བླ་མའི་རྣལ་འབྱོར་ཙནྟ་མ་ནིའི་ཕྲེང་མཛེས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-24 20:37:37     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 168526773371505757.jpg

    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དངོས་གྲུབ་འབྱུང་གནས་རྩ་རྒྱུད་བླ་མ་དང༌། །དངོས་གྲུབ་གཉིས་ཀུན་སྟེར་མཛད་ཡི་དམ་ལྷ། །དངོས་གྲུབ་འགུག་པའི་ལས་མཛད་ཆོས་སྐྱོང་ཚོགས། །དངོས་གྲུབ་ཆེད་དུ་གུས་པས་ཕྱག་བགྱིའོ། །མཆོག་དང་ཐུན་མོང་དོན་ཀུན་སྐད་ཅིག་གིས། །སྩོལ་མཛད་བླ་མའི་རྣལ་འབྱོར་ཆེས་ཟབ་པ། །ཡིད་ཆེས་གསུམ་ལྡན་ཙིནྟ་མ་ཎིའི་ཕྲེང༌། །སྐལ་ལྡན་ཡོངས་ཀྱི་མགུལ་རྒྱན་མཆོག་ཡིན་ལོངས། །

    དེ་ལ་འདིར་ཟབ་མོའི་བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ལ་ལྟ་བ་གཙོ་བོར་བྱེད་ཅིང་རྒྱུན་པའི་ཉམས་ལེན་དུ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྣམ་པ་ཅན་ལ། རྩ་བའི་བླ་མ་དང་རྗེ་བླ་མ་དབྱེར་མེད་དུ་བསྒོམ་པ་དང༌། རྫོགས་རིམ་ལ་གཙོ་བོར་བྱེད་ན་འཇམ་དབྱངས་གསང་སྒྲུབ་ལ་བྱེད་པ་དང༌། ཕྱི་རྗེ་བླ་མའི་རྣམ་པ་ཅན། ནང་ཐུབ་དབང་གི་རྣམ་པ་ཅན། གསང་བ་རྡོ་རྗེ་འཆང༌གི་རྣམ་པ་ཅན་གསུམ་དང༌། ཕྱི་ནང་གསང་གསུམ་རེ་རེ་ལའང་གསུམ་གསུམ་སྟེ་ནོར་བུ་དགུ་སྐོར་ཞེས་གྲུབ་མཆོག་དྷརྨཱ་བཛྲ་དང༌། རྒྱལ་བ་དབེན་ས་པ་ཆེན་པོའི་ཐུགས་དམ་གྱི་ཉིང་ཁུ་སོགས་ལས་དང་པོ་བོའི་དབང་དུ་བྱས་ནས་བྱིན་རླབས་ཀྱི་ངད་ཆེ་བའི་ཕྱིར་གོང་མའི་གསུང་མ་ཉམས་པར་བཀོད་ན།

    དེ་ལ་འདིར་བླ་མའི་རྣལ་འབྱོར་སྒོམ་པར་བྱེད་པ་ལ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་རྣམས་སྔོན་དུ་བཏང་ནས། རང་གི་སྤྱི་བོར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་དུ་པདྨ་དང་ཉི་མའི་གདན་ལ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡིན་པ་ལ། རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང༌། གཡོན་གྱིས་གླེགས་བམ་ཐུགས་ཀར་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ མཚན་དཔེས་བརྒྱན་པའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་འོད་ཟེར་གྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཟབ་མོ་ལྟ་བརྒྱུད། རྒྱ་ཆེན་སྤྱོད་བརྒྱུད། ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་རྣམས་དང༌། རང་ལ་ཆོས་འབྲེལ་ཡོད་པའི་བླ་མ་དང༌། གཞན་ཡང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་སེམས་བཀའ་སྡོད་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས། སྤྱི་བོའི་བླ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པ་ཅན་ལ་ཐིམ་པས་དེ་ཉིད་སྐྱབས་གསུམ་ཀུན་འདུས་ཀྱི་བདག་ཉིད་དུ་བསམས་ནས། ཨོཾ་གུ་རུ་བུདྷ་བོདྷི་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་དང༌། འདོད་ཡོན་ལྔ་རྒྱལ་སྲིད་སྣ་བདུན་ཕུལ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་བཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་བླ་མའི་ཐུགས་ཁ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཕྱག་གཡས་པའི་རལ་གྲིའི་རྩེ་མོ་རང་གི་སྤྱི་བོའི་ཚངས་བུག་ལ་གཏད་པ་ན་མར་བབས་ཏེ་ལུས་ཡེ་ཤེས་ཀྱི་བདུད་རྩིས་མེར་ཏེ་གང༌། སྒོ་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སོལ་ཁུ་དང་དུད་ཁུའི་རྣམ་པ་བཞིན་དུ་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་བཏོན། ལུས་ཤེལ་སྒོང་གཡའ་དག་པ་བཞིན་དུ་གྱུར་པར་བསམ་ལ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །ཞེས་སོགས་ཅི་མང་འདྲེན། དེ་ནས་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ་ནི། བླ་མའི་སྤྱི་བོའི་ཨོཾ་ལས་འོད་དང་བདུད་རྩི་དཀར་པོ་དཔག་ཏུ་མེད་པ་བྱུང༌། རང་གི་དཔྲལ་བ་ནས་ཐིམ། ལུས་ཀྱི་ནང་ཐམས་ཅད་གང༌། འཁོར་བ་ཐོག་མ་མེད་པ་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །བུམ་པའི་དབང་ཐོབ་སྐུའི་བྱིན་རླབས་ཞུགས། སྐུ་རྡོ་རྗེ་འགྲུབ་པའི་ནུས་པ་བཞག་བྱུང་སྙམ་དུ་མོས་ནས་ཡང་དམིགས་བརྩེ་མ་འདྲེན། དེ་བཞིན་དུ་གཞན་རྣམས་སྔར་དང་འདྲ་བ་ལ་གསང་དབང༌། ཤེས་རབ་ཀྱི་དབང༌། དབང་བཞི་པ་ཚིག་དབང་རིན་པོ་ཆེ་རྣམས་རིམ་བཞིན་ཐོབ་པར་བསམ་པ་རྣམས་རིགས་འགྲེའོ། །དེ་ནས་རང་གི་སྤྱི་བོ་ནས་སྙིང་ཁའི་བར་དུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་པ་ཡར་སྣ་སྤྱི་བོ་ལ་ཟུག་པ་རྒྱ་མཐོང་ཁ་ཕྱེ་བ་བཞིན་བུ་ག་སྐྱ་ཐལ་ལེ་ཡོད་པ་མར་སྣ་རག་དུང་གི་ཞབས་ཀྱི་རྣམ་པ་སྙིང་ཁར་གནས་པ་དེའི་ནང་ཙམ་དུ་རང་གི་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་གྱེན་ཏུ་ཤག་སྟེ་ཕྱེ་བ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་གྱི་ངོ་བོ་དྷཱིཿདམར་སེར་དུ་བསམ། སྤྱི་བོའི་བླ་མ་ལ་དམིགས་ནས་གདུང་ཤུགས་དྲག་པོས། བླ་མ་རིན་པོ་ཆེ་བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། ཆོས་ལ་བར་ཆད་མེད་པར་བྱིན་གྱིས་རློབས། ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་རློབས། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་བདག་གི་རྒྱུད་ལ་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་རློབས། ལམ་རིམ་པ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་རློབས། ཞེས་གསོལ་པ་བཏབ་པས། བླ་མ་རང་གི་སྤྱི་བོའི་ཚངས་བུག་ནས་མར་ཞུགས། རྩ་དབུ་མའི་ནང་ནས་མར་བྱོན། སྙིང་ཀའི་རང་སེམས་དྷཱིཿར་གསལ་བ་ལ་ཐིམ་པས། བླ་མ་དང་རང་སེམས་རྗེ་བཙུན་གསུམ་དབྱེར་མི་ཕྱེད་པ་ལ་ཅུང་ཟད་བཞག་གོ །དེ་ནས་སྙིང་ཀའི་པདྨ་འུབས་ཏེ་འདུས་པའི་རྩེ་དང་རྗེ་བཙུན་གྱི་རལ་བའི་རྩེ་མོ་མཉམ་པོ་ཡོད་པ་མཚམས་དེར་ཨ་ར་པ་ཙ་ནའི་སྔགས་ཀྱིས་བསྐོར་བར་བསམ་ལ། ཐུན་མཚམས་སུ། ཚེ་རབས་ཀུན་ཏུ་རྒྱལ་བ་བཙོང་ཁ་པས། །ཞེས་སོགས་དང༌། རྣམ་དག་བསམ་པས་ཞེས་སོགས་དང་འཇམ་དཔལ་དཔའ་པོས་ཞེས་སོགས་ཀྱི་སྨོན་ལམ་དང་ཤིས་བརྗོད་བྱའོ། །

   སྨྲས་པ། རབ་འབྱམས་མདོ་དང་རྒྱུད་སྡེ་མཐའ་དག་ལས། །གང་གི་རྣལ་འབྱོར་བསྔགས་པའི་བླ་མ་ལྷའི། །སྒྲུབ་ཐབས་འདོད་འཇོ་རིན་ཆེན་དབང་གི་རྒྱལ། །གང་གི་གཙུག་བརྟེན་དངོས་གྲུབ་ཞལ་མཛེས་གྲུབ། །དགེ་ཚོགས་ཆེས་དཀར་མཁའ་ཁྱབ་འགྲོ་བ་ཀུན། །བཤེས་གཉེན་དམ་པའི་མགོན་གྱིས་ལེགས་ཟིན་པའི། །དངོས་གྲུབ་གཉིས་གྱི་དགའ་སྟོན་ལ་སྤྱོད་ཅིང༌། །སྐྱེ་དགུའི་དོན་གཉིས་མྱུར་དུ་མཐར་ཕྱིན་ཤོག །

   ཅེས་བླ་མའི་རྣལ་འབྱོར་ཙིནྟ་མ་ཎིའི་ཕྲེང་མཛེས་འདི་ཡང་རིགས་རུས་དང་འཕགས་པའི་ནོར་གྱིས་འཕགས་པ་ཀུན་དགའ་བོ་དང་མཚུངས་པའི་དབོན་པོ་བློ་བཟང་ཕུན་ཚོགས་ཀྱིས་ཉིན་བདེ་དང་སུ་ཝརྞ་དང་བཅས་ཡང་ཡང་བསྐུལ་པའི་ངོར། རྗེ་བླ་མས་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་ཆིག་བརྒྱུད་དུ་གནང་པ་ལུགས་འདི་དམ་པ་ཀུན་གྱི་ཐུགས་དམ་གྱི་མཐིལ་མཛད་པ་དེ་མགོ་མཇུག་གི་ཚིགས་བཅད་ཙམ་གསར་དུ་བྱས་ཏེ་དབེན་ས་སྔ་ཕྱི་སོགས་འདིའི་སྐོར་དུ་མ་ཐོབ་པའི་ཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྲོང་བཙན་སྒྲུབ་གནས་ཕ་བོང་ཁར་བྲིས་པ་ཀུན་ལ་དགེ་བར་གྱུར་ཅིག།

                                                                                                                      རྩོམ་སྒྲིག་པ། མང་ར་བ།

 

    གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།