ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་བརྟན་གཡོའི་དུག་ཀུན་ཞི་མཛད་བདུད་རྩིའི་ཆར་ཆེན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 21:26:11     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

144830942193100754.jpg

    བླ་མ་དང་རྡོ་རྗེ་འཆང་དབྱེར་མེད་པའི་ཞབས་ལ་ཕྱག་འཚལ་ལོ། སངས་རྒྱས་རྣམ་འཕྲུལ་རྡོ་རྗེ་ཁྱུང་ཁྲའི་ལས། །དང་པོའི་སངས་རྒྱས་རྒྱུད་ལས་གསུངས་པ་བཞིན། །མངོན་རྟོགས་ལྷན་ཐབས་བདུད་རྩིའི་བུམ་བཟང་འདི། །ས་ཡི་བདག་པོའི་ཐུགས་དམ་ཆེད་དུ་སྤེལ། །འདིར་དང་པོའི་སངས་རྒྱས་ཀྱི་ངོ་བོ་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ་སྒྲུབ་པར་འདོད་པས་མཆོད་པ་ལྔ་དང༌། གཏོར་མ་གཉིས་བཤམས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། ཨོཾ་སྭ་བྷ་ཝས་སྟོང་པར་སྦྱངས། སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པར་གྱུར། སྟོང་བའི་ངང་ལས་པཾ་ལས་པདྨ་དང་ཟླ་བ་ཉི་མ་སྒྲ་གཅན་གྱི་སྟེང་དུ་ཀླུའི་རྒྱལ་པོ་སོག་མ་མེད་སྦྲུལ་གྱིས་གཙུག་ཕུད་བྱས་པ་སེར་པོ་མགོ་གཡས་སུ་བསྟན་པའི་སྟེང་དུ་རང་གི་སེམས་ཡི་གེ་ཁྲོཾ་ལྗང་ཁུ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། བརྟན་གཡོའི་དུག་ཐམས་ཅད་ཞི་བར་བྱས། སེམས་ཅན་ཐམས་ཅད་དུས་ཀྱི་འཁོར་ལོའི་ངོ་བོར་བཀོད། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་ཐམས་ཅད་བསྡུས་ཏེ་ཁྲོཾ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ་ཞབས་གཉིས་ཙོག་པུར་བཞུགས་པ། བརླ་མན་ཆད་སའི་རང་བཞིན་སེར་པོ། ལྟོ་བ་ཆུའི་རང་བཞིན་དཀར་པོ། སྟོད་མེའི་རང་བཞིན་དམར་པོ། མགོ་བོ་རླུང་གི་རང་བཞིན་ནག་པོ། གཤོག་པ་དང་སྤྱི་བོ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་པ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཀླུ་དཀར་ཕྱོགས་ལ་དགའ་བ་རྣམས་རྗེས་སུ་འཛིན་ཅིང༌། གཡོན་སྡིགས་མཛུབ་ཀྱིས་ཀླུ་ནག་ཕྱོགས་ལ་དགའ་བ་རྣམས་ཚར་གཅོད་པར་མཛད་པ། རྭ་དང་མཆུ་སྡེར་རྣོ་ཞིང་མི་བཟད་པ། རྭ་གཉིས་ཀྱི་དབུས་ན་ཡིད་བཞིན་གྱི་ནོར་བུས་བརྒྱན་ཅིང༌། ཕྲག་གོང་གཡས་གཡོན་ན་ཉི་མ་དང་ཟླ་བས་བརྒྱན་པ། སྤྲིན་སྣ་ཚོགས་ཀྱི་ཕུང་པོ་ལ་སྐུ་རྒྱབ་བརྟེན་པ། འོད་ཟེར་དུ་མ་འཕྲོ་བ་གཅིག་ཏུ་གྱུར་པར་བསམ། དེའི་མགྲིན་པར་པདྨ་འདབ་མ་བཞི་པའི་དབུས་སུ་བུད་དྷའི་ཁྱུང་དཀར་པོ་གཡས་འཁོར་ལོ། ཤར་དུ་རྡོ་རྗེའི་ཁྱུང་སྔོན་པོ་གཡས་རྡོ་རྗེ། ལྷོར་རིན་པོ་ཆེའི་ཁྱུང་སེར་པོ་གཡས་རིན་པོ་ཆེ། ནུབ་དུ་པདྨའི་ཁྱུང་དམར་པོ་གཡས་པདྨ། བྱང་དུ་ལས་ཀྱི་ཁྱུང་ལྗང་ཁུ་གཡས་རལ་གྲི་འཛིན་ཅིང༌། གཡོན་ཐམས་ཅད་རང་རང་གི་ཁ་ཏོག་དང་མཚུངས་པའི་སྦྲུལ་བཟུང་ནས་ཟ་བ། དེའི་ཐུགས་ཀར་པདྨ་འདབ་མ་བཞི་བའི་དབུས་སུ་ཨོཾ་དཀར་པོ། ཤར་དུ་བ་སྔོན་པོ། ལྷོར་ཀྵིཾ་སེར་པོ། ནུབ་དུ་སྭ་དམར་པོ། བྱང་དུ་ཧཱ་ལྗང་ཀུས་མཚན་པར་འགྱུར་བར་བསམ། རང་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿབཞིས་རིམ་བཞིན་དགུག་པ་དང༌། གཞུག་པ་དང༌། དབྱེར་མེད་དུ་འདྲེས་པ་དང༌། དགྱེས་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥཱིཉྩཧཱུཾ། ཞེས་དབང་བསྐུར། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར་པར་བསམ། མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཕུན་སུམ་ཚོགས་པར་གྱུར་པར་བསམས། ཨོཾ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟའི་བར་སྦྱར། ཨོཾ་བཛྲ་ག་རུ་ཊ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟའི་བར་སྦྱར་ལ་འབུལ། བསྟོད་པ་ནི། འབྱུང་བ་ལྔ་ཡི་ཁ་དོག་སྣ་ཚོགས་འབར། །ཉོན་མོངས་དུག་ལྔ་འཇོམས་པའི་སྒྲ་ཆེན་སྒྲོགས། །ཡེ་ཤེས་ལྔ་ལྡན་མཁའ་ལྡིང་དབང་པོ་ལ། །ཡན་ལག་ལྔ་ཡིས་བཏུད་དེ་ཕྱག་འཚལ་ལོ། །བཟླས་པ་ནི། རང་གི་མགྲིན་པའི་ཁྱུང་ལྔ་དང་ཐུགས་ཀའི་ཡི་གེ་ལྔ་ལས་འོད་ཟེར་སྣ་ལྔའི་ཚོགས་ནམ་མཁའ་ཁྱབ་པར་འཕྲོས། བརྟན་གཡོའི་དུག་མ་ལུས་པར་བཅོམ་ཞིང་སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་ནུས་པ་ཐམས་ཅད་བསྡུས་ཏེ་ཐིམ་པར་གྱུར་པར་བསམ། ཨོཾ་བཀྵིཾ་སྭཱཧཱ། ཞེས་འབྲུ་ལྔ་ལ་བསྙེན་པ་འབུམ་ཕྲག་གཅིག་བྱེད་པ་ནི་བསྙེན་པའོ། །འབུམ་ཕྲག་གསུམ་མམ་ལྔ་བཟླས་ན་སྟེང་འོག་བར་གསུམ་གྱི་གདོན་གྱིས་མི་ཚུགས་པར་རྒྱུད་ལས་གསུངས་སོ། ཐུན་མཚམས་སུ་དགེ་བ་བསྔོ་ཞིང་གཏོར་མ་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ། ཡི་གེ་གསུམ་བརྗོད། རང་གི་ཐུགས་ཀའི་ཧཱུཾ་གིས་ཡེ་ཤེས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་དམིགས་ཏེ་མཆོད་པས་མཆོད། ལྷའི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བར་གྱུར་པར་བསམ། བཛྲ་ག་རུ་ཊ་ཨི་དཾ་བ་ལིཾ་པྲ་ཏཱི་ཙྪས་ཕུལ། གཞི་བདག་གཏོར་མ་ཡང་ཨ་ཀ་རོས་བསྔོ། བསྙེན་པ་ཅུང་ཟད་བྱེད་པར་གཏོར་མ་མི་དགོས་ཀྱང༌། མཚམས་བྱེད་དུས་དགོས་པས་བྲིས། འདིའི་ལས་ཚོགས་གཞན་དུ་ཤེས་དགོས་སོ། །

    སྨྲས་པ། བརྟན་གཡོའི་དུག་རྣམས་འཇོམས་པའི་སངས་རྒྱས་འཕྲུལ། །དུ་མའི་ནང་ན་ལྷུན་པོ་བཞིན་དུ་ནི། །ཁྱད་འཕགས་བསྙེན་པ་ཙམ་གྱིས་ཀུན་འགྲུབ་པའི། །སྒྲུབ་ཐབས་མཁའ་ལྡིང་དབང་བོའི་མཆོད་སྡོང་གྲུབ། །ཁྱད་པར་སྟེང་འོག་བར་གསུམ་གདོན་གྱི་རླུང༌། །འགོག་བྱེད་རྡོ་རྗེའི་རྭ་བ་ཟླ་མེད་དང༌། །ཕྱི་ནང་དུག་ལྔའི་ཚོགས་འཇོམས་བདུད་རྩིའི་ཆར། །དགོས་འདོད་ཀུན་སྟེར་ནོར་བུའང་འདི་ཁོ་ན། །རྨད་བྱུང་དགེ་བ་ཟླ་ལྟར་དཀར་པ་དེས། །ལུས་ཅན་དུཿ་ཁ་མ་ལུས་ལས་སྒྲོལ་ཏེ། །ཁྱབ་བདག་རྡོ་རྗེ་འཆང་དབང་གོ་འཕང་ལ། །མ་ལུས་འགྲོ་རྣམས་མྱུར་དུ་འགོད་པར་ཤོག །ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས་བརྟན་གཡོའི་དུག །ཞི་མཛད་བདུད་རྩིའི་ཆར་ཆེན་ཞེས་འདི་ཡང༌། །བྱང་ཕྱོགས་འཛིན་མའི་བདག་པོ་རྣམ་སྲས་བཞིན། །སྟོབས་འབྱོར་ལྡན་པའི་བཀས་བསྐུལ་ཇི་བཞིན་དུ། །མང་ཐོས་དགེ་སློང་འཇམ་དབྱངས་བཞད་པ་ཡིས། །གར་འདུག་ཐེག་ཆེན་གན་མཛོད་གནས་སུ་བྲིས། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                      དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།