འཕགས་པ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་གསང་སྔགས་ཀྱི་མྱུར་ལམ་ཆེན་པོ་ཞེས་བྱ་བ།
བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་དང་འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྒྲུབ་པའི་གནས་མེ་ཏོག་འབྲས་བུ་ལྗོན་ཤིང་འབབ་ཆུ་སོགས་ཡིད་དུ་འོང་བའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་ཅི་རིགས་པ་བཀོད། །
ཙནྡྲ་གོ་མིའི་སྒྲུབ་ཐབས་ལས། ཡིད་དགའ་བར་གྱུར་བ་དེར་བཅོམ་ལྡན་འདས་ཀྱི་བྲིས་སྐུའམ་ལུགས་མ་ལེགས་པར་བཀྲམ་ཞིང༌། མཆོད་པ་བཤམས་ལ་ཞེས་གསུངས་པ་ལྟར་སྟན་ལ་འདུག་སྟེ། རང་གི་སྙིང་ཀར་ཧྲཱིཾཿདཀར་པོ་ལས་འོད་ཟེར་འཕྲོས་པས་ལུས་གང༌། སྡིག་སྒྲིབ་སྦྱངས་ནས་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུར་གྱུར་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། འཕགས་པ་ཕྱག་སྟོང་སྤྱན་སྟོང་ལ་བླ་མ་དང་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་སྤྱན་དྲངས་ལ། ན་མོ་གུ་རུ་བུདྡྷ་བོདྷི་ས་ཏྭ་བྷྱཿསྤྱན་རས་གཟིགས་དབང་ཐུགས་རྗེའི་སྐུ། །ཕྱག་སྟོང་ཉོན་མོངས་སྒྲོལ་བའི་ཕྱག །སྤྱན་སྟོང་ཤེས་རབ་འོད་གསལ་ཏེ། །འགྲོ་འདྲེན་མཛད་ལ་ཕྱག་འཚལ་ལོ། །རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཡོན་ཆབ་ཐོགས་པའི་ལྷ་མོ་དཔག་མེད་ཀྱིས་མཆོད་ཡོན་ཕྱག་དང༌། ཞབས་བསིལ་ཞབས་ལ་ཕུལ། ཐུགས་ཀའི་ས་བོན་ལས་མེ་ཏོག་མ་དམར་མོ་མེ་ཏོག་ཐོགས་པ་དཔག་མེད་ཀྱིས་མེ་ཏོག་དབུ་ལ་ཕུལ་བར་བསམ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾཿསྭཱཧཱ། ཞེས་བརྗོད་དེ་བཞིན་དུ། བདུག་སྤོས་ཐོགས་པའི་ལྷ་མོ་སྔོན་མོ་དཔག་མེད་ཀྱིས་ནམ་མཁའ་ཁེངས་པའི་བདུག་སྤོས་ཤངས་ལ་མཆོད་པར་བསམ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ་སྭཱཧཱ། རིན་པོ་ཆེའི་སྒྲོན་མེ་ཐོགས་པའི་ལྷ་མོ་དམར་སྐྱ་དཔག་མེད་ཀྱིས་སྒྲོན་མེ་སྤྱན་ལ་ཕུལ་བར་བསམ་ལ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ་སྭཱཧཱ། དྲི་མཆོག་ཐོགས་པའི་ལྷ་མོ་སེར་མོ་དཔག་ཏུ་མེད་པས་མཆོད་པར་བསམ་ལ། ཨོཾ་བཛྲ་གནྔྷེ་ཨཱཿཧཱུཾ་སྭཱཧཱ། ཞལ་ཟས་ཐོགས་པའི་ལྷ་མོ་སེར་སྐྱ་མ་སྤྲིན་འཐིབ་པ་ཙམ་གྱིས་མཆོད་པར་བསམ་ལ། ཨོཾ་བཛྲ་ནཻ་ཝི་ཏེ་ཨཱཿཧཱུཾ་སྭཱཧཱ། ཞེས་བརྗོད་རང་གི་ཐུགས་ཀའི་ས་བོན་ལས་སིལ་སྙན་མ་ཁྲ་པོ་སིལ་སྙན་སྣ་ཚོགས་ཐོགས་པས་སིལ་སྙན་སྙན་དུ་ཕུལ་པར་བསམ་ལ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ་སྭཱཧཱ། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། བླ་རེ་དང༌། འཁོར་ལོས་བསྒྱུར་བའི་རིན་པོ་ཆེ་སྣ་བདུན་སོགས་ཀྱིས་མཆོད་པར་བསམ་ལ། ཨོཾ་སརྦ་བི་ཤྭ་སྠ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་ཏྲ་ཨཱཿཧཱུཾ། ཞེས་བརྗོད་ཅིང་མཆོད་པའི་ཚོགས་ཀྱིས་མཆོད་ལ། གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པར་གང་གྱུར་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ཀྱང༌། །སྐྲག་པས་རྨི་འདྲར་འཆགས་བགྱིད་ཅིང༌། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་ལོ་བསྐོར་ཞིང་བཞུགས་གསོལ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང༌། །དམ་པ་གསུམ་ལ་སྐྱབས་སུ་མཆི། །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག །བསྔལ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བར་གྱུར་ཅིག །ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་བ་ཤུདྡྷོ྅་ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། རང་གཞན་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་བཾ་ལས་པདྨའི་ལྟེ་བར་ཨཱཿལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱིཿལས་འོད་ཟེར་འཕྲོས། འཕགས་པ་མཆོད། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ་ཚུར་འདུས་པ་ལས་པདྨ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟ་བུར་འབར་བའི་ལྟེ་བར་ཧྲཱིཿས་མཚན་པ་དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀུགས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་གངས་རི་ལ་ཉི་མ་ཤར་པ་ལྟར་དཀར་བ། ནོར་བུས་སྤྲས་པའི་གསེར་གྱི་འོག་པག་ཅན་རས་དམར་པོ་བཟང་པོའི་ཤམ་ཐབས་དང༌། ཀྲིཥྞ་ས་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། རལ་པ་དམར་སེར་འཁྱུགས་པས་མཛེས་པ། རྣ་ཆ་དང༌། གདུབ་གོར་དང༌། མགུལ་གདུབ་དང༌། ཞབས་གདུབ་དང༌། དར་གྱི་ཅོད་པཎ་དང༌། དབུ་རྒྱན་དང་རིན་པོ་ཆེའི་རྩེ་ཕྲན་གྱི་གསལ་བར་བྱས་པ། འོད་ཟེར་དཀར་པོས་ཀུན་ནས་བསྐོར་བ། ལང་ཚོ་དར་ལ་བབ་པ། སྤྱན་དཀྱུས་རིང་ཞིང་དཔྲལ་བ་ཡངས་པ། ཞལ་བཅུ་གཅིག་གི་རྩ་བའི་ཞལ་དཀར་བ། དེའི་གཡས་ཞལ་ལྗང་ཀུ། གཡོན་ཞལ་དམར་བ། དེའི་སྟེང་གི་ཞལ་གསུམ་གྱི་དབུས་མ་ལྗང་ཀུ། གཡས་དཀར་གཡོན་དམར་བ། དེའི་སྟེང་གི་ཞལ་གསུམ་གྱི་དབུས་མ་དམར་པོ། གཡས་ལྗང༌། གཡོན་དཀར་པོ། ཞལ་ཐམས་ཅད་ཀུན་ནས་འཛུམ་པའི་ཉམས་ཅན། དེའི་སྟེང་ན་ཁྲོ་བོའི་ཞལ་མཐིང་ནག་མཆེ་བ་གཙིགས་པ། ཀུན་ཏུ་ཁྲོས་པ། སྤྱན་གསུམ་པ་རལ་བ་དམར་སེར་གྱེན་དུ་འགྲེང་བ། དེའི་སྤྱི་བོར་བན་དུ་ཛི་བ་ཀའི་མེ་ཏོག་དང༌། བྱི་རུ་ལྟར་དམར་པའི་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པ་ནི་སྐྱེ་བ་རྣམ་བཞིའི་སངས་རྒྱས་སུ་བྱེད་པ། རྒྱན་སྤངས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མགུལ་བ་དང་བཅས་བ་ཞི་བའི་གཟིགས་པས་འཛུམ་པའོ། །ཕྱག་སྟོང་གི་རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པ་ན་བགྲང་འཕྲེང་འཛིན་པ། གསུམ་པ་ཡི་དྭགས་ཀྱི་སྐོམ་པ་སེལ་བ། བཞི་པ་ན་འཁོར་ལོ་འཛིན་པའོ། །གཡོན་གཉིས་པ་ན་གསེར་གྱི་པདྨ་རྩ་བ་དང་བཅས་པ་འཛིན་པ། གསུམ་པ་ན་རིལ་བ་སྤྱི་བླུགས་འཛིན་པ། བཞི་པ་ན་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པོ་རྣམས་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང༌། མར་པུས་མོའི་ལྷ་ང་ལས་མི་འདའ་བ། ཉི་མ་སྟོང་ལས་ལྷག་པའི་འོད་ཟེར་ལས་སྤྱན་རས་གཟིགས་དཔག་ཏུ་མེད་པ་འཕྲོས་པས་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ་ལ། ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་པ་སྤྱན་དྲངས། ཨཱརྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཛཿཨོཾ་ཨཱརྱ་ལོ་ཀི་ཤྭར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ་ནས་ཤཔྟའི་བར་གྱིས་མཆོད། ཛཿཞེས་པས་ཡེ་ཤེས་པ་སྤྱི་བོར་དགུག །ཧཱུཾ་ཞེས་བརྗོད་པས་ཡེ་ཤེས་པ་དམ་ཚིག་པ་ལ་ཐིམ། བཾ་ཞེས་བརྗོད་པས་དམ་ཡེ་གཉིས་འོ་ཆུ་ལྟར་དབྱེར་མེད་དུ་འདྲེས། ཧོཿཞེས་བརྗོད་པས་དགྱེས་བཞིན་བཞུགས་པར་བསམ། སླར་ཡང་ཐུགས་ཀའི་ཧྲཱིཿའོད་ཀྱིས་འོད་དཔག་མེད་སོགས་དབང་ལྷ་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཨཱཿཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་པས་ཡེ་ཤེས་ཀྱི་བདུད་རྩིས་ལུས་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དེ་བཞིན་གཤེགས་པ་འོད་དཔག་མེད་སྤྱི་བོའི་སྟེང་དུ་བསམ། རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཐུགས་རྗེ་ཆེན་པོ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན། གཡོན་པདྨ་བ་སྣམས་པའི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་ཧྲཱི་དཀར་པོ་འོད་དང་བཅས་པ། དེའི་ཐུགས་ཀར་སྔགས་འཕྲེང་དཀར་པོ་གྱེན་འགྲེང་གིས་བསྐོར་བ་ལས་ཐུགས་རྗེ་ཆེན་པོ་དཔག་མེད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་པར་བསམ། ན་མོ་རཏྣཏྲ་ཡཱ་ཡ། ན་མཿཡཱརྱ་ཛྙཱ་ནས་ག་ར་བཻ་རོ་ཙ་ན་བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུད་དྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿཨརྷ་ཏེ་བྷྱཿསམྱཀྶཾབུདྡྷེབྷྱཿན་མཿཨུརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ཨ་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏ་དྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝ་ཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་བ་ན་ཡེ་སྭཱཧཱ། ཞེས་གཟུངས་རིང་གསུམ་མམ་བདུན་བཟླས། དེ་ཡང་སྒྲུབ་ཐབས་ལས། གང་ཟག་དེ་སྙེད་ཀྱི་ཕྱག་དེ་དག་དམིགས་པར་མི་ནུས་པས་ནི་ཞལ་གསུམ་ཕྱག་བརྒྱད་པའམ། ཞལ་གཅིག་ཕྱག་བཞི་པའམ། ཞལ་གཅིག་ཕྱག་གཉིས་པ་ཡང་བསམ་ཞིང༌། ཕྱག་གཉིས་ན་པདྨ་དང་མཆོག་སྦྱིན་པར་བལྟའོ། །ཞེས་གསུངས་ཤིང༌། མདུན་བསྐྱེད་རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུངས་ལྟར་གཙོ་འཁོར་ལྔ་བསྐྱེད་པའམ། ཡང་ན་དཔལ་མོའི་གཏོར་ཆོག་ལྟར་པདྨའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང༌། གཡས་སུ་རྟ་མགྲིན། གཡོན་དུ་སྒྲོལ་མ་སོགས་བསྐྱེད་པའམ། ཡང་ན་ཀླུ་སྒྲུབ་ཀྱི་སྒྲུབ་ཐབས་ལྟར་དབུས་སུ་ཕྱག་སྟོང་སྤྱན་སྟོང་གི་སྤྱན་རས་གཟིགས་དང༌། གཡས་སུ་དོན་ཡོན་ཞགས་པ་དང༌། གཞོན་ནུ་ནོར་བུ་བཟང་པོ། གཡོན་དུ་རྟ་མགྲིན་དང་སྒྲོལ་མ། ཕྱོགས་བཞིར་རྒྱལ་ཆེན་བཞི་རང་རང་གི་འཁོར་དཔག་ཏུ་མེད་པ་དང་བཅས་པ། སྟེང་ཕྱོགས་སུ་ལྷའི་བུ་དང་དྲང་སྲོང་མཆོད་པ་དཔག་ཏུ་མེད་པ་ཐོགས་པ་རྣམས་བསྐྱེད། རང་གི་ཐུགས་ཀའི་ས་བོན་དང༌། གཙོ་བོའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་པ་ནས། བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སྐུ་གསུང་ཐུགས་བྱིན་རླབས་དབང་བསྐུར་རྒྱས་གདབ་སྔར་བཞིན་དང༌། མཆོད་བསྟོད་རྒྱས་བསྡུས་གང་རིགས་བྱས། དེ་ནས་བདག་མདུན་གཉིས་ཀའི་ཕྱག་མཛུབ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་གང་བར་བསམ། གཟུངས་རིང་དང་སྙིང་པོ་ཏ་དྱ་ཐཱ། ཞེས་སོགས་གང་རུང་བརྒྱ་རྩ་འདོན་ཅིང་པོ་བསྟོད་དམ། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །འདས་པའི་དུས་སུ་མངོན་པར་སངས་རྒྱས་ཀྱང༌། །ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་སྟོན་པ། །ཐབས་ཚུལ་དཔག་མེད་གཟིགས་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་སྐུ། །ཕྱག་སྟོང་ཉོན་མོངས་སྒྲོལ་བའི་ཕྱག །སྤྱན་སྟོང་ཤེས་རབ་འོད་གསལ་ཏེ། །འགྲོ་ཀུན་འདྲེན་མཛད་མགོན་ཁྱོད་བསྟོད། །དེ་ནས་གཏོར་མ་བཏང་བ་ནི། དཀར་གཏོར་གསུམ་བཤམས་ཆབ་ཀྱིས་བྲན། བསང་ཆུ་གཏོར་ལ། ཨོཾ་པདྨནྟ་ཀྲྀཏ་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་དང༌། བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དང༌། ལཾ་ལས་ས་དཀྱིལ་གྲུ་བཞིའི་སྟེང་དུ་པཾ་ལས་པདྨའི་ལྟེ་བར་བྷྲུཾ་ལས་རིན་པོ་ཆེའི་སྣོད་རྒྱ་ཁྱོན་ཤིན་ཏུ་ཡངས་པའི་ནང་དུ། ཁཾ་ཞུ་བ་ལས་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་ནམ་མཁའ་དང་མཉམ་པར་གྱུར། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་དེ་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། སྙིང་པོ་གསུམ་གྱི་མཐར་བ་ལིཾ་སྦྱར་བའམ། ཡང་ན་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བ་ལིཾ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། གསུམ་གྱིས་འཕགས་པ་འཁོར་བཅས་ལ་ཕུལ་ཞིང༌། ཨརྒྷཾ་སོགས་ཀྱིས་མཆོད། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །ནས་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང༌། །ནས་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ནས་ཕྱག་འཚལ་ལོ། །སེམས་ཅན་སྡུག་བསྔལ་མེ་ཚོགས་ཀྱིས་གདུངས་ལ། །ཐུགས་རྗེའི་ཆར་རྒྱུན་བསིལ་བས་ཞི་མཛད་ཅིང༌། །རབ་ཞི་བདེ་ལྡན་གནས་སུ་འདྲེན་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། །བདག་དང་ཕ་མ་རིགས་དྲུག་སེམས་ཅན་རྣམས། །མྱུར་དུ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཟབ་ཅིང་རྒྱ་ཆེ་བླ་མེད་བྱང་ཆུབ་སེམས། །མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཐོག་མེད་ནས་བསགས་ལས་དང་ཉོན་མོངས་རྣམས། །ཐུགས་རྗེའི་ཆབ་ཀྱིས་མྱུར་དུ་དག་མཛད་ནས། །ཐུགས་རྗེའི་ཕྱག་བསྐྱངས་བདག་དང་འགྲོ་བ་རྣམས། །བདེ་བ་ཅན་གྱི་ཞིང་དུ་ཁྲིད་དུ་གསོལ། །འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གིས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །མ་ནོར་ལམ་བཟང་ལེགས་པར་བསྟན་ནས་ཀྱང༌། །མྱུར་དུ་སངས་རྒྱས་ས་ལ་བཞག་ཏུ་གསོལ། །གཏོར་མ་གཉིས་པ་ཡང་སྔར་ལྟར་བྱིན་གྱིས་བརླབས་ཏེ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷ་རྨ་ཎཾ་ཨ་ཏྱ་ནུཏྤན་ན་ཏོ་ད་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་ཕུལ། ཨོཾ་དྷརྨཱ་བཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། མཆོད་སྦྱིན་གྱི་གཏོར་མ་འདི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་བཅས་དང༌། ཕྱོགས་སྐྱོང་བཅུ། ཀླུ་ཆེན་བརྒྱད། ཝ་རུ་ཎ་སོགས་སྤྱན་རས་གཟིགས་ཀྱི་བཀའ་བསྲུང་ཐམས་ཅད་ལ་དབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་པ་དང༌། བདག་ཅག་གི་བསམ་དོན་ཐམས་ཅད་ཆོས་བཞིན་དུ་བསྒྲུབ་ཅིང་འགལ་རྐྱེན་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། གསུམ་པ་ཨ་ཀ་རོ་གསུམ་བརྗོད་ནས་བརླབས། ཡུལ་འདིའི་གནས་བདག་གཞི་བདག་གཉུག་མར་གནས་པ་རྣམས་ལ་སྦྱིན་གྱི། བདག་ཅག་འཁོར་བཅས་ཀྱིས་ལས་དང་བྱ་བ་གང་བྱས་ཀྱང་ཀོ་ལོང་ཕྲག་དོག་མ་བྱེད་པར་ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། གཟུངས་རྒྱུན་འདོན་དུ་བདུན་ནམ་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་སོགས་བཏོན་ན་ལེགས་ཏེ། འདིའི་ཕན་ཡོན་ཐམས་ཅད་གཟུངས་ཀྱི་ནུས་པ་ཡིན་ནོ། །དེས་ན་སྒྲུབ་ཐབས་ལས། གཟུངས་ལན་བདུན་ནམ་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་དམ་ནུས་ཚད་བཟླས་སོགས་དང༌། ཀླུ་སྒྲུབ་ཀྱི་ཕྱག་སྟོང་སྒྲུབ་ཐབས་ལས། གཟུངས་འདི་ལན་གཅིག་བརྗོད་པས་རྩ་བའི་ལྟུང་པ་བཞི་བྱུང་པ་ཡང་མ་ལུས་པར་བྱང་བར་འགྱུར་རོ། །ཞེས་གསུངས། བཤགས་དུས་སུ་སྦྱོར་དངོས་མཇུག་གསུམ་གྱིས་བྱེད་པར་བཤད་དེ། ཟླ་བ་གཅིག་གི་བདུན་ལ་སྦྱོར་ཆོག་དང་བརྒྱད་ལ་དངོས་གཞི་དང༌། དགུ་ལ་མཇུག་ཆོག་བྱེད་པ་ལྟ་བུ་ཟླ་བ་རེ་རེའི་ཞག་དགུ་རེ་བཤགས་པའི་དུས་ཡིན་ནོ། །སྒྲུབ་ཐབས་ལས། བཤགས་པའི་དུས་ནི་ཟླ་བ་གཅིག་གི་བདུན་ནས་དགུའི་བར་རམ། བཅུ་བཞི་ནས་བཅུ་དྲུག་གི་བར་རམ། ཉི་ཤུ་དགུ་ནས་ཚེས་གཅིག་གི་བར་ལ་བྱའོ། །དེ་ལྟར་ཞག་དགུ་ནི་བཤགས་པའི་དུས་སོ། །ཞེས་གསུངས་སོ། །སྡིག་པ་ཆེ་ཆུང་གི་བཤགས་ཚུལ་སོ་སོར་བཤད་དེ། མཚམས་མེད་བྱུང་བས་སྨྱུང་གནས་སྒོས་བཤགས་པ་ཡིན་ཏེ། དཔལ་མོའི་སྒྲུབ་ཐབས་ལས། ཁྱད་པར་དུ་མཚམས་མེད་ལ་སོགས་པའི་སྡིག་པ་བྱས་ན་དངོས་གཞིའི་དུས་སུ་སྨྱུང་གནས་བྱ། ཟླ་བ་ཉ་གསུམ་ལ་སྨྱུང་བར་བྱས་ནས་བཅུ་དྲུག་གི་ཉི་མ་རྩེ་ཤར་ལ་བཟླའོ། །དེ་ལྟར་བྱས་ན་མཚམས་མེད་པ་ལྔ་འདག་པར་འགྱུར་རོ། །ཞེས་དང༌། ཀླུ་སྒྲུབ་ཀྱིས། མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། དགེ་འདུན་གྱི་དཀོར་རྐུ་འཕྲོག་བྱས་པ་རྣམས་ཀྱང་ལན་གཅིག་བརྗོད་པས་མ་ལུས་པར་ཟད་པར་འགྱུར། ཞེས་གསུངས། ཙནྟྲ་གོ་མིས་ཀྱང༌། ཟླ་བ་ཉ་ལ་སོགས་པའི་ཚེས་གྲངས་བཟང་བོ་ལ་ཟ་བ་བཅད་ཅིང་གསོ་སྦྱོང་གི་ཆོ་གས་ཀྱང་གནས་པར་བྱའོ། །དེ་ལྟར་བྱས་ན་ནི་སྒྲིབ་པ་ཟད་ནས་ལྟས་རྣམས་ཀྱང་མྱུར་དུ་འབྱུང་བར་འགྱུར་ལ་དངོས་གྲུབ་དམ་པ་རྣམས་ཀྱང་རིང་པོ་ནི་ཐོགས་པར་ཐོབ་པར་འགྱུར། ཞེས་གསུངས། སྨྱུང་གནས་དངོས་གཞིའི་དུས་སུ་ལུས་ཀྱི་དཀའ་ཐུབ་བཟའ་བཏུང་ཐམས་ཅད་གཅོད། ངག་གི་དཀའ་ཐུབ་སྨྲ་བརྗོད་ཐམས་ཅད་སྤངས། སྔགས་དང་གཟུངས་ཡང་མི་བརྗོད་པར་ཡིད་ཀྱིས་བྱེད་པ་དགོས་ཏེ། དེའི་དུས་སུ་སྔགས་ཀྱང་བརྗོད་མི་རུང་བའི་ཕྱིར་ཏེ། དོན་ཞགས་ལས། སྨྱུང་བར་གནས་པར་བྱ་སྟེ། ཞེས་དང༌། དོན་ཡོད་ཞགས་པའི་སྙིང་པོ་ཚིག་ཏུ་མི་བརྗོད་པར་བཟླས། ཞེས་གསུངས་སོ། །གཞན་ཡང་སྡིག་པ་བཤགས་ཚུལ། སྡིག་པ་ཆེ་བ་ཡང་འདིའི་བཟླས་བརྗོད་ཀྱིས་མྱུར་དུ་འདག་པ་ཡིན་ཏེ། རྩ་ལྟུང་བྱུང་ན་དཀར་གསུམ་ཟ་ཞིང་ཞག་གསུམ་བཟླས་པའམ། ཡང་ན་གདན་གཅིག་པ་བྱས་ནས་ཞག་གསུམ་འདོན་པ་ཡིན་ཏེ། དཔལ་མོས། རྩ་བའི་ལྟུང་བ་བྱུང་བ་ལ་ཟས་དཀར་གསུམ་ཟ་ཞིང་ཞག་གསུམ་བཟླས་སོ། །ཡང་ན་ཟས་གཅིག་པ་ཞག་གསུམ་བྱའོ། །སྦོམ་པོ་ཡན་ཆད་ལ་ཤ་ཆང་སྤངས་པ་ཙམ་གྱིས་བྱའོ། །ཞེས་གསུངས། དེ་དག་གི་རྒྱུ་མཚན་ཡོད་དེ། སྔགས་ལན་རེ་བཏོན་པའི་བསོད་ནམས་མཐའ་མེད་པ་ཡིན་ཏེ། སྔགས་ལན་གཅིག་བཏོན་པས་ཀྱང་ཟབ་པ་དང་རྒྱ་ཆེ་བའི་མདོ་སྡེ་ཀུན་བཏོན་པ་ལས་ཀྱང་ཆེ་བའི་ཕན་ཡོན་འཐོབ་པའི་ཕྱིར། གྲུབ་ཆེན་ཛྙཱ་ན་ཤྲཱིས། དེ་བཞིན་གཤེགས་པའི་སྙིང་པོ་འབྲུ་གཅིག་ཞག་བཏོན་པས་ཀྱང་བསྒྲུན་ཏུ་མེད་པའི་ཡོན་ཏན་ཐོབ་པས། ཞེས་དང༌། སྙིང་པོ་ལན་གཅིག་བརྗོད་པས་ཀྱང་སྡིག་པ་ཐམས་ཅད་ངེས་པར་སྲེག་གོ །ཞེས་དང༌། སྔགས་རིམ་ལས། ལྷའི་རྣལ་འབྱོར་དང་བཟླས་པའི་མཐུ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་མང་པོ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དངོས་སུ་རྗེས་སུ་བཟུང་ནས་བྱིན་གྱིས་རློབས་པ་ལ་སོགས་པའི་ཐབས་མཁས་མང་ངོ༌། །ཞེས་གསུངས་པའི་ཕྱིར་།
སྨྲས་པ། དཔལ་ལྡན་ལཀྵཱིཾ་ཆེན་པོའི་བདུད་རྩི་དེ། །སྤྱན་རས་གཟིགས་ཕྱག་སྟོང་ལས་བབས་པས། །སྐྱེ་དགུའི་ཡིད་ཀྱི་ཟ་མ་ཏོག་གང་བས། །འཕགས་མཆོག་དེ་ཡི་གོ་འཕང་ཐོབ་གྱུར་ཅིག །ཅེས་འཕགས་པ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་གསང་སྔགས་ཀྱི་མྱུར་ལམ་ཆེན་པོ་ཞེས་བྱ་བ་འདི་ནི། བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཆོས་སྲིད་གཉིས་ཀའི་རྒྱུད་འཛིན་དཔོན་པོ་ཨེརྡི་ནི་ཐའི་ཇི་དང༌། གངས་ཅན་གྱི་མ་ག་དྷ་བཟང་མོ་གདུགས་དཀར་གཉིས་ཀྱིས་ཆོ་ག་གསལ་པ་འདི་བཞིན་དགོས་ཞེས་ས་སྙིང་དང་ཁ་བཏགས་ཆེ་ལེགས་བཅས་ཡང་ཡང་བསྐུལ་བས་རྒྱུན་འདོན་དུ། ལུགས་འདིར་དད་པ་དང་ལྡན་པའི་ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིགས་རུས་ཕུན་སུམ་ཚོགས་པ་ལྷ་སའི་ར་མོ་ཆེ་ལྕང་ར་བ་རྡོ་རྗེ་ལྷ་དབང་གིས་བྲིས་པ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn