གསེར་ཕྲེང་མཆོད་བརྗོད་ནས་གཞུང་བཤད་ཐབས་ཀྱི་སྔོན་དུ་འགྲོ་བའི་སྐབས་སོ་ཞེས་པའི་བར་གྱི་དྲིས་ལན།

ཡོང་ཁུངས།   ལེགས་བཤད་གསེར་ཕྲེང་བགློ་གླེང་། རྩོམ་ཤོག་དང་པོ།     སྤེལ་དུས།  2016-01-17 00:17:56     རྩོམ་པ་པོ།   ལྷ་རམས་པ་བློ་བཟང་དོན་གྲུབ།    ཀློག་ཐེངས།  

               ༄༅།། མཆོད་བརྗོད་ནས་གཞུང་བཤད་ཐབས་ཀྱི་སྔོན་དུ་འགྲོ་བའི་སྐབས་སོ་ཞེས་པའི་བར།     ལེགས་བཤད་གསེར་ཕྲེང་གི་ཚིག་དོན་ཅུང་ཟད་འགྲེལ་བ།

       གྲངས་མེད་གསུམ་དུ་རླབས་ཆེན་ཚོགས་བསགས་པས།།གྲངས་མེད་སྲིད་གསུམ་སྐྱེ་བོའི་གཉེན་དུ་གྱུར།།གྲངས་མེད་ལྔ་བརྒྱ་ཐ་མའི་འགྲོ་བ་རྣམས།།གྲངས་མེད་འདྲེན་མཛད་ཐུབ་དབང་ལ་ཕྱག་འཚལ།།མཁས་མང་རྒྱུ་སྐར་དབུས་ན་ཟླ་བ་དང༌།།ཁྲིམས་ལྡན་གསེར་རིའི་དབུས་ན་ལྷུན་པོ་བཞིན།།གངས་ལྗོངས་རྟེན་འབྱུང་ལམ་བཟང་གསལ་མཛད་པ།།འཇམ་མགོན་ཙོང་ཁ་པ་ལ་སྙིང་ནས་འདུད།།འཇམ་མགོན་བླ་མའི་ཡོན་ཏན་རྒྱ་མཚོ་ཆེ།།གཏིང་མཐའ་བྲལ་བས་དེ་ལ་འདི་ཙམ་ཞེས།།བློ་ཆེན་རྣམས་ཀྱང་རྟོགས་པར་མ་གྱུར་ན།།བདག་འདྲས་ཅུང་ཟད་དཔོག་པར་ག་ལ་ནུས།།འོན་ཀྱང་བླ་མའི་གསུང་རྣམས་དྲན་གསོ་དང༌།།སྐུལ་བོའི་བསྐུལ་བའི་གསུང་ཟློག་མ་ནུས་པས།།ལེགས་བཤད་རྒྱ་མཚོའི་ཆུ་ཐིགས་ཙམ་བླངས་ནས།།མཁས་པའི་སྤྱན་སྔར་བླུན་པོའི་གར་བགྱིད་དོ།།

        དེ་ལ་འདིར་འགྲོ་བ་མཐའ་དག་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་རང་ཉིད་ཀྱིས་རྙེད་པའི་འབྲས་བུ་མཆོག་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ།འགྲོ་བ་མཐའ་དག་གི་མགོན་སྐྱབས་དམ་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་དེ་ཉིད་ཀྱིས་སྲིད་པའི་སྡུག་བསྔལ་མ་ལུས་པར་གཞོམ་པའི་ཐབས་སུ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་རྨད་དུ་བྱུང་བའི་དམ་པའི་ཆོས་ཀྱི་བདུད་རྩི་ཇི་སྙེད་ཅིག་བཀའ་བསྩལ་བ་རྣམས་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ནི།ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི་ཉིད་ཡིན་ལ།འདིའི་བརྗོད་བྱ་ལ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ལས།དང་པོ་དེ་ཉིད་གཏན་ལ་འབེབས་པར་བྱེད་པ་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་པའི་ཚོགས་དྲུག་མཛད།སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་གསལ་བར་བྱེད་པ་ལ་རྒྱལ་ཚབ་མི་ཕམ་མགོན་པོས་བསྟན་བཅོས་མངོན་རྟོགས་རྒྱན་མཛད།དེ་གཉིས་ཀྱི་རྗེས་སུ་འབྲངས་པའི་འཕགས་བོད་ཀྱི་པཎ་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པའི་དབུས་ན་ལྷུན་པོ་ལྟར་མངོན་པར་འཕགས་པ་རྗེ་རྒྱལ་བ་གཉིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་ཞེས་མཚན་ཉི་ཟླ་ལྟར་གྲགས་པའི་བདག་ཉིད་ཆེན་པོ་དེ་ཉིད་ཀྱིས་རྩ་འཇུག་གི་ཊི་ཀ་ཆེན་མོ་གཉིས་དང་ལྷག་མཐོང་ཆེ་ཆུང༌།དྲང་ངེས་ལེགས་བཤད་སྙིང་པོ་སོགས་མཛད་དེ་ཤེར་ཕྱིན་གྱི་མདོ་ཡི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རྣམས་གསལ་བར་མཛད།སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་གསལ་བར་མཛད་པ་ལ་ལེགས་བཤད་གསེར་ཕྲེང་སོགས་མཛད།
      གཞུང་ཆེན་མོ་དག་གི་དགོངས་དོན་རྣམས་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་གྱི་རིམ་པར་དྲིལ་བ་ལ།ལམ་རིམ་ཆེ་ཆུང་སོགས་མཛད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་བོད་གངས་ཅན་གྱི་ལྗོངས་སུ་ཉིན་མོ་ལྟར་གསལ་བར་བྱེད་པའི་བསྟན་བཅོས་དུ་མ་ཞིག་བཞུགས་པའི་ནང་ནས་སྐབས་འདིར་གང་གླེང་བར་བྱ་བ་ནི།ལེགས་བཤད་གསེར་ཕྲེང་གི་མཆོད་བརྗོད་ནས་གཞུང་བཤད་ཐབས་ཀྱི་སྔོན་དུ་འགྲོ་བའི་སྐབས་སོ།།ཞེས་པའི་བར་གྱི་ཚིག་དོན་རྣམས་ཅུང་ཟད་སྤྲོས་པ་ལ་འཇུག་གོ།དེ་ཡང་གསེར་ཕྲེང་ལས།འདིའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ་ཡང་དུ་མ་ཞིག་ཡོད་ཀྱང་གཙོ་བོར་གྱུར་པ་ནི།ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཞེས་སྔ་མ་རྣམས་ལ་གྲགས་སོ།།ཞེས་སོགས་ཀྱིས་མཁས་པ་སྔ་མ་རྣམས་ཀྱིས་བཞེད་པའི་ཤིང་རྟའི་སྲོལ་འབྱེད་བཞིའི་ངོས་འཛིན་དང༌།སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས།དེ་དག་ཤིང་རྟའི་སྲོལ་འབྱེད་ཡིན་མིན།གསེར་ཕྲེང་གི་དགོངས་པ་གང་སོང་སོགས་ཅུང་ཟད་བཤད་ན།ཐོག་མར་རྗེ་བླ་མས།སྔ་རབས་པའི་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་བཞིའི་ངོས་འཛིན་ནི།རྗེ་བཙུན་བྱམས་མགོན་དང་འཕགས་པ་ཀླུ་སྒྲུབ།སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་ཁ་ཆེ་མཆེ་བའི་སྡེ་བཅས་བཞི།དེ་ཡང་རྗེ་བཙུན་བྱམས་མགོན་གྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་གཏན་ལ་འབེབས་པ་ལ་བསྟན་བཅོས་མངོན་རྟོགས་རྒྱན་མཛད།འཕགས་པ་ཀླུ་སྒྲུབ་ཀྱིས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་རྣམས་གཏན་ལ་འབེབས་པ་ལ་དབུ་མ་རིགས་ཚོགས་དྲུག་མཛད།དབུ་མ་རིགས་ཚོགས་དྲུག་ནི།རྩ་བ་ཤེས་རབ།ཞིབ་མོ་རྣམ་འཐག།སྟོང་ཉིད་བདུན་ཅུ་པ།རྩོད་ཟློག།རིན་ཆེན་ཕྲེང་བ།རིགས་པ་དྲུག་ཅུ་པའོ།འདི་ལ་ཁ་ཅིག་གིས།རིན་ཆེན་ཕྲེང་བ་དོར་ཏེ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་ཏུ་འདྲེན་པ་ནི།མི་འཐད་དེ་ཚད་ལྡན་གྱི་གཞུང་དུ་མ་ནས་གོང་ལྟར་དྲངས་པའི་ཕྱིར།ཡང་འགའ་ཞིག་གིས་རྩ་བ་ཤེས་རབ་སྟོང་ཉིད་བདུན་ཅུ་པ་ལས་འཕྲོས་པར་འདོད་པ་དེ་ཡང་མི་འཐད་དེ།སྟོང་ཉིད་བདུན་ཅུ་པ་རྩ་ཤེས་རབ་འབྱེད་བདུན་པ་ལས་འཕྲོས་པ་ཚད་ལྡན་གྱི་གཞུང་ཀུན་ལ་གསལ་བས་སོ།།མཁས་པ་འགའ་ཞིག་གིས་ག་ལས་འཇིགས་མེད་དེ་ཉིད་དབུ་མ་རྩ་བ་ཤེས་རབ་ཀྱི་རང་འགྲེལ་དུ་འདོད།དེ་བཞིན་དུ་བསྟན་འགྱུར་དཀར་ཆག་ལས་ཀྱང་དབུ་མ་རྩ་བའི་རང་འགྲེལ་ལས་འཇིགས་མེད་བམ་པོ་བདུན་པ་ཞེས་གསལ་ལོ།།གནས་ལྔ་རིག་པའི་པཎྚི་ཏ་ཆེན་པོ་མཁས་གྲུབ་བསྟན་དར་སོགས་ཀྱིས།དེ་ཉིད་རྩ་ཤེའི་རང་འགྲེལ་དུ་འདོད་པ་མི་འཐད་དེ།ག་ལས་འཇིགས་མེད་དུ་འཕགས་པ་ལྷའི་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པའི་ཕྱིར་དང་དེས་རྩ་ཤེས་ཀྱི་དཀའ་བའི་གནད་མ་བཤད་པའི་ཆ་དུ་མ་ཡོད་པའི་ཕྱིར།།ཞེས་ག་ལས་འཇིགས་མེད་རྩ་ཤེས་ཀྱི་རང་འགྲེལ་ཡིན་པ་བཀག་གོ།སློབ་དཔོན་ཕྱོགས་ཀྱི་གླང་པོས་བརྒྱད་སྟོང་པའི་དོན་རྣམས་དོན་ཚན་སོ་གཉིས་སུ་བསྡུས་ཏེ་གཏན་ལ་འབེབས་པ་ལ་བརྒྱད་སྟོང་དོན་བསྡུས་མཛད།ཁ་ཆེ་མཆེ་བའི་སྡེ་ཡུམ་གསུམ་སྟེ།འབུམ།ཉི་ཁྲི་ལྔ་སྟོང་པ།ཁྲི་བརྒྱད་སྟོང་པ་གསུམ་གྱི་དོན་རྣམས་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གིས་སྒོ་ནས་གཏན་ལ་འབེབས་པ་ལ་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་མཛད་དོ།།བརྒྱད་སྟོང་དོན་བསྡུས་ཀྱིས་བརྒྱད་སྟོང་པའི་དོན་རྣམས་དོན་ཚན་སོ་གཉིས་སུ་བསྡུས་ནས་བཀྲལ་ཚུལ་ནི།དེ་ཉིད་ལས།རྟེན་དང་དབང་དུ་བྱ་བ་དང༌།།ཞེས་སོགས་གསུངས་པ་ལྟར་རྟེན་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང༌།དེ་ཡང་དེས་ཟབ་མོ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའི་རྒྱུ་མཚན་གྱིས་རྟེན་དུ་བཞག་གོ།དབང་དུ་བྱ་བ་ནི་དེའི་འཁོར་ཉན་ཐོས་དང་བྱང་སེམས།ལས་ནི་ཡུམ་ལ་ཇི་ལྟར་སྤྱོད་པ་སྟེ་ཇི་བཞིན་ཉམས་སུ་ལེན་ཚུལ་དང༌།སྒོམ་པ་ལ་རྣམ་གཡེང་གི་རྟོག་པ་བཅུ་ཡི་གཉེན་པོ་བཅུ།དེ་ནི་གདམས་ངག་གི་སྐབས་སུ་འབྱུང་བའི་གདམས་ངག་བཅུ་བཤད་པ་དེ་ཡིན་ནོ།།

    རྣམ་གཡེང་གི་རྟོག་པ་བཅུ་ནི།དངོས་པོ་མེད་པར་རྟོག་པ།ངོ་བོར་རྟོག་པ།སྒྲོ་འདོགས་པའི་རྟོག་པ།སྐུར་བ་འདེབས་པའི་རྟོག་པ།གཅིག་ཏུ་རྟོག་པ།ཐ་དད་དུ་རྟོག་པ།ངོ་བོ་ཉིད་དུ་རྟོག་པ།ཁྱད་པར་དུ་རྟོག་པ།མིང་ཇི་ལྟ་བ་བཞིན་དུ་དོན་རྟོག་པ།དོན་ཇི་ལྟ་བ་བཞིན་དུ་མིང་རྟོག་པ་སྟེ་བཅུ་ཡིན་ཏེ།སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པའི་དོན་བསྡུས་ཀྱི་འགྲེལ་པ་ལས།བྱང་ཆུབ་སེམས་པ་ལས་དང་པོ་བ་རྣམས་ཀྱིས་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་རྣམ་པ་བཅུ་ནི་འདི་ལྟ་སྟེ།དངོས་པོ་མེད་པའི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་དང༌།ཞེས་པ་ནས་དོན་ཇི་ལྟ་བ་བཞིན་མིང་ཡིན་པའི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་སྟེ།།ཞེས་གསུངས་པའི་ཕྱིར།རྣམ་གཡེང་གི་རྟོག་པ་དེ་དག་གི་དབང་གིས་སོ་སོ་སྐྱེ་བོ་རྣམས་ཀྱི་སེམས་གཟུགས་སྒྲ་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་ལ་འཕྲོ་བར་བྱེད་པས་འབྲས་བུ་རྣམ་མཁྱེན་སྒྲུབ་མི་ནུས་པ་ཡིན་ཏེ།འགྲེལ་པ་དེ་ཉིད་ལས།འདི་སྐད་དུ་གང་གི་ཕྱིར་སེམས་ཀྱི་རྣམ་པར་གཡེང་བ་འདི་རྣམས་ཀྱིས་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་རྣམས་ལ་ཁྱེར་བ་དེས་ན།ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སྒྲུབ་མི་ནུས་སོ།།ཞེས་གསུངས་སོ།འདི་དང་མདོ་ལས་དགེ་སློང་དག་འདོད་པ་ལ་སེམས་གཡེང་བའི་དཀའ་ཐུབ་དང་ཁ་ཏོན་ལ་སོགས་པ་ནི་འབྲས་བུ་མེད་པར་འགྱུར་རོ།།ཞེས་དང༌།སྤྱོད་འཇུག་ལས།བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན།།ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌།།སེམས་གཞན་གཡེང་བས་བྱས་པ་ནི།།དེ་ཉིད་རིག་པས་དོན་མེད་གསུངས།།ཞེས་གང་ཟག་གི་སེམས་གཞན་དུ་གཡེང་བའི་དབང་གིས་བཟླས་བརྗོད་དང་དཀའ་ཐུབ་སོགས་རྣམ་དཀར་གྱི་ལས་གང་བྱས་ཀྱང་འདོད་པའི་འབྲས་བུ་མི་འབྱིན་པས་ངལ་བ་དོན་མེད་དུ་གསུངས་པ་རྣམས་གནད་གཅིག་གོ།ཇི་སྐད་དུ་ཡང་བརྒྱད་སྟོང་དོན་བསྡུས་ལས།གཞན་ལས་སེམས་ནི་རྣམ་གཡེང་པས།།བྱིས་པ་རྣམས་ལ་གཉིས་མེད་ཀྱི།།ཡེ་ཤེས་སྒྲུབ་པའི་སྐལ་བ་མེད།།ཅེས་གསུངས་པའི་ཕྱིར།།རབ་དབྱེ་ལ་སྟོང་ཉིད་བཅུ་དྲུག་རྟགས་ནི་བདུད་ཀྱི་ལས་དང་ཕྱིར་མི་ལྡོག་པའི་རྟགས་སོ།བདུད་ལས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེར་ཕྱིན་འབྲི་བ་དང་ཀློག་པ་ལ་ལྗོངས་ལ་སོགས་པ་ཕྱི་རོལ་ཡུལ་ལ་རྣམ་པར་རྟོག་པ་སྐྱེ་བ་གང་ཡིན་པ་དེ་བདུད་ཀྱིས་བྱས་པ་ཡིན་པས།བདུད་ཀྱི་ལས་སོ།ལྟུང་བ་ནི་ཤེར་ཕྱིན་སྤངས་ནས་ངན་སོང་དུ་སྐྱེ་བ།ཕན་ཡོན་ནི་འབྲས་བུ་སྟེ་སྟོང་གསུམ་རིན་ཆེན་སྣ་བདུན་གྱིས་བཀང་ནས་སྦྱིན་པ་བྱིན་པ་བས་ཤེར་ཕྱིན་འབྲི་བ་སོགས་བསོད་ནམས་ཆེ་བ་སྟེ།དོན་ཚན་སོ་གཉིས་སུ་བསྡུས་ཏེ་བརྒྱད་སྟོང་པའི་དོན་བྱམས་མགོན་གྱི་དབུས་མཐའ་དང་ཐོགས་མེད་ཀྱིས་ཐེག་བསྡུས་སུ་ཇི་ལྟར་བཤད་པ་བཞིན་བཀྲལ་ལོ།།

          དོན་ཚན་སོ་གཉིས་པོ་དེ་ལྟར་འཐད་དེ་དོན་བསྡུས་ལས།འདི་དག་ཐམས་ཅན་ཞར་ལ་ནི།།བརྗོད་པ་ཡིན་ཏེ་གཙོ་བོའི་དོན།།སུམ་ཅུ་རྩ་གཉིས་དེ་དག་ཉིད།།ཅེས་དང་དེའི་འགྲེལ་བ་ལས་འདིར་ཡང་བརྗོད་པར་བྱ་བའི་དོན་ནི།སུམ་ཅུ་རྩ་གཉིས་ཁོ་ན་སྟེ།ལྷག་པ་མ་ཡིན་མ་ཆོག་པ་ཡང་མ་ཡིན་ནོ།དེ་ལ་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་བཅུ་དང་སྟོང་པ་ཉིད་རྣམ་པ་བཅུ་དྲུག་དང༌།རྟེན་དང་དབང་དུ་བྱ་བ་དང་ལས་དང་རྟགས་དང་ཉེས་དམིགས་དང་ཕན་ཡོན་ཞེས་བྱ་བ་བཞན་རྣམ་པ་དྲུག་གོ་ཞེས་གསུངས་པའི་ཕྱིར།།འོ་ན་གསེར་ཕྲེང་ལས་སྟོང་ཉིད་བཅུ་དྲུག་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟེང་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བགྲང་རྒྱུ་ཡིན་པ་ལ་དང་པོ་དོར་ནས་མི་དམིགས་པ་སྟོང་པ་ཉིད་བགྲངས་པ་ནི།རྩ་བ་དང་འགལ་ལོ།།ཞེས་སོགས་ཀྱི་སྟོང་ཉིད་བཅུ་དྲུག་གི་གྲངས་འདྲེན་ཚུལ་དང་རྩ་བ་དང་འགལ་ཞེས་པའི་རྩ་བ་དེ་གང་ལ་འཇོག་ཅེ་ན།རྩ་བ་ནི་བརྒྱད་སྟོང་དོན་བསྡུས་ལ་འཇོག་དགོས་ཏེ།འདིར་དོན་བསྡུས་ཀྱི་དོན་ཚན་སོ་གཉིས་གཏན་ལ་འབེབས་པའི་སྐབས་གང་ཞིག་བརྒྱད་སྟོང་དོན་བསྡུས་ཀྱིས་སྟོང་ཉིད་བཅུ་དྲུག་བགྲང་སྐབས།མི་དམིགས་པ་སྟོང་པ་ཉིད་དོར་ནས་དངོས་པོ་མེད་པ་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་བགྲངས་པའི་ཕྱིར།དེར་ཐལ།བརྒྱས་སྟོང་དོན་བསྡུས་ལས།གང་ཕྱིར་བདག་སོགས་ལོག་ལྟ་ནི།།ཆེན་པོ་གཅོད་མཛད་དེ་ཡི་ཕྱིར།།བཅོམ་ལྡན་འདས་ཀྱིས་རྣམ་ཀུན་ཏུ།།གང་ཟག་བདག་མེད་ཉིད་དུ་གསུངས།།ཞེས་པས་དངོས་པོ་མེད་པ་སྟོང་པ་ཉིད་བསྟན་པ་ཡིན་ཏེ་དེའི་འགྲེལ་པ་ལས།དེ་བཞིན་དུ་སྟོང་པ་ཉིད་ཀྱི་དབྱེ་བ་གཞན་སྟོན་པའི་དོན་དུ་གསུངས་པ་ནི།གང་ཕྱིར་བདག་སོགས་ལྟ་བ་ནི།།ཞེས་བྱ་བ་ལ་སོགས་པའོ།།གང་ཞིག་ཕུང་པོ་ལ་སོགས་པ་ལས་ཐ་དད་པར་གཞན་དག་གི་ཀུན་བརྟགས་པ་དེ་ནི་བདག་གོ་སོགས་པའི་སྒྲས་ནི་སེམས་ཅན་དང་སྲོག་ལ་སོགས་པ་བདག་གི་རྣམ་གྲངས་རྣམས་བཟུང་ངོ༌།བདག་ལ་སོགས་པ་གང་ཡིན་པ་ཞེས་བསྡུ་བར་བྱའོ།།བདག་ལ་སོགས་པའི་ཡུལ་ལ་ལྟ་བ་སྟེ་འཛིན་ཅིང་ལྷག་པར་ཞེན་པའོ།།བདག་ལ་སོགས་པར་ལྟ་བ་གཅོད་མཛད་དེ་འཇིག་པར་རབ་ཏུ་མཛད་པའོ།།དེ་སུའི་ཞེ་ན།བྱང་ཆུབ་སེམས་དཔའི་འོ།།ཇི་ལྟར་གྱུར་པ་ཞིག་ཅེ་ན།ཆེན་པོའོ།།འདིའི་ཆེན་པོ་ཉིད་ཀྱང་འཁོར་པ་ཇི་སྲིད་བར་འཇུག་པའི་ཕྱིར་རོ།།གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཅི་ཞིག་ངེས་ཤེ་ན།བཅོམ་ལྡན་འདས་ཀྱིས་རྣམ་ཀུན་ཏུ།།གང་ཟག་བདག་མེད་ཉིད་དུ་གསུངས།།ཞེས་བྱ་བར་ངེས་སོ།རྣམ་ཀུན་ཏུ་ཞེས་བྱ་བ་ནི་ངེས་པ་ཁོ་ནར་རོ།།གསུངས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་སྩལ་བར་གྱུར་པའོ།བསྟན་པ་འདིས་ཀྱང་དངོས་པོ་མེད་པ་སྟོང་པ་ཉིད་བརྗོད་དོ།།ཞེས་དངོས་པོ་མེད་པ་སྟོང་པ་ཉིད་བསྟན་པའི་ཕྱིར།ཡང༌།དོན་བསྡུས་ལས།ཆོས་རྣམས་ཐམས་ཅད་མ་སྐྱེས་ཞེས།།བརྗོད་པར་མཛད་པས་དེ་བཞིན་དུ།།དེ་ཉིད་རིག་པས་རྣམ་ཀུན་ཏུ།།ཆོས་ཀྱི་བདག་མེད་གསུངས་པ་ཡིན།།ཞེས་པ་འདིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྟན་པ་ཡིན་ཏེ།དེའི་འགྲེལ་པ་ལས་འདིས་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྟན་ཏེ།དངོས་པོ་མེད་པའི་ངོ་བོ་ཉིད་རྣམས་ཀྱི་སྟོང་པ་ཉིད་ཅེས་བྱ་བའི་ཚུལ་གྱིས་སོ།།ཞེས་གསུངས་པའི་ཕྱིར།།ཁ་ཆེ་མཆེ་བའི་སྡེས་ཡུམ་དོན་ཇི་ལྟར་བཀྲལ་བའི་ཚུལ་ནི་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གིས་སྒོ་ནས་གཏན་ལ་འབེབས་པའི་ཕྱིར།སྒོ་གསུམ་ནི་སྒོ་སྨོས་པས་གོ་བ་རྣམས་ལ་གང་ཟག་གང་གིས་དགོས་པ་གང་གི་ཕྱིར་ཆོས་གང་ལ་ཚུལ་ཇི་ལྟར་བསླབ་ཚུལ་སྟོན་པ་བསྡུས་ཏེ་བསྟན་པའི་སྒོ།རྣམ་མཁྱེན་རྫོགས་ཀྱི་བར་གྱིས་རྣམ་པར་སྤྲོས་ནས་གོ་བ་རྣམས་ལ་སྟོན་པ་འབྲིང་དུ་བསྟན་པའི་སྒོ་ཡོངས་སུ་རྫོགས་ཀྱི་བར་གྱིས་ཚིག་འཆེལ་བ་སྟེ་ཚིག་གི་རྗེས་སུ་འབྲངས་པ་རྣམས་ཀྱི་དོན་དུ་བསྟན་པ་རྒྱས་པར་བཤད་པའི་སྒོའོ།།རྣམ་གྲངས་བཅུ་གཅིག་ནི།དང་པོ་ཤཱ་རིའི་བུ་ལ་བཀའ་བསྩལ་ནས་བཤད་པའི་རྣམ་གྲངས་གཅིགདེ་ནས་རབ་འབྱོར་གྱིས་རྒྱས་པར་བཤད་པ་ནི་གཉིས་པའོ།།

            དེ་ནས་བརྒྱ་བྱིན་དང༌།རབ་འབྱོར།བྱམས་པ།རབ་འབྱོར།བརྒྱ་བྱིན།རབ་འབྱོར།བྱམས་པ།རབ་འབྱོར།དེ་ནས་ཀུན་དགའ་བོ་ལ་བཀའ་བསྩལ་ནས་ཡོངས་སུ་གཏད་པའོ།།འོ་ན་དེ་ལྟར་གནོད་འཇོམས་འདིར་སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས།ཁ་ཆེ་མཆེ་བའི་སྡེས་མཛད་པར་གྲགས་ལ་ཞེས་དང༌།ཡང་རྩོམ་པ་དམ་བཅའི་རྐང་པ་འདི་གཉིས་གནོད་འཇོམས་གཉིས་ཀ་ལ་ཁྱད་པར་མེད་པ་དང་ཞེས་སོགས་ཀྱིས་གནོད་འཇོམས་གཉིས་ཀྱི་ངོས་འཛིན་དང༌།མཛད་པ་པོ་སུ།དེ་གཉིས་གཞུང་གང་གི་འགྲེལ་བ་ཡིན།གྲུབ་མཐའ་སུའི་ལུགས་སུ་བཀྲལ་བ་སོགས་ཇི་ལྟར་ཡིན་སྙམ་ན།འདི་ལ་ཀུན་མཁྱེན་བུ་སྟོན་པས་ཡུམ་གསུམ་གནོས་འཇོམས་མཛད་པ་པོ་སློབ་དཔོན་དབྱིག་གཉེན་ཡིན་པར་འདོད།གཞུང་འདིས་ལྟ་བའང་སེམས་ཙམ་དུ་བཀྲལ་ཞེས་འདོད་དེ།བུ་སྟོན་ཆོས་འབྱུང་ལས།འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ།ཞེས་དང༌།བསྟན་འགྱུར་དཀར་ཆག་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང༌།ཉི་ཁྲི་ལྔ་སྟོང་པ་དང་ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ།བམ་པོ་ཉི་ཤུ་རྩ་བདུན་པ།སུ་རནྡྲ་བོ་དྷི་དང་བནྡེ་ཡེ་ཤེས་སྡེས་བསྒྱུར་བ་བཞུགས་སོ།།ཀུན་མཁྱེན་བུས་འདི་ལ་ཁ་ཅིག་དཾཥྚ་སེ་ནས་མཛད་ཟེར་མོད་ཀྱི།སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་གི་འགྲེལ་པར་བཞེད་པ་ཉིད་འཐད་པར་རྟོགས་ཏེ།རྒྱ་འགྲེལ་རྣམས་སུ་ལུང་དྲངས་པའི་གཞུང་རྣམས་དེ་ན་སྣང་བའི་ཕྱིར།འདིས་ལྟ་བ་སེམས་ཙམ་དུ་བཀྲལ་ཞིང་འདི་དང་འབུམ་གྱི་ཊིཀ་ཆེ་བ་གཉིས་ཀ་སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་འཆད་དོ།ཞེས་གསུངས་པའི་ཕྱིར།།འདིའི་མཛད་པ་པོ་སློབ་དཔོན་དབྱིག་གཉེན་དུ་འདོད་པ་མི་འཐད་དེ།གཞུང་འདིར་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའ་ིརྣམ་རྟོག་བརྒྱད་ཉི་ཁྲི་རྣམ་འགྲེལ་དུ་ཁ་འཕངས་པ་བཞིན་དུ་དེར་ཡོད་ཅིང༌།སློབ་དཔོན་དབྱིག་གཉེན་གྱི་མཛད་པའི་གཞུང་དུ་བཙུན་པ་རྣམ་གྲོལ་སྡེས་གཞུང་ཁ་འཕངས་མཛད་མི་རིགས་པའི་ཕྱིར་དང༌།དབྱིག་གཉེན་གྱི་གཞུང་དུ་གཞན་དབང་དང་ཡོངས་གྲུབ་གཉིས་བདེན་གྲུབ་ཏུ་བསྒྲུབས།གཞུང་འདིས་དེ་གཉིས་བདེན་པར་གྲུབ་པ་རིགས་པས་དཔྱད་བཟོད་དུ་བཀག་པའི་ཕྱིར།གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་ཡུམ་གྱི་མདོ་ཡི་དགོངས་དོན་དགོངས་འགྲེལ་བཞིན་བྱེད་དགོས་པར་རྣམ་བཤད་རིགས་པ་ལས་བཤད་པ་དང༌།བཤད་ཚུལ་ཆེས་མི་མཐུན་པས་དབྱིག་གཉེན་མ་ཡིན་པར་གྲུབ་པའི་ཕྱིར།དེར་ཐལ།དྲང་ངེས་ལེགས་བཤད་སྙིང་པོ་ལས།འདི་ལས་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་པ་བཞིན་དུ་ཉི་ཁྲི་རྣམ་འགྲེལ་ན་ཡོད་ཅིང༌།གཞན་དབང་དང་ཡོངས་གྲུབ་གཉིས་ཀ་ཡིན་ལུགས་དཔྱོད་པའི་རིགས་པས་དཔྱད་བཟོད་བཀག་པའི་ཕྱིར་དང༌།དབྱིག་གཉེན་གྱིས་ཡུམ་གྱི་མདོ་ཡི་དགོངས་པའི་དོན་དགོངས་འགྲེལ་གྱི་བཤད་པ་བཞིན་དུ་བྱེད་དགོས་པར་རྣམ་བཤད་རིགས་པ་ལས་བཤད་པ་དང༌།བཤད་ཚུལ་ཆེས་ཤིན་ཏུ་མི་མཐུན་པའི་ཕྱིར་དབྱིག་གཉེན་གྱིས་མཛད་པ་མིན་ལ།སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་དཾཥྚ་སེ་ནས་མཛད་པར་གྲགས་པ་ལྟར་ཡིན་ནོ།།ཞེས་གསུངས་པའི་ཕྱིར།འདིའི་དཾཥྚ་སེ་ནི་ཁ་ཆེ་མཆེ་བའི་སྡེའི་མིང་གཞན་ནོ།།

           ཡང་འགའ་ཞིག་གིས།འབུམ་རྐྱང་པའི་གཞུང་འགྲེལ་གནོད་འཇོམས་ཞེས་པ་འདི་སློབ་དཔོན་དཾཥྚ་སེ་ནས་མཛད་ཅེས་འདོད་པ་ཡོད་དེ།བསྟན་འགྱུར་དཀར་ཆག་ལས།སློབ་དཔོན་དཾཥྚ་སེ་ནས་མཛད་པར་གྲགས་པའི་འབུམ་གྱི་ཊི་ཀ་ལེའུ་ལྔ་བཅུ་གཉིས་པའི་འཕྲོ་ལ་ལུས་པ་བཞུགས།ཞེས་གསུངས་པའི་ཕྱིར།དེ་ནི་མི་འཐད་དེ།འདིའི་མཛད་པ་པོ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡིན་པའི་ཕྱིར་ཏེ།ལེགས་བཤད་གསེར་ཕྲེང་ལས།ཕྱི་མ་འདི་འཕང་ཐང་གི་དཀར་ཆག་ཏུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་ཞེས་འབྱུང་བས་རྒྱལ་པོས་མཛད་པ་ཡིན་ནོ།།ཞེས་གསུངས་པའི་ཕྱིར།འདིས་ལྟ་བ་སེམས་ཙམ་དུ་བཀྲལ་ཞེས་པའང་མི་འཐད་དེ།དེ་ལྟ་ན་དེས་སྟོང་ཉིད་བདེན་གྲུབ་སོགས་སུ་བཤད་དགོས་པ་ལས་སྟོང་ཉིད་བཅུ་དྲུག་བཤད་པའི་སྐབས་སུ་སྟོང་ཉིད་བདེན་པར་མ་གྲུབ་པ།མྱང་འདས་བདེན་པར་མ་གྲུབ་པ།འདུས་མ་བྱས་ལ་བདེན་གྲུབ་མེད་པ་སོགས་གསུངས་པའི་ཕྱིར།དེར་ཐལ།ཡུམ་གསུམ་གནོད་འཇོམས་ལས།གལ་ཏེ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིིས་སྟོང་པ་མ་ཡིན་ན།དེ་ལྟ་ན་ནི་མི་སྟོང་པའི་ཆོས་ཤིག་ཡོད་པར་གྱུར་པས།ཞེས་དང༌།ཡང་མྱ་ངན་ལས་འདས་པ་ཡང་མྱ་ངན་ལས་འདས་པས་སྟོང་ཞེས་བྱ་བ་ནི།ཞེས་སོགས་ཀྱིས་དོན་དམ་དང་སྟོང་ཉིད་བདེན་པར་མ་གྲུབ་པ་དང༌།ཡང་ཉན་ཐོས་ཀྱི་ཚུལ་གྱིས་ཀྱང་འདི་དག་དོན་དམ་པར་ཡོད་པ་མ་ཡིན་ན།སྟོང་པ་ཉིད་ཀྱི་ཚུལ་ལ་ལྟ་སྨྲོས་ཀྱང་ཅི་དགོས་ཏེ།ཞེས་འདུས་མ་བྱས་བདེན་གྲུབ་མེད་པར་གསུངས་པའི་ཕྱིར།དེ་སྐད་དུ་ཡང་ཡེ་ཤེས་ཀྱི་ཚོགས་ཀྱི་སྐབས་སུ་གསེར་ཕྲེང་ལས།དེ་ཡང་གསུམ་གྱི་གནོད་འཇོམས་སུ་ཞེས་པ་ནས་འདི་དག་ལས་གཞན་པའི་ཤིང་རྟ་ཆེན་པོ་སུ་ཡང་མི་བཞེད་པས།མཁས་པ་རྣམས་ཀྱིས་མཆིལ་མའི་ཐལ་བ་བཞིན་དུ་དོར་བ་རིགས་སོ།།ཞེས་པའི་བར་གྱིས་དོན་དམ་དང་སྟོང་ཉིད་རང་གི་ངོ་བོས་སྟོང་པ་དང་འདུས་མ་བྱས་དོན་ལ་མ་གྲུབ་པར་གསུངས་པ་སོགས་གནོད་འཇོམས་ཁུངས་སུ་དྲངས་ནས་རྒྱས་པར་གསལ་བར་གསུངས་སོ།།རང་གི་ལུགས་ལ།གནོད་འཇོམས་གཉིས་ནི་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་དང༌།འབུམ་རྐྱང་པའི་གཞུང་འགྲེལ་གནོད་འཇོམས་ཞེས་པ་འདི་གཉིས་ཡིན་ལ།སྔ་མའི་མཛད་པ་པོ་ནི་དཾཥྚ་སེ་སྟེ་ཁ་ཆེ་མཆེ་བའི་སྡེ་ཡིན་ཅིང༌།ཕྱི་མའི་མཛད་པ་པོ་ནི་རྒྱལ་པོ་ཁྲི་སོང་ལྡེ་བཙན་ཡིན་ནོ།སྔ་མ་ནི་འབུམ།ཉི་ཁྲི་ལྔ་སྟོང་པ།ཁྲི་བརྒྱད་སྟོང་པ་སྟེ་ཡུམ་གསུམ་གྱི་གཞུང་འགྲེལ་ཡིན་ལ།ཕྱི་མ་ནི་འབུམ་རྐྱང་པའི་གཞུང་འགྲེལ་ཡིན་ནོ།།

          འོ་ན་བཞི་པོ་དེ་དག་ཤིང་རྟའི་སྲོལ་འབྱེད་ཡིན་ནམ་ཞེ་ན།སློབ་དཔོན་ཕྱོགས་གླང་ཤེང་རྟའི་སྲོལ་འབྱེད་མ་ཡིན་ཏི།དེས་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་འབྲངས་ནས་བྱམས་ཆོས་དང་ཐེག་བསྡུས་སོགས་དང་མཐུན་པར་ལྟ་བ་གཏན་ལ་འབེབས་པའི་ཕྱིར།ཁ་ཆེ་མཆེ་བའི་སྡེའང་ཤེང་རྟའི་སྲོལ་འབྱེད་མ་ཡིན་ཏེ།དེས་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ནས་དབུ་མ་རིགས་ཚོགས་དང་མཐུན་པར་ལྟ་བ་གཏན་ལ་འབེབས་པའི་ཕྱིར།ཡང་ན་དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང་ཤུགས་བསྟན་སྟོང་ཉིད་བཤད་པ་ན་གདུལ་བྱའི་རྒྱུད་ལ་མངོན་རྟོགས་སྐྱེས་པའི་རིམ་པ་རྣམས་རྒྱན་གྱིས་བཀྲལ་བས་རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱིས་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ༌།།ཞེས་བྱ་བ་ཡང་གནས་སོ།།ཞེས་གསུངས་པ་ལས་རྗེ་བཙུན་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་ཡིན་པར་དངོས་སུ་མ་བཀག།གསུང་འདི་ལ་བརྟེན་ནས་མཁས་པ་འགའ་ཞིག་གིས་རྗེ་བཙུན་བྱམས་མགོན་ཤེར་ཕྱིན་མདོ་ཡི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ཡིན་ཡང་སྤྱིར་ཤིང་རྟའི་སྲོལ་འབྱེད་མ་ཡིན་པ་ལྟ་བུར་གསུངས།ཡང་མཁས་པ་འགའ་ཞིག་གི་གོང་དུ་དྲངས་པའི་རྗེའི་གསུང་དེ་ཉིད་ཀྱིས་རྗེ་བཙུན་ཤིང་རྟའི་སྲོལ་འབྱེད་དུ་འདོད་ཀྱང་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་མི་ཡི་རྟེན་ཅན་གྱི་ཤིང་རྟའི་སྲོལ་འབྱེད་མ་ཡིན་པར་བཞེད།མཁས་གྲུབ་བསྟན་དར་བ་སོགས་མཁས་པ་མང་པོས་རྗེ་བཙུན་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་ཡིན་པ་བཀག་ནས་ཤིང་རྟའི་སྲོལ་འབྱེད་ལ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཁོ་ནར་གྲངས་ངེས་པར་བསྒྲུབས།དེའི་ཤེས་བྱེད་ཀྱང་ལེགས་བཤད་སྙིང་པོ་དང་རྣམ་བཤད་སྙིང་རྒྱན།སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་མང་ངོ༌།གསེར་ཕྲེང་གི་གཞུང་འདིས་རྗེ་བཙུན་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་བསྟན་པ་མ་ཡིན་ཏེ།དེས་དགའ་ལྡན་དུ་ཤིང་རྟའི་སྲོལ་འབྱེད་གཞན་གྱིས་རྗེས་སུ་མ་འབྲངས་པར་མདོ་ཡི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་འབེབས་པར་བྱས་པའི་དོན་ཡིན་པའི་ཕྱིར།།སྟོང་ཉིད་བཅུ་དྲུག་གི་སྐོར་ཅུང་ཟད་དཔྱད་པ།དངོས་པོ་མེད་པ་སྟོང་པ་ཉིད་དོར་ཏེ་མི་དམིགས་པ་སྟོང་པ་ཉིད་བཅུ་དྲུག་ཏུ་བགྲངས་པ་དེ།རྗེ་བླ་མའི་དགོོངས་པ་ཡིན་ནམ་མིན།དང་པོ་ལྟར་ན་མི་འཐད་དེ།སྟོང་ཉིད་བཅུ་དྲུག་བགྲང་སྐབས་དང་པོ་དོར་ནས་མི་དམིགས་པ་སྟོང་པ་ཉིད་བགྲང་དགོས་པའི་ཕྱིར།དེར་ཐལ།ཡུམ་གྱི་མདོ་དང་དབུ་མ་མཇུག་པ།མཇུག་པ་རང་འགྲེལ།དགོངས་པ་རབ་གསལ་སོགས་ཀྱིས་དེ་ལྟར་བགྲངས་པའི་ཕྱིར།དང་པོ་དེར་ཐལ།ཡུམ་གྱི་མདོ་ལས།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་འདི་ལྟ་སྟེ།ནང་སྟོང་པ་ཉིད་དང་ཞེས་པ་ནས་རང་གི་མཚན་ཉིད་སྟོང་པ་ཉིད་དང༌།མི་དམིགས་པ་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ་ཞེས་པའི་བར་གསུངས།གཉིས་པ་དེར་ཐལ།འཇུག་པ་ལས།ད་ལྟ་བ་འདི་མི་གནས་ཤིང༌།།ཞེས་པ་ནས།།མི་དམིགས་ཞེས་བྱའི་སྟོང་ཉིད་དོ།།ཞེས་པའི་བར་གསུངས།གསུམ་པ་དེར་ཐལ།འཇུག་པ་རང་འགྲེལ་ལས།འདས་དང་མ་འོངས་པ་ཉིད་ཞིག་པ་དང་མ་སྐྱེས་པའི་ཕྱིར་ལ།།ཞེས་པ་ནས།འདི་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ།།ཞེས་གསུངས་སོ།ཞེས་པའི་བར་གསུངས།བཞི་པ་དེར་ཐལ།དགོངས་པ་རབ་གསལ་ལས།རང་གི་མཚན་ཉིད་སྟོང་པ་ཉིད་དང༌།མི་དམིགས་པ་སྟོང་པ་ཉིད་དང༌།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ།།ཞེས་སྟོང་ཉིད་བཅུ་དྲུག་བསྟན་ནས།ཞེས་གསུངས་པའི་ཕྱིར།གཉིས་པ་རྗེ་བླ་མའི་དགོངས་པ་མིན་ན།མི་འཐད་དེ་བརྒྱད་སྟོང་དོན་བསྡུས་སོགས་དང་འགལ་བ་མ་ཟད་དོན་བསྡུས་ཀྱི་དགོངས་པ་དེ་ཡུམ་གྱི་མདོ་ཡི་དགོངས་པ་མིན་ནམ།ཞེེས་སོགས་དཔྱད་པར་བྱའོ།།དེ་ལས་འཕྲོས་ནས་སྟོང་ཉིད་བཅུ་དྲུག་པོ་སྟོང་གཞི་ཆོས་ཅན་ཁོ་ནའི་སྒོ་ནས་འཇོག་གམ་མི་འཇོགནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་གཉིས།འདུས་བྱས་སྟོང་པ་ཉིད་དང་འདུས་མ་བྱས་སྟོང་པ་ཉིད་གཉིས་སོགས་འགལ་ལམ་མི་འགལ་དཔྱད།ཡང་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་ལས།དེའི་ཕྱིར་གཉིས་སྟོང་གང་ཡིན་པ།།དེ་ནི་དེ་ཡིའང་དེ་ཉིད་ཡིན།།ཞེས་པའི་དོན་འགྲེལ་ཚུལ་ལ་མཁས་གྲུབ་བསྟན་དར་བས་གཟུགས་གཟུགས་འཛིན་ཚད་མ་དང་རྫས་གཞན་གྱིས་སྟོང་པ་དེ་གཟུགས་ཀྱི་སྟེང་གི་སྟོང་པ་ཡིན་པར་མ་ཟད།གཟུགས་འཛིན་ཚད་མ་གཟུགས་དང་རྫས་གཞན་གྱིས་སྟོང་པ་དེ་གཟུགས་འཛིན་ཚད་མའི་སྟེང་གི་སྟོང་ཉིད་ཡིན་གྱི།གཟུགས་ཀྱི་སྟེང་གི་སྟོང་ཉིད་དང་གཟུགས་འཛིན་ཚད་མའི་སྟེང་གི་སྟོང་ཉིད་གཉིས་འགལ་བ་ཁོ་ནར་བཞེད།མཁས་པ་འགའ་ཞིག་གིས་གཟུགས་འཛིན་རྫས་གཞན་གྱི་སྟོང་པ་དེ།གཟུགས་ཀྱི་གནས་ལུགས་ཡིན་པ་མ་ཟད་གཟུགས་འཛིན་ཚད་མའི་སྟེང་གི་སྟོང་ཉིད་ཀྱང་ཡིན་ཞེས་གསུངས།ཡང་མཁས་པ་འགའ་ཞིག་གིས་གཟུགས་གཟུགས་ཀྱི་སྟོང་ཉིད།གཟུགས་འཛིན་དབང་མངོན་གྱི་སྟོང་ཉིད།གཟུགས་འཛིན་ཚད་མའི་སྟོང་ཉིད།གཟུགས་འཛིན་ཚད་མ་ཉམས་མྱོང་གི་རང་རིག་གི་སྟོང་ཉིད་རྣམས་དོན་གཅིག་པར་གསུངས།དེས་ན་སེམས་ཙམ་པའི་ལུགས་ལའང་ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་སོགས་འགལ་བ་ཡིན་མིན་དཔྱད་རྒྱུ་ཡོད་དོ་ཞེས་གཟུར་གནས་རྣམ་དཔྱོད་ཅན་རྣམས་ལ་དཔྱད་པའི་སྒོ་ཙམ་ཞིག་བསྟན་ཏོ།།ཤིང་རྟའི་སྲོལ་འབྱེད་སྐོར་ཅུང་ཟད་དཔྱད་པ།འགའ་ཞིག་གི་རྗེ་བཙུན་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་དུ་འདོད་པ་དང༌།ཡང་རྗེ་བཙུན་བྱམས་པ་ཡིན་ན་རྒྱན་རྩོམ་པ་པོའ་ིརྗེ་བཙུན་བྱམས་པ་ཡིན་པའི་ཁྱབ་པ་ལྟ་བུ་གསུངས།དེ་ལ་འདི་ལྟར་དོགས་ཏེ་ཤིང་རྟའི་སྲོལ་འབྱེད་ཡིན་ན་འཛམ་གླིང་འདིར་མདོ་དོན་རང་དབང་དུ་འགྲེལ་བ་ཞིག་དགོས་ཀྱི།རྗེ་བཙུན་གྱིས་དགའ་ལྡན་དུ་ཡུམ་གྱི་ཟབ་དོན་དབུ་སེམས་གཉིས་ཀའི་སྲོལ་ཕྱེ་བ་ལས་འཛམ་གླིང་འདིར་མདོ་དོན་རང་དབང་དུ་འགྲེལ་བར་མཛད་པ་མ་གྲུབ་པའི་ཕྱིར།གཞན་ཡང་དེ་ལྟ་ན།རྗེ་བཙུན་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་དང་སངས་རྒྱས་འཕགས་པའི་གཞི་མཐུན་དུ་འགྱུར་བས་མི་འཐད་དེ།ཤིང་རྟའི་སྲོལ་འབྱེད་ཡིན་ན་བྱང་སེམས་འཕགས་པ་ཡིན་དགོས།སངས་འཕགས་དང་བྱང་འཕགས་གཉིས་ཀྱི་གཞི་མཐུན་ཁས་ལེན་ན་མི་མཛེས་སོ་སྙམ་པ་ནི་ཁོ་བོའི་རྣམ་རྟོག་ལ་འཆར་ཚུལ་ལོ།།ཡང་མཁས་པ་འགའ་ཞིག་གིས་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་ཀྱི་ཟུར་དུ་འཛམ་གླིང་འདིར་མདོ་དོན་རང་དབང་དུ་འགྲེལ་བ་ཞེས་གསུངས།

        འོ་ན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་འཛམ་གླིང་འདིར་མདོ་དོན་རང་དབང་དུ་འགྲེལ་ཚུལ་ཇི་ལྟར་ཡིན།རྒྱ་གར་དུ་མདོ་དོན་རང་དབང་དུ་འགྲེལ་བ་ཙམ་གྱིས་འཛམ་གླིང་འདིར་མདོ་དོན་རང་དབང་དུ་འགྲེལ་བ་ལ་བཞག་པ་ཡིན་ནམ།ཡང་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་ས་གསུམ་ན་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ནམ་མིན།ཡིན་ན་འཛམ་གླིང་འདིར་ཞེས་དམིགས་སུ་བཀར་བ་ལ་དགོས་པ་ཅི་ཡོད།མ་ཡིན་ན་ལེགས་བཤད་སྙིང་པོ་ལས་ས་གསུམ་འགྲོ་ལ་ཉི་ལྟར་གསལ་མཛད་པ།།ཀླུ་སྒྲུབ་ཐོགས་མེད་ཞབས་ལ་སྤྱི་བོས་འདུད།།ཅེས་དེ་གཉིས་ཀྱིས་ས་གསུམ་ན་ཤིང་རྟའི་སྲོལ་ཕྱེ་བ་བསྒྲུབས་པ་མ་ཡིན་ནམ།།ཞེས་དཔྱད་དོ།།བཤད་བྱ་རྩ་བའི་མདོའ་ིསྐོར་ཅུང་ཟད་དཔྱད་པ།འོ་ན་མངོན་རྟོགས་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ལ་དུ་ཡོད་ཅེ་ན།བོད་ཀྱི་མཁས་པ་སྔ་མ་རྣམས་ཡུམ་སྲས་བཅུ་བདུན་དུ་གྲངས་ངེས་པ་དང༌།ཡུམ་སྲས་ཀྱི་དོན་ཡང་དངོས་བརྒྱད་དོན་བདུན་ཅུ་ཆ་ཚང་བར་བསྟན་པ་ལ་ཡུམ་དང་དེ་ལྟར་མི་བསྟན་པར་ཕྱོགས་རེ་བ་ཙམ་བསྟན་པ་ལ་སྲས་ཞེས་བཞེད་དོ།།གསེར་ཕྲེང་ལས་སྨྲི་ཏིས་མཛད་པར་གྲགས་པ་འབུམ་ཉི་ཁྲི།ཁྲི་བརྒྱད་སྟོང་པ་སྟེ།ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་སྟེ།དེ་ལྟར་མདོ་དང་སྦྱར་བའི་འགྲེལ་པ་བཅུ་གཉིས་དང་བསྟུན་ན་འདིའི་རྩ་བའི་མདོར་བཞིའམ་ལྔར་གསལ་ལོ།།ཞེས་གསུངས།འདི་ལ་མཁས་པ་འགའ་ཞིག་གིས་དེ་ལ་རྒྱས་འབྲིང་བསྡུས་གསུམ།ཁྲི་བརྒྱད་སྟོང་པ་དང་བཞིར་གྲངས་ངེས་ཞེས་གསུངས།དེ་ལ་གསུམ་ཉིད་བཞག་པ་ལ་འདི་ལྟར་དོགས་ཏེ།མངོན་རྟོགས་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ཞེས་པ་ནི་མངོན་རྟོགས་རྒྱན་གྱི་རྗོད་བྱེད་ལ་སྐབས་བརྒྱད་དང་བརྗོད་བྱ་ལ་དངོས་པོ་བརྒྱད་དུ་ཕྱེ་བའི་སྒོ་ནས་གཏན་འབེབས་སུ་རུང་ཞིང་དེ་ལྟར་གཏན་ལ་ཕབ་པའི་ཚད་ལྡན་གྱི་འགྲེལ་པ་ཡོད་པའི་ཤེར་ཕྱོགས་ཀྱི་མདོ་ཞིག་ལ་འཇོག་དགོས་ཏེ།གསེར་ཕྲེང་ལས།དེས་ན་རྒྱན་འདིས་བསྟན་པའི་མངོན་རྟོགས་ཀྱི་རིམ་པ་རྣམས་དང་སྦྱར་རུང་ཡོད་པའི་མདོ་རྣམས་ནི་འདིའི་རྩ་བའི་མདོ་ཡིན་ལ།ཞེས་གསུངས།དེ་ལྟར་སྡུད་པ་དེ་འདིའི་བཤད་བྱ་རྩ་བའི་མདོར་འཇོག་དགོས་ཏེ་སྡུད་པ་དང་རྒྱན་གཉིས་སྦྱར་བའི་ཚད་ལྡན་གྱི་འགྲེལ་པ་དུ་མ་ཡོད་པའི་ཕྱིར་ཏེ།སློབ་དཔོན་གྱིས་མཛད་པའི་སྡུད་འགྲེལ་རྟོགས་སླ་སོགས་ཡོད་པའི་ཕྱིར།གཞན་ཡང༌།གསེར་ཕྲེང་ལས་འདིའི་བཤད་བྱ་རྩ་བའི་མདོ་ལ་བཞིའམ་ལྔར་གསལ་བར་གསུངས་པས་དེ་ལ་རྒྱས་འབྲིང་བསྡུས་གསུམ་ཉིད་བཞག་པ་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ།གཞན་ཡང་ཁྲི་བརྒྱད་སྟོང་པའང་འདིའི་རྩ་བའི་མདོར་འགྱུར་ཏེ་དེ་དང་སྦྱར་བའི་ཚད་ལྡན་གྱི་འགྲེལ་པ་ཡོད་པའི་ཕྱིར།དེར་ཐལ།ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་དེ་དེ་ཡིན་པའི་ཕྱིར།གསེར་ཕྲེང་ལས་བཞིའམ་ལྔ་ཞེས་གསུངས་པས་བཞི་པ་དེ་སྡུད་པ་དང་ལྔ་པ་དེ་ཁྲི་བརྒྱད་སྟོང་པ་ལ་འཇོག་དགོས་པ་མ་ཡིན་ནམ།གལ་ཏེ་དེ་ཉིད་བཤད་བྱ་རྩ་བའི་མདོར་འདོད་ན་རྩ་བའི་མདོ་ལ་རྒྱས་འབྲིང་བསྡུས་གསུམ་ཉིད་བཞག་པ་དང་སྡུད་པ་དང་བཞི་ཁོ་ནར་བཞག་པ་སོགས་ཇི་ལྟར་འཐད།ཡང་རྒྱས་འབྲིང་བསྡུས་གསུམ་ཁྲི་བརྒྱད་སྟོང་པ་དང་བཞིར་གྲངས་ངེས་འདོད་པ་ལ་འདི་ལྟར་དོགས་ཏེ།དེ་ལྟ་ན་ཁྲི་བརྒྱད་སྟོང་པ་དང་རྒྱན་གཉིས་སྦྱར་བའི་ཚད་ལྡན་གྱི་འགྲེལ་པ་ཞིག་ཡོད་དགོས་པ་ལས་དེ་མེད་པའི་ཕྱིར།ཁོ་ན་རེ།དེ་དང་རྒྱན་སྦྱར་བའི་ཚད་ལྡན་གྱི་འགྲེལ་པ་ཡོད་དེ།ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་དེ་དེ་ཡིན་པའི་ཕྱིར།།ཞེས་གསུངས་ན།དེ་ལྟ་ན་དེ་འབུམ་དང་སྦྱར་བའི་འགྲེལ་པ་དང་ཉི་ཁྲི་དང་སྦྱར་བའི་འགྲེལ་པ་ཡང་འགྱུར་བས་མདོ་རྒྱན་སྦྱར་བའི་འགྲེལ་པ་ལ་བཅུ་གཉིས་ལས་ལྷག་པ་ཡོད་པར་འགྱུར་རོ།།ཞེས་རྒྱལ་བའི་བསྟན་པ་ལ་དག་ཐེར་གྱི་ཚུལ་དུ་བཀོད་པ་ལས་མཁས་པ་གོང་མ་དག་ལ་དགག་པར་བྱ་བ་གཏན་ནས་མ་ཡིན་ནོ།། 

   འདོད་ཆུང་ཆོག་ཤེས་སྦྱངས་པའི་ཡོན་ཏན་ལ།།གནས་ནས་འཆད་རྩོད་རྩོམ་པའི་དུས་འདའ་ཞིང༌།།ངོ་ཚ་ཁྲེལ་ཡོད་གོས་ཀྱིས་མཛེས་པ་ཡི།།གཟུར་གནས་མཁས་པ་རྣམས་ལ་སྐྱེས་སུ་འབུལ།། ཇི་སྲིད་དཔྱད་གླེང་འདི་ཡིས་སྐྱེ་བོ་ཀུན།།རྒྱལ་བ་གཉིས་པའི་ཞིང་དུ་མ་འབྱོར་བར།།དེ་སྲིད་གཞུང་ལུགས་འདི་ཡི་རྣམ་དཔྱོད་ཀྱིས།།ཕན་བདེ་ཟད་པ་མེད་པར་འཇོ་གྱུར་ཅིག།ལེགས་བཤད་གསེར་ཕྲེང་གི་ཚིག་དོན་ཅུང་ཟད་འགྲེལ་བ་འདི་གཉའ་ཁྲི་ཆོས་རིག་ཞབས་ཞུ་རིས་མེད་བོད་ཀྱི་དཔེ་མཛོད་ཁང་གིས་བསྐུལ་བ་ལྟར་བདག་གིས་ཀྱང་གསེར་ཕྲེང་གི་བགྲོ་གླེང་འདི་ཆེས་རླབས་ཆེན་གྱི་བསྟན་པའི་བྱ་བ་ཞིག་ཏུ་མཐོང་ནས་འབད་པ་ལྷུར་བླངས་པ་འདིས་རྗེ་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་ཀུན་ཏུ་གནས་པའི་རྒྱུ་རུ་གྱུར་ཅིག།ཅེས་ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་༩ཚེས་༡༠ལ་སེར་སྨད་སྤོ་འབོར་དགེ་བཤེས་ལྷ་རམས་པ་བློ་བཟང་དོན་གྲུབ་ཀྱིས་ཕུལ།།

གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ། 
དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn

བརྒྱུད་འགོད།