དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 20:47:36     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

201758478122486169.jpg 

    ན་མཿཤྲཱི་ཀ་ལ་ཙཀྲ་ཡ་ན་མ། བཅོམ་ལྡན་འདས་མཆོག་གི་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ་དང་དབྱེར་མ་མཆིས་པའི་རྗེ་བཙུན་བླ་མ་རིན་པོ་ཆེའི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐྱེ་བ་ཀུན་དུ་རྗེས་སུ་བཟུང་དུ་གསོལ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཕྱག་རྒྱ་ཆེ །མི་འགྱུར་བདེ་བ་ཆེན་པོའི་རོས་གང་ཞིང༌། །སྣ་ཚོགས་འཁོར་ལོའི་བཀོད་པས་རྣམ་རོལ་པ། །དང་པོའི་སངས་རྒྱས་དཔལ་ལྡན་བླ་མར་འདུད། མགོན་དེའི་ཞལ་གྱི་བུམ་བཟང་ལས་འོངས་པའི། །རྒྱུད་རྒྱལ་གདམས་པས་རྡོ་རྗེ་ཚེར་མ་སོགས། །ཞི་བྱེད་སྣ་ཚོགས་ཡུམ་གྱི་སྒྲུབ་འཕྲིན་རྣམས། །སྐྱེ་དགུ་བདེ་དང་འགྲོ་ལ་བརྩེ་བས་འཆད། །སོ་དྲུག་རྣལ་འབྱོར་མ་སོགས་དཔའ་བོ་དང༌། །ཆོས་བདག་སྲུང་མའི་ཚོགས་ཀྱིས་གྲོགས་མཛོད་ཅིག །

    དེ་ལ་འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནས་གསུངས་པའི་ལས་ཀྱི་ལྷ་ལ་ཁྲོ་བོ་བཅུ་དང༌། སྣ་ཚོགས་ཡུམ་དང༌། རྡོ་རྗེ་ཤུགས་དང༌། རྡོ་རྗེ་ཁྱུང་ཁྲ་སོགས་སེམས་ཅན་གྱི་ཕན་བདེ་སྒྲུབ་ཚུལ་གསུངས་པ་ལས། སྣ་ཚོགས་ཡུམ་ལ་བརྟེན་པའི་སྒྲུབ་ཐབས་དང༌། ལས་སྦྱོར་གཉིས།

དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་དང༌། ཚོགས་ཞིང་སྤྱན་དྲངས་ནས་མཆོད། དཀོན་མཆོག་གསུམ་ལ་སོགས་ཀྱིས་རྒྱུན་བཤགས་དང༌། ཚད་མེད་བཞི་བསྒོམ། ཤཱུནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཀཱ་ལི་ལས་ཉི་མའི་དཀྱིལ་འཁོར་དང༌། ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཝཾ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་ནད་གདོན་ཞི་བར་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་སྣ་ཚོགས་ཡུམ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་པ་ཞལ་གཅིག་ཕྱག་གཉིས་མ། གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང༌། གཡོན་ཆུ་སྐྱེས་དཀར་པོ་བསྣམས་པ། ཞལ་ཤིན་ཏུ་འཛུམ་པ། རིན་པོ་ཆེའི་རྒྱན་དཀར་པོ་དང་དར་ལ་དཀར་པོའི་ན་བཟའ་གསོལ་པ། ཞབས་གཉིས་པདྨའི་འདུག་སྟངས་ཀྱིས་བཞུགས་པ། དེའི་སྤྱི་པོར་ཨོཾ། མགྲིན་པར་ཨཱཱཿཐུགས་ཀར་ཧཱུཾ། ལྟེ་བར་ཧོ། གཙུག་ཏོར་དུ་ཧཾ། གསང་བར་ཀྵ་རྣམས་བསམ་དགོས་ཏེ། རྒྱུད་ལས། དེ་བཞིན་དེ་དག་རྣམས་ཀྱི་མགོ་བོ་མགྲིན་པ། སྙིང་ཀ་ལྟེ་བ་གསང་གནས་ལ་སོགས་རྣམས་ལ་བསྲུང་བར་བྱ། ཞེས་དང༌། འགྲེལ་ཆེན་ལས། ཞེས་པས་སོགས་པའི་སྒྲས་སྤྱི་བོ་རུ་སྟེ་གནས་དྲུག་པོ་དེ་རྣམས་ཐུན་གསུམ་དུ་བསྲུང་བར་བྱ་བ་ནི་ངེས་པའོ། །ཞེས་གསུངས་སོ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿཧི་རོ་མཉམ་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་སྤྱན་དྲངས། ཡུམ་རྣམས་ཀྱིས་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་དང༌། ནང་མཆོད་གྱིས་མཆོད། རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཕྱག་རྒྱ་ཆེ །མི་འགྱུར་བདེ་བ་ཆེན་པོའི་རོས་གང་ཞིང༌། །སྣ་ཚོགས་འཁོར་ལོའི་བཀོད་པས་རྣམ་རོལ་པ། །དང་པོའི་སངས་རྒྱས་སྣ་ཚོགས་ཡུམ་ལ་འདུད། །ཅེས་པས་བསྟོད། ལྷའི་སྐུ་ལ་ང་རྒྱལ་དང་གསལ་སྣང་བཞག །སྙིང་ཀའི་པདྨར་ཟླ་བའི་སྟེང་དུ་ཕྲེཾ་ཡིག་གི་མཐར་སྐོར་དུ་སྔགས་ཀྱི་ཕྲེང་བ་བདུད་རྩི་བྱེ་བའི་འོད་ཟེར་ཅན་གྱིས་བསྐོར་བ་ལས་འོད་ཟེར་འཕྲོས་རང་གཞན་གྱི་ནད་གདོན་སྡིག་སྒྲིབ་དང་རྡོ་རྗེའི་ཚེར་མ་ཞི་བར་བྱས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་ནུས་མཐུ་ཐམས་ཅད་བདུད་རྩིའི་རྣམ་པར་བསྟིམ་པའི་མོས་པ་བྱས་ལ། ཨོཾ་ཕྲེཾ་བི་ཤྭ་མཱ་ཏ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་དང༌། ལས་སྦྱོར་གྱི་དུས་བཟླ་བའི་སྔགས་དང་བཟླ་ཚུལ་ནི། འགྲེལ་ཆེན་ལས། ཨོཾ་ཕྲེཾ་བི་ཤྭ་མཱ་ཏར་བཛྲ་ཀ་ཎ་ཊ་ཀཱན་ན་ཡིན་ཤ་ཡ་མ་མ་ཤིནྟཾ་ཀུ་རུ་ཀུ་རུ་སྭཱཧཱ། གཞན་བསྲུང་བའི་དོན་དུ་ལྷ་སྦྱིན་ཤནྟིཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་ངེས་པའོ། །ཞེས་སོ། །དེ་ལ་དམིགས་པ་འཇོག་ཚུལ་ནི། ཨ་བྷྱ་ཀ་རའི་སྒྲུབ་ཐབས་ལས། བསྒྲུབ་བྱའི་ཁྱིམ་དུ་རབ་ཏུ་སྤྲིངས་ནས་ནི། །དེ་ནས་བསྒྲུབ་བྱ་བླངས་ནས་སླར་ཡང་གཙོ་བོའི་དཀྱིལ་འཁོར་ལ་ནི་ཡང་དག་རབ་ཏུ་ཞུགས་གྱུར་ནས། །གཙོ་བོའི་བཀའ་ཡིས་རབ་ཏུ་ཐོབ་པའི་སླར་ཡང་བདུད་རྩིའི་བུམ་པས་སྤྱན་མ་ལ་སོགས་རབ་དགྱེས་པས། །ཞེས་པ་ནས། ས་སྟེང་མཐའ་དག་རྒྱས་པར་བྱ་བའི་རྒྱུའི་དོན་གྱི་ཕྱིར། །ཞེས་གསུངས་པ་ལྟར་བསྒྲུབ་བྱ་འགུགས་པ་དང་དབང་བསྐུར་པའི་དམིགས་པ་བྱ། ཐུན་མཚམས་སུ་གཏོར་མ་རྒྱུད་ལྟར་རམ་སྤྱི་ལྟར་བརླབས་ལ་མདུན་དུ་སྣ་ཚོགས་ཡུམ་བསྐྱེད་པ་ལ་འབུལ་ལ། འདོད་དོན་ལ་གསོལ་བ་དང༌། སྲུང་མ་དྲུག་ཅུ་ལའང་བྱུང་ན་ལེགས་པར་སེམས། མ་བྱུང་ན་སྒྲུབ་ཐབས་རྒྱ་མཚོའི་ལྷན་ཐབས་ལྟར་བྱས་ཀྱང་རུང་ངོ༌། །

    གཉིས་པ་ལས་ཚོགས་ནི། སྲན་མའི་ལས་སྦྱོར་དང༌། བརྒྱད་ཐོད་ཀྱི་དང༌། མི་སྐྱོད་པ་ལ་ཚོ་བ་གསུམ་བཏགས་པའི་ལས་སྦྱོར་དང༌། རླུང་བུམ་པ་ཅན་གྱི་ལས་སྦྱོར་སོགས་འགྲེལ་ཆེན་ལས་ཤེས་པར་བྱའོ། །

    སྨྲས་པ། རིགས་རུས་སྐྱེ་བས་དྲེགས་དང་འབྱོར་བས་དྲེགས། །མཐུ་སྟོབས་རློམ་པས་དྲེགས་དང་གོ་སས་དྲེགས། །གཡོ་སྒྱུ་རྫུན་གྱིས་དྲེགས་ཀྱང་མ་རིག་པའི། །དབང་ཕྱུག་རྡོ་རྗེའི་སྣ་ལྡན་ཡུལ་འདི་མིན། །ལ་ལས་སྐུ་མདོག་ཕྱག་མཚན་མུན་པའི་མདའ། །གཞན་གྱིས་ཆོག་སྒྲིག་སྨྱོན་པས་རྨ་བྱར་བཞིན། །ཕལ་ཆེར་རྒྱུད་འགལ་བྱིན་རླབས་དྲུག་སྐོར་གྱི། །ཡིད་བཞིན་ནོར་བསྐྱུར་སྒྲུབ་ཐབས་འཆིང་བུས་བྲེལ། །ལྷག་བསམ་མཁའ་ངོས་ཁྱབ་པའི་དགེ་ལེགས་སྤྲིན། །དཔལ་ལྡན་སྣ་ཚོགས་ཡུམ་གྱི་བདུད་རྩིའི་ཆར། །ལེགས་ཕབས་སྡིག་ནད་ས་རྡུལ་ཀུན་མནན་ཏེ། །བདེ་སྐྱིད་རླན་གྱིས་སྐྱེ་དགུ་ཚིམ་གྱུར་ཅིག །སྣ་ཚོགས་ཡུམ་གྱི་སྒྲུབ་འཕྲིན་རིགས་ལྡན་གྱི། །ཞལ་ལུང་འཁྲུལ་བྲལ་འདི་ནི་སྡིག་པའི་ནད། །མ་ལུས་ཞི་ཕྱིར་སྲོང་བཙན་སྒྲུབ་པའི་གནས། །འཁོར་ལོ་སྡོམ་པའི་ཕོ་བྲང་ཕ་བོང་ཁར། །མདོ་རྒྱུད་མན་ངག་འཛིན་པའི་སྙོམས་ལས་པ། །འཇམ་དབྱངས་བཞད་པས་བྲིས་པ་དགེ་ལེགས་འཕེལ། །

                                                                                                                              རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།