པི་ཝང་ལྷ་མོ་དབྱངས་ཅན་ནམ་སྒྲ་དབྱངས་ལྷ་མོར་གྲགས་པའི་རྒྱལ་ཡུམ་དབྱངས་ཅན་གྱི་སྒྲུབ་ཐབས་སྐལ་བཟང་མིག་འབྱེད་བདུད་རྩིའི་བུམ་བཟང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 21:07:42     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

199897520567606522.jpg 

    ན་མསྶྭར་སྭ་སྟྱཻ། སཽ་མོ་པཱུརྞ་བཱ་དཿནི་ལོཏྤ་ལཱཀྵཿ པྲཱ་བཱ་ལ་སྭོཥྛཱ་མུཀྟཱི་དནྟཱ་ཤྲེཎྞཿ ཧཱ་སྱཾཔཱཀྟ་སྶྭ་རཱ་མྲཱྀལླཀྵ་སྶྥརཿ དྷིཿཀཽ་མཱུ་ད་ཕུཾ་ལླ་ཧེ་སྭ་ར་སྭ་སྟིཿ ཟླ་རྒྱས་ཞལ་ལ་ཨུཏྤལ་སྔོན་པོའི་སྤྱན། །བྱི་རུའི་མཆུ་མཛེས་མུ་ཏིག་ཚེམས་དཀྲིགས་ནས། །བཞད་པའི་གསུང་དབྱངས་བདུད་རྩི་འབུམ་སྤྲོ་བས། །བློ་གྲོས་ཀུ་མུད་བཞད་མཛོད་དབྱངས་ཅན་མ། །ཕ་མཐའ་བྲལ་བའི་ཤེས་བྱའི་ཁེངས་པ་དེ། །ཁྱོད་ཀྱི་མཁྱེན་རབ་ཀུན་གསལ་འགྲམ་པ་ན། །རྒྱུ་སྐར་བཞིན་དུ་མ་འདྲེས་བཀྲ་བ་དེས། །རྒྱལ་བ་ཀུན་ཀྱང་ཁྱོད་ལ་ཡུམ་དུ་སྒྲོགས། །དཀོན་མཆོག་ཏཱ་ལ་ཟ་མ་ཏོག་གི་མདོ། །གསེར་འོད་མངོན་བརྗོད་དབྱངས་མདོ་སྙན་ངག་གཞུང༌། །བཀྲ་ཤིས་བརྒྱད་པ་དཔའ་བོ་གཅིག་གྲུབ་རྒྱུད། །འཇམ་དཔལ་རྩ་རྒྱུད་དམར་ནག་རྒྱུད་གཉིས་སོགས། །མདོ་རྒྱུད་པཎ་གྲུབ་མན་ངག་རྒྱ་མཚོའི་གཏིང༌། །དཔག་དཀའ་དེ་ལས་རྒྱ་བོད་པཎ་གྲུབ་བརྒྱས། །སྒྲུབ་འཕྲིན་ནོར་བུའི་ཕྲེང་པ་མང་སྤེལ་བས། །བློ་གྲོས་ནོར་ལྡན་ལེགས་བཤད་དབྱིག་གི་མཛོད །མིག་སྐྱའི་གན་མཛོད་གླིང་འདིར་ཕྱེ་བ་སྙམ། །

    དེ་ལ་འདིར་དབྱངས་ཅན་མའི་སྒྲུབ་ཐབས་ལ་ཁུངས་དང༌། སྒྲུབ་ཐབས། ལས་སྦྱོར་གསུམ། དང་པོ་ནི། གོང་སྨོས་མདོ་དང་རྒྱུད་དེ་དག་སོགས་དང༌། འགྲེལ་བ་ཅི་རིགས་དང་བསྟན་བཅོས་དུ་མ་ནས་ལྷ་མོ་འདིའི་རྣམ་འགྱུར་འཁོར་གྲངས་སྐུ་མདོག་སྣ་ཚོགས་པ་བཤད་པ་ལས།འདིར་དབྱངས་ཅན་མ་དཀར་མོ་པི་ཝཾ་ལྷ་མོ་ཉམས་སུ་ལེན་པ་ལ་རྒྱུན་པའི་ཉམས་ལེན་དང༌། སྒྲུབ་ཐབས་ཀྱི་རྣམ་གྲངས་བཤད་པ་གཉིས། དང་པོ་ནི། ལྷ་མོ་འདི་ཉམས་སུ་ལེན་པར་འདོད་པས། སྡིག་པ་མི་དགེ་པ་སྤངས་ཤིང་ཚངས་པར་སྤྱད་པ་དང༌། ཁྱད་པར་དུ་ཐུབ་ན་རྫུན་མི་སྨྲ། ཤ་ཆང་སྒོག་ཙོང་སོགས་སྤངས། ཁྲུས་དང་གཙང་སྦྲ་ལ་བརྩོན་པའི་གང་ཟག་གིས་རབ་འདིའི་དབང་ཆེན་ནམ། གཤིན་རྗེ་གཤེད་བཅུ་གསུམ་མ་ལྟ་བུའི་དབང་ཐོབ་པའམ། རྗེས་གནང་བྱིན་རླབས་ལུང་སོགས་ཐོབ་པས་གནས་སྤྱི་རྒྱུད་ལྟར་གྱི་ཡིད་དུ་འོང་བར་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་བྱ། ཚད་མེད་བཞི་བསྒོམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་སྒྲ་དབྱངས་ལྷ་མོའི་སྒྲུབ་ཐབས་ཉམས་སུ་བླངས་སྙམ་དུ་བསམ་ཞིང༌། སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའི་ནང་དུ་བཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདག་གི་སེམས་ཉིད་ཧྲཱིཾཿ དཀར་པོ་ལས་འོད་འཕྲོས། འཕགས་པ་མཆོད སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ལྷ་མོ་དབྱངས་ཅན་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་འཛུམ་པའི་མདངས་ཅན། དགྱེས་པའི་སྤྱན་གཉིས་རྒྱུད་མང་སྒྲེང་བ་ལ་གཟིགས་ཤིང༌། དབུ་སྐྲའི་ཐོར་ཅོག་མེ་ཏོག་དཀར་པོའི་འཕྲེང་བས་བཅིངས་པ། སིལ་བུར་འཕྱང་པ་རྣམས་ལ་གསེར་གྱི་དྲིལ་བུ་གཡེར་ཁ་དཔག་ཏུ་མེད་པ་འཁྲོལ་བ། ཕྱག་གཡོན་ན་བཻཌཱུརྱ་སྔོན་པོ་ལས་གྲུབ་པའི་པི་ཝང་རྒྱུད་སྟོང་དང་ལྡན་པ་བསྣམས་པ་ཕྱག་གཡས་པའི་འདུ་བྱེད་ཀྱིས་བསྒྱུར་བས་ལྷ་དང་དྲི་ཟ་སོགས་སྐྱེ་དགུ་རྣམས་ཀྱི་ཡིད་རང་དབང་མེད་པར་འགུགས་པ། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱི་རྒྱན་ཅན། བཉྩ་ལི་ཀའི་སྟོད་གཡོགས་དང་སྨད་གཡོགས་ཀྱིས་མཛེས་པ། པདྨ་དཀར་པོའི་ཆུན་འཕྱང་དང་ལྡན་ཞིང༌། གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། རེག་ན་བདེ་བ་སྐྱེད་པའི་ནུ་འབུར་གཉིས་རྒྱས་པ། ཆགས་པའི་ཉམས་དང་ལྡན་པས་གཡོན་དུ་འགྱིང་ཞིང༌། པད་ཟླའི་གདན་ལ་ཙོག་བུའི་ཚུལ་གྱིས་བཞུགས་པ། སྤྱི་གཙུག་ཏུ་ཟླ་བའི་དཀྱིལ་འཁོར་གྱིས་མཚན་པ་གཅིག་ཏུ་བསྒོམ། དེ་ནས་བདག་གི་སྙིང་མགོ་གྱེན་ཏུ་བསླངས་ཏེ་ཚལ་བ་བརྒྱད་དུ་གྱེས་པ་ལས། པདྨ་དཀར་བོ་འདབ་མ་བརྒྱད་པའི་ལྟེ་བ་ལྗང་སེར། ཟེའུ་འབྲུ་དམར་སེར་གྱིས་བསྐོར་བའི་མཚམས་ནས། ཉི་མ་སྟོང་དང་ལྡན་པའི་འོད་ཟེར་འཕྲོས་པས་སྙིང་གི་མུན་པ་སེལ་བར་བྱེད་པ། དེའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བདག་གི་སེམས་ཉིད་དབྱངས་ཅན་གྱི་ངོ་བོ་ཧྲཱིཾཿགི་རྣམ་པར་བསྒོམ། འདབ་མ་རྣམས་ལ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿགསུང་དབྱངས་ཡན་ལག་དྲུག་ཅུའི་ངོ་བོར་བསྒོམ། སྔགས་རྣམས་འོད་དང་བཅས་པ་གདན་ལ་མ་རེག་ཙམ་དུ་བཞུགས་པ། དེ་ནས་ཡིག་འབྲུ་རྣམས་ལས་འོད་ཟེར་འཕྲོས། སྣ་བུག་གཡོན་པ་བཀག་ནས་རླུང་ཅུང་ཟད་ཕྱིར་བཏང༌། རྒྱ་མཚོའི་འགྲམ་ན་ལྷ་མོ་བཞུགས་པའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་བས་ལྷ་མོ་ཤེས་རབ་ཀྱི་འཁོར་ལོ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སྭ་ར་སྭ་སྟི་ཧྲཱིཾཿཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ནས་ཤཔྟའི་བར་སྦྱར་ལ་མཆོད། བསྟོད་པས་བསྟོད་ནས། རླུང་ཅུང་ཟད་རྔུབ་པ་དང་མཉམ་དུ་རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་ལྷ་མོ་རང་དང༌། འཁོར་ལོ་ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་བར་བསམ་ལ། ལྷ་མོའི་སྐུ་བདེ་སྟོང་སྒྱུ་མ་ལྟ་བུའི་ང་རྒྱལ་དང་གསལ་སྣང་བརྟན་པའི་སྒོ་ནས་ཅི་ནུས་ཐུན་རེ་ལ་བཟླས་པ་བྱ། དེ་ཡང་འཁོར་ལོའི་ལྟེ་བའི་ཧྲཱིཾཿཡིག་དང་མཐའི་དབྱངས་ཡིག་གཉིས་མར་མེའི་ཕྲེང་བ་ལྟར་དཀར་ཞིང་གསལ་བའི་འོད་ཟེར་གྱིས་ལུས་ཀྱི་ནང་ཐམས་ཅད་ཤེལ་བུམ་ནང་གི་མར་མེའི་འོད་ལྟར་དཀར་མེར་གྱིས་ཁེངས། མི་ཤེས་པའི་མུན་པ་ཐམས་ཅད་སངས། ཤེས་བྱ་ཐམས་ཅད་བློ་ཡུལ་དུ་ལམ་ལམ་ཤར་བ་དང་འཆད་རྩོད་རྩོམ་གསུམ་ལ་བློ་གྲོས་ཀྱི་སྣང་བ་ཐོགས་མེད་དུ་རྒྱས་ལུས་ངག་ཡིད་གསུམ་ཁྱབ་པར་གཙོ་བོར་བསྒོམ། སྐྱོན་བཟླས་པ་བྱ་བ་ནི། ཧྲཱིཾཿཞེས་བརྗོད་པས་ཐུགས་ཀའི་ཧྲཱིཾཿགི་ནཱ་ད་ལས་མར་མེ་གཅིག་ལས་གཉིས་ཆད་པ་ལྟར་ཧྲཱིཾཿགི་ཕྲེང་བ་ཕྱུང་སྟེ་རང་གི་ཞལ་ནས་ཐོན། ལྟེ་བར་ཞུགས་ཏེ། སྙིང་ཀའི་ཧྲཱིཾཿལ་ཐིམ་པས་འགལ་མེའི་འཁོར་ལོ་ལྟར་འཁོར་བའི་འོད་ཟེར་གྱིས་ཐོག་མེད་ནས་ཀྱི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་མི་ཤེས་པའི་མུན་པ་ཐམས་ཅད་བསལ། ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཀྱི་འཇུག་པ་བརྒྱ་ཕྲག་ཀུ་ཤའི་རྩེ་མོ་ལྟ་བུ་དང༌། གསལ་སྣང་མཐའ་ཡས་པ་རྒྱས་པར་ལམ། ཧྲཱིཿརེ་བརྗོད་པ་དང་འཁོར་ལོ་རེ་འཁོར་བ་དུས་མཉམ་པར་དམིགས་ནས་ཧྲཱིཿཞེས་བཟླས་པ་བྱའོ། །དེ་ཡང་རྒྱུན་ཏུ་འཁོར་ལོའི་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་དང་འཕྲིན་ལས། ཉན་རང་ཐམས་ཅད་ཀྱི་ཡེ་ཤེས། ལྷ་དང་དྲང་སྲོང་རྣམས་ཀྱི་རིག་པ། སྔགས་འཆང་གྲུབ་པ་བརྙེས་པ་རྣམས་ཀྱི་མཐུ་དང་རྟོགས་པ། ཚངས་པ་དང་བརྒྱ་བྱིན་པཎྜི་ཏ་རྣམས་ཀྱི་འཆད་རྩོད་རྩོམ་པའི་ཤེས་རབ། ནོར་བུ་དང་སྨན་རྩི་བཅུད་ཐམས་ཅད་ཀྱི་ནུས་པ་རྣམས་བསྡུས་ཏེ་ལྟེ་བར་ཞུགས། སྙིང་ཀའི་ཧྲཱིཾཿལ་ཐིམ་པས་ལུས་ཐམས་ཅད་བདེ་གསལ་འོད་དང་བཅས་པས་གང༌། འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་བར་བསམ་ལ། ཚིག་གཞན་གྱིས་བར་ཆོད་པ་དང་ཧ་ཅང་མྱུར་བ་དང་བུལ་བ་དང་རིང་ཐུང་ལོག་པ་སོགས་སྐྱོན་བརྒྱད་དང་བྲལ་བར་རབ་འབུམ་དང༌། འབྲིང་ཉི་ཁྲི། ཐ་མ་ལྔ་སྟོང་བཟླ་བར་གསུངས་ཏེ། ཤད་ཀུས་དབྱངས་ཅན་སྒྲུབ་ཐབས་ལས། འོད་ཟེར་དཀར་པོ་རྣམ་འཕྲོས་པས། །སྙིང་གི་མུན་པ་མ་ལུས་སེལ། །སྔོན་དུ་རིག་པ་འབུམ་ཕྲག་གཅིག །ཉི་ཁྲི་ལྔ་སྟོང་བསྙེན་པ་བྱ། །ཞེས་གསུངས་སོ། །གཞན་ལས་འབུམ་ཕྲག་གཅིག་གསུངས་པ་མང་སྟེ། དཔལ་འཛིན་གྱི་དབྱངས་ཅན་མ་དམར་མོའི་སྒྲུབ་ཐབས་ལས། ཇི་སྲིད་འབུམ་ཕྲག་ཡོངས་སུ་རྫོགས་པའམ། །རྫོགས་ནས་ཀྱང་ནི་ལས་ཀྱི་རིམ་བཞིན་བྱ། །ཞེས་དང༌། སྒྲུབ་ཐབས་རྒྱ་མཚོའི་པི་ཝང་ལྷ་མོའི་སྒྲུབ་ཐབས་ལས་ཀྱང༌། དེ་རྗེས་འཁོར་ལོ་འཁོར་བ་ཡིས། །མུན་ཆེན་སྙིང་ལ་གནས་པ་ལ །མི་གཡོ་རང་སྙིང་ས་བོན་ལ། །བློ་དང་ལྡན་པས་བརྟན་པར་བསྒོམ། །དེ་ནས་འབུམ་དུ་བཟླ་བར་བྱ། །ཞེས་གསུངས་པ་སོགས་ཡོད་ལ། དེ་ལྟར་ཡོད་ཀྱང་བསྙེན་སྒྲུབ་ནུས་ལྡན་བྱེད་ན་འདིར་ནི་འབུམ་ཕྲག །དེའི་སྟེང་དུ་དེ་བཞི་འགྱུར་འབུམ་ཕྲག་ལྔ་ངག་གཞན་བཅད་ནས་བཟླ་དགོས་ཏེ། སྡོམ་འབྱུང་ལས། རྫོགས་ལྡན་ལ་ནི་བཟླས་བྱ་གཅིག །རྩོད་དུས་བཟླས་པ་བཞི་འགྱུར་རོ། །ཞེས་དང༌། འཇམ་དབྱངས་ཀྱི་གསུང་བཞིན་ལྷ་ས་རྒྱ་ཕིབས་འོག་ཏུ་རྗེ་རིན་པོ་ཆེས་མཛད་པའི་དབྱངས་ཅན་མའི་སྒྲུབ་ཐབས་ལས་ཀྱང༌། འབུམ་ཕྲག་ལྔའི་བར་དུ་བཟླའོ། །ཞེས་དང༌། རྒྱལ་བ་དགེ་འདུན་རྒྱ་མཚོའི་འདིའི་སྒྲུབ་ཐབས་ལས་ཀྱང༌། འབུམ་ཕྲག་ཉི་ཁྲི་ལྔ་སྟོང་ལ་སོགས་པ་བཟླ་བར་གསུངས་ཀྱང་འབུམ་ཕྲག་ལྔའམ། རྟགས་མ་བྱུང་གི་བར་དུ་བཟླས་བ་བྱ། ཞེས་དང༌། དཔའ་བོ་གཅིག་གྲུབ་འཇམ་དབྱངས་དང༌། དབྱངས་ཅན་མ་གཙོ་འཁོར་ལྔ་བ་གཉིས་གྱི་ཡབ་ཀྱི་སྐབས་སུ་དཔའ་བོ་གཅིག་གྲུབ་ལས། སྔོན་དུ་གསུངས་པའི་ཆོ་གས་སྔགས་འདི་གོང་དུ་སྨོས་པའི་རིམ་པས་འབུམ་ཕྲག་བཞི་བཟླས་ལ་དེ་ནས་དབྱངས་ཅན་གྱི་མར་རམ། ཞེས་གསུངས་ལ། སྨྲ་བཅད་ནི། སྒྲུབ་ཐབས་རྒྱ་མཚོའི་དབྱངས་ཅན་ཆེན་མོའི་སྒྲུབ་ཐབས་ལས། དེ་བཞིན་དུ་གསོ་སྦྱོང་བླངས་ནས་མི་སྨྲ་བར་གནས་ནས། རྒྱུན་དུ་ལྷའི་ང་རྒྱལ་དང་བཅས་པས་སྔགས་བཟླས་ཤིང༌། ལས་གཞན་མི་བྱེད་པས་ཟླ་གཅིག་གིས་དབྱངས་ཅན་མའི་དྲག་ཐོབ་པར་འགྱུར་རོ། །ཞེས་དང༌། དཔའ་བོ་གཅིག་གྲུབ་ལས་ཀྱང༌། མི་སྨྲ་བའི་བཟླས་པ་བྱས་ན་ཟླ་བ་གཅིག་གིས་དབྱངས་ཅན་མའི་ངག་རབ་དུ་ཐོབ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་བསྒོམ་ཞིང་བཟླས་པས་དངོས་སུ་དང་རྨི་ལམ་གྱི་རྟགས་གཉིས་འབྱུང་སྟེ། དངོས་སུའི་རྟགས་ནི་སྔར་བས་དྲན་པ་གསལ་ཞིང་ལྕེ་བདེ་བ་དང༌། གཞུང་མང་དུ་འཛིན་ནུས་པ། སྙན་ངག་རྩོམ་འདོད་པ་སོགས་དང༌། རྨི་ལམ་གྱི་རྟགས་ནི་བུ་མོ་དཀར་མོ་ཡིད་དུ་འོང་བ་རྒྱན་གྱིས་བརྒྱན་པས་དཀར་གསུམ་གྱི་ཟས་བྱིན་པ་དང༌། དེ་ཟོས་པ་དང༌། ཤིང་ཐོག་དང་རྩི་སྨན་སོགས་བྱིན་བཟོས་པ་དང༌། སྦྲང་རྩི་བྱིན་ནས་ཟོས་པ་དང༌། ཤེལ་དང༌། ཐོད་ལེ་ཀོར་དང༌། ཤིང་བཟང་པོ་དང༌། མེ་ཏོག་གི་ཚལ་སོགས་དང༌། རིན་པོ་ཆེ་དང༌། མེ་ཏོག་གི་ཕྲེང་བ་སྟེར་བ་དང༌། ཉི་ཟླ་ཤར་བ་དང༌། མར་མེ་འབར་བ་དང༌། མེ་ཏོག་འཐུ་བ་དང༌། ཆུ་གཙང་མའི་རྒྱུན་ལ་འཐུང་བ་དང༌། ཁྲུས་བྱེད་པ་སོགས་འབྱུང་ཞེས་སྒྲུབ་ཐབས་ཅད་སྔ་མ་ཕལ་ཆེར་ན་འབྱུང༌། རྟགས་གཉིས་པོ་མ་བྱུང་ན་ལན་བདུན་གྱི་བར་དུ་སྤོགས་ལ་བྱ། ཐ་མ་ལ་མི་ཡོང་པ་མི་སྲིད་གསུངས་སོ། །པདྨ་འདབ་བརྒྱད་ཀྱི་ཚང་ལ་འཁོར་ལོ་རྩིབས་བརྒྱད་བསྒོམ་པའི་སྔགས་འཁོར་ཡང་པི་ཝང་ལྷ་མོའི་སྒྲུབ་ཐབས་སུ་བཤད་པས་ཤིན་ཏུ་མྱུར་རོ། །དམིགས་པ་མི་གསལ་བ་དང་རྟགས་གཉིས་འགྱང་པ་འབྱུང་ན་དབྱངས་ཡིག་བསྐྱེལ་ལ་མགོ་ནང་དུ་བསྟན་ཧྲཱིཾཿམགོ་ཐུར་དུ་བསྟན་ལ་ལྟེ་པ་ནས་ཐོན་ཁར་ཞུགས། ཧྲཱིཾཿལ་ཐིམ་ཞིང་འཁོར་བའམ། ཡང་ན་ཡིག་འབྲུ་རྣམས་འཁྲབ་བར་བསྒོམ་པ་ནི་གནད་འབབས་སམ། སྤོགས་ཆོག་དྲག་པོ་ཡིན་ནོ། །ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། སྣོད་གཙང་མར་དཀར་གསུམ་དང་ཤིང་ཏོག་སོགས་ཅི་འབྱོར་པས་ལྷ་མོ་འདི་དང་ནོར་རྒྱུན་མའི་གཏོར་མ་དང་མཆོད་པ་བཤམས་ལ་ཆབ་ཀྱིས་བྲན། བསངས་ཆུ་གཏོར་ལ་ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུཾ་ལན་གསུམ་དང་ཨ་ཀ་རོ་ལན་གསུམ་བརྗོད་ཅིང་བྱིན་གྱིས་བརླབས། མདུན་དུ་ལྷ་མོ་བསྐྱེད་ལ་སྤྱན་དྲངས་ཏེ་ཐིམ་པའི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བས་དགྱེས་པར་བསམས་ལ། ཨོཾ་སྭ་ར་སྭ་སྟི་ཧྲཱིཾཿཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་བདུན་ནམ་གསུམ་གྱིས་བསྔོས། ཨོཾ་སྭ་ར་སྭ་སྟི་ཨརྒྷཾ་པྲ་ཏཱི་ཙྪ་སྭཱཧཱ། ནས། ཤཔྟའི་བར་སྦྱར་བས་མཆོད། མ་ལུས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གང༌། །ཕྱག་ན་པདྨོའི་ཚེམས་དཀར་ཟེའུ་འབྲུ་ལས། །ཡིད་འཕྲོག་འཇོ་སྒེག་ལྷ་མོའི་སྐུར་བསྟན་པ། །ངག་དབང་ལྷ་མོའི་ཞབས་ལ་ཕྱག་འཚལ་ལོ། །ཀཻ་ལ་ཤ་ཡི་ཕུང་པོ་ལྟར་མཛེས་སྐུ། །སྟོན་ཀའི་ཟླ་བ་ལན་བརྒྱར་ཕྱིས་པའི་ཞལ། །ཨུཏྤལ་ནགས་ཚལ་ཉེ་བར་འཕོས་པའི་སྤྱན། །བཅུ་དྲུག་ལང་ཚོའི་དཔལ་མངའ་ཁྱོད་ལ་འདུད། །ཞལ་ནས་དབྱངས་གསལ་ཕྲེང་བའི་གླུ་དབྱངས་དང༌། །ཕྱག་གཉིས་དྲི་ཟའི་ཕང་འགྲོའི་སྒྲ་སྙན་གྱིས། །ཀུན་གྱི་རྣ་བའི་བཅུད་ལེན་རྒྱས་མཛད་མ། །ཞབས་གཉིས་ཙོག་པུའི་ཚུལ་གྱིས་འགྱིང་ལ་འདུད། །ཧྲཱིྃཿཡིག་དབྱངས་གསལ་ཕྲེང་བའི་འོད་རིས་ཅན། །ཤེས་རབ་འཁོར་ལོ་སྙིང་ལ་བྲན་པས་ཀྱང༌། །འཆད་རྩོད་རྩོམ་ལ་ཐོགས་པ་མེད་པའི་བློ། །སྟེར་མཛད་ངག་དབང་ལྷ་མོ་ཁྱོད་ལ་འདུད། །བཤད་པས་བློ་གསལ་ཚོགས་རྣམས་དགའ་བསྐྱེད་ཅིང༌། །རྩོད་པས་ཕས་རྒོལ་མ་ལུས་ཟིལ་གྱིས་གནོན། །སྡེབ་ལེགས་རྩོམ་པས་མཁས་རྣམས་མགུ་བྱེད་པའི། །འཆད་རྩོད་རྩོམ་པའི་ཤེས་རབ་བདག་ལ་སྩོལ། །ཅེས་པས་བསྟོད་ལ། གཞན་ཡང་དགོས་འདོད་མ་ལུས་འབྱུང་ཞིང༌། །དད་ལྡན་རེ་བ་ཡིད་བཞིན་སྒྲུབ་མཛད། །འགྲོ་རྣམས་མི་ཤེས་མུན་པ་སེལ་པའི། །དབྱངས་ཅན་ནོར་བུ་དེ་ལ་བསྟོད་དོ། །ཞེས་སོགས་རྗེ་རིན་པོ་ཆེའི་བསྟོད་པ་ཅི་རིགས་དང༌། །འདོད་དོན་གཞན་ཡང་སྐབས་འདིར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་པར་བསམ། ནོར་རྒྱུན་མ་ཡང་སྤྱན་དྲངས་ལ་གཏོར་མ་ཅིག་ཅར་རམ། སྔར་ལྟར་བརླབས་ལ་ཨ་ཀ་རོའམ། ཨོཾ་བ་སུ་དྷ་རི་ནི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་གསུམ་མམ་བདུན་གྱིས་བསྔོ། ནོར་གྱི་དངོས་གྲུབ་ཞུས། གཞི་བདག་གཏོར་མ་ཡང་སྐབས་འདིའམ་ཅི་རིགས་ལ་བསྔོས། བར་ཆད་ཞི་ཞིང་འདོད་དོན་སྒྲུབ་པའི་འཕྲིན་ལས་བཅོལ་བར་བྱའོ། །

    སྨྲས་པ། རྨད་བྱུང་ཡོན་ཏན་རྒྱ་ཆེ་གྲངས་མེད་ཀྱི། །གཏེར་ལྡན་རྫོགས་པའི་སངས་རྒྱས་འཇིག་རྟེན་མིག །མ་འདྲིས་གཉེན་བཤེས་རབ་འབྱམས་ཐམས་ཅད་ཀྱང༌། །སྐྱེད་པའི་ཡུམ་ཆེན་དབྱངས་ཅན་ཀུན་མཁྱེན་ཀྱེ། །མ་རྒན་རྨོངས་པའི་བློ་གྲོས་མིག་ལྡོངས་པ། །ས་རྡུལ་རྗེས་འགྲོ་འདི་ཀུན་ལེགས་བཤད་ཀྱི། །ཉི་མའི་ཟེར་གྱིས་ཤེས་རབ་འདབ་སྟོང་དུ། །བཞད་པའི་སྨྲ་དབང་རྐང་དྲུག་དབྱངས་སྒྲོགས་ཤིག །འདིར་འབད་དགེ་བའི་ཟླ་ཟེར་མཁའ་ཁྱབ་ཀྱི། །ལུས་ཅན་ཡེ་ཤེས་ཀུ་མུད་བཞད་བྱས་ཏེ། །ཐུབ་བསྟན་བདུད་རྩིས་མ་ལུས་འགྲོ་བ་ཡི། །རྨོངས་པའི་ཚ་གདུང་མ་ལུས་བཅིལ་གྱུར་ཅིག །

    ཅེས་པི་ཝང་ལྷ་མོ་དབྱངས་ཅན་ནམ་སྒྲ་དབྱངས་ལྷ་མོར་གྲགས་པའི་རྒྱལ་ཡུམ་དབྱངས་ཅན་གྱི་སྒྲུབ་ཐབས་སྐལ་བཟང་མིག་འབྱེད་བདུད་རྩིའི་བུམ་བཟང་འདི་ཡང་ཆོས་ཀུན་སྒྱུ་མའི་དཔེ་བདུན་ལྟར་མངོན་སུམ་དུ་གཟིགས་པ། དཔལ་འཁོར་ལོ་སྡོམ་པ་སོགས་ཀྱི་སྒོ་ནས་གྲུབ་པའི་གོ་འཕང་མཐོན་པོ་བརྙེས་པའི་གྲུབ་ཆེན་སློབ་དཔོན་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ་ངག་དབང་འཕྲིན་ལས་རྒྱ་མཚོ་དང༌། གྲུབ་ཐོབ་ཀྱི་ཟམ་མ་ཆད་པའི་རོང་པོ་དབོན་ཆུང་བསྟན་འཛིན་དར་རྒྱས་ཀྱིས་ལོ་སྔ་ཕྱིར་ཆབ་ཤོག་རྟེན་ཉིན་བདེ་ཆེ་ལེགས་མཛོད་གོས་ཁྱད་འཕགས་ཀྱི་བླ་བྲེ། དངུལ་སྲང་བརྒྱད་ཀྱི་ཕོར་བ་འབྲས་ཀྱིས་བཀང་བ་དང༌། དངུལ་སྲང་ལྔའི་སྙུག་སྒྲོགས་ཁྲ་རྒྱན་འབྲུག་རིས་ཅན་སོགས་དང་བཅས་སྒྲུབ་ཐབས་ལས་ཚོགས་དང་བཅས་དགོས་ཞེས་ཡང་ཡང་བསྐུལ་པ་དང༌། དུས་ཕྱིས་གཞུང་ལུགས་རབ་འབྱམས་སྨྲ་བའི་ཁྱུ་མཆོག་དཀའ་བཅུ་བློ་བཟང་སྙན་གྲགས་ཀྱིས་མ་རིག་གཉིད་སངས་དང་བཅས་ཡང་ཡང་བསྐུལ་པའི་ངོར་དབྱངས་ཅན་ལྷ་མོ་གཙོ་འཁོར་བཅུ་གསུམ་གྱི་དབང་ཆེན་མི་ཏྲ་བརྒྱ་རྩ་ན་ཡོད་པ་དང༌། རྗེས་གནང་མི་འདྲ་བ་དུ་མ་དང༌། སུམ་ལོ་ནས་བརྒྱུད་པའི་ཆོས་སྐོར་དུ་མ་ཐོབ་པའི་ཤཱཀྱའི་དགེ་སློང་མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་སུག་བྲིས་བྱས་པའི་ཡི་གེ་པ་ནི་སོག་པོ་བློ་བཟང་ངག་དབང་གིས་བྱས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག །

                                                                                                                             རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།