ཕ་རོལ་ཞེས་སོགས་དང༌།སློབ་དཔོན་གྱིས།གཞི་དང་ལམ་དང་རྣམ་པ་ཞེས་སོགས་གོང་དུ་དྲངས་མ་ཐག་པའི་གཞུང་རྣམས་སུ་ཞིབ་རྒྱས་སུ་བཀྲལ་བར་མ་ཟད།བཙུན་པ་གྲོལ་སྡེ་ཉིད་ཁྲི་སྣང་བ་དང༌།རིན་ཆེན་འབྱུང་གནས་སྦས་པས་གྲགས་ཆར།ཤེར་འབྱུང་གི་བསྡུས་དོན།འཇིགས་མེད་འབྱུང་གནས་སྦས་པས་གནད་ཀྱི་ཟླ་འོད་དང་གཞུང་ཕྱི་མ་བཞིའི་སྐབས་སུའང༌།འདིར་གཞུང་དེ་དག་གི་ཚིག་རིས་དྲངས་པ་ལྟར་དེ་གཉིས་དང་ཤིན་ཏུ་མཐུན་པར་གསུངས་སོ།།འོན་ཀྱང་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ཚིག་གསལ་ལས།སྐབས་འདིའི་བསྟོད་ཡུལ་གྱི་མཁྱེན་པ་གསུམ་པོ་ལྡོག་པའི་ངོས་ནས་ཐ་དད་དུ་ཕྱེ་བ་ཙམ་ལས་དོན་དུ་དེ་གསུམ་ཀ་ཤེར་ཕྱིན་ཉིད་དུ་འཇོག་པ་ནི།འོག་ཏུ་དབང་རྣོན་དང་བ་སྐྱེ་ཚུལ་སྐབས་སུ་དགག་པར་བྱའོ།།ཞེས་པའི་དོན་ནོ།།སྔ་མ་རྣམས་འགྲེལ་བ་འདི་ལ་ངེས་ཀྱང་ཞེས་སོགས་ཀྱི་དོན་ནི།རྩ་བའི་གོང་ངམ་སྔ་འགྲེལ་གྱི་མཇུག་ཏུ་གསུངས་དང་བཤད་ཅེས་བྱུང་ན།ཕྱིར་འགྲེལ་གྱི་དབུར་གསུངས་ཏེ་དང་བཤད་དེ་ཞེས་རྩ་བའི་ཚིག་དོན་འཆད་འགྱུར་ཚིག་མི་སྦྱར་བར།ཡིན་ནོ་དང༌།ཡིན་ཏེ་དང༌།ཞེས་བྱ་བ་དང༌།ཞེས་བྱ་བ་ནི།ཞེས་སོགས་རྩ་བའི་ཚིག་དོན་བཤད་ཟིན་སྟོན་པའི་ཚིག་འབྱུང་ངེས་པས།གསུངས་ཏེ་བཤད་དེ་ཞེས་པའི་ཚིག་མི་འབྱུང་བ་དང༌།རྩ་བའི་རྗེས་སུ་གསུངས་སོ།ཞེས་པ་ལྟ་བུའི་རྫོགས་ཚིག་བྱུང་ན་དེ་མ་ཐག་རྩ་བའི་འབྲུ་གཉེར་བ་སྟེ་འབྲུ་འགྲེལ་གྱི་ཚིག་མི་འབྱུང་བར་དགོས་དོན་སོགས་རྩ་བའི་དངོས་ཟིན་གྱི་དོན་ལས་དོན་གཞན་སྟོན་པའི་ཚིག་འབྱུང་ངེས་པར་སྔ་མ་རྣམས་ལ་གྲགས་ཀྱང༌།གདམས་ངག་སྤྱིར་བསྟན་གྱི་སྐབས་སུ།རྩ་བའི་མཇུག་ཏུ་ཞེས་གསུངས་པ་ཡིན་ནོ།།ཞེས་རྫོགས་ཚིག་བྱུང་ཡང་དེའི་མཇུག་དེ་མ་ཐག་ཏུ།འགྲེལ་བ་ལས།བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་སྒྲུབ་པ་ལ་ཞེས་པ་ནས་གདམས་ངག་ནི་རྣམ་པ་བཅུའོ།།ཞེས་པའི་བར་རྩ་བའི་འབྲུ་འགྲེལ་རྒྱས་པར་བྱུང་བས་ངེས་པ་མེད་དོ།།ཞེས་པའི་དོན་ཡིན།གང་དག་མཚམས་སྦྱར་གང་ཡིན་སྔ་འགྲེལ་དུ་བཞེད་པ་ཞེས་སོགས་ཀྱི་དོན་ནི།བུ་སྟོན་ལུང་གི་སྙེ་མ་སོགས་ལས་དེ་ལྟར་གསུངས་པ་ལ་དགག་པ་མཛད་པ་ཡིན་ཞིང༌།དེ་ཡང་འཕགས་པ་བྱམས་པ་ཞེས་སོགས་མཆོད་བརྗོད་ཀྱི་མཚམས་སྦྱར་འདི་དང༌།འོག་ཏུ་སྐབས་ལྔ་པའི་སྐབས་སུ།འགོག་པ་མེད་པའི་རང་བཞིན་ལ།ཞེས་སོགས་རྩ་བ་རྐང་པ་བཞིའི་མཚམས་སྦྱར་གཉིས།སྔ་འགྲེལ་དང་མཚམས་སྦྱར་གྱི་གཞི་མཐུན་དུ་རུང་ཡང༌།དེས་མཚམས་སྦྱར་ཐམས་ཅད་གཅིག་ཏུ་བསྲེ་མི་ནུས་ཏེ།སེམས་བསྐྱེད་སྐབས་སུ།དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས་ཞེས་སོགས་ཀྱི་མཚམས་སྦྱར་འདི་ལུས་རྣམ་གཞག་གི་མཚམས་སྦྱར་ཡིན་ཡང་ཕྱི་འགྲེལ་གྱི་ཚུལ་དུ་ཡོད་ཀྱི་སྔ་འགྲེལ་མིན་པས་སོ།།དེ་ལྟར་ཡང་ལེགས་བཤད་གསེར་ཕྲེང་ལས།དེ་ལྟར་ན་བཤད་པ་ཡོངས་སུ་རྫོགས་པ་དང༌།བཤད་པ་ལ་འཇུག་པ་དང༌།དྲི་བས་ལན་འདྲེན་པའི་མཚམས་སྦྱོར་ཡོད་པ་ལས་འདི་ལ་ནི་དང་པོ་གཉིས་ཚང་ལ།།ཞེས་གསུངས་པའི་ཕྱིར།ཚིག་གསལ་དུ་ཁྱད་གཞི་ནི་ཤེར་ཕྱིན་ནོ་ཞེས་སོགས་ཀྱི་དོན་ནི། ཁྱད་གཞི་ཤེར་ཕྱིན་ལ་ཁྱད་པར་གྱི་ཆོས་མཁྱེན་གསུམ་དུ་དབྱེ་བ་ནི།ངོ་བོ་ཐ་དད་པའི་རྒྱུ་མཚན་གྱིས་དབྱེ་བ་མིན་གྱི་ཤེར་ཕྱིན་ཀུན་རྫོབ་ཏུ་ཡང་ལྡོག་པའི་ཆ་ནས་དབྱེ་བ་གསུམ་དུ་མཛད་མི་རུང་སྙམ་པའི་ལོག་རྟོག་ལྡོག་པའི་ཆེད་དུ་དང༌།སྲས་གསུམ་ཆར་ཡུམ་འདི་ལས་སྐྱེ་བར་བསྟན་པའི་ཕྱིར་བྱས་པ་ནི།སངས་རྒྱས་རྣམས་དང་རང་སངས་རྒྱས།།ཞེས་སོགས་བསྟོད་པ་མཛད་པས་ཤེས་ནུས་པའི་ཕྱིར།ངོ་བོ་ཤེར་ཕྱིན་ཉིད་འཇོག་པའི་རྒྱུ་མཚན་གྱིས་ཡུམ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་སུ་སྒྲུབ་ནུས་པས་ན་ཡུམ་འདི་ནི་ཉན་རང་བྱས་སེམས་ཐེག་པ་རང་གི་རྟོགས་པ་ལས་ཕུལ་དུ་བྱུང་བ་དང༌།རྒྱུ་མཚན་དེར་བསྟན་པའི་མདོར་ཡང་མདོ་གཞན་ལས་ཆེས་ལྷག་པར་འགྱུར་བ་ཤེས་ནུས་སོ།།དེས་ན་ཉན་རང་སྐྱེད་པར་བྱེད་པའི་ཡུམ་ནི་གང་ཟག་བདག་མེད་རྟོགས་པའི་རྣམ་པ་ཅན་གྱི་གཞི་ཤེས་དང༌།སངས་རྒྱས་དང་བྱང་སེམས་བསྐྱེད་པར་བྱེད་པའི་ཡུམ་ནི་གང་ཟག་བདག་མེད་དང༌།ཆོས་ཀྱི་བདག་མེད་རྣམ་པ་ཅན་གྱི་་ལམ་ཤེས་གཉིས་སུ་བྱས་ནས།དེ་ཡང་སྔ་མ་མདོ་དྲན་པ་ཉེར་གཞག་གིས་བསྟན་ལ།ཕྱི་མ་སྡོང་པོ་བཀོད་པའི་མདོ་ལས་བསྟན་པ་ཡིན་ཟེར་ན།དེ་འདྲའི་དོགས་པ་ལྡོག་པའི་ཆེད་དུ་འགྲེལ་བ་ལས།ཚུལ་གསུམ་པ་ཅན་ཞེས་སྨོས་པར་གསུངས་ཏེ།སྐབས་འདིའི་ཡུམ་ལ་གསུམ་དུ་ཕྱེ་བ་ནི་རང་བཞིན་ཐ་དད་པའི་རྒྱུ་མཚན་གྱིས་ཕྱེ་བ་མ་ཡིན་གྱི།གདུལ་བྱའི་བསམ་ངོར་ཐ་དད་པར་གསུམ་དུ་འཆར་བ་ཙམ་གྱི་རྣམ་གཞག་བྱས་པ་ཡིན་གྱི་ངེས་པའི་དོན་དུ་ནི།ཉན་རང་གཡུང་པོ་སྟེ་རིགས་ངན་རྣམས་རིན་པོ་ཆེ་ལྟ་བུའི་ཡུམ་འདིས་ག་ལ་སྐྱེད་ནུས་ཏེ་མི་ནུས་སོ་ཞེས་གྲུབ་མཐའ་འཆའ་བར་བྱེད་དོ།།གསེར་ཕྲེང་ལས་ལུགས་དེ་བཀག་པ་ན་ཀུན་རྫོབ་ཀྱི་དབང་དུ་བྱས་ན།ཡུམ་གྱིས་སྲས་གསུམ་སྐྱེ་བ་ཀུབ་རྫོབ་དང༌།དེས་སངས་རྒྱས་སྐྱེ་བར་དོན་དམ་བྱེད་དགོས་པས།དེའང་མི་འཐད་དེ།དེ་ལ་གཅིག་དུ་བྲལ་སོགས་སྔར་གྱི་རིགས་པ་རྣམས་ཀྱིས་གནོད་པའི་ཕྱིར་དང༌།དོན་དམ་གྱི་དབང་དུ་བྱས་ན་ཡུམ་གྱིས་སྲས་གསུམ་སྐྱེ་བ་རང་གི་ཆོས་ཉིད་དུ་འགྱུར་བས།དེ་ལས་དེ་མི་སྐྱེ་བ་ཁས་ལེན་ན་ནང་འགལ་དུ་འགྱུར་བས་སོ།།འདི་ལྟ་བུའི་རིགས་པས་གནོད་པ་ཡོད་པར་མ་གོ་ནས་ཚིག་གསལ་མཁན་པོས་རང་གི་ཁས་བླངས་ཏེ་ཞེ་འདོད་ཙམ་ཞིག་བརྗོད་པ་ཡིན་ནོ།།གཞན་ཡང་བཞེད་པ་དེ་མི་འཐད་དེ།དེ་ལྟར་ན་ཉན་རང་ལ་ཐར་ལམ་མེད་པར་འགྱུར་ཏེ།སྐབས་འདིའི་ཡུམ་མིན་པའི་ཐར་ལམ་མེད་པ་ནི།བསྟོད་པ་ལས།ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ།།ཞེས་པས་ཤེས་ལ།དེ་ཉན་རང་ལ་མེད་པ་དྲངས་མ་ཐག་པའི་ཚུལ་གྱི་དོན་བཤད་པས་གྲུབ་པའི་ཕྱིར་དང༌།ཉན་རང་གཉིས་ཀྱང་བཏགས་པ་བར་འགྱུར་ཏེ།དེ་དག་ཏུ་འཇོག་བྱེད་ལམ་གཉིས་བཏགས་པ་བ་ཡིན་པའི་ཕྱིར་རོ།།དེས་ན་ཚུལ་གྱི་སྒྲ་དོན་ནི།དངོས་མིན་པའི་དོན་མིན་པར།ཨར་ཆེན་པོ་བྱང་ཆུབ་འབུམ་གྱིས་འདོད་པ་ལྟར་ཐེག་པ་ལ་མི་འདྲ་བའི་ཚུལ་གསུམ་ཡོད་པའི་དོན་ནམ།ཡང་ན་མཁྱེན་པ་ལ་མི་འདྲ་བའི་ཚུལ་གསུམ་ཡོད་པའི་དོན་དུ་བྱས་ན་ལེགས་སོ།།དེ་ལ་ཁོ་ན་རེ།སློབ་དཔོན་གྱི་གཞུང་ལམ་གཉིས་ཤེར་ཕྱིན་བཏགས་པ་བར་བཞེད་པ་ལྟར་ཉན་རང་གི་ཡུམ་ཡང་ཡུམ་བཏགས་པ་བར་འདོད་པ་སློབ་དཔོན་གྱི་གཞུང་དང་མི་མཐུན་པར་མེད་ཅིང་དེ་དང་མཐུན་པ་ཡིན་ཏེ།ཤེར་ཕྱིན་དང་ཡུམ་གཉིས་དོན་གཅིག་པའི་ཕྱིར་ཞེ་ན།དེ་ཡང་མི་འཐད་དེ།རང་སྲས་འཕགས་བཞིའི་བཞེད་དོན་སྒྲུབ་པ་ཙམ་ཞིག་ཡུམ་གྱི་དོན་ཡིན་པས།དེ་ཡིན་ན་ཤེར་ཕྱིན་ཡིན་པས་ཁྱབ་པ་སློབ་དཔོན་གྱིས་ག་ལ་བཞེད་དེ་མི་བཞེད་པར་ངེས་པའི་ཕྱིར།མདོར་ན་ཚིག་གསལ་མཁན་པོའི་ལུགས་ལ་སྐབས་འདིའི་ཡུམ་ནི་རྣམ་མཁྱེན་དང་དོན་གཅིག་དུ་བྱ་དགོས་པས།བྱང་སེམས་ཀྱི་ཡུམ་ཡིན་ཡང་ཉན་རང་གི་མིན་ཞེས་པའི་འདོད་པ་རྣམས་ཀྱང་བཀག་སྟེ།སངས་རྒྱས་ཁོ་ནའི་ཡུམ་ཡིན་པར་ཚིག་གསལ་གྱི་དགོངས་པ་ཡིན་ནོ།།ཞེས་པའི་དོན་ནོ། །
ཁ་ཅིག་དང་བའི་རྒྱུ་མཚན་གནོད་པ་མ་མཐོང་ནས་ཞེས་སོགས་དོན་ནི།ཉ་དཔོན་ཀུན་དགའ་དཔལ་གྱིས་དབང་རྣོན་ཡུམ་ལ་དང་བ་སྐྱེད་པའི་རྒྱུ་མཚན་གཉིས་བྱས་ནས།དང་པོ་ནི་དེ་ལ་གཅིག་དང་དུ་མའི་ཞེས་པ་ནས་གནོད་པ་མ་མཐོང་ནས་ཞེས་པའི་བར།དང་བ་སྐྱེད་པའི་རྒྱུ་མཚན་གནོད་པ་མ་མཐོང་བར་བསྟན་པའི་གཞུང་དང༌།དང་བ་སྐྱེད་པའི་རྒྱུ་མཚན་གཉིས་པ་ཡུམ་གྱིས་སྲས་བཞི་བསྐྲུན་པར་བསྟན་པའི་གཞུང་དུ་བྱས་པ་ལ།རྗེས་རེད་མདའ་བའི་ཉི་ཟེར་ལས།སྔ་རབས་པ་དག་གཞུང་སྔ་མ་གནོད་བྱེད་མ་མཐོང་བ་དང༌།ཕྱི་མ་སྒྲུབ་བྱེད་མཐོང་བ་ལ་སྦྱོར་ཡང་མི་རིགས་ཏེ་ཞེས་སོགས་ཀྱིས་བཀག་ནས་རང་ལུགས་འཇོག་ན།དེ་ཉིད་ལས།ཡང་ན་གཞི་ལམ་རྣམ་པ་རྣམས་སྐྱེ་བར་མེད་པར་གང་གིས་གྲུབ་སྙམ་ན།གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་དེའི་སྒྲུབ་བྱེད་ལ་སྦྱར་བའི་བཤད་པ་མཛད་པ་ལ།གསེར་ཕྲེང་ལས།ལ་ལ་ཞེས་སོགས་ཀྱིས་དགག་པར་མཛད་དོ།།དོན་བསྡུས་ན།གཞུང་གི་གཅོད་མཚམས་གསུམ་མཛད་པ་རྣམས་རིམ་བཞིན་མི་འཐད་པ་ནི།དང་པོ་མི་འཐད་དེ།དབང་རྣོན་གནོད་པ་མ་མཐོང་ཙམ་གྱིས་མི་ཆོག་གི་གནོད་པ་མེད་པར་ཤེས་དགོས་པའི་ཕྱིར་དང༌།ཡུམ་གྱིས་སྲས་བཞི་བསྐྲུན་པ་ནི་བསྒྲུབ་བྱ་ཡིན་གྱི་སྒྲུབ་བྱེད་བསྟན་པའི་གཞུང་དུ་མི་འཐད་པའི་ཕྱིར་དང༌།གཞན་ཡང་དབང་རྣོན་ཁྱོད་ལྟར་དང་བའི་སྒྲུབ་བྱེད་གཞན་གཟུང་བའི་ཅི་ཞེས་བྱ་དོན་མེད་པར་ཐལ།མཆོད་བརྗོད་ཀྱིས་བསྟན་པ་ཀུན་རྫོབ་དང༌།རིགས་པས་སྐྱེ་མེད་སྒྲུབ་པ་དོན་དམ་གྱི་དབང་དུ་བྱས་པས་དེ་གཉིས་འགལ་མེད་མཐོང་བ་ཙམ་གྱིས་དང་བ་སྐྱེ་བར་འགྱུར་བའི་ཕྱིར༌།གསུམ་པ་མི་འཐད་པ་ནི།སྐྱེ་མེད་གང་གིས་གྲུབ་པའི་ལན་དུ་གཅིག་དང་དུ་མའི་ཞེས་སོགས་སྦྱོར་བ་མི་འཐད་དེ།སྐྱེ་མེད་མཆོད་བརྗོད་ཀྱིས་སྒྲས་མ་ཟིན་པའི་ཕྱིར།ཁྱབ་སྟེ།འདི་མཆོད་བརྗོད་ཀྱི་སྒྲས་ཟིན་འགྲེལ་བའི་དབང་དུ་བྱས་པའི་ཕྱིར།།ཞེས་པའི་དོན་ནོ།།གསུམ་པ་སྒྲོ་སྐུར་བསལ་བའི་དོགས་གཅོད།ཁ་ཅིགགསེར་ཕྲེང་ལྟར་ན་ཐེག་གསུམ་གང་རུང་གི་མངོན་རྟོགས་ཡིན་ན་མཁྱེན་གསུམ་གང་རུང་ཡིན་པས་ཁྱབ་སྟེ།གསེར་ཕྲེང་ལས།རང་གི་ལུགས་ནི་ཐེག་པ་གསུམ་གྱི་མངོན་རྟོགས་གང་ཡིན་མཁྱེན་གསུམ་གང་རུང་ཡིན་པ་ལ་དགོངས་ནས་མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་པར་གསུངས་ཏེ།དེ་གསུམ་གྱིས་མ་བསྡུས་པའི་མངོན་རྟོགས་མེད་པས་སོ།།ཞེས་གསུངས་པའི་ཕྱིར་ཟེར་ན།འོ་ན་ལམ་ཤེས་ཐོབ་པ་སེམས་བསྐྱེད་ཐོབ་པ་སྔོན་དུ་འགྲོ་མི་དགོས་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།གསེར་ཕྲེང་ལས།ལམ་ཤེས་ལ་ནི་སེམས་བསྐྱེད་སྔོན་དུ་འགྲོ་དགོས་པས་དེའི་སྐད་ཅིག་གཉིས་པ་ནས་ལམ་ཤེས་འདོད་པར་བྱའོ།།ཞེས་གསུངས་པ་མི་འཐད་པར་འགྱུར་རོ།།འདི་ལ་འགྲེལ་བ་ཁ་ཅིག་ལས།གནོད་འཇོམས་ལྟར་ན་དེ་ལྟར་བྱ་ཞེས་པ་ཡིན་ཏེ།གོང་དུ་བྱང་སེམས་ལམ་ཐམས་ཅད་ལམ་ཤེས་སུ་གསུངས་པའི་ཕྱིར་རོ།།ཞེས་གསུངས་པའང་མི་འཐད་དེ།གནོད་འཇོམས་ལས་སེམས་བསྐྱེད་སྐད་ཅིག་གཉིས་པ་ནས་ལམ་ཤེས་ཐོབ་པར་མ་གསུངས་པའི་ཕྱིར་དང༌།འདི་ལམ་ཤེས་ཀྱི་ཡན་ལག་ལྔའི་ནང་ཚན་སེམས་བསྐྱེད་ལ་འཇོག་དགོས་པའི་ཕྱིར་ཏེ།གསེར་ཕྲེང་སྐབས་གཉིས་པ་ལས།ཡང་ན་ང་རྒྱལ་བཅོམ་པར་མ་ཟད་སེམས་བསྐྱེད་ཀྱང་དགོས་པའོ།།ཞེས་གསུངས་པའི་ཕྱིར།གཞན་དུ་ན་ལམ་ཤེས་ཐོབ་པ་ལ་སེམས་བསྐྱེད་ཐོབ་པ་སྔོན་དུ་འགྲོ་དགོས་པའི་གསེར་ཕྲེང་གི་དགོངས་གཞི་མི་རྙེད་པའི་ཕྱིར་དང༌།འདོད་གཟུགས་ཀྱི་ལྷ་གཉིས་རིམ་བཞིན་ལམ་ཤེས་དངོས་བརྒྱུད་ནས་སྐྱེ་བའི་རྟེན་དུ་གསུངས་པས་ཀྱང་དགོངས་པ་འདི་བཞིན་ཡིན་པར་ཤེས་ནུས་པའི་ཕྱིར།གཞན་ཡང་གསེར་ཕྲེང་རང་ལུགས་ལ་ཐེག་པ་གསུམ་གྱི་མངོན་རྟོགས་ཐམས་ཅད་ལམ་ཤེས་ཀྱིས་རང་ཡིན་པའི་ཚུལ་གྱིས་བསྡུས་པར་འདོད་ན།སེམས་ཙམ་དང་བྱེ་སྨྲར་གྱུར་པའི་བྱང་སེམས་རྒྱུད་ཀྱི་མངོན་རྟོགས་རྣམས་ཀྱང་ལམ་ཤེས་སུ་ཐལ་ལོ།།འདོད་མི་ནུས་ཏེ།ལམ་གསུམ་རང་བཞིན་མེད་པར་མ་རྟོགས་པའི་ཕྱིར།ཁྱབ་སྟེ།གསེར་ཕྲེང་ལས།གཉིས་པ་ལམ་ཤེས་ནི།ལམ་གསུམ་རང་བཞིན་མེད་པར་རྟོགས་ཤིང་རྫོགས་སྨིན་སྦྱངས་ནས་ཡང་དག་མཐའ་སྔོན་དུ་བྱས་པའི་སློབ་ལམ་མོ།།ཞེས་གསུངས་པའི་ཕྱིར།འདི་ལྟར་ན་ཐེག་དམན་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་རྒྱུད་ཀྱི་ལམ་ཤེས་རྣམས་སློབ་ལམ་དུ་ཐལ་བས།འདིར་ལམ་ཤེས་ཀྱི་ངོ་བོ་འཇོག་པ་རིགས་ངེས་གཞིར་བཞག་བྱས་སམ་དཔྱད།དེ་བཞིན་སྟོང་ཉིད་མ་རྟོགས་པའི་བྱང་སེམས་ཀྱི་ལམ་ཐམས་ཅད་ཀྱི་དཔྱད་དགོས།ཁ་ཅིག་ན་རེ།གསེར་ཕྲེང་རང་ལུགས་ལ།ཐེག་དམན་གང་ཟག་གི་རྒྱུད་ལ་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་ཤེས་རབ་ཡོད་པས་སློབ་ལམ་ན་ཆོས་ཀྱི་བདག་མེད་རྟོགས་པའི་གཞི་ཤེས་ཡོད་པར་རིགས་པས་གྲུབ་སྟེ།གསེར་ཕྲེང་ལས།མདོར་ན་རྟོགས་བྱ་དེ་བཞིན་ཉིད་ཐ་དད་དུ་མེད་ཀྱང་དེ་རྟོགས་པའི་བློ་ལ་རབ་འབྲིང་ཐ་གསུམ་བྱུང་བས་ཡུལ་ཅན་གྱི་སྒོ་ནས་མིང་ཐ་དད་པར་བཏགས་ཞེས་པའོ།།ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།གསེར་ཕྲེང་རང་ལུགས་གཞིར་གཞག་བྱས་ཚེ་དེ་བཞིན་ཡིན་ན་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་པས་མ་ཁྱབ་པའི་ཕྱིར་སྟེ།གསེར་ཕྲེང་སྐབས་གསུམ་པ་ལས།ཆོས་ཀྱི་བདག་མེད་མ་རྟོགས་པར་འདོད་པ་དག་གིས་ཀྱང་དེ་བཞིན་རྟོགས་པ་ནི་འདོད་དེ།ཞེས་པ་ནས་ཁས་བླང་དགོས་པའི་ཕྱིར་རོ་ཞེས་པའི་བར་རྒྱུ་མཚན་ལྔའི་སྒོ་ནས་སྒྲུབ་པའི་ཕྱིར་རོ།།
དེས་ན་གང་ཟག་བདག་མེད་དེ་བཞིན་ཉིད་དང་སྟོང་ཉིད་ཡིན་ཡང་ཆོས་ཀྱི་བདག་མེད་ཕྲ་མོར་མི་འཇོག་གོ།གསེར་ཕྲེང་རང་ལུགས་ལ།གཞི་ཤེས་ཉན་རང་རྒྱུད་ལ་བསྡུས་པ་དང༌།དེ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་མ་རྟོགས་པར་ལུང་རིགས་ཀྱི་སྤྲོས་པ་སྔར་སོང་ལྟར་ཁས་ལེན་ན།རྩ་བར།ཤེས་རབ་ཕ་རོལ་ཕྱིན་པ་ནི།།ཞེས་པའི་སྐབས་ནས་བསྟན་པའི་ཤེར་ཕྱིན་ལ་དངོས་པོ་བརྒྱད་མེད་པར་ཐལ།དེ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་མ་རྟོགས་པས་ཁྱབ་པའི་ཕྱིར།འདོད་ན།གསེར་ཕྲེང་ལས།དེ་ལྟར་ན་ལུང་དེ་ནི་དེ་ཁོ་ན་ལྟར་བཤད་དེ།འཕགས་པས།ཤེས་རབ་་ཕ་རོལ་ཏུ་ཕྱིན་པ་དེ་གང་ཡིན་ཞེས་བྱ་བ་འདི་ནི་བརྗོད་པར་བྱའོ་ཞེ་ན།བཤད་པ།ཤེས་རབ་ཕ་རོལ་ཕྱིན་ནི།དངོས་པོ་བརྒྱད་ཀྱིས་ཡང་དག་བཤད།།ཅེས་གསུངས་ལ།དེའི་དོན་ཡང་གོང་དུ་ཤེར་ཕྱིན་ལ་ཕྱག་འཚལ་ལོ་ཞེས་བསྟན་བཅོས་ཀྱི་བརྗོད་བྱ་ལ་ཕྱག་འཚལ་བའི་ཤེར་ཕྱིན་དེ་གང་ཡིན།དེ་ཇི་ལྟར་བསྟན་བཅོས་ཀྱིས་འཆད་ཅེས་པའི་ལན་དུ།ཤེར་ཕྱིན་དེ་ལ་འཆད་པར་འགྱུར་བའི་དངོས་པོ་བརྒྱད་དུ་ཕྱེ་ནས་འཆད་དོ་ཞེས་བཤད་དགོས་པའི་ཕྱིར།ཞེས་དང༌།ཡང་དེ་ཉིད་ལས།མཆོད་བརྗོད་དུ་བརྗོད་བྱ་ལ་བསྟོད་ཕྱག་བྱས་པའི་ཤེར་ཕྱིན་དེ་ཇི་ལྟར་བྱས་པས་འཆད་ཅེ་ན།ཤེར་ཕྱིན་དེ་ནི་དངོས་པོ་བརྒྱད་དུ་ཕྱེ་བའི་ཚུལ་གྱིས་སོ།།ཞེས་གསུངས་པ་དང་འགལ་བའི་ཕྱིར།དེ་ལ་ཁོ་ན་རེ།སྐབས་འདིའི་ཤེར་ཕྱིན་ནི་མཆོད་བརྗོད་ཀྱི་བསྟོད་ཡུལ་དང་དོན་གཅིག་པས།ཤེར་ཕྱིན་དང་བྱེད་ལས་མཚུངས་པས་བསྟོད་ཡུལ་དེ་ཉིད་ལ་ཤེས་ཕྱིན་ཞེས་སྒྲ་སྦྱར་ནས་དེ་དང་ཁྱད་མེད་ལྟ་བུར་གསུངས་པ་ཡིན་ཏེ།གསེར་ཕྲེང་ལས།འོ་ན་སློབ་དཔོན་དེ་དག་གིས་ཡུམ་དེ་ཤེར་ཕྱིན་ཏུ་ཡང་བཤད་པའི་ཕྱིར་མངོན་རྟོགས་བརྒྱད་ཀ་ཤེར་ཕྱིན་དུ་འགྱུར་ཞེ་ན།ཤེར་ཕྱིན་དང་ཡུམ་ཁྱད་མེད་པ་ལྟ་བུར་བཤད་པ་ནི།དེ་གཉིས་ཟག་མེད་ཀྱི་ཕུང་པོ་བསྐྱེད་པ་དང༌།གསོ་བའི་སྒོ་ནས་བྱེད་ལས་མཚུངས་པ་ཙམ་ལ་དགོངས་པ་ཡིན་ཏེ།ཞེས་གསུངས་པའི་ཕྱིར་ཞེ་ན་བརྟགས་དགོས་ཏེ།དེ་ལྟར་ན་གཞི་ཤེས་དང་འདིའི་སྐབས་ནས་བསྟན་པའི་ཤེར་ཕྱིན་གཞི་མཐུན་ཡོད་པར་འགྱུར་བས་དེ་ཡང་མི་འཐད་དེ།འདིའི་སྐབས་ནས་བསྟན་པའི་ཤེར་ཕྱིན་ལ་སྤྲོས་བྲལ་རྟོགས་དགོས་པར་ཤེར་ཕྱིན་མཚན་ཉིད་ལ་བརྟགས་པས་ཤེས་ནུས་པའི་ཕྱིར།ཁ་ཅིག་གསེར་ཕྲེང་ལས།བསྡུས་དོན་དང་བརྒལ་ལན་གྱི་སྐབས་སུ་མཁྱེན་གསུམ་གྱི་མངོན་རྟོགས་མཐའ་དག་བསྡུས་པར་བསྟན་པ་ཡིན་ནོ།།ཞེས་པའི་བསྡུས་དོན་དང༌།བརྒལ་ལན་གཉིས་བསྟན་བཅོས་ལུས་ཀྱི་བསྡུས་དོན་དང་བརྒལ་ལན་འཆད་པའི་གཞུང་ལ་བྱེད་ཟེར་བ་མི་འཐད་དེ།གཞུང་དེ་དག་གི་སྐབས་སུ་མཁྱེན་གསུམ་གྱིས་མངོན་རྟོགས་མཐའ་དག་བསྡུས་པར་མ་གསུངས་པའི་ཕྱིར།ཁ་ཅིག་འགྲེལ་ཆུང་ལས།དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ཞེས་སོགས་ཀྱི་གཞུང་འདི་གསེར་ཕྲེང་ལྟར་ན་བསྡུས་དོན་གྱི་གཞུང་མིན་ཏེ།བསྡུས་དོན་གྱི་འཕྲོས་དོན་ཡིན་པའི་ཕྱིར།དེར་ཐལ།གསེར་ཕྲེང་ལས།གཞུང་འདིའི་དོན་འཆད་པའི་ཚེ།བསྡུས་དོན་ལས་འཕྲོས་པའོ།།ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ།ས་བཅད་དེའི་ཁོངས་སུ་བསྡུས་དོན་དངོས་དང་དེའི་འཕྲོས་དོན།མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་ཚུལ་རང་ལུགས་དང་གཞན་ལུགས་ཀྱི་འདོད་པ་བཅས་རྒྱས་པར་གསུངས་པའི་ཕྱིར།དོན་གནད་འདིས་འཁྲུལ་གཞིར་བྱས་ནས་འགྲེལ་བ་ཕལ་ཆེར་བས་གསེར་ཕྲེང་རང་ལུགས་ལ་སྐབས་འདིའི་བསྡུས་དོན་གྱི་གཞུང་གང་ཡིན་ངོས་འཛིན་གསལ་བ་མ་བྱུང་བར་མངོན་ནོ།།འགའ་ཞིག་ན་རེ།འགྲེལ་བ་ལས།ཚིགས་སུ་བཅད་པ་འདིས་ནི་ཆེ་བའི་བདག་ཉིད་ཕུལ་དུ་བྱུང་བ་དང་ལྡན་པར་བརྗོད་དེ།ཞེས་པའི་གཞུང་རྣམ་བཤད་ལྟར་གསེར་ཕྲེང་གིས་ཀྱང་བསྡུས་དོན་གྱི་གཞུང་དུ་བཞེད་ཟེར་ན།འོ་ན་གཞུང་དེས་མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པར་བསྟན་པར་ཐལ།སྐབས་འདིའི་བསྡུས་དོན་གྱི་གཞུང་ཡིན་པའི་ཕྱིར།རྟགས་ཁས།མ་ཁྱབ་ན།གསེར་ཕྲེང་ལས།བསྡུས་དོན་དང་བརྒལ་ལན་གྱི་སྐབས་སུ་ཡང་མཁྱེན་གསུམ་གྱིས་མངོན་རྟོགས་མཐ་དག་བསྡུས་པར་བསྟན་པ་ཡིན་ནོ།།ཞེས་གསུངས་པ་དང་འགལ་བ་ཇི་ལྟར་སྤོང་སོམས་ཤིགའགྲེལ་བ་རྣམས་སུ།འགྲེལ་བར།དེ་ལྟར་མིན་ན་ཞེས་སོགས་ཀྱི་གཞུང་འདིའི་དགོངས་པ་བཀྲལ་བ་ན།དེ་སྒྲ་འདས་མ་ཐག་པའི་དོན་ལ་བྱས་ནས་གཞི་ཤེས་དང་ལམ་ཤེས་འཕགས་པའི་རྟེན་ཁོ་ནར་འཇོག་པའི་ཕྱོགས་སྔ་འགོག་པའི་གཞུང་དུ་ཕལ་ཆེར་གྱིས་བཀྲལ་བར་མཐོང་ཡང༌།དེ་ལྟར་ན་སྐབས་འདིའི་ཁྱབ་བྱ་ཞེས་པ་ཐེག་དམན་གྱི་ཚོགས་སྦྱོར་དང་བྱང་སེམས་ཀྱི་ཚོགས་སྦྱོར་འཇོག་དགོས་ཀྱང༌།གཞུང་ལས།ཁྱབ་བྱ་ཐེག་དམན་དང་བྱང་སེམས་ཀྱི་མངོན་རྟོགས་སྤྱིར་ལ་འཇོག་པ་དང་མི་མཐུན་པ་དང༌།དེ་འདྲའི་ཕྱོགས་སྔས་སྤྱིར་གཞི་ལམ་གཉིས་ཐེག་དམན་དང་བྱང་སེམས་ལ་མེད་པར་ཁས་མ་བླངས་ཤིང༌།གཞི་ལམ་གཉིས་འཕགས་པའི་རྟེན་ཁོ་ན་ལ་ཡོད་པར་ཁས་བླངས་པ་ལ།དེ་གཉིས་ཀྱི་མངོན་རྟོགས་མེད་པ་ཐལ་བར་འཕངས་པ་ཡང་འབྲེལ་མེད་དུ་འགྱུར་རོ།།དེས་ན་ལུང་དེའི་དོན་ནི།གཞུང་འདི་དང་མཐུན་པར་འོག་ནས་གཞི་ཤེས་དང་ལམ་ཤེས་སངས་རྒྱས་ཀྱི་ཡུམ་ཁོ་ནར་འདོད་ན་ཉན་ཐོས་དང་བྱང་སེམས་སུ་བསྟན་པའི་གང་ཟག་གཉིས་ཀྱང་བཏགས་པ་བར་འགྱུར་རོ།།ཞེས་དང༌།གཞན་ཡང་དེ་དག་ལ་ཡུམ་མཚན་ཉིད་པ་མེད་པའི་ཕྱིར་སྲས་ཀྱང་བཏགས་པ་བར་འགྱུར་རོ།།ཞེས་དང༌།གཞན་ཡང་དེ་དག་ལ་ཡུམ་མཚན་ཉིད་པ་མེད་པའི་ཕྱིར་སྲས་ཀྱང་བཏགས་པ་བར་འགྱུར་རོ།།ཞེས་གསུངས་པའི་ཕྱོགས་སྔ་འགོག་པའི་གཞུང་དུ་བྱེད་དགོས་ཤིང་དེ་ཡང་རང་ལུགས་འཆད་པའི་སྐབས་སུ།འདི་ནི་བསྟན་བཅོས་ཀྱི་བརྗོད་བྱ་བསྟོད་ཕྱག་གི་ཡུལ་ཡིན་ཞིང་བསྟོད་ཚུལ་ཡང་ཡུམ་དེས་སྲས་བཞིའི་ཐུན་མོང་མ་ཡིན་པའི་བཞེད་དོན་སྒྲུབ་པའི་སྒོ་ནས་བསྟོད༌།ཞེས་དང༌།རྒྱུ་མཚན་འདིས་ཀྱང་ཐེག་པ་གསུམ་གྱི་མངོན་རྟོགས་མ་ལུས་པ་ཡུམ་ཡིན་ནོ།།ཞེས་པའི་གཞུང་ལ་སྦྱར་ཏེ།མཁྱེན་གསུམ་འཕགས་བཞིའི་ཡུམ་དང༌།ཐེག་པ་གསུམ་གྱི་མངོན་རྟོགས་མ་ལུས་པ་སྐབས་འདིའི་བསྟོད་ཡུལ་དུ་འཇོག་པ་དེ་ལྟར་མིན་པར་ཚིག་གསལ་ལྟར།སྐབས་འདིའི་བསྟོད་ཡུལ་སངས་རྒྱས་འཕགས་པ་ཁོ་ནའི་ཡུམ་དང་ཡུམ་མཁྱེན་པ་གསུམ་ཡང་སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེར་ཕྱིན་ཁོ་ནར་འཇོག་ན།ཐེག་དམན་དང་བྱང་སེམས་ཀྱི་མངོན་རྟོགས་མེད་པར་ཐལ་བ་དང༌།དེ་གཉིས་མེད་ན་ཉན་རང་སློབ་པ་རྣམས་ཉེར་ཞི་ཁྲིད་པ་དང༌།བྱང་སེམས་ཀྱིས་གཞན་དོན་ཁུར་ཁྱེར་གྱི་ལྷག་བསམ་ཁྱད་པར་ཅན་ལ་བརྟེན་ནས།འཇིག་རྟེན་གྱི་དོན་སྒྲུབ་པའི་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་ཀྱང་མེད་པར་ཐལ།དེ་དག་གི་བདག་རྐྱེན་མངོན་རྟོགས་རྣམས་མེད་པའི་ཕྱིར་ཞེས་པའི་དོན་ཡིན་ནོ།།དེས་ན་འདི་དངོས་སུ་ས་བཅད་དང་པོའི་འཕྲོས་དོན་དང༌།དོན་དུ་ས་བཅད་དང་པོ་དང་གཉིས་པའི་དོན་བསྡུ་ལྟ་བུར་བྱས་ཀྱང་རུང་ངོ༌།།ལྷག་བསམ་ཁྱད་པར་ཅན་ཡང་གཞན་དོན་ཁུར་ཁྱེར་ལ་བྱེད་པ་ལས་སེམས་བསྐྱེད་གསུམ་པའི་མཚུངས་དོན་ལ་གཟུང་དུ་མི་རུང་ཞིང༌།ཚོགས་སྦྱོར་མེད་ན་ལམ་སྤྱི་མེད་པར་འགྱུར་བའི་ཧ་ཅང་ཐལ་བ་ལ་སྦྱར་ཀྱང་མི་རུང་སྙམ་དུ་སེམས་སོ།།ཐོས་བསམ་སྒོམ་གསུམ་གྱི་ཁྱད་པར་བཤད་པའི་སྐབས་སུ་གསེར་ཕྲེང་ལས།འདིར་གསུང་རབ་མཉན་པ་ལས་སྐྱེས་བའི་ཤེས་རབ་ནི་ཐོས་བྱུང༌།དེའི་དོན་རིགས་པས་བརྟགས་པ་ལས་ངེས་པ་རྙེད་པའི་ཤེས་རབ་ནི་བསམ་བྱུང༌།ངེས་པ་རྙེད་པ་དེ་ཉིད་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བསྒོམས་པ་ལས་བྱུང་བ་ནི་སྒོམ་བྱུང་གི་ཤེས་རབ་ཏུ་འདོད་པར་བྱའོ།།ཞེས་གསུངས་པ་ལ་བརྟེན་ནས།འགའ་ཞིག་ན་རེ།གསེར་ཕྲེང་ལས་ཐོས་པའི་དོན་དེ་རིགས་པས་བརྟགས་པ་ལས་དོན་དེ་ངེས་རྙེད་ཀྱི་བློ་བསམ་བྱུང་དུ་འཇོག་པས་དཔག་ན།ཐོས་བྱུང་ཡིད་དཔྱོད་དང༌།བསམ་བྱུང་ནས་རྟོགས་བློར་འཇོག་ཟེར་ན།གསེར་ཕྲེང་ལྟར་ན།ཐོས་བྱུང་གྱི་བློ་ལ་ཡིད་དཔྱོད་ཡིན་པས་ཁྱབ་པར་ཐལ།དམ་བཅའ་དེའི་ཕྱིར།འདོད་ན།ཉེར་བསྡོགས་ཡིད་ལ་བྱེད་པ་ལས་དང་པོའི་ངོ་བོར་གྱུར་པའི་ཐོས་བྱུང་གི་བློ་ཆོས་ཅན།དེར་ཐལ།དེའི་ཕྱིར།རྟགས་གྲུབ་སྟེ།དེ་ཡོད་པའི་ཕྱིར་ཏེ།གསེར་ཕྲེང་ལས།འོན་ཀྱང་མངོན་པའི་སྤྱི་སྐད་ལ་ཁམས་གོང་མ་ན་སེམས་པ་བརྩམས་པའི་ཚེ་སེམས་ལོང་མེད་པར་ཏིང་ངེ་འཛིན་ཏུ་འགྲོ་བས་གོང་མའི་ས་ལ་བསམ་བྱུང་དང༌།གཟུགས་མེད་ན་ཐོས་བྱུང་མེད་པར་བཤད་པས་དེ་ལྟར་ན།གཟུགས་མེད་ཀྱི་རྟེན་ལ་སྒོམ་ན་ཡིད་བྱེད་དང་པོ་ལ་ཐོས་བསམ་གཉིས་ཀ་དང༌།གཟུགས་ཀྱི་རྟེན་ལ་སྒོམ་ན་བསམ་བྱུང་མེད་དོ།།ཞེས་དང༌།བསམ་གཟུགས་ཟིན་བྲིས་ལས།མི་འདྲ་བའི་ཁྱད་པར་ནི།ཉེར་བསྡོགས་བརྒྱད་པོ་དེ།འདོད་པའི་རྟེན་ལ་སྒོམ་ན་ཡིད་བྱེད་དང་པོ་ལ་ཐོས་བསམ་འདྲེས་མ་སྒོམ་པ་ཡོད་ལ།གཟུགས་ཀྱི་རྟེན་ལ་སྒོམ་ན་བསམ་བྱུང་མེད།གཟུགས་མེད་ཀྱི་རྟེན་ལ་ཐོས་བྱུང་མེད་ཅིང་སྐྱེས་ཐོབ་ཡིན།ཞེས་གཟུགས་ན་ཡིད་བྱེད་དང་པོའི་ངོ་བོར་གྱུར་པའི་ཐོས་སྒོམ་གཉིས་ཀ་ཡོད་པར་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།ཁྱོད་དང་མཚུངས་ལྡན་གྱི་ཏིང་ངེ་འཛིན་དེ་ཞི་གནས་ཡིན་པའི་ཕྱིར།དེ་བཞིན་ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་ཀྱི་ངོ་བོར་གྱུར་པའི་ཐོས་བྱུང་གི་བློ་ཡོད་པའི་ཕྱིར་ཏེ།ལམ་རིམ་ལས།མཚན་ཉིད་སོ་སོ་རིག་པ་ནི་སྐབས་འགར་ཐོས་པ་ལས་བྱུང༌།སྐབས་འགར་བསམ་པ་ལས་བྱུང་བས་ན་ཐོས་བསམ་འདྲེས་མ་ཞེས་བྱའོ།།ཞེས་གསུངས་པའི་ཕྱིར།དེས་ན་གསེར་ཕྲེང་དགོངས་པར་ཐོས་བྱུང་ལ་ཡིད་དཔྱོད་ཡོད་ཀྱང་ཡིད་དཔྱོད་ཡིན་པས་མ་ཁྱབ་ཅེས་ཞིབ་ཆ་བྱས་ན་རུང་བར་སེམས་སོ།།ཁོ་ན་རེ།ཉེར་བསྡོགས་ལ་ཐོས་བྱུང་ཡོད་པར་བཤད་པར་མི་འཐད་དེ།མཐའ་དཔྱོད་ལས།རྩ་བར་འདོད་ན།དེས་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་བློ་ཐོབ་པར་ཐལ།དེས་སྟོང་ཉིད་ལ་དམིགས་པའི་ཞི་གནས་ཐོབ་པ་གང་ཞིག་ཞི་གནས་ཡིན་ན་སྒོམ་བྱུང་གི་བློ་ཡིན་དགོས་པའི་ཕྱིར་ཟེར་ན།འདིར་མ་ཁྱབ།ཅེས་ཞི་གནས་ཡིན་ན་སྒོམ་བྱུང་གི་བློ་ཡིན་དགོས་པར་གསུངས་པའི་ཕྱིར་ཞེ་ན།སྒོམ་བྱུང་ལ་སེམས་གནས་པའི་ཐབས་དགུ་སྒོམ་སྟོབས་ལས་བྱུང་བའི་སྒོམ་བྱུང་དང༌།གཙོ་བོར་བསམ་གཏན་དང་པོ་ཡན་ཆད་ཀྱི་ཏིང་ངེ་འཛིན་སྒོམ་སྟོབས་ལས་བྱུང་བའི་སྒོམ་བྱུང་གཉིས་ལས།འདིར་སྔ་མ་ལ་དགོངས་པའི་ཕྱིར།ཁོ་ན་རེ།ཞི་གནས་ཡིན་ན་སྒོམ་བྱུང་གི་བློ་ཡིན་པས་ཁྱབ་ན་ཡིག་ཆ་ལ་ནང་འགལ་ཡོད་པར་འགྱུར་ཏེ།མཐའ་དཔྱོད་ལས།རང་ལུགས་ནི་གཙོ་བོར་གསུང་རབ་ཀྱི་ཚིག་དོན་ཐོས་པའི་སྟོབས་ལས་བྱུང་བའི་ཤེས་རབ་དེ།ཐོས་བྱུང་གི་ཤེས་རབ་ཀྱི་དོན་དང༌།གཙོ་བོ་གསུང་རབ་གྱི་དོན་སྒོམ་པའི་སྟོབས་ལས་བྱུང་བའི་ཤེས་རབ་དེ།བསམ་བྱུང་གི་ཤེས་རབ་ཀྱི་དོན་དང༌།གཙོ་བོར་བསམ་གཏན་དང་པོའ་ིཉེར་བསྡོགས་ཡན་ཆད་ཀྱི་ཏིང་ངེ་འཛིན་སྒོམ་པའི་སྟོབས་ལས་བྱུང་བའི་ཤེས་རབ་དེ།སྒོམ་བྱུང་གི་ཤེས་རབ་དོན་ཡིན་ནོ།།
ཞེས་སྒོམ་བྱུང་ལ་བསམ་གཏན་དང་པོ་ཡན་ཆད་ཀྱི་ཏིང་ངེ་འཛིན་སྒོམ་སྟོབས་ལས་བྱུང་བ་ཞིག་དགོས་པར་གསུངས་པའི་ཕྱིར་ཞེ་ན།སྔར་བཤད་པའི་སྒོམ་བྱུང་ཕྱི་མ་ལ་དགོངས་པའི་ཕྱིར།དེ་ལ་ཁོ་ན་རེ།ཉེར་བསྡོགས་ཡིན་ན།སྒོམ་བྱུང་གི་བློ་ཡིན་པས་ཁྱབ་པར་ཐལ།དམ་བཅའ་དེའི་ཕྱིར།འདོད་ན།ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་ཆོས་ཅན།དེར་ཐལ།དེའི་ཕྱིར།འདོད་ན།བསམ་གཟུགས་ཟུར་བཀོལ་ལས།དེ་ཆོས་ཅན།སྒོམ་བྱུང་གི་བློ་ཡིན་པར་ཐལ།མཉམ་གཞག་གི་སས་བསྡུས་ཡིན་པའི་ཕྱིར།ཁྱབ་སྟེ།མཛོད་རྩ་བ་ལས།མཉམ་པར་བཞག་པའི་དགེ་བ་ནི།།སྒོམ་པའོ།།ཞེས་གསུངས་པའི་ཕྱིར་ན་མ་ཁྱབ།ཅེས་གསུངས་པ་དང་འགལ་ལོ་ཞེ་ན།འདི་ལ་ཁ་ཅིག་ན་རེ།དེ་ལྟར་སྨྲ་བ་མི་འཐད་དེ།གཞུང་དེས་རྟགས་དེ་ལ་ཁྱབ་པ་མེད་ཅེས་གསུངས་པ་ལས་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་སྒོམ་བྱུང་མ་ཡིན་པར་མ་གསུངས་པའི་ཕྱིར་ཏེ།དེའི་མཇུག་ཏུ།འདོད་མི་ནུས་ཏེ།ཐོས་བསམ་འདྲེས་མའི་བློ་ཡིན་པའི་ཕྱིར།།ཞེས་ཟེར།ཞེས་སྒོམ་བྱུང་གི་བློ་མིན་པར་ཁས་ལེན་པའི་ཕྱོགས་ལ་མ་རུང་པའི་ཚིག་གསུངས་པའི་ཕྱིར།རྟགས་དེ་ལ་ཁྱབ་པའང་མེད་དེ།ཁམས་གོང་མའི་སས་བསྡུས་ཀྱི་གཟུགས་ཤེས་ཐམས་ཅད་དང༌།དགེ་བ་མ་ཡིན་པའི་ཤེས་པ་རྣམས་མཉམ་གཞག་གི་ས་པ་ཡིན་ཡང་སྒོམ་བྱུང་མ་ཡིན་པའི་ཕྱིར་རོ།།ཞེས་པའི་དོན་དུ་བཀྲལ་ཀྱང༌།ཡིག་ཆའི་དགོངས་པ་དངོས་ནི།ཐོས་བསམ་སྒོམ་གསུམ་དུ་ཕྱེ་བའི་སྒོམ་བྱུང་དང་དེའི་ནང་ཚན་ཐོས་བྱུང་གི་བློ་གཉིས་འགལ་བ་ལ་དགོངས་པའི་ཕྱིར།ཞིབ་པར་འོག་ཏུ་འཆད།ཚིག་ཟིན་འདི་དག་ལ་བརྟེན་ནས་ཐོས་བསམ་གཞི་མཐུན་ཁས་ལེན་པའང་མི་འཐད་དེ།མཐའ་དཔྱོད་ལས།འདོད་མི་ནུས་ཏེ།ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་འགལ་བའི་ཕྱིར།ཞེས་གསུངས་པའི་ཕྱིར།དེ་ལ་ཁོ་ན་རེ།ཡིག་ཆ་ལྟར་རང་ལུགས་ལ་ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་ཀྱི་ངོ་བོར་གྱུར་པའི་ཐོས་བྱུང་མི་འཇོག་ན།ཐོས་བསམ་འདྲེས་མའི་དོན་ཇི་ལྟར་ཡིན་ཞེ་ན།ཁམས་གོང་འོག་གཉིས་ཀྱི་མཚན་ཉིད་དམ་རང་བཞིན་སོ་སོར་ནས་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་སྒོམ་པའི་དོན་ཡིན་ཏེ།བསམ་གཟུགས་ལས།ཁོ་ན་རེ།ཉན་སར།མཉམ་པར་མ་བཞག་པའི་ས་པའི་ཡིད་ལ་བྱེད་པ་དག་གིས་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དང༌།བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རིག་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ།ཞེས་གསུངས་པ་མི་འཐད་པར་ཐལ།དེ་མཉམ་པར་མ་བཞག་པའི་སས་བསྡུས་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ།བསམ་གཏན་དང་པོའི་ཉེས་བསྡོགས་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་དེ་མཉམ་པར་མ་བཞག་པའི་ས་པའི་ཉེས་དམིགས་ཡིད་ལ་བྱེད་པ་དག་གིས་འདོད་པ་ལ་རགས་པ་དང༌།བསམ་གཏན་དང་པོ་ལ་ཞི་བའི་རྣམ་པར་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པར་བྱེད་པ་ལུང་དེའི་དོན་ཡིན་པའི་ཕྱིར།།ཞེས་གསུངས་པ་དང་དགོངས་པ་གནད་གཅིག་ཏུ་བབ་པའི་ཕྱིར།རང་རེ་ཡིག་ཆ་སྐབས་དང་པོའ་ིམཐའ་དཔྱོད་ལས།རོང་ཊཱིཀ་པ་ན་རེ།དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་གཞག་ཡེ་ཤེས་དེ།གཅིག་དུ་བྲལ་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་ཡིན་ཟེར་ན།དེ་ཆོས་ཅན།བསམ་བྱུང་གི་བློ་ཡིན་པར་ཐལ།རྗེས་དཔག་ཡིན་པའི་ཕྱིར།འདིའི་ཁྱབ་པ་རྣམས་སྐབས་བཞི་པར་བསྒྲུབ་བོ།།འདོད་མི་ནུས་ཏེ།སྒོམ་བྱུང་གི་བློ་ཡིན་པའི་ཕྱིར་ཏེ།བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཡིན་པའི་ཕྱིར།།ཞེས་དང༌།དབུ་མའི་སྤྱི་དོན་ལས།ཐོས་བྱུང་གི་བློ་ཡིན་པར་ཐལ།རྗེས་དཔག་ཡིན་པའི་ཕྱིར་ཞེས་པའི་དགོངས་པ་ནི།རང་རེ་སེར་བྱེས་མཁས་རབས་གོང་མ་རྣམས་ཀྱི་གསུང་རྒྱུན་ལ།སྔ་མ་རང་དོན་སྐབས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་དང༌།ཕྱི་མ་གཞན་དོན་སྐབས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་ལ་དགོངས་པ་ཡིན་ཞེས་གསུང་སྲོལ་བྱུང་བ་ལ་བརྟེན་ནས།འགའ་ཞིག་ན་རེ།རང་དོན་སྐབས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་ཡིན་ན་བསམ་བྱུང་གི་བློ་ཡིན་པས་ཁྱབ།གཞན་དོན་སྐབས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་ཡིན་ན་ཐོས་བྱུང་གི་བློ་ཡིན་པས་ཁྱབ་ཅེས་སྨྲ་བ་ཡང་མི་འཐད་དེ།ལ་སྟེང་དུ་མེ་རྟོགས་པའི་རྗེས་དཔག་དང༌།ཆུ་ནང་དུ་ཉ་རྟོགས་པའི་རྗེས་དཔག་སོགས་ཐོས་བསམ་སྒོམ་གསུམ་གང་རུང་མ་ཡིན་པའི་ཕྱིར་ཏེ།ཐོས་བསམ་སྒོམ་གསུམ་གང་རུང་ཡིན་ན་དགེ་བ་ཡིན་དགོས་པར་གསེར་ཕྲེང་ཡིག་ཆ་གཉིས་ཀས་དེ་གསུམ་གྱི་ངོ་བོ་འཇོག་ཚུལ་གྱིས་ཤེས་པའི་ཕྱིར།དེས་ན་སེར་བྱེས་མཁས་རབས་གོང་མ་རྣམས་དང་རྗེ་བཙུན་པའི་དགོངས་པ་དངོས་ནི།བསམ་བྱུང་གི་བློ་ཡིན་ན་རང་དོན་སྐབས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་དང༌།གཞན་དོན་སྐབས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གང་རུང་ཡིན་དགོས་པ་ལ་དགོངས་པ་ཡིན་ཏེ།བསམ་བྱུང་གི་ངོ་བོ་ངོས་གཟུང་སྐབས་སུ།གསེར་ཕྲེང་ལས།དེའི་དོན་རིགས་པས་བརྟགས་པ་ལས་ངེས་པ་རྙེད་པའི་ཤེས་རབ་ནི་བསམ་བྱུང༌།ཞེས་གསུངས་པའི་ཕྱིར།དེས་ན།སྦྱོར་ལམ་བཉམ་གཞག་ཡེ་ཤེས་གཅིག་བྲལ་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་གང་རུང་ཡིན་དགོས་པས།ཕར་ཕྱིན་ལས།མཉམ་གཞག་གི་གནས་སྐབས་སུ་ཐོས་བྱུང་ཡིན་མི་སྲིད་པས་བསམ་བྱུང་དུ་ཐལ་བ་དང༌།དབུ་མའི་སྤྱི་དོན་དུ།མཉམ་གཞག་ལ་བསམ་བྱུང་ཡིན་མི་སྲིད་པས་ཐོས་བྱུང་དུ་ཐལ་བ་འཕངས་པ་གཉིས།ཕན་ཚུན་སྤེལ་ནས་ཧ་ཅང་ཐལ་བའི་དོན་དུ་གོ་དགོས་སོ།།
ཡང་ཁོ་ན་རེ།ཉེར་བསྡོགས་ཡིན་ན་སྒོམ་བྱུང་གི་བློ་ཡིན་པས་ཁྱབ་ན།ཁམས་གོང་མའི་སས་བསྡུས་ཀྱི་ཡིད་ཤེས་ངོ་བོར་གྱུར་པའི་དགེ་སེམས་ལ་སྒོམ་བྱུང་གི་བློ་ཡིན་པས་ཁྱབ་པར་འགྱུར་རོ་ཞེ་ན།སྐྱོན་མེད་དེ།དེའི་སས་བསྡུས་ཀྱི་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སོགས་ཐོས་བསམ་གང་རུང་ལས་འོས་མེད་པའི་ཕྱིར།འདི་རྣམས་གོང་མའི་སས་བསྡུས་ཡིན་ཀྱང་དངོས་གཞི་སྙོམས་འཇུག་དང་ཉེར་བསྡོགས་གང་ཡང་མིན་ནོ།།འོ་ན་གོང་མའི་སས་བསྡུས་སུ་ཇི་ལྟར་འགྱུར་ཞེ་ན།ཏིང་ངེ་འཛིན་གྱིས་བཙན་ཐབས་སུ་སྒྲུབ་པ་མ་ཡིན་པའི་དགེ་སེམས་རང་འགའ་བ་གང་ཡིན་ཡང༌།ལུས་རྟེན་ས་གང་ཡིན་དེའི་སར་གཏོགས་པར་ཁས་ལེན་དགོས་པར་ལྟར་སྣང་ངོ༌།།དེས་ན་ཞི་གནས་ཡིན་ན་སྒོམ་བྱུང་གི་བློ་ཡིན་པས་ཁྱབ་ཀྱང་ཐོས་བསམ་སྒོམ་གསུམ་དུ་ཕྱེ་བའི་སྒོམ་བྱུང་གི་བློ་ཡིན་པས་མ་ཁྱབ་སྟེ།སྒོམ་བྱུང་ཡིན་ན་འཇོག་སྒོམ་ཡིན་དགོས་པའི་ཕྱིར་ཏེ།ལམ་རིམ་ཆེན་མོ་ལས།མཚན་ཉིད་སོ་སོ་རིག་པ་ནི་དཔྱད་སྒོམ་ཡིན་པས།ཞེས་དང༌།ཡང་དེ་ཉིད་ལས།ས་གོང་འོག་གི་སྐྱོན་ཡོན་སོ་སོར་འབྱེད་པའི་མཚན་ཉིད་རབ་ཏུ་རིག་པ་ནི།རེས་འགའ་ཐོས་པ་དང༌།རེས་འགའ་བསམ་བྱུང་དུ་འགྱུར་བས་ཐོས་བསམ་འདྲེས་མ་ཞེས་བྱའོ།།ཞེས་དཔྱད་སྒོམ་དང་ཐོས་བསམ་འདྲེས་མའི་གཞི་མཐུན་དུ་གསུངས་པ་དཔག་ན།ཐོས་བསམ་སྒོམ་གསུམ་དུ་ཕྱེ་བའི་སྒོམ་བྱུང་ཡིན་ན་འཇོག་སྒོམ་ཡིན་དགོས་པར་གསལ་བའི་ཕྱིར་རོ།།དེས་ན་ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པ་དང་མཚུངས་ལྡན་གྱི་ཏིང་ངེ་འཛིན་ཡིན་ན་ཞི་གནས་ཡིན་པས་ཁྱབ་ཀྱང༌།དེ་ལ་ཐོས་བསམ་སྒོམ་གསུམ་དུ་ཕྱེ་བའི་སྒོམ་བྱུང་ཡིན་པས་མ་ཁྱབ་སྟེ།ཉེར་བསྡོགས་དེས་ཁམས་གོང་འོག་ཞི་རགས་ཀྱིས་ཐོས་བསམ་གྱིས་སྒྲོ་འདོགས་དཔྱད་པའི་ཚེ་ལྷག་མཐོང་སྒོམ་པ་དང༌།དཔྱད་པའི་མཐར་དོན་དེ་ལ་རྩེ་གཅིག་ཏུ་འཇོག་པའི་མཚམས་ནས་ཞི་གནས་སྒོམ་པར་འཇོག་དགོས་པས།ཉེར་བསྡོགས་དེས་ལྷག་མཐོང་སྒོམ་པའི་སྐབས་སུ་ཐོས་བསམ་གང་རུང་དང༌།ཞི་གནས་སྒོམ་པའི་སྐབས་སུ་འཇོག་སྒོམ་དུ་བཞག་དགོས་པས་སྒོམ་བྱུང་དུ་འགྱུར་བ་ཡིན་ནོ།།ཡིག་ཆར་ཐོས་བསམ་སྒོམ་གསུམ་དུ་ཕྱེ་བའི་སྒོམ་བྱུང་གི་དོན་འཇོག་པ་ན།གཙོ་བོར་བསམ་གཏན་དང་པོ་ཡན་ཆད་ཀྱི་ཏིང་ངེ་འཛིན་སྒོམ་པའི་སྟོབས་ལས་བྱུང་བ་ཞེས་སོགས།དེའི་དོན་དུ་སྤྱི་མཐའ་དཔྱོད་གཉིས་ཀར་མཐུན་པར་འཇོག་པའི་གནད་ཀྱང་དེ་ཡིན་ནོ།དེ་ལ་ཁོ་ན་རེ།འོ་ན་ཞི་ལྷག་རྒྱུད་ལྡན་གྱི་གང་ཟག་ཡིན་ན་དེ་གཉིས་སྒོམ་པས་མ་ཁྱབ་པར་ཐལ།ཁྱོད་ཀྱིས་ཡིད་བྱེད་དང་པོའི་སྐབས་སུ་ཞི་ལྷག་སྒོམ་ཚུལ་སོ་སོ་བའི་ཞིབ་ཆ་དེ་འཐད་པའི་ཕྱིར།འདོད་ན།རྣམ་བཤད་སྐབས་བཞི་པ་ལས།མི་རྟག་པ་རྟོགས་པའི་ཡེ་ཤེས་བསྒོམ་བྱ་འདོད་པ་དེས་ཀྱང་མི་རྟག་པ་བསྒོམ་པར་ཁས་ལེན་དགོས་ལ།མི་རྟག་པ་བསྒོམ་བྱ་འདོད་པ་དེས་ཀྱང་དེ་རྟོགས་ཀྱི་ཡེ་ཤེས་བསྒོམ་པ་ཁས་མི་ལེན་ན་གཞི་སྟོར་བར་འགྱུར་བའི་ཕྱིར་རོ།།ཞེས་དང༌།རྣམ་བཤད་སྐབས་བརྒྱད་པ་ལས།བློ་སྙིང་རྗེའི་ངོ་བོར་བསྐྱེད་པ་ལ་སྙིང་རྗེ་སྒོམ་ཞེས་པ་ལྟར།མཁྱེན་གསུམ་གྱི་རྣམ་པ་སྦྱོར་བའི་ངོ་བོ་བསྐྱེད་ནས་སྒོམ་པ་ཡིན་གྱི།མིག་ཤེས་ཀྱིས་གཟུགས་ལ་བལྟ་བ་བཞིན་དུ་མ་ཡིན་ནོ།།ཞེས་མི་རྟག་པ་རྟོགས་ན་དེ་སྒོམ་པས་ཁྱབ་པ་དང༌།རང་རྒྱུད་ཀྱི་བློའི་ཆ་ཤས་གཅིག་སྙིང་རྗེའི་ངོ་བོར་བསྐྱེད་པ་སྙིང་རྗེ་སྒོམ་པའི་དོན་དུ་གསུངས་པ་སོགས་དང་འགལ་ལོ་ཞེ་ན།ལམ་རིམ་ཆེན་མོ་ལས།ཞི་རགས་སོ་སོར་ཕྱེ་བའི་དོན་དེ་ཉིད་ལ་ཡང་དང་ཡང་དུ་དཔྱད་པ་ནི་ལྷག་མཐོང་སྒོམ་པ་ཡིན་ལ།།ཡང་དཔྱད་པའི་མཐར་ཞི་རགས་ཀྱི་དོན་དེ་ལ་རྩེ་གཅིག་ཏུ་འཇོག་པ་ནི་ཞི་གནས་སྒོམ་པའོ།།ཞེས་གསུངས་པ་རྣམས་ཀྱི་ཁོག་བསྒྲིགས་ན།གཞུང་ལུགས་རྣམས་སུ་སྔར་རྣམ་བཤད་ལས་གསུངས་པ་ལྟར།བསྒོམ་བྱའི་དོན་དེ་ཉིད་རྟོགས་ཟིན་གོམས་པ་ལ་སྒོམ་པར་གསུངས་པ་དང་གཅིགརང་རྒྱུད་ཀྱི་བློའི་ཆ་ཤས་ཅིག་བསྒོམ་བྱའི་བློ་དེའི་ངོ་བོར་བསྐྱེད་པ་ལ་སྒོམ་ཞེས་གསུངས་པ་དང་གཉིས།ལམ་རིམ་ཆེན་མོ་དྲངས་མ་ཐག་པ་ལྟར།ལྷག་མཐོང་གི་སྐབས་སུ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་བྱེད་པ་མངོན་དུ་གྱུར་པའི་སྐབས་སུ་ལྷག་མཐོང་སྒོམ་ཞེས་གསུངས་པ་དང༌།སྐབས་དང་པོ་སེམས་བསྐྱེད་ཀྱི་སྐབས་སུ་སེམས་བསྐྱེད་ཀྱི་དམིགས་རྣམ་བསྐྱངས་བ་ཙམ་ལ་སེམས་བསྐྱེད་སྒོམ་ཞེས་གསུངས་པ་རྣམས་སྐབས་ཕྱེ་ནས་ཁས་ལེན་དགོས་པས།གཞུང་གི་ཕྱོགས་གཅིག་ཏུ་གསུངས་པ་དེ་གཞུང་ཆེན་པོད་ལྔ་ཐམས་ཅད་ཀྱི་སྐབས་སུ་བྱ་བརྒྱ་འུར་གཅིག་གི་གོ་ལུགས་སུ་བྱས་ན་ལྷ་ཁང་ནང་འུར་རྡོ་ལྟར་འགྱུར་བས་སོ།།རིགས་སྨྲ་འགའ་ཞིག་ན་རེ།ཡིག་ཆར།སྒོམ་བྱུང་གི་དོན་ལ་བསམ་གཏན་དང་པོ་ཡན་ཆད་ཀྱི་ཏིང་ངེ་འཛིན་སྒོམ་སྟོབས་ལས་བྱུང་ཞིང་ཞེས་སོགས་མི་འཐད་དེ།དེ་ལྟར་ན།ཞི་གནས་འབའ་ཞིག་གིས་བསྡུས་པའི་ཉེར་བསྡོགས་སྐད་ཅིག་དང་པོ་དང་སྒོམ་བྱུང་གི་གཞི་མཐུན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ།གཞུང་དེའི་གོང་དུ་འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་སྒོམ་བྱུང་དུ་འདོད་པར་བྱུང་བས་དེ་གཅོད་པའི་ཆེད་དུ།བསམ་གཏན་དང་པོ་ཡན་ཆད་ཅེས་གསུངས་པ་ཡིན་པས།འདིར་སྒོམ་སྟོབས་ལས་བྱུང་ཞེས་པའི་ལས་སྒྲ་དུས་མཉམ་སྡུད་ཚིག་ཏུ་བྱ་དགོས་པའི་ཕྱིར།དེས་ན་བྱུང་ཞེས་པའང་སྐྱེས་པའི་དོན་མིན་པར་དེ་འདྲའི་ཏིང་ངེ་འཛིན་གྱི་སྟོབས་ལས་སྒོམ་བྱུང་གི་ཤེས་རབ་གྲུབ་པ་ལ་བྱུང་ཞེས་ཐ་སྙད་རགས་པའི་དབང་དུ་བྱས་པ་མངོན་ནོ།།དེ་ལྟར་མ་ཡིན་ན་སྤྱི་མཐའ་གཅོད་གཉིས་ཀར་ཞི་གནས་ལ་སྒོམ་བྱུང་གི་བློ་ཡིན་པས་ཁྱབ་པར་ལན་དུ་མར་གསུངས་པ་དང༌།ཞི་གནས་ཐོབ་པ་དང་སྒོམ་བྱུང་གི་བློ་ཐོབ་པ་དུས་མཉམ་གསུངས་པ་སོགས་ཇི་ལྟར་དྲངས།མདོར་ན་གསུང་འདི་ལ་དེ་སྔོན་ཞིབ་ཆ་མི་འདྲ་བ་གསུམ་བྱུང་བའང་དང་པོས་སྤྱི་ཁྱབ་ཡོད་ཀྱང་དུས་ཁྱབ་མེད་པའི་ལན་འདེབས་རུང༌།འདི་ལ་འདུས་བྱས་གཞིར་བྱས།མཚན་ཉིད་མཚོན་བྱ་གྲུབ་པ་དུས་མཉམ་མིན་གྱིས་རྩོད་པ་ལ་ལན་འདེབས་དཀའ་ཙམ་དང༌།གཉིས་པས་དོན་དེ་ལ་ཁྱབ་པ་མེད་ཅིང་གོ་བ་གཙོ་བོར་བྱས་པ་ཡིན་ཞེས་གསུངས་ཀྱང༌།གོ་བ་གཙོ་བོར་ཡིན་ཚུལ་དང༌།རང་ལུགས་དེ་གསུམ་གྱི་དོན་གང་ཡིན་ཞེས་དྲིས་པས་མཐུན་སྣང་ཅན་གྱི་ཞིབ་ཆ་ཞིག་མ་བྱུང་བ་དང༌།གསུམ་པས་ཡིག་ཆར་ཐོས་བསམ་སྒོམ་གསུམ་གྱི་དོན་འཇོག་པ་ནི།ལན་དང་པོའི་བང་དུ་བྱས་ཤིང༌།འདོད་སའི་ཞི་གནས་འཇོག་པ་ནི་བྱང་འཕགས་ཀྱི་ཐོད་བརྒལ་གྱི་ཏིང་ངེ་འཛིན་རྩལ་སྦྱང་བའི་སྐབས་ཡིན་པས་མི་འདྲ་ཞེས་ཞིབ་ཆ་མཛད་ཀྱང༌།ཉེར་བསྡོགས་ཡིད་ལ་བྱེད་པའི་ལས་དང་པོ་བ་དང་མཚུངས་ལྡན་གྱི་ཞི་གནས་ཆོས་ཅན་འཕངས་ཚེ་ཞིབ་ཆ་དེས་ཁུངས་མི་འཁྱོལ་བའི་ཕྱིར་རོ།།
འོ་ན་ཁྱོད་རང་ལྟར་ཡང་སྤྱིར་སྒོམ་བྱུང་དང༌།ཐོས་བསམ་སྒོམ་གསུམ་དུ་ཕྱེ་བའི་སྒོམ་བྱུང་གཉིས་ཁྱད་པར་ཡོད་པ་ཡིག་ཆའི་དགོངས་པར་ཇི་ལྟར་སྒྲུབ་སྙམ་ན།སྤྱི་མཐའ་དཔྱོད་གཉིས་ཀར་ཞི་གནས་ལ་སྒོམ་བྱུང་གིས་ཁྱབ་པར་གསུངས་པ་དང་གཅིག།ཐོས་བསམ་སྒོམ་གསུམ་གྱི་དོན་འཇོག་པའི་ཚེ་སྒོམ་བྱུང་ལ་བསམ་གཏན་དང་པོ་ཡན་ཆད་ཞེས་སོགས་གསུངས་པ་དང་གཉིས།བསམ་གཟུགས་མཐའ་དཔྱོད་ལས།ཉེར་བསྡོགས་མཚན་ཉིད་སོ་སོར་རིག་པའི་ཡིད་བྱེད་ངོ་བོར་གྱུར་པའི་ཐོས་བྱུང་གི་བློ་ཡོད་པ་བཤད་པ་དང་གསུམ།སྐབས་དང་པོའི་མཐའ་དཔྱོད་ལས།ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་འགལ་བར་གསུངས་པ་དང་བཞི་ལ་དཔྱད་པས་ཤེས་སོ།།དེས་ན་ཁོ་བོས་གོང་དུ་སེམས་གནས་པའི་ཐབས་དགུ་སྒོམ་སྟོབས་ལས་བྱུང་བའི་སྒོམ་བྱུང་དང༌།གཙོ་བོར་བསམ་གཏན་དང་པོ་ཡན་ཆད་ཀྱི་ཏིང་ངེ་འཛིན་སྒོམ་སྟོབས་ལས་བྱུང་བའི་སྒོམ་བྱུང་གཉིས་ཕྱེ་བའང་དོན་གནས་དང༌།སྤྱིར་ཐོས་སྒོམ་མི་འགལ་བའང་ཤེས་ནུས་སོ།།མཆོད་བརྗོད་ཀྱི་སྐབས་སུ།སྤྱི་དོན་ལས།དེ་ཡང་དབང་རྣོན་དྭང་བ་སྐྱེ་བའི་རྒྱུ་མཚན་བསྟན་པ་ལ།ཆོས་ཀྱི་རྗེས་སུ་འབྲངས་བ་རྣམས་ཀྱང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར།ཞེས་སོགས་དང༌།གསེར་ཕྲེང་ལས།འདི་ལྟར་སྤྱིར་དབང་རྟུལ་འཇུག་ལྡོག་གི་རྒྱུ་མཚན་ཚིག་ཙམ་ཡིན་ཡང་དབང་རྣོན་ནི་རིགས་པས་གནོད་པ་ཡོད་མེད་བརྟགས་པ་ན།གནོད་པ་མེད་པ་དང་ཡོད་པར་མཐོང་བ་ཁོ་ན་ཡིན་པའི་ཕྱིར་རོ་ཞེས་པ་ནས།རིགས་པ་གང་གིས་ཤེས་ན།ངོ་བོ་ལ་དཔྱད་ནས་འགོག་པ་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་སོགས་གསུངས་པ་ལ་བརྟེན་ནས།འགའ་ཞིག་ན་རེ།གཅིག་དུ་བྲལ་གྱི་རིགས་པ་དེ།རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་གྱི་རྒྱུད་ལ།ཡུམ་མཁྱེན་པ་གསུམ་ལ་དང་བ་གསར་དུ་སྐྱེད་པར་བྱེད་པའི་རྒྱུ་ཡིན་ཟེར་ན།འོ་ན་གདུལ་བྱ་དེའི་རྒྱུད་ལ་རིགས་པ་དེ་ལ་བརྟེན་ནས་བསྒྲུབ་བྱ་མ་གྲུབ་པའི་སྔོན་དུ།ཡུམ་མཁྱེན་གསུམ་ལ་དང་བའི་དད་པ་སྐྱེས་མ་ཟིན་པར་ཐལ།དམ་བཅའ་དེའི་ཕྱིར།འདོད་མི་ནུས་ཏེ།དེས་བསྒྲུབ་བྱ་མ་གྲུབ་པའི་སྔོན་ནས་མཁྱེན་གསུམ་ཚད་མས་གྲུབ་པའི་ཕྱིར་ཏེ།རྟགས་དེས་ཆོས་ཅན་ཚད་མའི་གྲུབ་པའི་ཕྱིར།ཁྱབ་སྟེ།མཁྱེན་གསུམ་ཚད་མས་གྲུབ་ནས་དེ་ལ་དང་བ་མ་སྐྱེས་པའི་གང་ཟག་འཇོག་མི་ནུས་པའི་ཕྱིར་རོ།།གཞན་ཡང་དེ་མི་འཐད་དེ།རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན་མཁྱེན་གསུམ་ལ་དང་བ་དད་པ་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པའི་ཕྱིར་ཏེ།དེ་ཡིན་ན་བྱང་ཆུབ་སེམས་དཔའ་ཡིན་དགོས་པའི་ཕྱིར།དེར་ཐལ།འགྲེལ་ཆུང་ལས།བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་ཕུན་སུམ་སྒྲུབ་པ་ཅི་ལ་ཡང་མ་རག་པར་ཆས་ཤིང་བརྩོན་པ་དག་ཅེས་གསུངས་པའི་ཕྱིར།གཞན་ཡང་བཤད་པ་དེ་མི་འཐད་དེ།རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་གཅིག་དུ་བྲལ་གྱི་རིགས་པའི་ཕྱི་རྒོལ་ཡང་དག་མི་རུང་བའི་ཕྱིར་ཏེ།དབུ་མ་རྒྱན་གྱི་དཀའ་འགྲེལ་ལས།རྨོངས་པ་རྣམས་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཐ་སྙད་བྱ་རུང་བ་འདི་རབ་ཏུ་གྲུབ་པའི་ཕྱིར་དམ་བཅའ་ཕྱོགས་གཅིག་གི་གཏན་ཚིགས་ཡིན་ཏེ།དཔེར་ན་དམིགས་པའི་མཚན་ཉིད་ཀྱིས་གྲུབ་པར་འགྱུར་བ་ལས་དམིགས་པ་མེད་པའི་ཕྱིར།ཞེས་གསུངས་པའི་ཕྱིར།རྟགས་ཁྱབ་གྲུབ་སྟེ།ཐ་སྙད་ཙམ་་བསྒྲུབ་དགོས་ཀྱི་ཕྱིར་རྒོལ་ནི་ཕྱིར་རྒོལ་ཤིན་ཏུ་རྨོངས་པ་ལས་མེད་པར་དབུ་ཕར་ཚད་གསུམ་ཀུན་ཏུ་ཡོངས་ཁྱབ་ཏུ་གནས་པའི་ཕྱིར།ཡང་ཁ་ཅིག་ན་རེ།ཚིག་ཐོས་ཙམ་གྱིས་དང་བར་སྐྱེས་པའི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དང༌།སེམས་ཙམ་པར་གྱུར་པའི་བྱང་སེམས་ཀྱི་གཞི་མཐུན་ཡོད་གསུངས་པའང་མི་འཐད་དེ།རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན་སྟོང་ཉིད་རྟོགས་པའི་ཁྱབ་པའི་ཕྱིར་ཏེ།རྩ་བར།སངས་རྒྱས་སོགས་དམིགས་དད་པ་དང༌།།སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌།།བསམ་པ་ཕུན་ཚོགས་དྲན་པ་དང༌།།རྣམ་པར་མི་རྟོག་ཏིང་འཛིན་དང༌།།ཆོས་རྣམས་རྣམ་པ་ཐམས་ཅད་དུ།།ཤེས་པའི་ཤེས་རབ་དང་རྣམ་ལྔ།།རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས།།རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད།།ཅེས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན་དད་སོགས་ཡུལ་ལྔ་ལ་མཁས་པའི་ཁྱབ་པར་གསུངས་པའི་ཕྱིར།དེ་བཞིན་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལ་བྱང་འཕགས་ཡོད་པའང་མི་འཐད་དེ།མཐོང་ལམ་ཐོབ་རྗེས་སུ་དད་མོས་པ་དང་མཐོང་ཐོབ་པ་ཞེས་ཐ་སྙད་འབྱུང་བ་ལས་དབང་རྟུལ་དང་དབང་རྣོན་ཞེས་ཐ་སྙད་སྦྱར་སྲོལ་མེད་པའི་ཕྱིར་ཏེ།མཛོད་རྩ་བར།དད་པའི་མོས་དང་མཐོང་བའི་ཐོབ།།ཅེས་གསུངས་པའི་ཕྱིར།།
འོ་ན་གཅིག་དུ་བྲལ་གྱི་རིགས་པ་དབང་རྣོན་ཡུམ་མཁྱེན་གསུམ་ལ་དང་བ་སྐྱེད་པའི་རྒྱུ་མཚན་གསུངས་པ་ཇི་ལྟར་ཡིན་ཞེ་ན།བཤད་པར་བྱ་སྟེ།མཆོད་བརྗོད་ལས་ཕྱོགས་གཅིག་ནས་མཁྱེན་གསུམ་གཞི་ཐམས་ཅད་སྐྱེ་བ་མེད་པའི་རྣམ་པ་ཅན་དུ་གསུངས་པ་དང༌།ཡང་ཕྱོགས་གཞན་ཞིག་ནས་དེ་ལ་རང་སྲས་འཕགས་བཞི་སྐྱེད་པའི་ནུས་པ་ཡོད་པར་གསུངས་པ་ན།གཞུང་འདིའི་གདུལ་བྱ་འགྱུར་རུང་གི་དབང་རྣོན་རྣམས་འདི་གཉིས་འགལ་སྙམ་དུ་གཅིག་དུ་བྲལ་གྱི་རིགས་པས་ལེགས་པར་བརྟགས་པ་ན།སྐྱེ་མེད་བདེན་པའི་སྐྱེ་མེད་དང་སྐྱེ་བ་ཀུན་རྫོབ་ཀྱི་སྐྱེ་བར་ངེས་ནས་དང་བ་སྐྱེ་བར་འགྱུར་རོ།།གསེར་ཕྲེང་ལྟར་ན།མཆོད་བརྗོད་ཀྱིས་མཁྱེན་གསུམ་གྱིས་རང་སྲས་འཕགས་བཞི་སྐྱེ་བར་གསུངས་པ་དང༌།དབུ་མའི་རིགས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྒྲུབ་པ་གཉིས་སྒྲས་ཟིན་ལྟར་བྱས་ན་འགལ་བར་ལྟ་བུར་མཐོང་ནས།གཅིག་དུ་བྲལ་གྱི་རིགས་པས་དབུ་མའི་གཞུང་ལས་སྐྱེ་མེད་གསུངས་པའི་དོན་བདེན་པའི་སྐྱེ་མེད་དུ་གཏན་ལ་ཕབ་པ་ན།སྔར་བཞིན་དང་བར་སྐྱེ་བར་འགྱུར་བའི་ཕྱིར་རོ།།དེས་ན་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་གཅིག་དུ་བྲལ་གྱི་རིགས་པ་དང༌།མཆོད་བརྗོད་ལ་བརྟེན་ནས་དང་བ་སྐྱེ་བ་དེའི་ཚེ་ནི།རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་འགྱུར་རུང་ཡིན་ཡང་ཆེད་དུ་བྱ་བའི་གདུལ་བྱ་མིན་ནོ།།འོ་ན་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན་ཡུམ་མཁྱེན་གསུམ་ལ་དང་བ་སྐྱེས་ཟིན་གྱིས་ཁྱབ་པས།མཆོད་བརྗོད་དང་གཅིག་དུ་བྲལ་གྱི་རིགས་པ་ལ་བརྟེན་ནས་དེ་གཉིས་དང་བ་སྐྱེད་པར་གསུངས་པ་དང་འགལ་སྙམ་ན།དེ་གཉིས་ཐོག་མར་ཡུམ་མཁྱེན་གསུམ་ལ་དང་བར་བསྐྱེད་པའི་རྒྱུ་ཡིན་པས་རྒྱུ་མཚན་གྱིས་དེ་ལྟར་གསུངས་པ་ཡིན་ཏེ།དཔེར་ན།ཚེ་སྟོད་ལ་བྱ་བ་གང་ཞིག་བྱས་པས་ཚེ་སྨད་ལའང་དེས་བྱས་པར་འཇོག་པ་བཞིན་ནོ།།འོ་ན་ཁྱོད་ལྟར་ཡང༌།གཅིག་དུ་བྲལ་གྱི་རིགས་པའི་ཕྱི་རྒོལ་ཡང་དག་དེ་གཏན་ཚིགས་དེའི་བསྒྲུབ་བྱ་མ་གྲུབ་པའི་སྔོན་ནས་དང་བར་སྐྱེས་སམ།བསྒྲུབ་བྱ་གྲུབ་རྗེས་སུ་དང་བར་སྐྱེ།དང་པོ་ལྟར་ན་གཏན་ཚིགས་དགོས་མེད་དུ་འགྱུར་ལ།གཉིས་པ་ལྟར་ན།མཁྱེན་གསུམ་ཚད་མས་གྲུབ་ན་དེ་ལ་དང་བར་སྐྱེ་བའི་ཁྱབ་པ་སྔར་བཤད་པ་དང་འགལ་ལོ་ཞེ་ན།མཁྱེན་གསུམ་ཚད་མས་གྲུབ་པའི་གང་ཟག་ཡིན་ན།དེ་ལ་དང་བར་སྐྱེ་བས་ཁྱབ་པར་སྔར་བཤད་པ་ལྟར་ཡིན་པས།རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་དང་བ་ཙམ་སྐྱེ་བའི་རྒྱུ་མཚན་གཅིག་དུ་བྲལ་གྱི་གཏན་ཚིགས་ཡིན་ཞེས་མི་སྨྲ་སྟེ།དབང་པོ་རྣོ་རྟུལ་གང་ཡིན་ཡང་ཡུམ་མཁྱེན་གསུམ་ལ་དང་བ་ཙམ་སྐྱེ་བ་ལ།དེ་བདེན་མེད་རྟོགས་དགོས་པའི་རྒྱུ་མཚན་སུས་ཀྱང་སྨྲ་མི་ནུས་པའི་ཕྱིར་རོ།།འོ་ན་ཅི་ཞེ་ན།སྐབསའདིར་དབང་རྣོན་དང་བ་སྐྱེས་ཚུལ་ལ་ཡུམ་གྱི་ངོ་བོ་ལ་དང་བ་སྐྱེ་ཚུལ་དང༌།རང་སྲས་འཕགས་བཞི་སྐྱེ་བའི་ནུས་པ་ལ་དང་བ་སྐྱེ་ཚུལ་དང་གཉིས་ལས།ཕྱི་མའི་དབང་དུ་བྱས་པ་ཡིན་ཏེ།གསེར་ཕྲེང་ལས།ཡུམ་གྱིས་སྲས་བཞི་བསྐྲུན་པར་བསྟན་པ་ལ་རིགས་པ་ཡང་དག་གང་གིས་གནོད་པ་ཡོད་མེད་བརྟག་པ་སྔོན་དུ་བཏང་བ་ན།།ཞེས་དང༌།དེ་ཉིད་ལས།འདི་ལྟར་དེ་ལ་རིགས་པས་གནོད་ན་འདི་དག་གིས་གནོད་དགོས་ཏེ།མཆོད་བརྗོད་ཀྱིས་ནི་ཡུམ་གྱིས་སྲས་བཞིའི་བཞེད་པ་སྐྱེ་བར་བསྟན་ལ།རིགས་པ་འདི་དག་གིས་ཆོས་ཐམས་ཅད་སྐྱེ་མེད་སྒྲུབ་པའི་ཕྱིར་རོ།།དེ་ཡང་འགལ་བ་ལྟར་སྣང་བ་ཡིན་ཏེ།ཡུམ་གྱིས་སྐྱེད་པར་བསྟན་པ་ཀུན་རྫོབ་དང་རིགས་པས་སྐྱེ་མེད་སྒྲུབ་པ་དོན་དམ་དུ་ཡིན་པའི་ཕྱིར་རོ།།ཞེས་པ་འདི་རྣམས་ནི་སློབ་དཔོན་གྱི་དགོངས་པ་རྨ་མེད་པའོ།།ཞེས་གསུངས་པའི་ཕྱིར་རོ།།གསུམ་པ་མཇུག་བསྡུ་བ་དང་འབྲེལ་བའི་ཤིས་སྨོན་ནི།དེ་ལྟར་སྐབས་འདིར་བསྟོད་ཡུལ་མཁྱེན་གསུམ་གྱི་ངོ་བོ་དང་ས་མཚམས།གཅིག་དུ་བྲལ་གྱི་རིགས་པ་ལ་བརྟེན་ནས་དབང་རྣོན་ཡུམ་མཁྱེན་གསུམ་ལ་དང་བ་སྐྱེ་ཚུལ།ཡུམ་སྲས་སུ་འགྱུར་ཚུལ།དེ་དག་གི་འཕྲོས་དོན་ཐོས་བསམ་སྒོམ་གསུམ་ཁྱད་པར་བཅས་སྤྲོས་པ་ཤིན་ཏུ་བསྐྱུངས་ཏེ་མདོར་བསྡུས་པ་ཞིག་རེ་ཞིག་བརྗོད་ཟིན་ཏོ།།
སྨྲས་པ།
བཤད་སྒྲུབ་རླབས་ཕྲེང་ཀུན་བཟོད་སྒེག་མོའི་གཞིར།།རབ་མཐོར་ཕན་བདེ་འབྲས་བུའི་སྙིང་པོ་ཅན།།འཛམ་གླིང་རྒྱན་གཅིག་གདན་ས་རྣམ་གསུམ་ཞེས།།གྲགས་སྙན་འཛམ་གླིང་མཁས་པའི་སྙན་ན་གསལ།།དེ་ལྟར་མཁས་གྲུབ་ངང་མོའི་རོལ་བའི་གནས།།ཟབ་མོའ་ིགཞུང་ལ་དཔྱད་གཏམ་ཉི་ཟེར་རྡུལ།།ས་གསུམ་སྐྱེ་བོའི་སྙན་ལ་སིམ་གྱུར་ཏེ།།འཁྲུལ་ཟད་གཏན་བདེའི་གོ་འཕང་མྱུར་རེག་ཤོག།ཅེས་གསེར་ཕྲེང་དཔྱད་རྩོམ་བདུད་རྩིའི་བུམ་བཟང་ཅེས་པ་འདི་ནི།དུས་བྲེལ་ལ་བརྟེན་ནས་ཞུ་དག་ཞིབ་ཁོམ་མ་བྱུང་ཡང༌།གཉའ་ཁྲི་དཔེ་མཛོད་ཁང་གི་དགོངས་པ་དང་བསྟུན་ནས།གསར་བར་དྭོགས་སློང་ཁོ་ན་ལ་དམིགས་ཏེ།རང་སྣང་གང་དྲན་འཛེམ་ཟོལ་མེད་པར་ཐོལ་བྱུང་དུ་སྨྲས་པས་ལུང་རིགས་དང་འགལ་བའི་ཉེས་སྐྱོན་ཇི་སྙེད་ཅིག་ཡོད་ངེས་པར་བརྟེན།མཁས་དབང་རྣམས་ལ་སེམས་གཏིང་ནས་བཟོད་གསོལ་ཞུ་རྒྱུ་དང༌།མཐར་དོན་བསྟན་འགྲོར་སྨན་པའི་རྒྱུར་འགྱུར་བའི་ཀུན་སློང་ཤུགས་དྲག་དང་བཅས་ཏེ།ཕྱི་ལོ་༢༠༡༠།༩།༡༠ཉིན་སེར་བྱེས་དགེ་བཤེས་ཡ་མ་བསོད་ནམས་ནས་སེ་ར་ཆོས་སྒར་དུ་བྲིས།།དགེ་ལེགས་འཕེལ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn