གསེར་ཕྲེང་རྩོམ་ཤོག་གཉིས་པའི་དྲིས་ལན།
༄༅།།འོ་ན་རྒྱན་ལ་འགྲེལ་པ་དུ་མ་ཞིག་སྣང་ན།ཞེས་པ་ནས།དེས་ན་བཤད་པ་སྔ་མ་ཉིད་མཛེས་སོ།།ཞེས་པའི་བར་གྱི་དྲིས་ལན།
གཉའ་ཁྲི་ཆོས་རིག་ཞབས་ཞུ་རིས་མེད་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཁུར་ལེན་གྱིས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ཟབ་ཅིང་རྒྱ་ཆེ་བའི་ལེགས་བཤད་རྣམས་འཛིན་སྐྱོང་སྤེལ་གསུམ་བྱ་བ་ནི་རང་ཅག་དགེ་ལྡན་པ་རྣམས་ཀྱི་ཁུར་དུ་བབས་པ་ལྟར་ད་ལམ་སྟག་ཚང་ལོ་ཙཱ་བའམ་སྒྲ་ཚད་པ་ཤེས་རབ་རིན་ཆེན་གྱིས། ཁྱོད་བློ་ཉི་མ་གཞོན་ནུ་དུས་ཀྱི་ཚེ།།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ།།ཟབ་ཡངས་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ།།ཞེས་སོགས་ཆེས་ཆེར་བསྔགས་བརྗོད་མཛད་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་བརྗོད་གཞིར་བཟུང་ནས་དོན་ཚན་བཅུ་བྱས་ཏེ་མཁས་པའི་བགྲོ་གླེང་ཉིན་གསུམ་རིང་ཚོགས་གཏན་འཁེལ་བ་འདིར་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་དགའ་སྤྲོ་དང་ཐུགས་རྗེ་ཆེ་གྲངས་མེད་ཞུ།
དོན་ཚན་བཅུའི་ནང་གསེས་གཉིས་པ་གསེར་ཕྲེང་ལས།འོ་ན་རྒྱན་ལ་འགྲེལ་པ་དུ་མ་ཞིག་སྣང་ན།ཞེས་པ་ནས།དེས་ན་བཤད་པ་སྔ་མ་ཉིད་མཛེས་སོ།།ཞེས་པའི་བར་རྩོམ་གཞི་དང་རྩོམ་ཤོག་གཉིས་ཀའི་སྟེང་ནས་དཀའ་གནད་གསེད་བཀྲོལ་དང༌།དོགས་དཔྱོད།དོགས་སློང་སོགས་དང་འབྲེལ་བའི་གསུང་བཤད་ཀྱི་དུས་ཚོད།སྐར་མ་༣༠དང༌།གཞན་གྱིས་དྲི་བ་བྱུང་རིགས་རྣམས་ལ་གསུང་ལན་སྐར་མ་༣༠གནང་རོགས།ཞེས་བསྐུལ་བ་ནི་སྐྱེས་སྦྱངས་ཀྱི་ཤེས་རབ་ཤིན་ཏུ་དམན་པ་བདག་འདྲ་བས་དཀའ་གནད་གསེད་བཀྲོལ་སོག་ས་བྱ་རྒྱུའི་སྤོབས་པ་དང་བྲལ་ནའང༌།རྗེ་ཉིད་ཀྱིས་གྲུབ་མཐའ་རབ་འབྱམས་ལ་མ་འདྲིས་པར་རིག་པ་རྩོམ་པ་ནི་ཤེས་རབ་འཕེལ་བའི་རྒྱུའོ།།ཞེས་གསུངས་པ་ལ་གཞི་བཅོལ་ཏེ་བཤེས་གཉེན་དམ་པའི་བཀའ་དྲིན་ལས་རང་བློས་གང་ནུས་ཀྱིས་ཚིག་དང་དོན་འགའ་ཞིག་ལ་འཇུག་པར་བྱའོ།།ཐོག་མར་གསེར་ཕྲེང་ལས།འོ་ན་རྒྱན་ལ་ཤེས་སོགས་ཀྱི་དོན་ནི།སྔར་བཤད་པ་དེའི་ཕྱིར་བཤད་བྱ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལ་འགྲེལ་པ་རྒྱ་གར་མར་གྲགས་པ་ཉི་ཤུ་རྩ་གཅིག་ཡོན་ན་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་ཕྲེང་འདིར།འགྲེལ་པ་གང་གི་རྗེས་སུ་འབྲང་ནས་འཆད་ཅེ་ན།འདིར་ནི་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་གྱི་རྗེས་སུ་འབྲངས་ནས་འཆད་པ་ཡིན་ཏེ།དེ་ནི་དོན་གསལ་ཡང་ཚིག་ཚོགས་མང་བ་དང༌།ཚིག་ཚོགས་ཉུང་ཡང་དོན་མི་གསལ་བ་ལྟ་བུ་མིན་པར་རྗོད་བྱེད་ཚིག་ཉུང་ལ་བརྗོད་བྱའི་དོན་
དྲིལ་ཞིང་ཁ་གསལ་བ་དང༌།བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་ཡང་ཡུམ་གསུམ་ཀའི་རྒྱན་དུ་འགྲེལ་བས་ན་འགྲེལ་པ་གཞན་ལས་ཁྱད་དུ་འཕགས་པའི་ཕྱིར་རོ།།འདི་འཆད་པ་ལ་ཡང༌།སྤྱིའི་དོན་གསུམ་སྟེ།རྗོད་བྱེད་དོན་ལྡན་གྱི་མཚན་དང༌།བརྗོད་བྱ་དོན་ལྡན་གྱི་གཞུང་དང༌།གང་གིས་བསྒྱུར་བའི་འགྱུར་བྱང་བཤད་པའོ།དང་པོ་ལ་གཉིས།དངོས་དང༌།ཞར་ལ་བྱུང་བའོ།དང་པོ་ལ་གསུམ།མཚན་བསྒྱུར་བ་དང༌།མཚན་བཤད་པ།མཚན་གྱི་དགོས་པའོ།དང་པོ་མཚན་བསྒྱུར་བ་ནི།རྒྱ་གར་ཞེས་པ་ནས་འགྲེལ་པའི་ཞེས་པའི་བར་རོ།།སྤྱིར་རྒྱ་གར་ཞེས་པའི་མིང་འདོགས་ཚུལ་ལ་རྒྱུ་མཚན་བཤད་པ་མང་ཡང་རྒྱ་གར་ཞེས་པ་རྒྱུ་མཚན་ཅན་གྱི་སྒྲ་ཡིན་ན་དེ་ལྟར་རིགས་མོད་ཀྱི།འོན་ཀྱང་རྒྱ་གར་ཞེས་པ་ནི་འདུལ་བ་ཚིག་ལེའུར་བྱས་པ་ལས།མཉན་ཡོད་གནས་བཅས་ཙམ་པ་ཀ།ཞེས་སོགས་གསུངས་པ་ལྟར་མཉན་ཡོད་སོགས་གྲོང་ཁྱེར་ཆེན་པོ་དྲུག་ཡོད་པའི་ཡུལ་ལ་འདོད་རྒྱལ་དུ་བཏགས་པ་སྟེ་ཡལ་འདབ་ཅན་ལ་ཤིང་ཞེས་པ་བཞིན།།ཞེས་བུ་ཊཱིཀ་ལུང་གི་སྙེ་མ་དང་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལྟར་གསེར་ཕྲེང་དང་སྤྱི་དོན་རོལ་མཚོ་ལས་བཤད་དོ།ཡུལ་དེར་མཁས་པ་རྣམས་ལ་གྲགས་པའི་སྐད་ལ་སྐད་རིགས་ཆེན་པོ་བཞི་ཡོད་པའི་སཾ་སྐྲྀ་ཏའི་སྐད་དུ་བསྟན་བཅོས་འདིའི་མཚན་ལ།ཨ་བྷི་ས་མ་ཡ་ནས་ཤཱ་སྟྲ་པྲི་ཏྟི་ཞེས་པའི་བར་རོ།། བོད་ནི་ཁ་བ་ཅན་གྱི་ཡུལ་ལ་འདོད་རྒྱལ་གྱི་སྒྲར་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས་བཤད་ལ།དེའི་སྐད་དུ་བསྒྱུར་ན་ཤེས་རབ་ཀྱི་ནས་འགྲེལ་པ་ཞེས་པའི་བར་འབྱུང་ངོ༌།། སྐད་དུ་ཞེས་པ་ནི་སྐད་ལ་ཞེས་པ་དང་འདྲ་སྟེ།སྨྲ་སྒོ་ལས།དུ་ལ་སོགས་པ་ལ་དང་མཐུན།ཤེས་གསུངས་པ་ལྟར་རོ།།
གཉིས་པ་མཚན་བཤད་པ་ནི།ཤེར་ཕྱིན་ནི་ཞེས་པ་ནས་འགྲེལ་པའོ་ཞེས་པའི་བར་རོ།དོན་ནི་སྐབས་འདིའི་ཤེར་ཕྱིན་ནི་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ཡུམ་རྒྱས་འབྲིང་བསྡུས་གསུམ་མོ།མན་ངག་ནི་བཤད་བྱའི་མདོའི་དོན་བདེ་བླག་ཏུ་སྟེ་མྱུར་དུ་རྟོགས་པར་བྱེད་པའོ།།ཞེས་བྱ་བ་ནི་མིང་དེ་སྐད་ཅེས་བྱའོ་ཞེས་པའོ།འགྲེལ་པ་ནི་རང་གི་རྩ་བའི་ཚིག་དོན་ཅི་རིགས་པ་གོ་སླ་བའམ་གསལ་བར་བྱེད་པའི་བསྟན་བཅོས་སོ།སྤྱིར་འགྲེལ་བ་ལ་འཕྲོས་པ་ཡན་ལག་དང་བཅས་ཏེ་བཤད་པ་རྒྱ་ཆེར་འགྲེལ།ཚིག་འབྲུ་རེ་རེ་ནས་ཞིབ་ཏུ་བཤད་པ་ཚིག་འགྲེལ།དཀའ་བའི་གནད་གཙོ་བོར་འགྲེལ་བ་དཀའ་འགྲེལ།རྩ་བའི་དོན་བསྡུས་ཏེ་བཤད་པ་བསྡུས་དོན་གྱི་འགྲེལ་བ།རྩ་བའི་དོན་མདོ་དང་སྦྱར་ནས་བཤད་པ་མདོ་སྦྱར་གྱི་འགྲེལ་བ་སོགས་དུ་མ་ཡོད་ཀྱང་རང་ལུགས་ཆོས་བཤེས་ལྟར་འགྲེལ་བ་འདི་རྒྱན་གྱི་དོན་འགྲེལ་བཞེད་དོ།།འདིར་དོགས་པ་ཅུང་ཟད་གཅོད་ན།རྒྱན་གྱི་བཤད་བྱ་རྩ་བའི་མདོའི་སྐོར་བཞེད་ཚུལ་ལ་སྔ་རབས་པས་ནི་གསེར་ཕྲེང་ལས།དེ་ལ་སྤྱིར་ཤེར་ཕྱོགས་ལ་ཡུམ་དྲུག་དང་སྲས་བཅུ་གཅིག་སྟེ་སྲས་ཡུམ་བཅུ་བདུན་ཞེས་སྔ་མ་རྣམས་ཀྱིས་བརྡ་བྱས་པ་ལ།ཞེས་དང༌།དེ་ལ་ཁ་ཅིག་ཉི་མའི་སྙིང་པོ།ཟླ་བའི་སྙིང་པོ།ཀུན་ཏུ་བཟང་པོ།ལག་ན་རྡོ་རྗེ།རྡོ་རྗེ་རྒྱལ་མཚན་རྣམས་ཀྱང་ཤེར་ཕྱིན་ཡིན་པས།།ཞེས་གསུངས་པ་ལྟར་ཤེར་ཕྱིན་གྱི་མདོ་ཡིན་པའི་རྒྱུ་མཚན་ཙམ་གྱིས་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ལ་བཅུ་བདུན་དུ་བཞེད་ཀྱང༌།ཨར་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པའི་འགྲེལ་བ་རྣམ་འབྱེད་ལས།དེ་ལ་ཤེས་རབ་ཕ་རོལ་ཕྱིན་པ་ལ་གཉིས་ཏེ་མངོན་པར་རྟོགས་པ་བརྒྱད་དུ་མ་ཕྱེ་བར་དེའི་དོན་ཙམ་སྟོན་པར་བྱེད་པ་དང།མངོན་པར་རྟོགས་པ་བརྒྱད་དུ་ཕྱེ་ནས་སྟོན་པའོ།། དང་པོ་ནི་ཤེས་རབ་སྙིང་པོ་དང༌།།ཞེས་པ་ནས།གཉིས་པ་ནི་སྡེ་ཚན་དྲུག་རྒྱས་འབྲིང་ཆུང་གསུམ་ཡིན་ནོ།།ཞེས་སོགས་འབྱུང་བ་ལྟར་མངོན་པར་རྟོགས་པ་བརྒྱད་དུ་ཕྱེ་མ་ཕྱེ་ཙམ་ལས་ཡུམ་སྲས་ཀྱི་ཐ་སྙད་མ་གསུངས་པས་ཡུམ་སྲས་ཀྱི་ཐ་སྙད་མི་བཞེད་པ་འདྲའོ།དེ་བཞིན་འབུམ་ལ་སོགས་པའི་སྡེ་ཚན་དྲུག་པོ་དེ་དག་ཉིད་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེ་ཞིང༌།རྒྱས་པ་ལ་འབུམ་ཁོ་ན་དང༌།འབྲིང་ལ་གསུམ།བསྡུས་པ་ལ་གཉིས་ཙམ་ལས།སྐོར་དགུ་མ་གསུངས་པས།སྤྱི་དོན་ལས།སྐོར་དགུ་བཞེད་པ་ལྟ་བུར་གསུངས་པ་དེའི་ཨར་ཆེན་པོ་ཞེས་པ་སུ་ཡིན་དཔྱད་དགོས་པར་སྣང་ངོ༌།།གཞན་ཡང་འགྲེལ་བ་དེ་ཉིད་ལས།བརྒྱད་སྟོང་པ་ནི་བསྡུས་པའི་རྒྱས་པ་ཡིན་ལ།སྡུད་པ་ནི་བསྡུས་པའི་བསྡུས་པ་ཡིན་པས་དེ་གཉིས་ནི་བསྡུས་པ་ཡིན་ནོ།།ཞེས་དང༌།རྒྱལ་ཚབ་རྗེའི་བསྡུས་དོན་རིན་ཆེན་ཕྲེང་བ་ལས།བསྡུས་པ་གསུམ་ནི།བརྒྱད་སྟོང་པ་དང༌།ཡུམ་ཆེན་མོ་བམ་པོ་བཅོ་བརྒྱད་པ་དང༌།མདོ་སྡུད་པ་རྣམས་སོ།།ཞེས་འབྱུང་བས།བམ་པོ་བཅོ་བརྒྱད་པ་བསྡུས་པའི་རྒྱས་པ་དང༌།བརྒྱད་སྟོང་པ་བསྡུས་པའི་འབྲིང་དུ་འཇོག་མཁན་དེའང་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་དང་ཕྱིས་ཀྱི་མཁས་པ་རྒྱལ་ཚབ་ཆོས་རྗེ་ལ་བྱས་པ་མང་ནའང༌།མི་བདེ་བས་སུ་ཡིན་དཔྱད་དགོས་པར་མ་ཟད།རང་རེའི་ཡིག་ཆ་ལ་བོད་ཕྱི་ནང་གི་དཔེ་མི་འདྲ་བ་གཉིས་འབྱུང་བས།བསྡུས་པའི་རྒྱས་པ་ལ་བརྒྱད་སྟོང་པ་དང༌།བསྡུས་པའི་འབྲིང་ལ་བམ་པོ་བཅོ་བརྒྱད་པར་གསུངས་པའི་དཔེ་དེ་དག་པ་ཡིན་ན།ཨར་ཆེན་པོ་བྱང་ཡེ་དང་རྒྱལ་ཚབ་རྗེའི་གསུང་དང་མཐུན་ནའང༌།སྤྱི་དོན་ལས།གཞན་ཡང་བསྡུས་པ་ལ་གསུམ་དུ་འབྱེད་ཚུལ་དེ་མི་འཐད་དེ།མདོ་བརྒྱད་སྟོང་པ་ལ་བམ་པོ་ཉེར་བཞི་ཡོད་པ་མདོ་དེ་ཉིད་ལས་འབྱུང་བས་སྐབས་འདིར་བམ་ཚད་ལ་མི་མཐུན་པ་མེད་པའི་ཕྱིར།ཞེས་གསུངས་པའི་དོན་ཇི་ཡིན་མཁས་པའི་དབང་པོ་དག་གིས་དཔྱད་པར་འཚལ།།
གསུམ་པ་མཚན་གྱི་དགོས་པ་ནི།ཆོས་ལ་ཞེས་པ་ནས་མཛད་པ་འདྲའོ།། ཞེས་པའི་བར་རོ།།དོན་ནི་ལོ་ཙཱ་བ་རྣམས་ཀྱིས་སྔོན་གྱི་ཆོས་རྒྱལ་རྣམས་ཀྱི་བཀས་བཅད་པ་དང་མཐུན་པར་བསྟན་བཅོས་བསྒྱུར་བ་དང༌།བསྟན་བཅོས་ཀྱི་མགོར་རྒྱ་གར་གྱི་སྐད་སྨོས་པར་བརྟེན་ནས་འདི་ནི་སངས་རྒྱས་ཀྱི་བཀའོ།། འདི་ནི་མཁས་པས་མཛད་པས་དགོངས་འགྲེལ་རྣམ་དག་གོ་ཞེས་གདུལ་བྱ་རྣམས་ཡིད་ཆེས་ཏེ་ཐོས་བསམ་གྱི་སྒོ་ནས་འཇུག་པ་དང༌།ཤེར་རབ་ཀྱི་ཞེས་པ་ནས་འགྲེལ་བ་ནས་འགྲེལ་བ་ཞེས་པའི་བར་ཨ་བྷི་ས་མ་ཡ་ཞེས་སོགས་ཀྱི་སྐད་དེས་བསྟན་པ་ཤེས་ཤིང་ཚེ་རབས་ཕྱི་མ་རྣམས་སུ་སྐད་དེ་ཤེས་པའི་བག་ཆགས་རྣམ་ཤེས་ཀྱི་སྟེང་དུ་འཇོག་པ་དང༌།སྐད་དེ་ནི་སྐད་རིགས་ཐམས་ཅད་ཀྱི་མཆོག་དང༌།བསྐལ་བཟང་སངས་རྒྱས་སྟོང་གིས་སྐད་དེས་ཆོས་འཁོར་གསུངས་པས་བྱིན་རླབས་སྐད་གཞན་ལས་ཆེ་བའི་དགོས་པ་གསུམ་ཡོད་པར་སྔ་མ་རྣམས་འཆད་ཅིང༌།ཕྱི་མ་རྣམས་ཀྱིས་བོད་ཀྱི་བསྟན་བཅོས་ཀྱི་དབུར་རྒྱ་གར་སྐད་ཡོོད་པ་དེས་ཆོས་ཁུངས་མར་མཚོན་མི་ནུས་པའི་རྒྱུ་མཚན་དུ་མ་བསམས་ནས་དགོས་པ་དང་པོ་དེ་འགོག་མོད་ཀྱི།འོན་ཀྱང་ཆོས་རྒྱལ་རྣམས་ཀྱིས་བསྟན་བཅོས་འདི་སྒྱུར་ཅེས་བཀའ་སྩལ་བ་མ་གཏོགས་བསྒྱུར་དུ་མེད་པ་དང༌།བོད་ཀྱི་བསྟན་བཅོས་ཀྱི་དབུར་ཡང་རང་གང་འདོད་ཀྱི་རྒྱ་གར་སྐད་བྱ་ས་མེད་པའི་དུས་སུ་བསྟན་བཅོས་ཀྱི་དབུར་རྒྱ་གར་སྐད་སྨོས་པས་ཆོས་ཁུངས་བཙུན་པར་མཚོན་བྱེད་དུ་མཛད་པ་དང༌།འགྱུར་གསར་རྣམས་དེ་དང་འདྲ་ཞེས་པའི་དོན་ཡིན་ཏེ།འོན་ཀྱང་ཞེས་མི་མཐུན་པའི་རྒྱན་སྦྱར་བ་ལ་འབྲེལ་ཞིག་ཡོད་པའི་ཕྱིར་རོ་སྙམ་མོ།འོན་ཏེ་གསེར་ཕྲེང་གི་རྣམ་བཤད་མིག་འབྱེད་རྒྱན་ལས།ཕྱི་མ་རྣམས་དེ་དག་འགོག་མོད་ཅེས་པ་དགོས་པ་དེ་གསུམ་ཡོད་པ་མི་འགོག་ཀྱང་བོད་ཀྱི་བསྟན་བཅོས་ཀྱི་དབུར་རྒྱ་སྐད་སྨོས་པ་མི་རུང་ཞེས་པ་འགོག་པ་སྟེ་དགོས་པ་གསུམ་སྦྱར་ཆོག་པས་སོ་སྙམ་ཞེས་གསུངས།།
གཉིས་པ་ཞར་ལ་བྱུང་བ་ལ་གཉིས།གཞུང་ཚད་རྟོགས་པའི་ཡན་ལག་ཏུ་བམ་གྲངས།འགྱུར་མཐར་ཕྱིན་པའི་ཡན་ལག་ཏུ་ཕྱག་འཚལ་བའོ།དང་པོ་ནི།བམ་པོ་ཞེས་པ་ནས་རྒྱ་དཔེ་ལ་མེད་དོ་ཞེས་པའི་བར་རོ།།དོན་ནི།གཞུང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པ་ལ་བམ་པོ་ཞེས་བརྗོད་པ་དང༌།དགོས་པ་ནི་གཞུང་ཚིག་ལ་སྒྲོ་སྐུར་སྤང་སྟེ་གཞུང་ཚད་མང་ཉུང་རྟོགས་པའི་ཕྱིར་ལོ་ཙཱ་བ་རྣམས་ཀྱིས་བྱས་ཀྱི་རྒྱ་དཔེ་ལ་མེད་དོ།།
གཉིས་པ་འགྱུར་མཐར་ཕྱིན་པའི་ཡན་ལག་ཏུ་ཕྱག་འཚལ་བ་ནི།ཕྱག་འཚལ་ཞེས་པ་ནས་བཀས་བཅད་པ་འདྲའོ་ཞེས་པའི་བར་རོ།།དོན་ནི།མ་རིག་པའི་སྒྲིབ་པ་ལས་སངས་ཤིང་ཤེས་བྱ་ལ་བློ་གྲོས་རྒྱས་པ་སྟེ།དཔེར་ན།གཉིད་སད་པ་དང་པད་འདབ་རྒྱས་པ་ལྟ་བུའི་སངས་རྒྱས་དང༌།བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞེས་པ་སྟེ།སྐྱབས་འགྲོ་བདུན་ཅུ་པ་ལས།ཤེས་བྱ་ལ་ནི་བློ་རྣམ་རྒྱས།།ཞེས་སོགས་དང༌།མ་རིག་གཉིད་ནི་རྒྱུན་བཅད་ཅིང༌།།ཞེས་སོགས་ཁུངས་སུ་དྲངས་སོ།།དེས་ན།བུད་དྷ་ཞེས་པའི་སྒྲ་གཉིད་སངས་པ་དང་པད་འདབ་རྒྱས་པ་གཉིས་ཀ་ལ་འཇུག་ཅིང་སྔོན་གྱི་ལོ་ཙཱ་བས་གཉིས་ཀ་བསྡོམས་ནས་སངས་རྒྱས་ཞེས་བསྒྱུར་བ་ཡིན་ནོ།དེ་དག་གི་ཁུངས་སུ་བུ་སྟོན་ལུང་གི་སྙེ་མ་དང༌།ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས།མ་རིག་གཉིད་ལས་སངས་ཕྱིར་དང༌།།ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར།།སངས་རྒྱས་པད་མ་ལྟར་སངས་རྒྱས།།དེ་ཕྱིར་སངས་རྒྱས་མཚན་གསོལ་ལོ།།ཞེས་འདྲེན་པ་ནི་ཚིག་མ་དག་ཅིང་རྐང་པ་གསུམ་པའི་དོན་ལ་ཡང་སངས་རྒྱས་པད་མ་ལྟར་སངས་རྒྱས་པར་ཁས་ལེན་དགོས་ན།པད་མ་སངས་རྒྱས་སུ་འདོད་དགོས་པའི་སྐྱོན་ཡོད་དོ།།ལོ་ཙཱ་བས་བསྟན་བཅོས་ཀྱི་ཐོག་མར་ཐམས་ཅད་མཁྱེན་པ་དང༌།སངས་རྒྱས་བྱང་སེམས་དང༌།འཇམ་དཔལ་གཞོན་ནུར་གྱུར་པ་ལ་འགྱུར་ཕྱག་མཛད་པའི་དགོས་པ་ནི།བསྟན་བཅོས་དེ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སོགས་བརྗོད་བྱ་གཙོ་བོར་བྱེད་པའི་འདུལ་བའི་སྡེ་སྣོད་སོགས་སོ་སོར་ངོས་འཛིན་ཤེས་པའི་ཆེད་དུ་བཅས་པ་ཐམས་ཅད་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་དང༌།ཏིང་ངེ་འཛིན་གང་ལ་མངའ་བའི་གང་ཟག་གཙོ་བོ་སངས་རྒྱས་དང་བྱང་སེམས།ཤེས་རབ་ཀྱི་ལྷའི་གཙོ་བོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འགྱུར་ཕྱག་མཛོད་ཅིག།ཅེས་སྔོན་གྱི་ཆོས་རྒྱལ་རྣམས་ཀྱི་བཀས་བཅས་པ་དང་མཐུན་པར་འགྱུར་ཕྱག་མཛད་པར་སྔ་མ་རྣམས་འཆད་ཅིང༌།དེ་ལ་ཕྱི་རབས་པ་རྣམས་ཀྱིས་སྡེ་སྣོད་གསུམ་ལ་འགྱུར་ཕྱག་གི་ཡུལ་དུ་སྔར་མ་ངེས་པའི་རྒྱུ་མཚན་མང་དུ་བཤད་ནས།ལོ་ཙཱ་བས་རང་གང་ལ་དད་པ་ཆེ་བའི་ལྷ་ལ་ཕྱག་བྱས་པར་འཆད་མོད།འོན་ཀྱང་སྔོན་བསྒྱུར་བའི་འདུལ་བ་དང་མངོན་པ་དང་མདོ་སྡེ་ཕལ་མོ་ཆེ་ལ་ངེས་པ་ཅན་དུ་སྨོས་འདུག་པས།ཕྱིས་མ་ངེས་ཀྱང་དང་པོའི་ཆོས་རྒྱལ་རྣམས་ཀྱི་དུས་སུ་བཀས་བཅས་པ་མཛད་ཅིང་ཕྱིས་སུའང་དེ་དང་མཐུན་པར་འགྱུར་ཕྱག་མཛད་པ་འདྲའོ།།བུ་སྟོན་ལུང་གི་སྙེ་མ་ལས།མངོན་པ་འདུལ་བ་མདོ་སྡེ་སྡེ་སྣོད་ཀྱི་ཐོག་་མར་འཇམ་དཔལ་དང་ཐམས་ཅད་མཁྱེན་པ་དང་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཕྱག་འཚལ་བ་བཀས་བཅད་པའི་ཕྱིར་རོ་ཞེས་གྲགས་ཀྱང༌།བཀས་བཅས་དག་ན་མི་སྣང་ཞིང་ངེས་པའང་མེད་དོ།།ཞེས་གསུངས་པས་སྐབས་འདིའི་ཕྱི་རབས་པ་ལ་བུ་སྟོན་ཡང་བཞག་གོ། དེ་ལྟར་ན་གཤམ་གསལ་གྱི་རེའུ་མིག་འདི་ལས་མ་ངེས་པའི་མུ་མཁྱེན་པར་བྱ་སྟེ།བསྟན་པ་སྔ་དར་གྱི་འགྱུར།བསྟན་པ་ཕྱི་དར་གྱི་འགྱུར།
གཉིས་པ་བརྗོད་བྱ་དེ་ལྡན་གྱི་གཞུང་འཆད་པ་ལ་གཉིས།སྤྱིའི་ཆིངས་དང༌།གཞུང་དངོས་བཤད་པའོ།།དང་པོ་ནི།གཞུང་འཆད་པའི་ཐོག་མར་ཞེས་པ་ནས་ཆེས་ལེགས་སོ་ཞེས་པའི་བར་རོ།།དོན་ནི།རྣམ་བཤད་རིགས་པ་ལས།མདོ་དོན་སྨྲ་བ་དག་གིས་ནི།།དགོས་པ་བསྡུས་པའི་དོན་བཅས་དང༌།།ཞེས་སོགས་གསུངས་པ་ལྟར་རྒྱན་གྱིས་མདོ་དོན་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་པར་མཛད་དེ།རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ།།ཞེས་པ་ནས།བྱ་བ་རྩོམ་པའི་དགོས་པ་ཡིན།།ཞེས་པའི་བར་གྱིས་དགོས་དོན་དགོས་འབྲེལ་གྱི་སྒོ་ནས་འཆད།ཤེས་རབ་ཕ་རོལ་ཕྱིན་པ་ནི།།ཞེས་པ་ནས།རྣམ་པ་བཞི་ནི་ཡང་དག་བརྗོད།།ཅེས་པའི་བར་གྱིས་མདོ་དོན་བསྡུས་དོན་གྱི་སྒོ་ནས་འཆད།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།ཞེས་པ་ནས།རྣམ་པ་ཉི་ཤུ་བདུན་དུ་བཞེད།།ཅེས་པའི་བར་གྱིས་མདོ་དོན་ཚིག་དོན་གྱི་སྒོ་ནས་འཆད།མཚམས་སྦྱོར་ཤུགས་ལ་བསྟན་ཅིང༌།ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།།ཞེས་དང༌།དངོས་པོ་བརྗོད་དུ་མེད་པ་ལ།ཞེས་དང༌།གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ།།ཞེས་སོགས་འགའ་ཞིག་གིས་མདོ་དོན་བརྒལ་ལན་གྱི་སྒོ་ནས་འཆད་ཅིང་བརྒལ་ལན་ཕལ་ཆེར་ཤུགས་ལ་བསྟན་ཏོ།།འདིར་བཤད་ཐབས་ལྔའི་དགོས་དོན་དགོས་འབྲེལ་གྱིས་བསྟན་པར་མཁས་པ་དག་གིས་བཞེད་པ་ལ།བླ་མ་དག་གིས་དེ་ནི་མ་འབྲེལ་ཏེ།དགོས་འབྲེལ་གྱིས་ནི་བསྟན་བཅོས་ཀྱི་དགོས་དོན་བསྟན་ལ།བཤད་ཐབས་ལྔའི་དགོས་དོན་བསྟན་པ་མ་ཡིན་ཏེ།དེ་ནི་མདོའི་དགོས་དོན་ཡིན་པའི་ཕྱིར།དེས་ན།མཆོད་བརྗོད་ཀྱིས་ཡན་ལག་ལྔའི་དགོས་དོན་བསྟན་པ་ཡིན་ཏེ།དེས་མདོའི་བརྗོད་བྱ་ཡུམ་གྱི་ཕུལ་དུ་བྱུང་བའི་ཡོན་ཏན་བསྟན་པའི་ཕྱིར།།ཞེས་གསུངས་ལ།རྗེ་བླ་མས་དེ་ནི་ཆེས་ཤིན་ཏུ་མ་འབྲེལ་ཏེ།བསྟན་བཅོས་འདི་མདོ་འཆད་བྱེད་ཡིན་པ་གང་ཞིག་ཡན་ལག་ལྔ་ནི་བསྟན་བཅོས་ཀྱིས་མདོ་བཤད་པའི་ཐབས་ཡིན་པའི་ཕྱིར་དང༌།དགོས་དོན་ནི།བདེ་བླག་ཏུ་ནི་རྟོགས་པ་ཞེས།།བྱ་བ་རྩོམ་པའི་དགོས་པ་ཡིན།།ཞེས་གསུངས་པ་ལྟར་མདོའི་དོན་བདེ་བླག་ཏུ་རྟོགས་པའི་བསྟན་བཅོས་ཀྱི་དགོས་པ་ཡིན་ཞིང༌།དགོས་འབྲེལ་འདིས་ཀྱང་མདོའི་བརྗོད་བྱ་རྟོགས་པའི་གནས་སྐབས་ཀྱི་དགོས་པ་དང་མཐར་ཐུག་གི་དགོས་པ་གཉིས་སྟོན་པའི་ཕྱིར།དེ་ལྟ་མིན་ན།འོ་ན་ལུས་རྣམ་གཞག་གིས་ཀྱང་ཡན་ལག་ལྔའི་བསྡུས་དོན་མ་བསྟན་པར་ཐལ།དགོས་འབྲེལ་གྱིས་ཡན་ལག་ལྔའི་དགོས་དོན་མ་བསྟན་པའི་ཕྱིར།རྟགས་ཁས།འདོན་ན།བསྟན་བཅོས་མངོན་རྟོགས་རྒྱན་གྱིས་བཤད་ཐབས་ཡན་ལག་ལྔ་གང་ཡང་མ་བསྟན་པར་ཐལ།འདོད་ན།ཡན་ལག་ལྔའི་འཆད་ཚུལ་དེ་རྗེ་བཙུན་བྱམས་པ་ཉིད་ཀྱི་མན་ངག་བརྒྱུད་པ་མིན་པར་ཐལ་ལོ།།འོ་ན་ཁྱོད་རང་ལུགས་ལ།གཞན་གྱིས་མྱོང་བ་མ་ཡིན་ཏེ།།ཞེས་པས་ཡན་ལག་ལྔའི་དགོས་དོན་བསྟན་པར་ཐལ།མདོའི་བརྗོད་བྱ་ཡུམ་གྱི་ཕུལ་དུ་བྱུང་བའི་ཡོན་ཏན་བསྟན་པའི་ཕྱིར།མ་ཁྱབ་ཟེར་ན།མཆོད་བརྗོད་ཀྱིས་ཡན་ལག་ལྔའི་དགོས་དོན་བསྟན་ཟེར་བ་བུད་དོ།ཁོ་ན་རེ།རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ།།ཞེས་སོགས་ཀྱིས་མདོ་དོན་དགོས་དོན་གྱི་སྒོ་ནས་འཆད་པར་ཐལ།དམ་བཅའ་དེ་འཐད་པའི་ཕྱིར།འདོད་ན།འདིས་མདོ་ཡི་དོན་འཆད་པར་ཐལ།འདོད་ན།གསེར་ཕྲེང་ལས།མཆོད་བརྗོད་དང་དགོས་འབྲེལ་ནི་རྒྱན་གྱིས་མདོ་བཤད་པའི་སྔོན་འགྲོ་ཡིན་གྱི་མདོའི་བཤད་པ་དངོས་མིན་ཏེ།དཔེར་ན།འགྲེལ་བ་འདིའི།ཤེས་རབ་ཕ་རོལ་ཕྱིན་པ་ལ།།ཞེས་སོགས་རྒྱན་གྱི་འགྲེལ་བ་མིན་པ་བཞིན་ནོ།།ཞེས་གསུངས་པ་དང་འགལ་ལོ་ཟེར་ན་སྐྱོན་མེད་དེ།གཞུང་འདི་མདོའ་ིབཤད་པ་དངོས་མིན་ཀྱང་མདོའི་བརྗོད་བྱ་རྣམས་བསྟན་བཅོས་འདི་ལ་བརྟེན་ནས་བདེ་བླག་ཏུ་རྟོགས་པ་དེ་རྒྱན་རྩོམ་པའི་དགོས་པ་ཡིན་པར་བསྟན་པའི་ཕྱིར།གཞན་དག་ན་རེ།རྒྱན་གྱི་མཆོད་བརྗོད་འདི་ཆོས་ཅན།མདོའི་བཤད་པ་དངོས་མ་ཡིན་པར་ཐལ།གསེར་ཕྲེང་ལས།མཆོད་བརྗོད་དང་དགོས་འབྲེལ་ནི་ཞེས་སོགས་གསུངས་པའི་ཕྱིར།འདོད་ན།བསྟན་བཅོས་ཀྱི་བརྗོད་བྱ་དེ་ཉིད་མཆོད་བརྗོད་ཀྱི་ཡུལ་མ་ཡིན་པར་ཐལ།འདོད་ན།གསེར་ཕྲེང་ལས།སྤྱིར་ནི་མཆོད་བརྗོད་ཀྱི་ཡུལ་དང།དེ་ལ་བསྟོད་ཚུལ་ལ་དུ་མ་ཞིག་ཡོད་ཀྱང་འདིར་ནི་བསྟན་བཅོས་ཀྱི་བརྗོད་བྱ་བསྟོད་ཕྱག་གི་ཡུལ་ཡིན་ཞིང༌།།ཞེས་གསུངས་པའི་ཕྱིར་ཟེར་ན་མི་འཐད་དེ།མཆོད་བརྗོད་དང་བསྟན་བཅོས་བརྗོད་བྱ་མཐུན་པ་ཙམ་གྱིས་མཆོད་བརྗོད་མདོའི་འཆད་བྱེད་དུ་འཇོག་མི་ནུས་ཏེ།དཔེར་ན་ཡུམ་འབུམ་པ་དེ་བསྟན་བཅོས་འདི་དང་བརྗོད་བྱ་མཐུན་ཡང་ཡུམ་གྱི་མདོའི་འཆད་བྱེད་དུ་མི་འཇོག་པ་བཞིན་ནོ།། གཞུང་སྔ་ཕྱིའི་འབྲེལ་བ་མཚམས་སྦྱར་ལ་རག་ལས་པས།དེ་ནས་ཐམས་ཅད་ཤེས་པ་ཉིད།།ཅེས་སོགས་ཀྱིས་མཚམས་སྦྱར་གྱི་སྒོ་ནས་འཆད་པར་པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས་གསུངས་ཀྱང༌།རང་གི་ཡིག་ཆར།རྒྱན་གྱི་མཚམས་སྦྱར་ཐམས་ཅད་ཤུགས་བསྟན་དུ་གསུངས་པ་ནི།གསེར་ཕྲེང་ལས།དེའི་ཕྱིར་རྒྱན་གྱིས་མདོ་འཆད་པའི་མཚམས་སྦྱོར་དངོས་སུ་མེད་ཅིང་ཤུགས་ལ་ཡོད་པ་རྣམས་སློབ་དཔོན་གྱིས་ཅི་རིགས་པ་གསལ་བར་བཀོད་པ་འདི་རྣམས་ཡིན་ལ།ཞེས་གསུངས་པ་དང་མཐུན་ནོ།གལ་ཏེ་འདིར་ཕལ་ཆེ་བའི་དབང་དུ་བྱས་སོ་ཞེ་ན།རྒྱན་གྱིས་མདོ་འཆད་པའི་བརྒལ་ལན་ཡང་དངོས་སུ་མེད་ཅེས་གསུངས་རིགས་པར་ཐལ།དེ་ཕལ་ཆེར་ཤུགས་ལ་བསྟན་པའི་ཕྱིར་ཏེ།དེ་ཉིད་ལས།འགའ་ཞིག་དངོས་སུ་བསྟན་ཅིང་ཕལ་ཆེར་ཤུགས་ལ་བསྟན་པ་རྣམས་ཀྱང་སློབ་དཔོན་གྱིས་གསལ་བར་མཛད་དེ།ཞེས་གསུངས་པའི་ཕྱིར།ཡང་མཁས་པ་ཁ་ཅིག་དེ་ནས་ཐམས་ཅད་ཤེས་པ་ཉིད།།ཅེས་པ་དེ་མཚམས་སྦྱོར་ཡིན་པར་ཐལ།རྗེའི་སྦས་དོན་ཀུན་གསལ་ལས།དེ་ནས་ཞེས་པ་ལ།སྐད་དོད་ཨཱ་ཐ་ཞེས་པ་ཡོད་ལ།དེ་ལ་ན་རོ་པས་ཚུལ་བཞིས་བཤད་དོ།རྩ་རྒྱུད་སྔ་མ་རྗོགས་ནས་དེ་ཕྱི་མའི་རྒྱུད་འཆད་པའི་སྐབས་སྦྱོར་བ་སྟེ།ཞེས་པ་གསུངས་པའི་ཕྱིར་ཟེར་ན།འོ་ན།དེ་ནས་སེང་གེ་རྣམ་བསྒྱིངས་པའི།།ཞེས་པའང་འདིའི་མཚམས་སྦྱོར་ལ་བརྗོད་བྱ་ཁྱད་པར་བ་བསྟན་ཚུལ་གྱི་སྒོ་ནས་མཚམས་སྦྱོར་དགོས་པ་ལ་འདི་ལ་དེ་མེད་པའི་ཕྱིར།
འོ་ན་མཚམས་སྦྱོར་ལ་གྲངས་ཇི་ཙམ་ཡོད་ཅེ་ན།སློབ་དཔོན་ཆོས་བཤེས་ཀྱིས།ཚིག་གསལ་དུ།དེ་ཡང་སྐབས་དང་པོ་ལས་ནི་མཚམས་སྦྱོར་བའི་ཚིག་སུམ་ཅུ་རྩ་དྲུག་སྨོས་ཏེ།ཞེས་པ་ནས།དེ་ལྟར་ན་མཚམས་སྦྱོར་གྱི་ཚིག་ནི་སྤྱིར་ན་བརྒྱ་དང་ལྔ་བཅུ་རྩ་གསུམ་སྨོས་ཏེ།དེ་ལ་སྐབས་ཀྱི་དང་པོར་བསྟན་པ་བརྒྱད་ནི་སྐབས་ཀྱི་གོ་རིམ་ངེས་པའི་མཚམས་སྦྱོར་ཡིན་ལ།ལྷག་མ་རྣམས་ནི་ཅི་རིགས་སུ་སྦྱར་རོ་ཞེས་གསུངས་པ་ལ།མཚམས་སྦྱོར་གྱི་གྲངས་འདི་དང་འགྲེལ་བའི་ཚིག་ཟིན་དང་དོན་ཐོབ་གང་གི་དབང་དུ་བྱས་པ་ཡིན།ཚིག་ཟིན་འདྲེན་པ་ཡིན་ན།སྐབས་དང་པོ་ལ་གྲངས་ལྷག་པའི་སྐྱོན་དང༌།སྐབས་བཞི་པ་དང་བརྒྱད་པ་ལ་གྲངས་ཉུང་བའི་སྐྱོན་དུ་འགྱུར་ལ།དོན་ཐོབ་ཀྱི་དབང་དུ་བྱས་ན་སོ་དྲུག་གི་དོན་གང་ཡིན།དམིགས་རྣམ་རྒྱས་བཤད་ལ་ངེས་འབྱེད་བཞི་ཡོད་པས་མཚམས་སྦྱོར་བཞི་ཐོབ་ཅིང༌།སའི་ཡོངས་སྦྱོང་ལ་ས་གཉིས་པ།ས་གསུམ་པ།བཞི་པ།ལྔ་པ།དྲུག་པ།བདུན་པའི་ཡོངས་སྦྱོང་གཉིས་ལས་དང་པོ།བརྒྱད་པ་དགུ་པའི་ཡོངས་སྦྱོང་སྟེ་ས་བརྒྱད་ཀྱི་ཡོངས་སྦྱོང་བརྒྱད་ལ་མཚམས་སྦྱོར་བརྒྱད་ཐོབ་པས་སོ་དྲུག་ཡིན་ནོ་ཞེ་ན།འོ་ན་གཟུང་རྟོག་དང་འཛིན་རྟོག་གཉིས་ལ་ཡང་མཚམས་སྦྱོར་གཉིས་ཐོབ་པར་ཐལ།དམ་བཅའ་འཐད་པའི་ཕྱིར།གཞན་ཡང་སྐབས་གཉིས་པའི་ཉན་རང་གི་ངེས་འབྱེད་བཞི་ཚན་གཉིས་དང༌།སྐབས་བཞི་པའི་ངེས་འབྱེད་བཞི་ལ་ཡང་མཚམས་སྦྱོར་བཞི་ཐོབ་པར་འགྱུར་ཞེས་བཀག་ཀྱང༌།སྐྱོན་དེ་དག་མེད་དེ།ཆོས་བཤེས་ཀྱིས་སྐབས་དང་པོ་ལ་ཚིག་ཟིན་ཉེར་ལྔ་དང་དོན་ཐོབ་བཅུ་གཅིག་བསྡོམས་པས་སོ་དྲུག་ཏུ་བཞེད་པ་ཡིན་ནོ།།འོ་ན་ཚིག་གསལ་དུ།སྐབས་དང་པོ་ལས་ནི་མཚམས་སྦྱོར་བའི་ཚིག་སུམ་ཅུ་རྩ་དྲུག་སྨོས་ཏེ་ཞེས་གསུངས་པ་དེ་སློབ་དཔོན་ཆོས་བཤེས་ཀྱི་་བཞེད་པ་མ་ཡིན་ནམ་ཞེ་ན།མིན་ཏེ་འདི་ནི་འཆོས་བཤེས་པཎྜི་ཏ་ཐུགས་མཉམ་པར་མ་བཞག་པའི་ཚིག་་ཡིན་པར་ཕྱིར་ཏེ།གསེར་ཕྲེང་ལས།དེས་ན་པཎྜི་ཏས་ཐུགས་མཉམ་པར་མ་བཞག་པའི་ཚིག་འདི་ལྟ་བུ་ལ་ཡང་དཔྱད་པ་མེད་པར་མཁས་པ་རྣམས་ཀྱང་རང་རང་གི་ཊཱིཀར་དང་པོ་ལ་ནི་སོ་དྲུག་ཅེས་སོགས་ཀྱིས་བྲག་ཆ་ལྟར་བརྗོད་པ་མཐོང་བས་འདི་ལ་འབད་ཀྱི།དེ་ལྟར་མིན་འདི་ལ་བརྒལ་ཞིང་བརྟག་པ་དེ་ཙམ་གྱིས་ཅི་ཞིག་བྱ།།ཞེས་དང༌།སྤྱི་དོན་ལས།སློབ་དཔོན་ཆོས་བཤེས་ཀྱིས་བཤད་པ་དེ་པཎྜི་ཏ་ཐུགས་མཉམ་པར་མ་བཞག་པའི་ཚིག་ཡིན་པའི་ཕྱིར།།ཞེས་གསུངས་པའི་ཕྱིར།འོ་ན་སློབ་དཔོན་ཆོས་བཤེས་ཀྱི་མཚམས་སྦྱོར་གྱི་གྲངས་ལ་རྗེ་བླ་མས་དགག་བཞག་བྱས་པ་མི་འཐད་པར་ཐལ།དེ་ལ་དགག་པ་དེ་དག་མི་འཇུག་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།པཎྚི་ཏ་ཐུགས་མཉམ་པར་མ་བཞག་པའི་ཚིག་འདི་ལྟ་བུ་ལ་བརྟེན་ནས་རྗེས་འཇུག་དུ་མས་རང་རང་གི་ཊཱི་ཀར་སྐབས་དང་པོ་ལ་ཚིག་ཟིན་སོ་དྲུག་ཅེས་བྲག་ཆ་ལྟར་བརྗོད་པ་མཐོང་ནས་དེ་དག་འགོག་པའི་ཆེད་དུ་ཡིན་གྱི།ཆོས་བཤེས་འགོག་པ་མ་ཡིན་ནོ།།
འོ་ན་སློབ་དཔོན་ཆོས་བཤེས་ཀྱིས་རྟོག་པ་རྒྱས་བཤད་སྐབས་སུ་གཟུང་རྟོག་དང་འཛིན་རྟོག་གཉིས་ལ་ཡང་མཚམས་སྦྱོར་གཉིས་འཐོབ་པར་བཞེད་པར་ཐལ།དམིགས་རྣམ་རྒྱས་བཤད་ཀྱི་ངེས་འབྱེད་བཞི་ལ་མཚམས་སྦྱོར་བཞི་དང༌།སའི་ཡོངས་སྦྱོང་ལ་ས་བརྒྱད་ཀྱི་མཚམས་སྦྱོར་བརྒྱད་འཐོབ་པར་བཞེད་པ་དང་མཚུངས་པའི་ཕྱིར།འདོད་ན།སྐབས་དང་པོར་འགྱུར་རོ་ཞེ་ན།སྐྱོན་མེད་དེ་ཆོས་བཤེས་ཀྱིས་དམིགས་རྣམ་རྒྱས་བཤད་ཀྱི་མཚམས་སྦྱོར་དུ་འགྲེལ་བ་དོན་གསལ་ལས།བར་སྐབས་ཀྱི་ཚིགས་སུ་བཅད་པ་བདུན་གྱིས་བཤད་དེ།ཞེས་འབྱུང་བ་དང༌།སའི་ཡོངས་སྦྱོང་གི་མཚམས་སྦྱོར་དུ།བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གསུངས་པ།།ཞེས་འབྱུང་བས་དེ་དག་ལ་མཚམས་སྦྱོར་དོན་གྱིས་འཐོབ་པ་ཡོད་མཉམ་དུ་དགོངས་པ་ཡིན་གྱི། རྟོག་པ་རྒྱས་བཤད་ཀྱི་མཚམས་སྦྱོར་ལ་ཚིགས་བཅད་གོང་འོག་གི་གྲངས་དེ་ལྟར་སྨོས་པ་མི་འབྱུང་བས་མི་མཚུངས་སོ་སྙམ་དུ་དགོངས་པའི་ཕྱིར།།ཞེས་པ་འདི་ནི་ཁོ་བོའི་རྣམ་རྟོག་ལ་ཤར་རོ།། འོ་ན་རང་ལུགས་ལ་སྐབས་བཞི་པ་ལ་མཚམས་སྦྱོར་གྲངས་སོ་དྲུག་དང་བརྒྱད་པ་ལ་བཅུ་བཞི་ཡོད་ཀྱང་ཆོས་བཤེས་ཀྱིས་བཞི་ལ་སོ་ལྔ་དང་བརྒྱད་ལ་བཅུ་གསུམ་ལས་མི་འདྲེན་པ་ཇི་ལྟར་ཡིན་ཞེ་ན།དེ་ནི་མཚམས་ཀྱི་གྲངས་དབྱེ་བསྡུ་ཙམ་ལས་ཁྱད་པར་མེད་དེ།དཔེར་ན།བརྒལ་ལན་གཉིས་སོར་སོར་བགྲང་མ་བགྲང་ལས་བཤད་ཐབས་ཡན་ལག་ལྔ་དང་དྲུག་ཏུ་བཤད་པ་བཞིན་ནོ།འོན་ཀྱང་ཆོས་བཤེས་ཀྱི་བཞེད་ཚུལ་འདི་རྣམས་གསེར་ཕྲེང་གི་ཚིག་ཙམ་ལ་བརྟེན་ནས་ཁོ་བོས་རྨོངས་འཆར་བཀོད་པ་ཡིན་གྱི།སྐབས་དང་པོ་ལ་མཚམས་སྦྱོར་དོན་འཐོབ་བཅུ་གཅིག་བཤད་པའི་ཆོས་བཤེས་ཀྱི་གཞུང་ཁུངས་གསལ་མ་མཐོང་བས་མཁས་དབང་རྣམས་ཀྱིས་འདིའི་གཞུང་ཁུངས་གསལ་དང་བཅས་ཏེ་ལན་མཛད་དུ་གསོལ།། རང་ལུགས་ལ་འགྲེལ་བའི་ཚིག་ཟིན་གྱི་མཚམས་སྦྱོར་དུ་ཡོད་ཅེ་ན།གསེར་ཕྲེང་ལྟར་སྐབས་དང་པོ་ལ་༢༨།སྐབས་གཉིས་པ་ལ་༢༣།སྐབས་གསུམ་པ་ལ་༡༤།སྐབས་བཞི་པ་ལ་༣༩།སྐབས་ལྔ་པ་ལ་༢༩།སྐབས་དྲུག་པ་ལ་༡།སྐབས་བདུན་པ་ལ་༦།སྐབས་བརྒྱད་པ་ལ་༡༥།དོན་བསྡུས་༢ཏེ་འགྲེལ་བའི་ཚིག་ཟིན་གྱི་མཚམས་སྦྱོར་༡༥༣ཡོད་དོ།།འོ་ན་གསེར་ཕྲེང་ལས།ཆོས་བཤེས་ཀྱིས་མཚམས་སྦྱོར་གྲངས་བཞེད་ཚུལ་ལ་བརྟག་པའི་སྐབས།སྐབས་དང་པོ་ལ་ཉེར་ལྔ་དང༌།སྐབས་བཞི་པ་དང་བརྒྱད་པ་ལ་རིམ་པ་ལྟར་སོ་དྲུག་དང་བཅུ་བཞི།།ཞེས་སོགས་གསུངས་པ་མི་འཐད་པར་ཐལ།དམ་བཅའ་འཐད་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།སྐབས་དང་པོ་ལ་ཉེར་ལྔ་དང༌།བཞི་པ་དང་སོ་དྲུག་དང༌།བརྒྱད་པ་ལ་བཅུ་བཞི་བགྲངས་པ་ནི།སྐབས་དང་པོ་སྤྱིའི་མཚམས་སྦྱར་དང་སེམས་བསྐྱེད་ཀྱི་ངོ་བོའོ་མཚམས་སྦྱར་ཕྱོགས་གཅིག་ཏུ་བསྡུས།རྟོག་པ་སྤྱིའི་མཚམས་སྦྱར་དང་རྟོག་པ་རྒྱས་བཤད་ཀྱི་མཚམས་སྦྱར་ཕྱོགས་གཅིག་ཏུ་བསྡུས།སྒྲུབ་པ་སྤྱིའི་མཚམས་སྦྱར་དང་གོ་སྒྲུབ་ཀྱི་མཚམས་སྦྱར་ཕྱོགས་གཅིག་ཏུ་བསྡུས་སོ།།དེ་བཞིན་དུ་བཞི་པ་ལ་ཡང་རྣམ་པ་སྤྱིར་བསྟན་པའི་མཚམས་སྦྱར་དང་གཞི་ཤེས་ཀྱི་རྣམ་པ་བསྟན་པའི་མཚམས་སྦྱར་གཉིས་ཕྱོགས་གཅིག་ཏུ་བསྡུས།མཐོང་ལམ་སྤྱིའི་མཚམས་སྦྱར་དང་མཐོང་ལམ་ཕྱིར་མི་ལྡོག་པའི་རྟགས་མདོར་བསྟན་གྱི་མཚམས་སྦྱར་ཕྱོགས་གཅིག་ཏུ་བསྡུས།སྒོམ་ལམ་སྤྱིའི་མཚམས་སྦྱར་དང་སྒོམ་ལམ་གྱི་ཟབ་ཁྱད་ཀྱི་མཚམས་སྦྱར་ཕྱོགས་གཅིག་ཏུ་བསྡུས་སོ།དེ་བཞིན་དུ་བརྒྱད་པ་ལ་ཡང༌།སྐབས་ཀྱི་དང་པོར་བསྟན་པའི་མཚམས་སྦྱར་དང༌།སྐུ་བཞིའི་འབྲེལ་བསྟན་པའི་མཚམས་སྦྱར་ཕྱོགས་གཅིག་ཏུ་བསྡུས་སོ།དེ་དག་གི་རྒྱུ་མཚན་ནི་འགྲེལ་ཆེན་ལས།འདི་ལྟར་རྩ་ཚིག་རང་རང་གི་སྔོན་དུ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང༌།རྟོག་པ་རྒྱས་བཤད་ཀྱི་དེ་ནི་རྒྱན་གྱི་གོ་རིམ་ངེས་པའི་མཚམས་སྦྱོར་མིན་པས་མ་བགྲངས་སོ།ཞེས་གསུངས་པའི་ཕྱིར།དེ་བཞིན་སྐབས་ལྷག་མ་རྣམས་ལ་སྦྱར་ཏེ་ཚིག་ཟིན་གྱི་མཚམས་སྦྱར་གྲངས་འདྲེན་ནི།སྡོམ་ལས།དེའི་ཕྱིར་རང་ལུགས་དང་པོར་བཅུ་གཅིག་དོར།།བཞི་དང་བརྒྱད་པར་ཆད་པའི་གཉིས་བསྣན་པས།།བརྒྱ་དང་ཞེ་བཞི་རང་ལུགས་ཤུལ་དུ་ལུས།།ཞེས་གསུངས་པ་ལྟར་རོ།།
འོན་ཀྱང་དོགས་པ་ཅུང་ཟད་ནི།མཆོད་བརྗོད་དང་དགོས་འབྲེལ་ལུས་རྣམ་གཞག་གསུམ་གྱི་མཚམས་སྦྱར་ཆོས་ཅན།སྐབས་དང་པོའི་མཚམས་སྦྱར་ཡིན་པར་ཐལ།སྐབས་དང་པོའ་ིམཚམས་སྦྱར་གྱི་གྲངས་འཐད་པའི་ཕྱིར།འདོད་ན།མཆོད་བརྗོད་དང་དགོས་འབྲེལ་ལུས་རྣམ་གཞག་གསུམ་པོ་དེ་སྐབས་དང་པོའི་གཞུང་དུ་འཇོག་རིགས་པར་ཐལ།འདོད་ན།དེ་གསུམ་སྐབས་གཉིས་པའི་གཞུང་དུའང་འཇོག་རིགས་པར་ཐལ།འདོད་པ་གང་ཞིག་མཚུངས་པའི་ཕྱིར།འདོད་ན།དེ་གསུམ་གྱི་མཚམས་སྦྱར་དེ།སྐབས་གཉིས་པའི་མཚམས་སྦྱར་དུ་འཇོག་རིགས་པར་ཐལ་ལོ།གཞན་ཡང༌།དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས།།ཞེས་སོགས་ཀྱི་མཚམས་སྦྱོར་དེ་སྐབས་ཀྱི་དང་པོར་བསྟན་པའི་མཚམས་སྦྱོར་མ་ཡིན་པར་ཐལ།འཕགས་པ་བྱམས་པ།ཞེས་སོགས་ཀྱི་གཞུང་དེ་སྐབས་དང་པོའི་མཚམས་སྦྱོར་ཡིན་པའི་ཕྱིར།རྟགས་ཁས།གཞན་ཡང༌།མཆོད་བརྗོད་དང་དགོས་འབྲེལ་གྱི་མཚམས་སྦྱར་ཆོས་ཅན།རྒྱན་གྱིས་མདོ་འཆད་པའི་བཤད་ཐབས་ལྔའི་མཚམས་སྦྱར་ཡིན་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་ན།མཆོད་བརྗོད་དང་དགོས་འབྲེལ་གྱི་གཞུང་གཉིས་ཆོས་ཅན།རྒྱན་གྱིས་མདོ་འཆད་བྱེད་ཡིན་པར་ཐལ།འདོད་ན།གསེར་ཕྲེང་ལས།མཆོད་བརྗོད་དང་དགོས་འབྲེལ་ནི།ཞེས་སོགས་སྔར་དྲངས་པ་དང་འགལ་ལོ།།
གཞན་ཡང༌།རྟོག་པ་རྒྱས་བཤད་ཀྱི་མཚམས་སྦྱོར་དེ་རྒྱན་གྱི་ཤུགས་ལ་བསྟན་པའི་མཚམས་སྦྱར་དུ་མཇོག་གམ་མི་འཇོགཕྱི་མ་ལྟར་ན།སྐབས་དང་པོ་ལ་ཚིག་ཟིན་གྱི་མཚམས་སྦྱོར་ཉེར་བརྒྱད་དུ་བཤད་པ་མི་འཐད་དེ།གསེར་ཕྲེང་ལས།དེ་ལ་མཚམས་སྦྱོར་བརྗོད་པས་ཚིག་གི་གོ་རིམ་རྣམས་འབྲེལ་ལོ།།ཞེས་གསུངས་པའི་ཕྱིར།།གཞན་ཡང༌།རྣམ་པ་སྤྱིར་བསྟན་གྱི་མཚམས་སྦྱར་དང་གཞི་ཤེས་ཀྱི་རྣམ་པའི་མཚམས་སྦྱར་ཕྱོགས་གཅིག་ཏུ་བསྡུས་པ་མི་འཐད་པར་ཐལ།འདི་གཉིས་རྩ་ཚིག་རང་རང་གི་སྔོན་དུ་འབྱུང་བ་མིན་པའི་ཕྱིར།དེར་ཐལ།གཞི་ཤེས་ཀྱི་རྣམ་པའི་མཚམས་སྦྱར་དེ་རྩ་ཚིག་རང་གི་སྔོན་དུ་བྱུང་བ་མིན་པའི་ཕྱིར།དེར་ཐལ།དེ་རྩ་བ་དེའི་རྗེས་སུ་དེའི་དོན་བླངས་ནས་འགྲེལ་བའི་ཕྱིར་དེར་ཐལ།ཕྱི་འགྲེལ་གྱི་མཚམས་སྦྱར་ཡིན་པའི་ཕྱིར།ཁྱབ་སྟེ།གསེར་ཕྲེང་ལས།གང་དག་མཚམས་སྦྱར་གང་ཡིན་སྔ་འགྲེལ་དུ་བཞེད་པ་ནི་སྔ་འགྲེལ་གྱི་དོན་མ་མཁྱེན་པར་ཟད་དེ།རྩ་བ་དེའི་སྔར་དང་རྗེས་སུ་དེའི་དོན་བླངས་ནས་འགྲེལ་བ་ནི་སྔ་འགྲེལ་དང་ཕྱི་འགྲེལ་གྱི་དོན་ཡིན་ན་རྩ་བའི་དོན་སྔར་བླངས་ནས་མི་འགྲེལ་བའི་མཚམས་སྦྱར་དུ་མ་ཡོད་པས་སོ།།ཞེས་གསུངས་པའི་ཕྱིར།གཞན་ཡང༌།འགྲེལ་བས་རྩ་བའི་མཆོད་བརྗོད་ཀྱི་དོན་འཆད་ཚུལ་ལ།གསེར་ཕྲེང་ལས།ཚིགས་བཅད་དང་པོ་འདི་སློབ་དཔོན་གྱིས་བཤད་ཐབས་ལྔའི་སྒོ་ནས་བཀྲལ་ཏེ།རང་ཉིད་ནས་ཆེད་དུའི་བར་གྱིས་དགོས་པ་དང་ཡུམ་ལ་ནས་ཕྱག་འཚལ་བར་གྱིས་བསྡུས་དོན་དང༌།ཚིགས་སུ་ནས་གཙོ་བོ་ཡིན་ནོའི་བར་གྱིས་དགོས་པ་དང༌།དེ་ལ་ནས་བསྟོད་དོའི་བར་ནི་བསྡུས་དོན་ལས་འཕྲོས་ཤིང༌།ཉན་ཐོས་ནས་ཕྱག་འཚལ་གྱི་བར་གྱིས་ཚིག་དོན་དང༌།དེ་ལྟར་ནས་འཐད་པ་ཡིན་ནོའི་བར་གྱིས་བརྒལ་ལན་བསྟན་ལ།མཚམས་སྦྱོར་ནི་དེ་དག་ཐམས་ཅད་ལ་ཡོད་དོ།།ཞེས་གསུངས་ཀྱང༌།རྣམ་བཤད་ལྟར་ན།འཕགས་པ་བྱམས་པ་ནས་ཕྱག་འཚལ་བར་གྱིས་མཚམས་སྦྱར་དང༌།ཚིགས་སུ་ནས་ལྡན་པ་བརྗོད་དེ་བར་གྱིས་བསྡུས་དོན་དང༌།དེ་ཐོས་ནས་གཙོ་བོ་ཡིན་ནོ་བར་གྱིས་དགོས་དོན།དེ་ལ་ནས་བསྟོད་དོ་བར་གྱིས་རྩོད་སྤང་དང༌།ཉན་ཐོས་ནས་ཕྱག་འཚལ་ལོ་བར་གྱིས་ཚིག་དོན་འཆད་པར་གསུངས་ནས།དེ་ལྟར་ནས་འཐད་པ་ཡིན་ནོའི་བར་མཆོད་བརྗོད་ཀྱི་གཞུང་ལ་མ་སྦྱར་བའི་རྒྱུ་མཚན་གང་ཡིན།རྣམ་བཤད་འདི་གཉིས་ཀྱིས་འགྲེལ་བའི་ཡན་ལག་ལྔའི་སྒོ་ནས་རྒྱན་གྱི་མཆོད་བརྗོད་ཀྱི་གཞུང་གི་མཚམས་འཛིན་ཚུལ་མི་འདྲ་བ་གསུངས་པ་ལ་བརྟེན་འགྲེལ་བའི་མཆོད་བརྗོད་འཆད་བྱེད་ཀྱི་ཡན་ལག་ལྔ་འགལ་ལམ་མི་འགལ།གསེར་ཕྲེང་ལས།རང་ཉིད་ནས་འཆད་དོའི་བར་གྱིས་དགོས་པ་དང༌།ཞེས་དང༌།དེས་ན་འདི་དང་འགོག་པ་མེད་པའི་རང་བཞིན་གྱི་མཚམས་སྦྱོར་ལྟ་བུ་ནི་གཉིས་ཀ་ཡིན་ཡང་གཞན་ལ་མ་ངེས་སོ།།ཞེས་པའི་གཞུང་གོང་འོག་དུ་མས་འཕགས་པ་བྱམས་པ་ཞེས་སོགས་འགྲེལ་བས་མཆོད་བརྗོད་དགོས་པའི་སྒོ་ནས་འཆད་བྱེད་ཀྱི་མཚམས་སྦྱོར་ཡིན་པར་གསུངས་པ་དང༌།དེ་ཉིད་ལས།ཤུགས་ལ་བསྟན་པའི་མཚམས་སྦྱོར་དུ་གསུངས་པ་གཉིས་ཇི་ལྟར་ཡིན་པའི་སྐོར་རང་ཅག་རྣམས་ལ་འདོད་པ་ཁེངས་པའི་བློ་སྐྱེད་ཅིག་སྩལ་དུ་གསོལ།ཞེས་ཞུའོ།།
ལྷ་ཡི་ལམ་ནས་ཉི་ཟླ་འཛིན་མར་མ་ལྷུང་ཞིང༌།།རི་ཡི་དབང་པོ་ཆུ་གཏེར་སྨད་གཡོག་མ་གྲོལ་བ།།དེ་སྲིད་འདི་ན་ཡུམ་དོན་དོན་གཉེར་སྐལ་ལྡན་གྱི།།རེ་བ་སྐོང་བའི་དབང་གི་རྒྱལ་པོ་འདི་གནས་ཤོག།།ཅེས་པས་རེ་ཞིག་མཇུག་བསྡུས་སོ།།
སེར་བྱེས་དགེ་བཤེས་ཡ་མ་རིན་ཆེན་གྱི་༢༠༡༠།༩།༩ཉིན།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn
