ཁྲོ་བཅུའིི་བསྲུང་འཁོར་རྡོ་རྗེའི་གོ་ཁྲབ།
བླ་མ་དང་ཁྲོ་བོ་བཅུའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་ལ་འདིར་ཁྲོ་བོ་བཅུའི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས། ཐོག་མར་རང་ཉིད་སྐད་ཅིག་གིས་དཔའ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པར་གྱུར་པར་བསམ་ལ། བསང་ཆུས་གཏོར་ལ། ཨོཾ་ཧྲིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་ཀྱིས་བགེགས་བསངས། སྭཱ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ། ཞེས་པ་ནས། ཨོཾ་ཨཱཿཧཱུཾ་ལན་གསུམ་བརྗོད་ལ་ནང་མཆོད་བྱིན་གྱིས་བརླབས། མཆོད་པ་བྱིན་བརླབ་ནི། ཧྲཱིཿཥྚྲཱིཿས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་ཞེས་པ་ནས། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར་པར་བསམ་ལ། ཨོཾ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟའི་བར་གྱིས་བྱིན་གྱིས་བརླབས། དེ་ནས། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་ཁྲོ་བོ་བཅུའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་ཀར་ཐིམ། གང་གི་དྲིན་གྱི་བདེ་ཆེན་གནས། །ཞེས་སོགས་ཀྱི་ཕྱག་བྱ། རང་གི་ཐུགས་ཀ་ནས་ལྷ་མོ་མཆོད་རྫས་ཐོགས་པ་དཔག་མེད་སྤྲོས་ཏེ། ཨོཾ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད་པར་བསམ་ལ། ལྷ་མོ་རྣམས་སླར་སྙིང་ཀར་བསྡུའོ། དེ་ནས། སྡིག་པ་རྣམས་ནི་བཤགས་པར་བྱ། །ཞེས་སོགས་བརྗོད་ལ། སྡིག་བཤགས་ཡི་རང་བསྔོ་བ་སྐྱབས་འགྲོ་སེམས་བསྐྱེད་ལུས་འབུལ་བ་ལམ་ལ་བརྟེན་པ་རྣམས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང༌། དེ་བཞིན་དུ་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང༌། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པའི་དགའ་བ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་དང་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་སྙོམས་ལ་གནས་པར་བྱའོ།། སྙམ་པའི་བཏང་སྙོམས་ཚད་མེད་དེ། ཚད་མེད་བཞི་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱན་བཛྲ་སྭ་བྷཱ་ཝ་ཨཏྨཀོ྅ཧཱཾ། རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་ཅེས་པ་ནས། བདག་མེད་པའི་སྟོང་པར་གྱུར་སྙམ་དུ་བསམ་ལ། ཡུལ་སྟོང་པ་ཉིད་དང༌། ཡུལ་ཅན་ཡེ་ཤེས་དབྱེར་མེད་པའི་བདག་ཉིད་དུ་མོས་ལ། ཆོས་སྐུ་ལ་ང་རྒྱལ་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་གཞུ་ལྟ་བུ་རྒྱལ་མཚན། ཞེས་པ་ནས། ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བར་གྱུར། པར་བསམ་པ་ནི་བསྲུང་འཁོར་ཐུན་མོང་པའོ། །ཐུན་མོང་མ་ཡིན་པ་ནི། རྭ་བའི་དབུས་སུ་བྷྲུཾ་ལས་བཀའི་འཁོར་ལོ་སེར་པོ་རབ་ཏུ་འབར་བ་གཡས་བསྐོར་དུ་འཁོར་བ་རྩིབས་བཅུ་ལྟེ་བ་དང་བཅས་པ། ལྟེ་བའི་ནང་དང་རྩིབས་ལ་ཅུང་ཟད་མ་རེག་པའི་གནས་རྣམས་སུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གསུམ་གསུམ། གདན་དབུས་མའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རང་ཉིད་གཙུག་ཏོར་འཁོར་ལོས་བསྒྱུར་བ་ལྗང་སེར་མི་བསྐྱོད་པའི་ཅོད་པཎ་ཅན། ལྗང་སེར་དཀར་དང་དམར་བའི་ཞལ། ཞེས་པ་ནས། ཕྱོགས་བཅུར་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་གྱུར་པར་བསམ་ལ། གཅོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་པ་ནས། ཤཔྟའི་བར་གྱིས་མཆོད། ཨོཾ་བཛྲ་ནས་ཨོཾ་ཨཱཿཧཱུཾ་གིས་ནང་མཆོད་དབུལ།
བསྟོད་པ་ནི། གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་བོ་ཕྱོགས་བཅུའི་བགེགས་ཚོགས་འདུལ་ལ་བསྟོད། །བཞད་པའི་གད་རྒྱངས་འབར་བའི་མཆེ་བ་ཅན། །ལྟོས་འགྲོའི་དོ་ཤལ་སྤྱན་རྩ་གློག་ལྟར་འཁྱུག །ཡན་ལག་རྣམ་དག་དུས་མཐའི་མེ་དཔུང་འོད། །སྟོབས་ཆེན་ཁྲོ་བོ་བཅུ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཟླས་པ་ནི་ལཱ་ལི་ཏའི་གཞུང་ལས་ཁྲོ་བོ་བཅུའི་སྔགས་མ་བྱུང་ཡང༌། བཟླས་པ་བྱ་བར་འདོད་ན། གཞུང་གཞན་ནས་འབྱུང་བའི་སྔགས་བཟླ་གསུངས་པའི་སྔགས་ནི་མངོན་བརྗོད་ཀྱི་ཁྲོ་བོ་བཅུའི་སྔགས་ཡིན་པ་མཁས་གྲུབ་རྗེའི་ཟིན་བྲིས་དག་ལས་འབྱུང་ལ། ཁྲོ་བཅུ་ཞལ་གཅིག་ཕྱག་གཉིས་པ་དང་སྔགས་འདི་དང་འཁོར་ལོ་དང་བཅས་པའི་མན་ངག་ཡོད། ཡེ་ཤེས་ཞབས་ལུགས་ཁྲོ་བཅུ་འདི་ལྟ་བུ་ཞལ་གསུམ་ཕྱག་དྲུག་ཡིན་ལ། སྔགས། ཨུཥྞཱི་ཥ་ཙཀྲ་ཝརྟི་སརྦ་ལོ་ཀི་ཀ་སོགས་འདོན་པར་བཤད་པས་དེའི་མན་ངག་ལྟར་ཡང་བྱ། སྔགས་འདི་ལ་ཨ་བྷ་ཡས། མན་སྙེར་འཁོར་ལོ་བཀོད་པ་བདེ་མཆོག་ནས་བཤད་དེ། གུར་ལས་འབྱུང་བ་ནི། ནམཿས་མནྟ་བུདྡྷ་ནཱཾ། ན་མཿས་མནྟ་དྷརྨཱ་ནཾཱ། ན་མཿས་མནྟ་སཾ་གྷཱ་ནཾ། ཨོཾ་སི་ཏ་ཏ་བ་ཏྲེ། ཨོཾ་བི་མ་ལེ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱ་ངྒི་ར། བཛྲ་ཨུཥྞཱི་ཥ་ཙཀྲ་ཝརྟི། སརྦ་ཡནྟྲ། མནྟ། མཱུ་ལ་ཀརྨ་ནཾ་བྷན་དྷ་ནཾ། ཏྲ་ཏྲཱ་ནཾ། ཀཱི་ལ་ནཾ་བཱ་མ་མ་ཀྲྀ་ཏེ། ཡེ་ན་ཀེ་ན། ཙིཏྟ་ཀྲི་ཏཾ་ཏཏ། སརྦནྟུ། ཚིན་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། ཙི་རི་ཙི་རི། གི་རི་གི་རི། མཱ་ར་མཱ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་པའི་སྔགས་འདི་མན་ངག་གི་གནད་ལྔ་དང་ལྡན་པར་བཟླས་ན། བར་ཆད་སྤྱི་དང་ཁྱད་པར་བྱད་ཁ་རྦོད་གཏོང་བཟློག་པ་ལ་བསྔགས་པར་གསུངས་པས་སྐབས་འདིར་ཡང་བཟླ་བར་བྱ་བ་ནི་སྔགས་རིམ་དང་ཌོ་མ་དྷི་བའི་དགོངས་པའོ། །སྔགས་འདི་འགྲོ་འདུག་སྐབས་སུ་བཏོན་ན་བར་ཆད་མི་ཡོང་བར་བཤད་ཅིང༌། སྡིག་སྒྲིབ་འདག་པ་སོགས་བདེ་མཆོག་རྩ་རྒྱུད་ལས་བཤད། འདུལ་བྱའི་བགེགས་རྣམས་ཕྱོགས་མཚམས་ཀྱི་སྒོ་ནས་བཅུར་བསྡུས་ཏེ་དེ་དག་འདུལ་བྱེད་ཁྲོ་བོ་བཅུར་མཛད་ནས། ཕྱོགས་མཚམས་བསྲུང་བའི་དོན་དུ་བསྲུང་འཁོར་གྱི་གཙོ་བོའི་བཀའ་བསྒོས་ནས་འཇོག་པ་འདི་སྔགས་མ་བཟླས་ཀྱང་བསྲུང་བའི་མཆོག་ཡིན་པས་དེ་ལྟར་བཀོད་ནས། བགེགས་ཚར་གཅོད་པ་ཡང་ཡང་དྲན་པར་བྱས་ནས་རང་གི་ལྷའི་སྒོམ་བཟློས་སོགས་བྱ་བར་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་བཞེད་པས་གྲུབ་ན་ཤིན་ཏུ་ལེགས། དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། མདུན་དུ་ཁྲོ་བོ་བཅུ་འཁོར་དང་བཅས་པ་བསྐྱེད་ལ། གཏོར་སྔགས་ནི། ཨོཾ་ཨཱཿབཛྲ་ཨཱཥྟཱ་ཥ་ཙཀྲ་ཝརྟི་ཧཱུཾ། ཨོཾ་ཡ་མཱན་ཏ་ཀྲྀ་ཏ་ཧཱུཾ་ནས། སུམ་བྷཱ་རཱ་ཛ་ཧཱུཾ་ཧཱུཾ་སརྦ་དུ་ཥྚ་ནས་མ་ཡ་མུ་ཏྲ་པྲ་བྷཉྫ་ཀ་མ་མ་ཤིནྟཾ་རཀྵ་ཙ་ཀུ་རུ་སྭཱཧཱ། ཞེས་པ་ཨ་བྷ་ཡ་དང༌། རྗེ་ཡབ་སྲས་ཀྱིས་བཀོད་པ་འདིས་ཕུལ། མཇུག་ཆོག་སྤྱི་འགྲོ་ལྟར་བྱ། མན་ངག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །ཞེས་ཁྲོ་བཅུའིི་བསྲུང་འཁོར་རྡོ་རྗེའི་གོ་ཁྲབ་ཅེས་བྱ་བ་འདི་ནི་རྩ་བའི་བླ་མའི་བཀའ་སྩལ་དང་དུ་བླངས་ཏེ་ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྲད་རྡོ་རྗེ་འཆང་གི་གསུང་ལས་རྒྱུན་ཁྱེར་དུ་བཀོད་པ་འདིས་ཀྱང་སེམས་ཅན་ལ་ཕན་པར་གྱུར་ཅིག །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn