གསེར་ཕྲེང་རྩོམ་གཞི་གསུམ་པའི་དྲིས་ལན།

ཡོང་ཁུངས།   ལེགས་བཤད་གསེར་ཕྲེང་བགློ་གླེང་། རྩོམ་གཞི་གསུམ་པ།     སྤེལ་དུས།  2016-01-17 15:05:07     རྩོམ་པ་པོ།   དཀའ་ཆེན་བློ་བཟང་ཤེས་རབ།    ཀློག་ཐེངས།  

               གཉིས་པ་ནི།གལ་ཏེ་ཀུན་གྱི་རྒྱན་དུ་འགྱུར་བའི་འགྲེལ་བ་རྩོམ་ན་ཞེས་པ་ནས་མཚམས་སྦྱོར་ནི་དེ་དག་ཐམས་ཅད་ལ་ཡོད་དོ་ཞེས་པའི་བར་གྱི་དྲིས་ལན།
 

        མཉམ་མེད་ཤཱཀྱའི་རྒྱལ་ནས་བླ་མའི་བར།།ཡུམ་དོན་གསལ་མཛད་དངོས་དང་བརྒྱུད་པ་ཡི།།ཕྱག་འོས་རྣམས་ལ་གུས་པས་ཕྱག་བགྱིས་ཏེ།།སྐབས་བབ་བརྗོད་དོན་ཅུང་ཟད་གླེང་བར་བྱ།།
       

           གང་བཤད་པར་བྱ་བ་ནི་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་མཁས་བཞིའི་བཤད་ཚུལ་དང༌།མངོན་རྒྱན་མཆོད་བརྗོད་ཀྱི་བཤད་ཐབས་ལྔ་བཅས་ཅུང་ཟད་བརྗོད་པར་བྱ་བ་ལས།དེ་ཡང་དང་པོ་ནི་གཞུང་ལས།གལ་ཏེ་ཀུན་གྱི་རྒྱན་དུ་འགྱུར་བའི་འགྲེལ་བ་རྩོམ་ན།ཀུན་གྱི་རྒྱན་ཡིན་པར་གང་ལས་རྟོགས་ཤེ་ན།ཞེས་པའི་ལན་དུ།མཁས་པ་བཞིའི་བཤད་པ་ལས་སོ་ཞེས་དང༌།རྣམ་པར་དབྱེ་ཞེས་རྩོམ་པར་དམ་བཅས་པ་ལ།ཅི་མངོན་རྟོགས་རྒྱན་གྱི་འགྲེལ་པ་གཞན་དག་ཀྱང་ཡོད་དམ་ཞེ་ན།ཞེས་པའི་ལན་དུ་ཡོད་ཅེས་སྟོན་པའི་འབྲེལ་སྒྲིག་ཚུལ་གཉིས་ལས།འདིར་སྔ་མའི་རྗེས་སུ་འབྲངས་ཏེ་བཤད་དོ།།ཞེས་གསུངས།དོན་ནི་སློབ་དཔོན་སེངྒེ་བཟང་པོས་བསྟན་བཅོས་མངོན་རྟོགས་རྒྱན་ཡུམ་ཀུན་གྱི་རྒྱན་དུ་འགྱུར་བར་སྟོན་པའི་འགྲེལ་རྩོམ་ན།བསྟན་བཅོས་མངོན་རྟོགས་རྒྱན་དེ་ཡུམ་ཀུན་གྱི་རྒྱན་ཡིན་པ་གང་ལས་ཤེས་ན་མཁས་པ་སྔ་མ་བཞིའི་བཤད་པ་ལས་གོ་ཞེས་པ་ཡིན།དེ་ལ་ཁ་ཅིག་མཁས་པ་སྔ་མ་བཞིས་བསྟན་བཅོས་མངོན་རྟོགས་རྒྱན་དེ་ཡུམ་ཀུན་གྱི་རྒྱན་དུ་གྱུར་པའི་འགྲེལ་པ་ཡིན་པར་བསྟན་པའི་འགྲེལ་པ་མཛད་ཡོད་པར་ཐལ།དེ་ལྟར་འབྲེལ་སྒྲིག་ཚུལ་གཉིས་ལས།སློབ་དཔོན་གྱིས་བསྟན་བཅོས་མངོན་རྟོགས་རྒྱན་འདི་ཡུམ་ཀུན་གྱི་རྒྱན་ཡིན་པར་མཁས་པ་སྔ་མ་བཞིའི་བཤད་པ་ལ་བརྟེན་ནས་ཤེས་པའི་ཕྱིར་ཞེ་ན།དེ་ནི་མཁས་པ་སྔ་མ་བཞིས་བསྟན་བཅོས་མངོན་རྟོགས་རྒྱན་དེ་ཡུམ་ཀུན་གྱི་རྒྱན་ཡིན་པར་བསྟན་པའི་འགྲེལ་པ་མཛད་པ་ལ་བརྟེན་ནས་ཤེས་ཞེས་བརྗོད་པ་མ་ཡིན་གྱི།མཁས་པ་སྔ་མ་བཞིའི་གཞུང་དེ་རྣམས་མན་ངག་ལ་བརྟེན་ནས་བསྟན་བཅོས་མངོན་རྟོགས་རྒྱན་དེ་ཡུམ་ཀུན་གྱི་རྒྱན་དུ་ཤེས་ཞེས་པ་ཡིན།སྙིང་པོ་བསྡུ་ན་སེང་བཟང་གིས་ཡུམ་དང་རྒྱན་གྱི་དོན་མཐའ་དག་རྙེད་ནས་དབུ་མ་པའི་ལུགས་སུ་བསྟན་བཅོས་མངོན་རྟོགས་རྒྱན་དེ་ཡུམ་གསུམ་ཀའི་རྒྱན་དུ་འགྱུར་བར་སྟོན་པའི་འགྲེལ་པ་མཛད་བཞེད་པས་མན་ངག་ཡོད་པར་མ་ཟད་ཟློས་སྐྱོན་དུ་འགྱུར་བའི་སྐྱོན་མེད།།
 

                  འོ་ན་མཁས་པ་སྔ་མ་བཞིའི་བཤད་པ་གང་ཞེ་ན།དང་པོ་སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་འགྲེལ་པ་དེ་ཉིད་རྣམ་ངེས་མཛད།གསེར་ཕྲེང་ལས་འདི་ལ་ཉི་ཁྲི་དེ་ཉིད་རྣམ་ངེས་ཟེར་བ་ནི་བརྟག་དགོས་སོ།།ཞེས་གསུངས་པའི་དོན་ནི།དེ་ཉིད་རྣམ་ངེས་ཟེར་བ་འདི་ཉི་ཁྲི་རྐྱང་པའི་འགྲེལ་པ་ཡིན་ཟེར་ན།མི་རིགས་པར་ཐལ།ཡུམ་གསུམ་ཀའི་འགྲེལ་པ་ཡིན་པའི་ཕྱིར་ཏེེ།དེ་ལྟར་མ་ཡིན་ན་བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད་ཅེས་པའི་བསྟན་བཅོས་དེ་ཡང་ཉི་ཁྲི་རྐྱང་པ་ལ་སྦྱོར་དགོས་ན་དེ་ཡུམ་རྒྱས་འབྲིང་བསྡུས་གསུམ་ཀ་ལ་གོ་དགོས་པའི་ཕྱིར་ཞེས་པ་ཡིན།
 

               གཉིས་པ་མཁས་མཆོག་དབྱིག་གཉེན་གྱིས་སེམས་ཙམ་པའི་ལུགས་སུ་ཉི་ཁྲི་གཞུང་འགྲེལ་མཛད།འདི་ལ་སློབ་དཔོན་ཞི་བ་འབྱུང་གནས་ཀྱིས་ཉི་ཁྲི་གཞུང་འགྲེལ་སེམས་ཙམ་པའི་ལུགས་སུ་མཛད་པ་འགོག་ཚུལ།གསེར་ཕྲེང་ལས།མན་ངག་རྗེས་འབྲང་དུ་ཉི་ཁྲི་གཞུང་འགྲེལ་དུ།ཀླུ་སྒྲུབ་ཀྱི་ལུང་ཤེས་བྱེད་དུ་དྲངས་ནས་འཆད་པས་དེའི་ལུགས་དང་འགལ་བ་སྨྲ་མི་ནུས་ལ།རྣམ་རིག་ཙམ་ལ་མ་ཞེན་པར་སྟོང་ཉིད་ཀྱི་རྒྱ་མཚོ་འཛིན་མི་ནུས་པས།སངས་རྒྱས་ཀྱིས་སེམས་ཙམ་དུ་བཟུང་བ་བཞིན་དུ་འཕགས་པ་རྣམས་ཀྱིས་རྣམ་པར་ཤེས་པའི་ཚུལ་བཤད་པ་ཡང་དྲང་དོན་ཡིན་ནོ་ཞེས་པ་ལ་སོགས་པ་བཤད་ནས།ནང་གི་ཤེས་བྱ་ལ་བརྟེན་ནས།།དབྱིག་གཉེན་གྱིས་ནི་རྣམ་པར་བཀྲོལ།།ཞེས་བྱ་བ་སུན་ཕྱུང་བའོ།།ཞེས་པ་ནས་དེ་ཁོ་ན་ཉིད་ཡོངས་སུ་འདོར་བ་ཡིན་ཞེས་བྱའོ་ཞེས་འདྲེན་ནོ་ཞེས་པའི་བར་བྱུང༌།ཞི་བ་འབྱུང་གནས་ཀྱི་ལུགས་དེ་ལ་རྗེས་་་་་་་་འོན་ཀྱང་ཞི་བ་འབྱུང་གནས་རང་ཉིད་ཕྱོགས་གླང་གི་བཤད་པ་ལ་ཚད་མར་བྱེད་པ་དང༌།འཇུག་འགྲེལ་གྱི་ལུང་དེ་ཤེས་བྱེད་དུ་འདྲེན་པ་འགལ་བར་མཐོང་སྟེ།ལུང་དེ་ལས་ནི་ཕྱོགས་གླང་གིས་ཀྱང་རྟེན་འབྲེལ་ཟབ་མོའ་ིདོན་མ་བཤད་པར་འདོད་པའི་ཕྱིར་རོ་ཞེས་འགོག།
 

              གསུམ་པ་སློབ་དཔོན་འཕགས་པ་གྲོལ་སྡེས་ཉི་ཁྲི་དང་བསྟན་བཅོས་མངོན་རྟོགས་རྒྱན་སྦྱར་བའི་འགྲེལ་པ་དབུ་མ་པའི་ལུགས་སུ་བཀྲལ་བར་མཛད།དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་སེམས་ཙམ་པའི་ལུགས་སུ་འགྲེལ་པ་མཛད་པ་ཡུམ་དོན་ཇི་ལྟ་བ་བཞིན་བྱས་པ་མིན་པར་མཐོང་ནས་ཡིན་པས་སོ།།བཞི་པ་བཙུན་པ་གྲོལ་སྡེས་མདོའི་ཚིག་དོན་མཐའ་དག་ཚང་བར་མ་རྙེད་པར་རང་གིས་ཇི་ལྟར་རྙེད་པ་དང་རྗེས་སུ་མཐུན་པར་ཉི་ཁྲིའི་རྣམ་འགྲེལ་མཛད།ཉི་ཁྲིའི་རྣམ་འགྲེལ་འདི་བཙུན་པས་མཛད་པ་ཡིན་མིན་ལ་མཁས་པའི་གསུང་འདྲ་མིན་སྣང་ཞིང༌།གསེར་ཕྲེང་སྡོམ་ལས།བཙུན་པས་མ་མཛད་ཚུལ་ལ་སྔ་མ་རྣམས།།དགོས་འགལ་སེམས་བསྐྱེད་རབ་དབྱེ་ལ་སོགས་པ།།སྣ་ཚོགས་བཤད་ཀྱང་འགྲེལ་མེད་ཤ་སྟག་སྟེ།།དེ་ཡི་རྣམ་འགྲེལ་བོད་དུ་མ་འགྱུར་དང༌།།བོད་དུ་བསྒྱུར་བ་དེ་ཡི་མིན་ཕྱིར་རོ།།ལྷས་བྱིན་སྐྱོན་དེ་མཆོད་བྱིན་ལ་ཁེལ་བཞིན།།ཞེས་མིན་པར་གསུངས།གསེར་ཕྲེང་རྣམ་བཤད་མིག་འབྱེད་རྒྱན་ལས།འགའ་ཞིག་གིས།བཙུན་པའི་རྣམ་འགྲེལ་བོད་ན་ཡོད་པར་འདོད་དགོས་ཏེ།ཡུམ་གསུམ་གཞུང་འགྲེལ་དུ་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་པ་བཙུན་པའི་རྣམ་འགྲེལ་ན་ཡོད་པར་གསུངས་པ་རང་ལུགས་སུ་མཛད་པའི་ཕྱིར།གཞན་དུ་ན།སྐབས་འདིར་བཙུན་པའི་མཛད་པ་མིན་པར་སྒྲུབ་དགོས་པ་ལས།འདིར་མ་སྒྲུབ་པའི་ཕྱིར།ཁྱབ་སྟེ།དེ་ཉིད་ལས།རྒྱ་འགྲེལ་རྣམས་ཀྱི་དག་དང་མ་དག་རྣམས།།ལེགས་པར་དཔྱད་པའི་ཚུལ་འདི་ཐོག་མར་བཀོད།།ཅེས་གསུངས་པའི་ཕྱིར།རྣམ་འགྲེལ་དེར།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་རྣམ་པར་འགྲེལ་པ།མཁས་པ་ཆེན་པོ་མོས་པས་སྤྱོད་པའི་ས་བརྙེས་པ་སློབ་དཔོན་རྣམ་པར་གྲོལ་བའི་སྡེས་མཛད་པ་རྫོགས་སོ།།
 

              རྗེ་བཙུན་བྱང་ཆུབ་འོད་ཀྱི་བཀའ་ལུང་གིས།བལ་ཡུལ་གྱི་པཎྜི་ཏ་མཁས་པ་ཆེན་པོ་ཤཱནྟི་བྷ་དྲའི་ཞལ་སྔ་ནས།འབྲོ་སེ་དཀར་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར།འདི་ལ་ཤླཽ་ཀ་ལྔ་སྟོང་བཞི་བརྒྱ་ཡོད་ཅེས་བྱུང་བ་དང༌།གཞུང་རང་ལས་ཀྱང་འོག་ཏུ་ཉི་སྣང་རྣམ་འགྲེལ་རྒྱན་གྱི་སྣང་བ་འདི་དང་བཞིར་བྱུང་ཞིང༌།ཞེས་པ་ལྟ་བུ་སྐབས་སྐབས་སུ་འཕགས་པའི་འོག་སློབ་དཔོན་གྱི་བཤད་པ་འགོད་པའི་རྣམ་འགྱུར་ཀྱིས་ཀྱང་སྒྲུབ་པའི་ཕྱིར།གཞན་ཡང༌།རྣམ་འགྲེལ་རྒྱ་འགྲེལ་ཡིན་པར་ཐལ།ཡུམ་གྱི་མཐའ་དཔྱད་སྐབས་དེ་ཉིད་ལས།དེ་ལྟར་དུ་ཆེན་པོ་རྣམ་གཉིས་ཀྱང་བཀྲལ་ལ།འཕགས་ཡུལ་གྱི་མཁས་པ་གཞན་དུ་མ་ཡང་བཞེད་དེ།རྣམ་འགྲེལ་ལས།གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དབང་དུ་བྱས་ནས་ཞེས་སོགས་གསུངས་པའི་ཕྱིར་སོགས་སྒྲུབ་པ་དང༌།གཞན་དག་ནི་དེ་མི་རིགས་ཏེ།བཙུན་པའི་རྣམ་འགྲེལ་བོད་དུ་འགྱུར་བའི་ཕྱིར།དེར་ཐལ།དེ་ཉིད་ལས།ད་ལྟ་འདིས་མཛད་པར་གྲགས་པའི་ཉི་ཁྲི་རྣམ་འགྲེལ་ཞེས་པ་གཅིག་སྣང་སྟེ་འོད་ཏུ་བརྟག་པར་བྱའོ།།ཞེས་དང༌།འོག་ཏུ་བརྟག་ཚུལ་ཡང༌།དེ་ཉིད་ལས།ཉི་ཁྲི་རྣམ་འགྲེལ་འདི་བཙུན་པ་གྲོལ་སྡེ་དང་མིང་མཐུན་པ་གཅིག་གམ།འཕགས་པའི་སློབ་མར་གྲགས་པའི་བཙུན་པའི་ཡིན་བརྟག་པར་བྱ་སྟེ།རྒྱན་སྣང་དུ་གླང་གཞི་དང་རྩེ་མོའ་ིཀུན་ཏུ་རྒྱུ་སྡེ་ཅན་གྱི་སྐབས་སུ་བཙུན་པའི་བཤད་པ་དྲངས་པ་རྣམས་འདི་ལ་མི་སྣང་བའི་ཕྱིར།།ཞེས་གསུངས་པའི་ཕྱིར་ཟེར་ན།དེ་ལ་ཁོ་ན་རེ།བཙུན་པའི་བཤད་པ་རྣམས་འདི་ལ་མི་སྣང་ན་དེས་མཛད་པ་མ་ཡིན་པའི་མ་ཁྱབ་པའི་ཕྱིར།དཔེར་ན།སློབ་དཔོན་གྱི་བཤད་པ་དྲངས་པ་འགྲེལ་པ་དོན་གསལ་ལ་མི་སྣང་ན་འགྲེལ་པ་དོན་གསལ་སློབ་དཔོན་གྱིས་མཛད་པ་མ་ཡིན་མི་དགོས་པ་བཞིན་དང༌།ཡང་ཉི་ཁྲི་ལས་རྒྱུན་ཞུགས་འབྲས་གནས་ཙམ་པོ་པ་སོགས་ཀྱི་མདོ་ལེ་བརྒྱད་མར་དྲངས་པ་རྣམས་ཉི་ཁྲི་ལེ་མང་ན་མི་སྣང་བ་ལྟ་བུ་སོགས་བསྒྱུར་ཚེ་ཆད་པའམ་རྒྱ་གར་ན་ཆད་པ་ལྟ་བུ་མང་བའི་ཕྱིར།དེས་ན་མཐའ་གཅིག་ཏུ་བཙུན་པས་མཛད་པ་མིན་པའི་སྒྲུབ་བྱེད་མིན་ཏེ།དེ་ཉིད་ལས།བསྟན་བཅོས་མ་བྲིས་པ་དེ་དག་ཀྱང་གཏན་མི་རྙེད་པར་མི་སྣང་ངོ༌།།ཞེས་གསུངས་པའི་ཕྱིར།ཁྱབ་སྟེ།བོད་སྔ་མའི་བཤད་པ་ལ་དེ་བཙུན་པའི་མཛད་པ་མ་ཡིན་པས་འབྲེལ་མེད་ཅེས་གསུངས་དགོས་པ་ལ་མ་གསུངས་པའི་ཕྱིར་རོ།།དེ་ལྟར་ཕྱོགས་གཉིས་ཀར་སྒྲུབ་བྱེད་གཞན་ཡང་མང་མོད་རེ་ཞིག་བཞག་གོ།ཞེས་གཞན་གྱི་བཞེད་ཚུལ་གཉིས་འགོད་ནས་མིག་འབྱེད་རྒྱན་རང་ལུགས་བཙུན་པས་མཛད་པར་བཞེད་དེ།དེ་ཉིད་ལས།ཕལ་ཆེར་རྣམ་འགྲེལ་འདི་བཙུན་པའི་མཛད་པ་ཡིན་པ་རྗེའི་དགོངས་པ་ཡིན་སྙམ་སྟེ།འཕགས་པའི་བཤད་པ་དང་མི་མཐུན་པར་བྱུང་བ་སོགས་ལ་དགག་པ་མཛད་པ་མ་གཏོགས་དེའི་མཛད་པ་མིན་པའི་སྒྲུབ་བྱེད་དངོས་སུ་མ་གསུངས་པའི་ཕྱིར་རོ།།ཞེས་གསུངས།བསམ་ཚོད་ནི་རྣམ་བཤད་སྙིང་རྒྱན་དང༌།རྟོགས་དཀའི་སྣང་བ།ཡིག་ཆ་ཕལ་ཆེ་བར་མཁས་པ་བཞིའི་བཤད་པ་བཀོད་པ་ལས།བཙུན་པའི་མཛད་པ་མིན་པའི་སྒྲུབ་བྱེད་མི་སྣང་ཞིང༌།གསེར་ཕྲེང་ལས་ཀྱང་ད་ལྟ་འདིས་མཛད་པར་གྲགས་པའི་ཉི་ཁྲི་རྣམ་འགྲེལ་ཞེས་པ་གཅིག་གམ།འཕགས་པའི་སློབ་མར་གྲགས་པའི་བཙུན་པའི་ཡིན་བརྟགས་པར་བྱ་སྟེ།རྒྱན་སྣང་དུ་གླེང་གཞི་དང་རྩེ་མོའ་ིཀུན་ཏུ་རྒྱུ་སྡེ་ཅན་གྱི་སྐབས་སུ་བཙུན་པའི་བཤད་པ་དྲངས་པ་རྣམས་འདི་ལ་མི་སྣང་བའི་ཕྱིར།ཞེས་པ་ཙམ་ལས་མཐའ་གཅིག་ཏུ་བཙུན་པའི་མཛད་པ་མིན་པའི་སྒྲུབ་བྱེད་ཡིན་མིན་ཁ་ཚོན་གཅོད་དཀའ་ཡང་ཡིག་ཆ་སོ་སོའི་གསུང་འགྲོས་དང་བསྟུན་ན་བཙུན་པས་མཛད་པར་འཐད་དམ་སྙམ།།
 

           གཉིས་པ་མཆོད་བརྗོད་ཀྱི་བཤད་ཐབས་ཡན་ལག་ལྔའི་དོན་ཅུང་ཟད་གླེང་བ།དེ་ཡང་བཤད་ཐབས་ཡན་ལག་ལྔ་ནི་རྣམ་བཤད་རིགས་པ་ལས།མདོ་རྣམས་འཆད་འདོད་དེ་དག་ལ།།ངས་ནི་མན་ངག་སྦྱིན་པར་བྱ།།དགོས་པ་སྡུས་པའི་དོན་བཅས་དང༌།།ཚིག་དོན་བཅས་དང་མཚམས་སྦྱར་བཅས།།བརྒལ་ལན་བཅས་ཏེ་བསྙད་པར་བྱ།།ཞེས་པ་ལྟར་མདོ་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་བཤད་དགོས་པར་གསུངས།དེ་བཞིན་དུ་འགྲེལ་བས་རྒྱན་གྱི་དགོངས་པ་འགྲེལ་བར་བྱེད་པ་ལ་ཡང་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་དགོས་པར་མཚུངས་པའི་ཕྱིར།དེ་ཡང་ཐོག་མར་གཞུང་དེར་ཐོས་བསམ་གྱིས་འཇུག་པ་དགོས་པ་ལ་རག་ལས།གཞུང་དོན་རགས་པ་ཙམ་རྟོགས་པ་བསྡུས་དོན་རག་ལས།དེ་ཞིབ་པར་རྟོགས་པ་ཚིག་དོན་ལ་རག་ལས།དེའི་སྔ་ཕྱིའི་གོ་རིམ་ངེས་པ་མཚམས་སྦྱར་ལ་རག་ལས།གཞུང་སྔ་ཕྱི་རིགས་པ་དང་འགལ་བ་དང་ཚིག་དོན་འགལ་བ་མེད་པར་རྟོགས་པ་བརྒལ་ལན་ལ་རག་ལས་པས་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་དགོས་པར་ཤིན་ཏུ་གལ་ཆེ་བའི་ཕྱིར།དེ་ཡང་མཆོད་བརྗོད་ཀྱི་གཞུང་གི་བཤད་ཐབས་ཡན་ལག་ལྔའི་འགྲེལ་བའི་གཞུང་གི་མཚམས་གཅོད་ཚུལ་གསེར་ཕྲེང་དང་རྣམ་བཤད་གཉིས་གཞུང་གི་ཚིག་ཟིན་ཅུང་མི་མཐུན་ཏེ།གསེར་ཕྲེང་ལས།འཕགས་པ་བྱམས་པ་རང་ཉིད་ཅེས་པ་ནས་རབ་ཏུ་དང་བ་སྐྱེད་པའི་ཆེད་དུ་བར་གྱིས་དགོས་པར་དང༌།རེ་ཞིག་དང་པོར་ཡུམ་ལ་ཞེས་པ་ནས་ཕྱག་འཚལ་བ་ཞེས་པའི་བར་གྱི་བསྡུས་དོན་དང༌།ཚིགས་སུ་བཅད་པ་འདིས་ནི་ཞེས་པ་ནས་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་པའི་བར་གྱི་དགོས་དོན་དང༌།དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་ཞེས་པ་ནས་བསྟོད་དོ་ཞེས་པའི་བར་བསྡུས་དོན་ལ་འཕྲོས་ཚུལ་གསུངས་ཤིང༌།ཉན་ཐོས་དང་ཞེས་པ་ནས་ཡུམ་དེ་ལ་ཕྱག་འཚལ་ལོ་བར་གྱིས་ཚིག་དོན་དང༌།དེ་ལྟར་ཕྱག་འཚལ་བ་དང་ཞེས་པ་ནས་ཞེས་བྱ་བ་འདི་འཐད་པ་ཡིན་ནོ་ཞེས་པའི་བར་གྱིས་བརྒལ་ལན་བསྟན།མཚམས་སྦྱོར་ནི་གཞུང་དེ་ཐམས་ཅད་ལ་ཡོད་པར་གསུངས།རྣམ་བཤད་ལས་འཕགས་པ་བྱམས་པ་རང་ཉིད་ཅེས་པ་ནས་ཕྱག་འཚལ་བ་ཞེས་པའི་བར་གྱིས་མཚམས་སྦྱོར་དང༌།དེ་ཐོས་ནས་རེ་ཞིག་ཅེས་པ་ནས་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་པའི་བར་གྱིས་དགོས་དོན།དེ་ལ་ཐམས་ཅད་མཁྱེན་པར་ཉིད་གསུམ་གྱིས་ཞེས་པ་ནས་བསྟོད་དོ་ཞེས་པའི་བར་གྱི་བརྒལ་ལན་བསྟན་པར་གསུངས།ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་ཞེས་པ་ནས་ཡུམ་དེ་ལ་ཕྱག་འཚལ་ལོ་ཞེེས་པའི་བར་གྱིས་ཚིག་དོན་བསྟན་པར་གཉིས་ཀ་མཚུངས།གསེར་ཕྲེང་ལས་བརྒལ་ལན་ཡང་དག་མཐའི་རྩོད་ལན་གྱི་གཞུང་དང་སྦྱར་ནས་གསུངས་པ་ནི་མཆོད་བརྗོད་ལས་འཕྲོས་པའི་བརྒལ་ལན་གྱི་དབང་དུ་བྱས།འགྲེལ་བས་མཆོད་བརྗོདཀྱི་གཞུང་དངོས་སུ་བཤད་པའི་ཐད་ཀྱི་བཤད་ཐབས་ཡན་ལག་ལྔའི་ནང་ཚན་གྱི་བརྒལ་ལན་ཡིན་པར་ཚིག་གསལ་པོ་གསུངས་མེད་པ་ལྟ་བུར་མངོན།དེ་ལ་དེ་འགྲེལ་བས་མཆོད་བརྗོད་ཀྱི་གཞུང་དངོས་སུ་བཤད་པའི་ཐད་ཀྱི་བཤད་ཐབས་ཡན་ལག་ལྔའི་ནང་ཚན་དུ་གྱུར་པའི་བརྒལ་ལན་ཡིན་པར་གཞུང་ལས་གསལ་བར་གསུངས་པར་ཐལ།དེ་ཉིད་ལས་ཚིགས་བཅད་དང་པོ་ནི་སློབ་དཔོན་གྱིས་བཤད་ཐབས་ལྔའི་སྒོ་ནས་བཀྲལ་ཏེ་ཞེས་གསུངས་པའི་ཕྱིར་ན།བཤད་ཐབས་ལྔའི་སྒོ་ནས་བཀྲལ་བའི་བརྒལ་ལན་ཡིན་ན་འགྲེལ་བས་མཆོད་བརྗོད་ཀྱི་གཞུང་དངོས་སུ་བཤད་པའི་ཐད་ཀྱི་བཤད་ཐབས་ཡན་ལག་ལྔའི་ནང་ཚན་དུ་གྱུར་པའི་བརྒལ་ལན་ཡིན་མི་དགོས་ཞེས་སྨྲ་ན་གཞུང་གི་གོ་ཐོབ་ཕྲན་པུ་འགྲིག་གམ་སྙམ།རྣམ་བཤད་ལས་དེ་ལ་ཐམས་ཅད་མཁྱེན་པ་ཞེས་སོགས་ཀྱི་གཞུང་དང་སྦྱར་བ་ནི་འགྲེལ་བས་མཆོད་བརྗོད་ཀྱི་གཞུང་དངོས་སུ་བཤད་པའི་ཐད་ཀྱི་བཤད་ཐབས་ཡན་ལག་ལྔའི་ནང་ཚན་གྱི་བརྒལ་ལན་གྱི་གཞུང་ཡིན་པར་དོན་གྱི་གོ་བར་དགོངས།དེ་ཡང་རེ་ཞིག་དང་པོར་ཡུམ་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྱག་འཚལ་བ་ཞེས་རྗེ་བཙུན་གྱིས་ཡུམ་མཁྱེན་པ་གསུམ་ལ་མཆོད་པར་བརྗོད་པ་ལ།བསྟོད་གྲངས་མང་ཉུང་གི་བརྒལ་ལན་བྱུང་བ་ཡིན་པའི་ཕྱིར།སྙིང་པོ་བསྡུ་ན་འགྲེལ་བས་མཆོད་བརྗོད་ཀྱི་གཞུང་དངོས་སུ་བཤད་པའི་ཐད་ཀྱི་བཤད་ཐབས་ཡན་ལག་ལྔའི་བརྒལ་ལན་དང༌།མཆོད་བརྗོད་ལས་འཕྲོས་པའི་བརྒལ་ལན་གཉིས་སོ་སོར་ཕྱེ་ན་གཞུང་གཉིས་དགོངས་པ་མཐུན་ནམ་སྙམ་མོ།།ཞེས་པ་འདི་ནི་སྤྱི་ལོ༢༠༡༠ཟླ༠༩ཚེས་༠༨ཉིན་རྨོངས་བརྟུལ་དཀའ་ཆེན་བློ་བཟང་ཤེས་རབ་པས་མཁས་པའི་གསུང་ལ་བརྟེན་ནས་དོགས་གཞིའི་ཚུལ་དུ་བཀོད་པ་འདིས་ཀྱང་བསྟན་པ་སྤྱི་དང་ཁྱད་པར་ཡབ་རྗེ་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པ་ཡུན་དུ་གནས་པའི་སྨོན་འདུན་གྱིས་མཚམས་སྦྱར་ཏེ་སྤེལ་བར་དགེའོ།།།།བཀྲིས་ལྷུན་དཀའ་ཆེན་བློ་བཟང་ཤེས་རབ་ནས།
 

གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ། 
དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

བརྒྱུད་འགོད།