ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ཐོར་བུ་ཁྲིགས་ཆགས་སུ་བསྡེབས་པ་ལས་དོ་ཧ་མཛོད་ཀྱི་མཆན་འགྲེལ་བཞུགས་སོ། །

    སྤེལ་དུས།  2017-11-21 21:10:22         ཀློག་ཐེངས།  

 144830942193100754.jpg

    རྒྱ་གར་ན་མསྶྭ་ར་སྭ་སྟྱཻ་གུ་རུ་མཉྫུ་གྷོཥཱབྷྱཱཾ། དོ་ཧ་ལ་བཞི། མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་གི་དོན་ནོ། །དང་པོ་ནི། སྐད་དུ། དོ་ཧ་ཀོ་ཥ་གཱི་ཏི། །བོད་སྐད་དུ། དོ་ཧ་མཛོད་ཀྱི་གླུ། གཉིས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལྷན་སྐྱེས་ཀྱི་ལོག་ཕྱོགས་གཞན་ལུགས་དགག་པ་དང༌། རང་ལུགས་ཀྱི་རྡོ་རྗེའི་གླུ་གཉིས། དང་པོ་ལ་ཚངས་པའི་རིག་བྱེད། དབང་ཕྱུག་གི་རྩེ་གསུམ། ཟད་བྱེད་དགག་པ་གསུམ་ལས། དང་པོ་ལ་འདོད་པ་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི།.....དེ་ཉིད་མི་ཤེས་བྲམ་ཟེ་ནི། །ཀྱི་ན་རིགས་བྱེད་གཞི་དག་འདོན། །ས་ཆུ་ཀུ་ཤ་དག་བྱེད་དང༌། ཁྱིམ་ན་གནས་ཤིང་མེ་ལ་བསྲེག །གཉིས་པ་དེ་དགག་པ་ནི།.....དོན་མེད་སྦྱིན་སྲེག་བྱེད་པ་ནི། །དུ་བས་མིག་ལ་གནོད་པར་བས། །གཉིས་པ་དབང་ཕྱུག་པ་ལ་འདོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི།.....དབྱུ་གུ་དབྱུག་གསུམ་ལེགས་ལྡན་གཟུགས། །ཐ་དད་པ་དང་དད་པས་བསྟན་པ་དག །དེ་དགག་པ་ནི།.....ཆོས་དང་ཆོས་མིན་ཤེས་པར་མི་མཉམ་ཞིང༌། །འགྲོ་བ་རྣམས་ནི་བརྫུན་པ་ཉིད་དུ་གོལ། །གསུམ་པ་ཟད་བྱེད་པ་ལ་གསུམ། སྤྱོད་པ་དང༌། ལྟ་བ་བསྟན། དེ་དགག་པ་གསུམ་ལས། དང་པོ་ནི།.....ཨེ་རའི་ཐལ་བས་ལུས་ལ་བྱུགས་ནས་སུ། །མགོ་ལ་རལ་པའི་ཁུར་བུ་འཁུར་བར་བྱེད། །ཁྱིམ་དུ་མར་མེ་བཏང་ནས་གནས། །མཚམས་སུ་འདུག་ནས་དྲིལ་བུ་འཁྲོལ། །སྐྱིལ་ཀྲུང་བཅས་ནས་མིག་བཙུམས་ཏེ། །རྣ་བར་ཤུབ་ཤུབ་སྐྱེ་བོ་སླུ་བར་བྱེད། །ཁྱོ་མེད་སྐྲ་མེད་འདི་འདྲ་གཞན་ལ་སྟོན། །དབང་རྣམས་བསྐུར་ཞིང་བླ་མའི་ཡོན་རྣམས་ལེན། །སེན་མོ་རིང་ཞིང་ལུས་ལ་དྲི་མས་གཡོགས། །གོས་དང་བྲལ་ཞིང་སྐྲ་ནི་འབལ་བར་བྱེད། གཉིས་པ་ལྟ་བ་ནི།.....ནམ་མཁའི་ཡིད་ཅན་གནོད་བྱེད་ལམ་གྱི་གཟུགས། །ཐར་པའི་ཆེད་དུ་བདག་ཉིད་འགྲོ་བྱེད་སླུ། །

    གསུམ་པ་དེ་དགག་པ་ནི།.....གཅེར་བུས་གལ་ཏེ་གྲོལ་འགྱུར་ན། །ཁྱི་དང་ཝ་སོགས་ཅིས་མི་གྲོལ། །སྤུ་བཏོགས་པས་ནི་གྲོལ་འགྱུར་ན། །བུད་མེད་སྤུ་བཏོགས་གྲོལ་བར་འགྱུར། །མཇུག་སྤུ་བསླང་བས་གྲོལ་འགྱུར་ན། །རྨ་བྱ་གཡག་སོགས་གྲོལ་བར་འགྱུར། །ལངས་ཏེ་ཟ་བས་གྲོལ་འགྱུར་ན། །རྟ་དང་གླང་པོ་ཅི་ཕྱིར་མིན། །མདའ་བསྣུན་ན་རེ་ནམ་མཁའི་ཡིད་ཅན་ལ། །ཐར་པ་ནམ་ཡང་ཡོད་པ་མ་ཡིན་ཟེར། །གཉིས་པ་རང་ལུགས་རྡོ་རྗེའི་གླུ་ལ་ཞར་བྱུང་ཐུན་མོང་གི་ལྟ་བའི་དོགས་པ་གཅོད་པ། ཁྱད་པར་བླ་མེད་ལྷན་སྐྱེས་ཀྱི་རྣམ་བཞག་གཉིས། དང་པོ་ལ་འདོད་པ་བརྗོད། དེ་དགག་པ་གཉིས། དང་པོ་ལ་རྒྱུ་ཕར་ཕྱིན་ཐེག་པའི་དོགས་གཅོད་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་ལ་དོགས་གཅོད་གཉིས། དང་པོ་ལ་ཉན་ཐོས་སྡེ་པ་རྣམས་ཀྱིས་འདུལ་བ་ཙམ་གྱི་དཀའ་སྤྱད་དང༌། མདོ་སྡེ་ཚད་མར་བྱེད་པའི་མདོ་སྡེ་པ་དང༌། སེམས་ཙམ་པའི་ལྟ་བ་དང༌། དབུ་མ་བ་ཁ་ཅིག་གི་ལྟ་བ་ལ་དཔྱད་པ་བཞི། དང་པོ་ནི།.....བདེ་བའི་དེ་ཉིད་དང་ནི་བྲལ་འགྱུར་ཞིང༌། །ལུས་ཀྱི་དཀའ་ཐུབ་འབའ་ཞིག་ཙམ་ལྡན་པས། །དགེ་ཚུལ་དགེ་སློང་གནས་བརྟན་ཞེས་བྱའོ། །གཉིས་པ་མདོ་སྡེ་པའི།.....བནྡེ་རྣམས་ནི་དེ་ལྟར་རབ་བྱུང་ནས། །ཁ་ཅིག་མདོ་སྡེ་འཆད་པར་བྱེད་ཅིང་འཇུག །གསུམ་པ་སེམས་ཙམ་པའི།.....ལ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང༌། །བཞི་པ་དབུ་མ་པའི།.....ཁ་ཅིག་ཐེག་ཆེན་དེ་ལ་རྒྱུག་བྱེད་ཅིང༌། །དེ་ནི་གཞུང་ལུགས་ཚད་མའི་བསྟན་བཅོས་ཡིན། །གཉིས་པ་དེ་དགག་པ་ལ་རྟོག་སྒོམ་དང་སྟོང་དམན་པའི་རྒྱུ་དང༌། ལྷན་སྐྱེས་སྒོམ་གཞན་གྱིས་མི་འགྲུབ་པ་དང༌། བླུན་པོའི་མོས་གུས་གོལ་སར་བསྟན་པ་དང༌། ཁྲུས་དང་གཙང་སྦྲ་དོན་ཆུང་གི་ལམ་དུ་བསྟན་པ་དང༌། ཐུན་མོང་ཡིན་མིན་ཀྱི་ཐབས་སྙིང་རྗེ་དང་བྲལ་བའི་སྟོང་ལྟ་མཆོག་མིན་ཚུལ་དང༌། ཐུན་མོང་ཡིན་མིན་གྱི་སྙིང་རྗེ་ཙམ་གྱིས་མཐོ་རིས་དང་སྲིད་མཐའི་ལམ་བཤད་པ་དྲུག་ལས། དང་པོ་ནི།.....གཞན་ཡང་དཀྱིལ་འཁོར་འཁོར་ལོ་མ་ལུས་བསྒོམ། །ཁ་ཅིག་བཞི་པའི་དོན་འཆད་པ་ལ་ཞུགས། །ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་སྣང༌། །གཞན་ཡང་སྟོང་ཉིད་ལྡན་པར་བྱེད་པ་དེ། །ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་ཡིན། །གཉིས་པ་ལྷན་སྐྱེས་དང་བྲལ་བའི་སྒོམ་གཞན་གྱིས་སེམས་ཀྱི་དོན་དམ་ལྷན་སྐྱེས་མི་འགྲུབ་པར་བཤད་པ།.....ལྷན་ཅིག་སྐྱེས་བྲལ་གཞན་གང་གིས །མྱ་ངན་འདས་གང་སྒོམ་བྱེད་པ། །དེ་དག་འགས་ཀྱང་དོན་དམ་ནི། །ཅིག་ཤོས་འགྲུབ་པར་མི་འགྱུར་རོ། །གསུམ་པ་བླུན་མོས་གོལ་ས་ནི།.....གང་ཞིག་གང་ལ་མོས་པར་གྱུར་པ་དེས། །བསམ་གཏན་གནས་པས་ཐར་པ་ཐོབ་བམ་ཅི། །བཞི་པ་ཁྲུས་སོགས་དོན་ཆུང་བ་ནི།.....མར་མེ་ཅི་དགོས་ལྷ་བཤོས་དེ་ཅི་དགོས། །དེ་ལ་ཅི་བྱ་གསང་སྔགས་བསྟན་པ་ཅི་ཞིག་དགོས། །འབབ་སྟེགས་འགྲོ་དང་དཀའ་ཐུབ་མི་དགོས་ཏེ། །ཆུ་ལ་ཞུགས་པས་ཐར་པ་ཐོབ་བམ་ཅི། །ལྔ་པ་སྙིང་རྗེ་དང་བྲལ་བའི་སྟོང་པ་ཞི་མཐའི་ལམ།.....སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང༌། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། དྲུག་པ་སྟོང་བྲལ་སྙིང་རྗེ་སྲིད་མཐའི་ལམ.....འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་ན་ཡང༌། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གཉིས་པ་བླ་མེད་ལྷན་སྐྱེས་ཀྱི་རྣམ་བཞག་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ལ་གྲོལ་ལམ་ལྷན་སྐྱེས་དངོས་དང༌། གྲོལ་བའི་འབྲས་བུ་དང༌། མཚོན་དཀའ་ཚུལ་དང༌། འཛག་བདེའི་ལམ་སྤངས་པ་བཞི་ལས། དང་པོ་ལ་བདེ་སྟོང་དབྱེར་མེད་ཀྱིས་མཐའ་གཉིས་སྤོང་ཚུལ་དང༌། དེ་ལ་ལམ་ཀུན་འདུས་ཚུལ་དང༌། ལམ་མཆོག་ཡིན་ཅིང་བླ་མའི་ཞལ་ལ་ལྟོས་ཚུལ་གསུམ་གྱི་དང་པོ་ནི།.....གང་ཡང་གཉིས་པོ་སྦྱོར་བར་ནུས་པ་དེས། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །གཉིས་པ་ཐམས་ཅད་འདུས་ཚུལ་ནི།.....ཀྱེ་སྤྲོས་པ་བལ་ཚུལ།.....ལགས་གང་སྨྲས་བརྫུན་ཞིང་ལོང༌པ་དེ་བོར་ལ། །གང་ལ་ཞེན་པ་ཡོད་པ་དེ་ཡང་ཐོང༌། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལ་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ལམ་མཆོག་ཡིན་ཚུལ།.....ཀློག་པ་དེ་ཡིན་འཛིན་དང་སྒོམ་པ་དེ་ཡིན་ཏེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །གསུམ་པ་ལམ་མཆོག་ཡིན་ཅིང༌བླ་མའི་ཞལ་ལ་ལྟོས་ཚུལ་ནི།.....དེ་མི་.....གཉིས་པ་གྲོལ་བའི་འབྲས་བུ། མཚོན་པའི་ལྟ་བ་ཡོད་མིན་ཏེ། །འོན་ཀྱང༌གཅིག་པུ་བླ་མའི་ཞལ་ལ་ལྟོས་པ་ཡིན། །བླ་མའི་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། །གསུམ་པ་མཚོན་དཀའ་ཚུལ.....གཉུག་མའི་རང་བཞིན་བྱིས་པས་མ་མཐོང་བར། །འཁྲུལ་བས་བྱིས་པ་བསླུས་ཞེས་མདའ་བསྣུན་སྨྲ། །བཞི་པ་འཛག་བདེའི་ལམ་སྤངས་པར་བསྟན་པ་ནི།.....བསམ་གཏན་མེད་ཅིང་རབ་ཏུ་འབྱུང་བ་མེད། །ཁྱིམ་ན་གནས་ཤིང་ཆུང་མ་དག་དང་ལྷན་ཅིག་ཏུ། །གང་ཞིག་ཡུལ་གྱི་དགའ་བས་བཅིངས་ལས་མི་གྲོལ་ན། །མདའ་བསྣུན་ང་ནི་དེ་ཉིད་ཤེས་པ་ཡིན་ཞེས་སྨྲ། །གཉིས་པ་རྒྱས་བཤད་ལ་ཆོས་ཉིད་དེ་བཞིན་ཉིད་ཀྱི་དེ་ཉིད་དང༌། རང་བཞིན་གཉུག་མའི་དེ་ཉིད་དང༌། སེམས་ཉིད་འོད་གསལ་དེ་ཉིད་གསུམ། དང་པོ་ལ་རྟོག་མེད་ལྷན་སྐྱེས་སྒོམ་པའི་རྣལ་འབྱོར་དང༌། ལྷན་སྐྱེས་ཀྱི་རྒྱུ་སྲོག་རྩོལ་རྣམ་འབྱོར་གཉིས། དང་པོ་ལ་ལྷན་སྐྱེས་ཀྱིས་རང་བཞིན་བརྒྱ་རྩ་བརྒྱད་སོགས་འགག་ཚུལ་གྱི་སྟོབས་དང༌། ལྷན་སྐྱེས་ཀྱི་རྣལ་འབྱོར་དངོས་གཉིས། དང་པོ་ནི།.....གལ་ཏེ་མངོན་དུ་གྱུར་ན་བསམ་གཏན་ཅི། །གལ་ཏེ་ལྐོག་ཏུ་གྱུར་ན་མུན་པ་འཇལ། །ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཉིད་ནི། །དངོས་དང་དངོས་པོ་མེད་པ་མ་ཡིན་ཏེ། །མདའ་བསྣུན་འོ་དོད་རྟག་ཏུ་འབོད་པར་བྱེད། །གཉིས་པ་ལྷན་སྐྱེས་ཀྱི་རྣལ་འབྱོར་དངོས་ལ་སྒྱུ་ལུས་ཐོབ་པའི་བྱ་རྒྱུ་དང༌། ལྷན་སྐྱེས་ཇི་ལྟར་བསྒོམ་པ་གཉིས།

    དང་པོ་ནི།.....གང་ཞིག་བླངས་ནས་སྐྱེས་ཤི་གནས་གྱུར་པ། །དེ་ཉིད་བླངས་ནས་བདེ་ཆེན་མཆོག་གྲུབ་ཅེས། །སྐད་གསང་མཐོན་པོས་མདའ་བསྣུན་སྨྲ་ཤེས་ཀྱང༌། །བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། །གཉིས་པ་ལྷན་སྐྱེས་ཇི་ལྟར་བསྒོམ་པ་ལ་སྤྲོས་བྲལ་གྱི་བསམ་གཏན་དང༌། རང་བཞིན་གཉུག་མའི་ཕྱག་རྒྱ་དང༌། ཀུན་རྟོག་མེད་པའི་ལྷན་སྐྱེས་སྒོམ་པ་གསུམ། དང་པོ་ནི།.....བསམ་གཏན་བྲལ་བས་ཅི་ཞིག་བསམ་བྱར་ཡོད། །བརྗོད་དུ་མེད་གང་ཇི་ལྟར་བཤད་དུ་ཡོད། །གཉིས་པ་རང་བཞིན་གཉུག་མ་ནི།.....སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས། །རང་བཞིན་གཉུག་མ་སུས་ཀྱང་བླངས་པ་མེད། །གསུམ་པ་ཀུན་རྟོག་མེད་པའི་ལྷན་སྐྱེས་སྒོམ་ཚུལ་ནི།.....རྒྱུད་མེད་སྔགས་མེད་བསམ་བྱ་བསམ་གཏན་མེད། །དེ་ཀུན་རང་ཡིད་འཁྲུལ་བར་བྱེད་པའི་རྒྱུ། །རང་བཞིན་དག་པའི་སེམས་ལ་བསམ་གཏན་དག་གིས་མི་བསླད་དེ། །བདག་གི་དེ་ཉིད་བདེ་ལ་གནས་ཤིང་གདུང་བར་མ་བྱེད་ཅིག །གཉིས་པ་སྲོག་རྩོལ་གྱི་རྣལ་འབྱོར་ལ་སྲོག་རྩོལ་སྒོམ་ཚུལ་དང༌། དེའི་འབྲས་བུ་གཉིས། དང་པོ་ལ་མྱུར་ལམ་ཕྱག་རྒྱའི་སྲོག་རྩོལ་དང༌། ཟབ་མོ་རྡོར་བཟླས་ཀྱི་སྲོག་རྩོལ། དེ་གཉིས་ཀྱི་འབྲས་བུ་རྗེས་ཐོབ་སྐྱོང་ཚུལ་དང༌། དེར་མཐའ་དང་བྲལ་ཚུལ། ལྷན་སྐྱེས་མཐོང་ཚུལ་དང་ལྔ་ལས། དང་པོ་ནི།.....ཟ་ཞིང་འཐུང་ལ་གཉིས་སྤྲོད་གྱིས་དགའ་ཞིང༌། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདི་ལྟ་བུས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པ་འཇིག་རྟེན་མགོན་པོར་རྡོག་པས་མནན་ནས་སོང༌། །གཉིས་པ་ཟབ་མོ་རྡོར་བཟླས་ཀྱི་སྲོག་རྩོལ་ནི།.....གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང༌། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །མི་ཤེས་པ་དག་གནས་དེར་སེམས་ནི་དབུགས་ཕྱུང་ཅིག །མདའ་བསྣུན་གྱིས་ནི་མན་ངག་ཐམས་ཅད་བསྟན་ནས་སོང༌། །གསུམ་པ་དེ་གཉིས་ཀྱི་འབྲས་བུ་རྗེས་ཐོབ་སྐྱོང་ཚུལ་ནི།.....གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་ལ་བྱེ་བྲག་དག་ཏུ་མ་འབྱེད་པར། །ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཅིག་དང༌། །བཞི་པ་དེར་མཐའ་དང་བྲལ་ཚུལ་ནི།.....དེར་ནི་ཐོག་མ་དབུས་མཐའ་མེད། །ཇི་སྲིད་མྱ་ངན་འདས་པ་མིན། །བདེ་བ་ཆེན་པོ་མཆོག་འདི་ལ། །བདག་དང་གཞན་དུ་ཡོད་མ་ཡིན། །ལྔ་པ་ལྷན་སྐྱེས་མཐོང་ཚུལ་ནི།.....མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ཉིད་དུ་མགོན་པོ་དེ་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །གཉིས་པ་སྲོག་རྩོལ་འབྲས་བུ་ལ་ལྷག་མཐོང་ཡེ་ཤེས་འཆར་ཚུལ་དང༌། དེ་འདྲའི་ཟབ་དོན་རྟོགས་དཀའ་བ་གཉིས། དང་པོ་ལ་སྤང་བྱའི་དྲི་མ་བྲལ་ཚུལ་དང༌། རླུང་སེམས་འཆིང་ཚུལ་དང༌། རང་རིག་ཡེ་ཤེས་ཀྱི་ངོ་བོ་དང༌། སྒྱུ་འདྲར་སྣང་བའི་ཆོས་ཉིད་དང༌། དེ་ཉིད་མཐོང་བས་ལས་སྣང་འགག་ཚུལ་ལྔ། དང་པོ་ནི།.....དབང་པོ་གང་དུ་ནུབ་གྱུར་ཅིང༌། །རང་གི་ངོ་བོར་ཉམས་པར་འགྱུར། །གྲོགས་དག་དེ་ནི་ལྷན་ཅིག་སྐྱེད་པའི་ལུས། །བླ་མའི་ཞལ་ལས་གསལ་བར་བྲིས། །གཉིས་པ་རླུང་སེམས་འཆིང་ཚུལ་ནི།.....ཡིད་ནི་གར་འཆིང་རླུང་གར་དེངས། །ས་སྟེང་འདི་ན་ཡན་ལག་གནས། །དེ་ནི་རྨོངས་པས་མཚམས་སུ་ཡོངས་ཤེས་བྱ། །གཏི་མུག་རྒྱ་མཚོ་འཆད་པ་གང་ཤེས་པ། །འདི་ནི་བདེ་ཆེན་མཆོག་ཡིན་ཏེ། །ས་ར་ཧ་ཡིས་བསྟན་ནས་འགྲོ། གསུམ་པ་རང་རིག་ཡེ་ཤེས་ཀྱི་ངོ་བོ་ནི།.....ཀྱེ་ཧོ་འདི་ནི་རང་རིག་སྟེ། །འདི་ལ་འཁྲུལ་བ་མ་བྱེད་ཅིག །དངོས་དང་དངོས་མེད་བདེ་བར་གཤེགས་པའི་འཆིང་བ་སྟེ། །སྲིད་དང་མཉམ་ཉིད་ཐ་དད་མ་འབྱེད་པར། །གཉུག་མའི་ཡིད་ནི་གཅིག་ཏུ་གཏོད་དང་རྣལ་འབྱོར་བ། །ཆུ་ལ་ཆུ་བཞག་བཞིན་དུ་ཤེས་པར་བྱོས། །བཞི་བ་སྒྱུ་འདྲར་སྣང་བའི་ཆོས་ཉིད་ནི།.....བསམ་གཏན་བརྫུན་པས་ཐར་པ་རྙེད་མིན་ནོ། །སྒྱུ་ལུས་དྲ་བས་ཇི་ལྟར་བང་དུ་འཁྱུད། །བླ་མ་དམ་པའི་བཀའ་ཡིས་བདེ་བར་ཡིད་ཆེས་པར། །ང་ཡིས་བརྗོད་དུ་ཡོད་མིན་ཞེས་ནི་མདའ་བསྣུན་སྨྲ། །ལྔ་བ་དེ་ཉིད་མཐོང་བས་ལས་སྣང་དགག་ཚུལ་ནི།.....གདོད་ནས་དག་པ་ནམ་མཁའི་རང་བཞིན་ལ། །བལྟས་ཤིང་བལྟས་ཤིང༌མཐོང་བ་འགག་པར་འགྱུར། །དེ་ལྟ་བུ་ཉིད་དུས་སུ་འགོག་པར་འགྱུར། །གཉིས་པ་གཉུག་མའི་ཟབ་དོན་དེ་འདྲ་རྟོགས་དགའ་བ་ལ་རྟོགས་དཀའི་གཉུག་མ་དང༌། དེ་བླ་མའི་ཞལ་ལས་བྱུང་བ་གཉིས།

    དང་པོ་ནི།.....གཉུག་མ་ཉིད་ལ་སྐྱོན་གྱིས་བྱིས་པ་བསླུས། །སྐྱེ་བོ་མ་ལུས་ལྷག་པར་སུན་འབྱིན་ཅིང༌། །ང་རྒྱལ་སྐྱོན་གྱིས་དེ་ཉིད་མཚོན་མི་ནུས། །འཇིག་རྟེན་མ་ལུས་བསམ་གཏན་གྱིས་རྨོངས་འགྱུར། །གཉིས་པ་དེ་ཉིད་བླ་མའི་ཞལ་ལས་བྱུང་བ་ནི།.....གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད། །སེམས་ཀྱི་རྩ་བ་མིན་མཚོན་ཏེ། །ལྷན་ཅིག་སྐྱེས་པ་རྣམ་གསུམ་གྱི། །གང་ལས་དེ་སྐྱེས་གང་དུ་ནུབ། །གང་དུ་གནས་འགྱུར་གསལ་བར་མི་ཤེས་སོ། །རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། །བླ་མའི་མན་ངག་མཐོང་བ་དེ་ཡིས་ཆོག །གཉིས་པ་རང་བཞིན་གཉུག་མའི་དེ་ཉིད་ལ་མདོར་བསྟན། རྒྱས་བཤད། ཤིན་ཏུ་བཤད་པ་གསུམ། དང་པོ་ལ་འཁོར་བའི་རང་བཞིན་ཆོས་དབྱིངས་བརྗོད་པ་དང༌། ཆོས་ཉིད་མངོན་དུ་མཐོང་བྱར་བརྗོད་པ་དང༌། བྱིན་རླབས་འཇུག་པའི་དུས་ཚོད་དང༌། ལས་དང་བྲལ་བའི་འབྲས་བུ་བརྗོད་པ་སྟེ་བཞི། དང་པོ་ནི།.....འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས། །རྨོངས་རྣམས་མདའ་བསྣུན་གྱིས་སྨྲས་ཙེ་ནེ་ཤེས་པར་བྱོས། །གཉིས་པ་ཆོས་ཉིད་མངོན་དུ་མཐོང་བྱར་བརྗོད་པ་ནི།.....གཉུག་མའི་རང་བཞིན་ཚིག་གིས་མི་བརྗོད་ཀྱང༌། །སློབ་དཔོན་མན་ངག་མིག་གིས་མཐོང་བར་འགྱུར། །ཆོས་དང་ཆོས་མིན་མཉེས་ནས་ཟོས་པ་ཡིས། །འདི་ལ་ཉེས་པ་རྡུལ་ཙམ་ཡོད་མ་ལགས། །གསུམ་པ་བྱིན་རླབས་འཇུག་པའི་དུས་ཚོད་ནི.....གཉུག་མའི་ཡིད་ནི་གང་ཚེ་སྦྱངས་གྱུར་པ། །དེ་ཚེ་བླ་མའི་ཡོན་ཏན་སྙིང་ལ་འཇུག་པར་འགྱུར། །འདི་ལྟར་རྟོགས་ནས་མདའ་བསྣུན་གླུ་ལེན་ཏེ། །སྔགས་དང་རྒྱུད་རྣམས་གཅིག་ཀྱང་མ་མཐོང་ངོ༌། །ལས་དང་བྲལ་བའི་འབྲས་བུ་ནི།.....འགྲོ་རྣམས་ལས་ཀྱིས་སོ་སོར་བཅིངས་གྱུར་ཏེ། །ལས་ལས་གྲོལ་ན་ཡིད་ནི་ཐར་པ་ཡིན། །རང་རྒྱུད་གྲོལ་ན་ངེས་པར་གཞན་མེད་དེ། །མཆོག་གི་མྱ་ངན་འདས་པ་ཐོབ་པར་འགྱུར། །གཉིས་པ་རྒྱས་བཤད་ལ་མཁའ་ལྟར་གནས་ཚུལ་དང༌། མཐའ་རྣམས་བྲལ་ཚུལ་གཉིས། དང་པོ་ལ་གཞི་དང༌། ལམ་དང༌། འབྲས་བུ་གསུམ་ལས། དང་པོ་ལ་ཆོས་དབྱིངས་ཀྱི་དེ་ཉིད། བཅིང་གྲོལ་གྱི་དེ་ཉིད། ནམ་མཁའ་ལྟ་བུར་ཀུན་འགྲོའི་དེ་ཉིད་གསུམ། དང་པོ་ནི།.....སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །གཉིས་པ་བཅིང་གྲོལ་གྱི་དེ་ཉིད་ནི།.....སེམས་བཅིངས་པས་ནི་འཆིངས་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །བླུན་པོ་གང་གིས་འཆིང་འགྱུར་བ། །མཁས་རྣམས་དེ་ཡིས་མྱུར་དུ་གྲོལ། །མཁའ་འདྲའི་ཀུན་འགྲོ་ནི།.....སེམས་ནི་ནམ་མཁའ་འདྲ་བར་གཟུང་བྱ་སྟེ། །ནམ་མཁའི་རང་བཞིན་ཉིད་དུ་སེམས་གཟུང་བྱ། །ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ན། །དེས་ནི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །གཉིས་པ་ལམ་ལ་གང་ཞིག་སྒོམ་པའི་དོན་དང༌། གང་དུ་སྒོམ་པའི་གནས་གཉིས། དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་ལ་སྲོག་རླུང་རྣམ་པར་བཅིང་བ་དང༌། དེ་ཉིད་བཅིང་བའི་འབྲས་བུ་དང༌། གྲུབ་མཐའ་སོ་སོའི་དེ་ཉིད་བརྗོད་ཚུལ་གསུམ། དང་པོ་ནི།.....མཁས་འདྲར་བྱས་ན་རླུང་ནི་རྣམ་པར་འཆིང༌། །མཉམ་ཉིད་ཡོངས་སུ་ཤེས་པས་རབ་ཏུ་ཐིམ། །མདའ་བསྣུན་གྱིས་སྨྲས་ནམ་ཞིག་ནུས་ལྡན་ན །མི་རྟག་གཡོ་བ་མྱུར་དུ་སྤོང་བར་འགྱུར། །གཉིས་པ་རླུང་བཞི་བཅིང་བའི་འབྲས་བུ་ནི།.....རླུང་དང་མེ་དང་དབང་ཆེན་འགགས་པ་ན། །བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག །ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ༌། །གསུམ་པ་གྲུབ་མཐའ་སོ་སོའི་དེ་ཉིད་བརྗོད་ཚུལ་ནི།འདི་ཕྱག་རྒྱ་ལ་སྦྱར་ན་ལེགས།.....ཁྱིམ་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང༌། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མེད། །འགྲོ་ཀུན་བསམ་པས་སུན་འབྱིན་མདའ་བསྣུན་སྨྲ། །གཉིས་པ་རྒྱས་བཤད་ལ་སྔོན་འགྲོ་དང༌། དངོས་གཞི་ཇི་ལྟར་སྒོམ་ཚུལ་གཉིས། དང་པོ་ལ་ཆོས་དབྱིངས་རྟོགས་དཀའ་ཚུལ་དང༌། ཡེངས་མ་ལམ་ལ་མི་ཚེ་འགྲོ་བ་དང༌། སྣ་ཚོགས་བསྒྲུབ་ཀྱང་སྙིང་པོ་མེད་པ་དང༌། དེས་ན་དེ་ཡང་བསྒོམ་པར་བྱ་བ་བཞི། །དང་པོ་ནི།.....བསམ་གྱིས་མི་ཁྱབ་གྲུབ་པ་འགའ་ཡང་མེད། །སྲོག་ཆགས་ཐམས་ཅད་ཀུན་ལ་ཡང༌། །དེ་ཉིད་ཡོད་དེ་རྟོགས་པ་མེད། །ཐམས་ཅད་རོ་མཉམ་རང་བཞིན་པས། །བསམ་ཡས་ཡེ་ཤེས་བླ་མེད་པའོ། །གཉིས་པ་ཡེངས་མ་ལམ་ལ་མི་ཚེ་འགྲོ་ཚུལ་ནི།.....ཁ་སང་དེ་རིང་དེ་བཞིན་སང་དང་གཞན། །དོན་རྣམས་ཕུན་སུམ་ཚོགས་པར་སྐྱེ་བོ་འདོད། །ཀྱེ་ཧོ་བཞིན་བཟང་སྙིམ་པ་ཆུས་བཀང་པ། །འཛགས་པ་བཞིན་དུ་ཉམས་པ་མ་ཚོར་རོ། །གསུམ་པ་སྣ་ཚོགས་བསྒྲུབ་ཀྱང་སྙིང་པོ་མེད་པ་ནི།..... བྱ་བ་བྱེད་དང་བྱ་བ་མི་བྱེད་པ། །ངེས་པར་རྟོགས་ན་བཅིངས་དང་གྲོལ་བ་མེད། །ཡི་གེ་མེད་ལས་འཆད་པར་ཡོང་འདོད་པ། །གང་ཞིག་རྣལ་འབྱོར་བརྒྱ་ལ་འགའ་ཡིས་མཚོན། །བཞི་པ་དེས་ན་དེ་ཡང་བསྒོམ་པར་བྱ་བ་བསྟན་པ་ནི།.....འཇུར་བུས་བཅིངས་པའི་སེམས་དེ་ནི། །གློང་ན་གྲོལ་བར་ཐེ་ཚོམ་མེད། དངོས་པོ་གང་གིས་རྨོངས་པ་འཆིངས། །མཁས་རྣམས་དེ་ཡིས་རྣམ་པར་གྲོལ། །གཉིས་པ་དངོས་གཞི་ཇི་ལྟར་སྒོམ་ཚུལ་ལ། ཇི་ལྟར་སྒོམ་པའི་ཚུལ་དང༌། སྲོག་རྩོལ་རྣལ་འབྱོར་སྒོམ་པ་དང༌། སྲོག་རྩོལ་སྒོམ་པའི་རྒྱུ་མཚན་བསྟན་པ་གསུམ། དང་པོ་ནི། བཅིངས་པ་དག་ནི་ཕྱོགས་བཅུར་འགྲོ་བ་རྩོམ ཐོང་བར་གྱུར་ན་མི་གཡོ་བརྟན་པར་གནས། །གོ་བཟློག་རྔ་མོ་ལྟ་བུར་བདག་གིས་རྟོགས། །བུ་ཁྱོད་རྣམས་ཀྱང་རང་ལ་ཆེར་ཏེ་ལྟོས། །ཀྱེ་ལགས་དབང་པོ་ལྟོས་ཤིག་དང༌། །འདི་ལས་ངས་ནི་མ་གཏོགས་སོ། །གཉིས་པ་སྲོག་རྩོལ་རྣལ་འབྱོར་སྒོམ་པར་བསྟན་པ་ནི།.....ལས་ཟིན་པ་ཡི་སྐྱེས་བུ་ཡི། །དྲུང་དུ་སེམས་ཐག་གཅད་པར་བྱོས། །རླུང་བཅིངས་པ་ལ་རང་ཉིད་མ་སེམས་སྐྱེ། །ཤིང་གི་རྣལ་འབྱོར་སྣ་རྩེར་མ་འདུག་ཅིག །ཨེ་མའོ་མ་ཡིན་ལྷན་ཅིག་སྐྱེས་པ་མཆོག་ཆགས་བྱོས། །སྲིད་པའི་སྣ་རྩེར་འཆིང་བ་ཡང་དག་སྤང༌། །གསུམ་པ་སྲོག་རྩོལ་སྒོམ་པའི་རྒྱུ་མཚན་ནི།.....འདི་ནི་ཡིད་འདུས་པ་ལ་རླུང་གིས་རླབས། །གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་སྲུན་འགྱུར། །ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་གྱུར་ན། །དེ་ཡིས་བདག་ཉིད་བརྟེན་པར་གྱུར་པ་ཡིན། །གང་ཚེ་ཡིད་ནི་ཉེ་བར་འགགས་གྱུར་ན། །ལུས་ཀྱི་འཆིང་བ་རྣམ་པར་འཆད་པར་འགྱུར། །གང་ཚེ་ལྷན་ཅིག་སྐྱེས་དང་རོ་མཉམ་པ། །དེ་ཚེ་དམན་པའི་རིགས་དང་བྲམ་ཟེ་མེད། གཉིས་པ་གང་དུ་སྒོམ་པའི་གནས་ལ། ཕྱི་རོལ་གནས་སོགས་གོལ་བའི་དང༌། ལུས་ཀྱི་གནས་མཆོག་དགེ་བ་དང༌། གནས་ཀྱི་ངོ་བོ་དབུ་མའི་རྩ་དང༌། དོན་གྱི་གནས་སོགས་རྣམ་པར་དག་པ་དང༌། རྩོད་འཆད་ལམ་རྣམས་རྟོགས་དཀའ་བའི་ཚུལ་ལྔ། དང་པོ་ནི།.....འདི་ནི་ཟླ་བ་རྒྱ་མཚོ་ཉིད་དང་ནི། །འདི་ནི་གངྒཱའི་རྒྱ་མཚོ་ཉིད་དང་ནི། །པཱ་རཱ་ཎ་སཱི་སྭ་ཡ་གྷ་ཡ་ཏི། །འདི་ནི་ཟླ་བ་གསལ་བྱེད་ཉིད། །ཞིང་ཀུན་གནས་དང་ཉེ་བའི་གནས་སོགས་པ། །ཕྱིན་ཏེ་བལྟས་པའི་རྟོགས་པ་གང་སྨྲ་བ། །གཉིས་པ་ལུས་ཀྱི་གནས་མཆོག་དགེ་པ་ནི།.....ལུས་དང་འདྲ་བའི་མུ་གནས་གཞན་ན་མེད། །དགེ་བ་ང་ཡིས་ངེས་པར་ཡང་དག་མཐོང༌། །གསུམ་པ་གནས་ཀྱི་ངོ་བོ་དབུ་མའི་རྩ་ནི།.....འདབ་ལྡན་པདྨའི་སྡོང་པོ་གེ་སར་གྱི་དབུས་ན། །ཤིན་ཏུ་ཕྲ་བའི་རྣལ་མའི་དྲི་དང་ཁ་དོག་ལྡན། །བྱེ་བྲག་འོངས་ཤིང་རྨོངས་པ་མྱ་ངན་གྱིས། །གདུངས་པའི་འབྲས་བུ་མེད་པར་མ་བྱེད་ཅིག །བཞི་པ་དོན་གྱི་གནས་ནི།.....གང་ཚེ་ཚངས་པ་ཁྱབ་འཇུག་མིག་གསུམ་དང༌། །འཇིག་རྟེན་མ་ལུས་ཐམས་ཅད་གཞིར་གྱུར་པ། །རིགས་མེད་དེ་ལ་མཆོད་ན་ལས་ཀྱི་ཡང༌། །མཐའ་ཡི་ཚོགས་ནི་ཡང་དག་ཟད་པར་འགྱུར། །ལྔ་པ་རྩོད་འཆད་ལམ་རྣམས་ཀྱིས་རྟོགས་དཀའ་ཚུལ་ནི།.....ཀྱེ་ཧོ་བུ་ཉོན་རྩོད་པའི་རོ་ནི་དག་པར་ཡང་དག་གནས་ཤེས་པ། །འགྲོ་བ་འཆད་ཅིང་འདོན་ལ་སོགས་པས་དེ་ནི་ཤེས་པར་ནུས་མ་ཡིན། །ཀྱེ་ཧོ་བུ་ཉོན་དེ་ཉིད་སྣ་ཚོགས་ཀྱིས། །རོ་འདི་བསྟན་པར་ནུས་པ་མ་ཡིན་ཏེ། །བདེ་བའི་གནས་མཆོག་རྟོག་སྤངས་ཏེ། །འགྲོ་བ་ཉེ་བར་སྐྱེ་བ་ཉིད་བཞིན་ནོ། །གསུམ་པ་ལམ་གྱི་འབྲས་བུ་ནི།.....བློ་ནི་རྣམ་འགགས་ཡིད་ནི་ཕམ་གྱུར་པ། །གང་དུ་མངོན་པའི་ང་རྒྱལ་ཆད་པའོ། །དེ་ཉིད་སྒྱུ་མའི་རང་བཞིན་མཆོག་ཏུ་རྟོག་པ་སྟེ། །དེ་ལ་བསམ་གཏན་འཆིང་བ་དེས་ནི་ཅི་བྱར་ཡོད། །གཉིས་པ་མཐའ་རྣམས་བྲལ་ཚུལ་ལ། དཔལ་ལྡན་བླ་མའི་གདམས་ངག་མཆོག་ཡིན་ཚུལ་དང༌། མཆོག་གི་གདམ་པ་དངོས་གཉིས། དང་པོ་ལ་རྣམ་དག་སེམས་ཀྱི་ངོ་བོ་དང༌། སྤྱོད་ལམ་ཀྱི་རྣལ་འབྱོར་དང༌། མན་ངག་གཅེས་ཚུལ་དང༌། དེ་དོན་སྒོམ་ནས་རྟོགས་པར་གདམ་པ་དང༌། དེ་འདྲའི་མན་ངག་ཟབ་པ་དང༌། ཟབ་མོའི་དེ་ཉིད་བསྒོམ་བྱར་བརྗོད་པ་དང༌། སྒོམ་པ་ཟབ་མོའི་བྱེད་ཚུལ་དང༌། དཔེ་བྲལ་ཟབ་མོ་རྟོགས་དཀའ་ཚུལ་བརྒྱད་ལས། དང་པོ་ནི།.....དངོས་པོར་སྐྱེས་པ་མཁའི་ལྟར་རང་བཞིན་ན། །དངོས་པོ་རྣམ་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་དཔལ་ལྡན་བླ་མ་བསྟན་པས་རྟོགས། །གཉིས་པ་སྤྱོད་ལམ་རྣལ་འབྱོར་ནི།..... མཐོང་དང་ཐོས་དང་རེག་དང་དྲན་པ་དང༌། །ཟ་སྣོམ་འཁྱམ་དང་འགྲོ་དང་འདུག་པ་དང༌། །ཅལ་ཅོལ་གཏམ་དང་ལན་སྨྲ་གྱུར་པ་ལ། །སེམས་སོ་ཞེ་ན་གཅིག་གི་རྣམ་པ་ལ་མི་བསྐྱོད། །གསུམ་པ་བླ་མའི་མན་ངག་གཅེས་ཚུལ་ནི།.....གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་བ་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་ལ་སྐོམ་པས་གདུངས་ཏེ་འཆི་བར་ཟད། །བཞི་པ་དེ་དོན་སྒོམ་ནས་རྟོགས་བྱར་གདམ་པ་ནི།.....བླ་མས་བསྟན་པ་བརྗོད་མིན་ན། །སློབ་མས་གོ་བ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །གང་གིས་ཇི་ལྟར་བསྟེན་པར་བྱ། །ལྔ་པ་དེ་འདྲའི་མན་ངག་ཟབ་པར་བསྟན་པ་ནི།.....ཚད་མར་འཛིན་པའི་དབང་གིས་སུ། །བླུན་པོས་བྱེ་བྲག་རྙེད་པ་སྟེ། །དེ་ཚེ་གདོལ་པའི་ཁྱིམ་དུ་རོལ། །འོན་ཀྱང་དྲི་མས་མི་གོས་སོ། །དྲུག་པ་ཟབ་མོའི་དེ་ཉིད་བསྒོམ་བྱར་བརྗོད་པ་ནི།.....གང་ཚེ་སློང་ན་སྲང་ཁའི་ཁམ་ཕོར་གྱིས་སྤྱོད་དེ། །བདག་ནི་རྒྱལ་པོ་ཡིན་ན་སླར་ཡང་ཅི་བྱར་ཡོད། །དབྱེ་བ་རྣམ་པར་སྤངས་ནས་དེ་ཉིད་གནས་པ་ལ། །རང་བཞིན་མི་གཡོ་བཏང་སྙོམས་ལྷུན་གྱིས་གྲུབ །མྱ་ངན་འདས་པ་ལ་གནས་སྲིད་པར་མཛེས། །བདུན་པ་ཟབ་མོའི་སྒོམ་པའི་བྱེད་ཚུལ་ནི།.....ནད་གཞན་དག་ལ་སྨན་གཞན་གཏང་མི་བྱ། །བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་དུ་གནས་པར་བྱ། །བླ་མའི་ལུང་ལ་བསྒྲིམས་ཏེ་རབ་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །བརྒྱད་པ་དཔེ་བྲལ་ཟབ་མོ་མཚོན་དཀའ་བ་ནི།.....ཁ་དོག་ཡོན་ཏན་ཡི་གེ་དཔེ་བྲལ་བ༌། །སྨྲ་རུ་མི་བཏུབ་དེ་ནི་བདག་གིས་ཀྱི་ན་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། །

    གཉིས་པ་མཆོག་གི་གདམ་པ་ལ། ཇི་ལྟར་སྒོམ་པའི་རྣལ་འབྱོར་རྣམ་དག་དང༌། ད་ལྟའི་སྤྱོད་ཚུལ་ཕྱི་མའི་ལས་འབྲས་ལྟ་བ་གཉིས། དང་པོ་ལ་མཐའ་བྲལ་སེམས་ཀྱི་ངོ་བོ་བསྟན་པ་དང༌། རྣམ་གྲོལ་སེམས་ཀྱི་ངོ་བོ་བསྟན་པ་དང༌། དེ་འདྲའི་དངོས་པོ་སེམས་སུ་ལྟ་བ་དང༌། སྐྱེད་རིམ་སྒོམ་པ་དོན་ཆུང་བ་དང༌། ཕྱི་རོལ་ཡུལ་རྣམས་འཆིང་བར་བཤད་པ་དང༌། རྣམ་དག་ཡུལ་རྣམས་གྲོལ་བྱེད་དང༌། རིམ་གཉིས་ལམ་གྱི་ཁྱད་པར་དང༌། རྣམ་དག་སྒོམ་པའི་མན་ངག་བརྒྱད། དང་པོ་ནི།.....དངོས་དང་དངོས་མེད་ཡོངས་སུ་བཅད་པ་དང༌། །དེར་ནི་འགྲོ་བ་མ་ལུས་རབ་ཏུ་ཐིམ་པར་འགྱུར། །གང་ཚེ་ཡིད་ནི་མི་གཡོ་རང་གནས་བརྟན་པ་སྟེ། །དེ་ཚེ་འཁོར་བའི་དངོས་པོ་ལས་ནི་རང་གྲོལ་འགྱུར། །གང་ཚེ་བདག་གཞན་ཡོངས་སུ་ཤེས་མེད་ནི། །དེ་ཚེ་བླ་མེད་ལུས་ནི་ཐོབ་པར་འགྱུར། །གཉིས་པ་རྣམ་གྲོལ་སེམས་ཀྱི་ངོ་བོ་ནི།.....དེ་ལྟར་བསྟན་པ་ཉིད་ལ་ངེས་པར་མ་འཁྲུལ་པར། རང་གིས་རང་ལ་ལེགས་པར་ཤེས་པར་བྱས་ནས་ནི། །རྡུལ་མིན་རྡུལ་བྲལ་མ་ཡིན་སེམས་ཀྱང་མིན། །དངོས་པོ་དེ་དག་གདོད་ནས་ཞེན་པ་མེད། མདའ་བསྣུན་གྱིས་སྨྲས་དེ་ཙམ་ཞིག་ཏུ་ཟད། །གསུམ་པ་དེ་འདྲའི་དངོས་པོ་སེམས་སུ་ལྟ་བ་ནི།.....ཀྱེ་ཧོ་མ་ལུས་དྲི་མེད་དོན་དམ་ཤེས་པར་བྱོས། །ཁྱིམ་ན་གནས་པ་ཕྱི་རོལ་སོང་ནས་ཚོལ། །ཁྱིམ་བདག་མཐོང་ནས་ཁྱིམ་ཚེས་དག་ལ་དྲི། །མདའ་བསྣུན་གྱིས་སྨྲས་བདག་ཉིད་ཤེས་པར་བྱོས། །བཞི་བ་སྐྱེད་རིམ་སྒོམ་པ་དོན་ཆུང༌ནི།.....བླུན་པོས་བསམ་གཏན་བསམ་བྱ་བཟླས་བརྗོད་མིན། །གང་ཚེ་བླ་མས་བསྟན་ཅིང་ཐམས་ཅད་ཤེས་བྱས་ཀྱང༌། །བདག་གིས་ཡོངས་སུ་བརྟགས་པས་མ་རྟོགས་ཐར་པ་ཐོབ་བམ་ཅི། །ལྔ་པ་བྱིའི་ཡུལ་འཆིང་བྱེད་དུ་བསྟན་པ་ནི།.....ཡུལ་རྣམས་བགྲོད་ཅིང་གདུང་བས་ཉེན་བྱས་ཀྱང༌། །ལྷན་ཅིག་སྐྱེས་པ་མི་རྙེད་སྡིག་པ་འཛིན། །རྣམ་དག་ཡུལ་རྣམས་གྲོལ་བྱེད་རྒྱུ་ནི།.....ཡུལ་རྣམས་བསྟེན་པས་ཡུལ་གྱིས་མི་གོས་སོ། །ཨུཏྤལ་འདབ་མ་ཆུ་ཡིས་མ་རེག་བཞིན། བདུན་པ་རིམ་གཉིས་ཀྱི་ཁྱད་པར་ནི།.....གང་ལྟར་རྩ་བ་རྣལ་འབྱོར་སྐྱབས་སུ་འགྲོ། །དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། །ལྷ་ལ་མཆོད་པ་ཁྲི་ཕྲག་བྱིན་ནས་ཀྱང༌། །བདག་ཉིད་དེ་ཡིས་འཆིང་འགྱུར་ཅི་ཞིག་བྱ། །དེ་འདྲས་འཁོར་བ་འདི་ནི་འཆང་མིན་ཏེ། །གཉུག་མའི་རང་བཞིན་མ་རྟོགས་རྒལ་མི་ནུས། །བརྒྱད་པ་རྣམ་དག་སྒོམ་ཁའི་མན་ངག་ནི།.....མིག་ནི་མི་འཛུམ་སེམས་ཀྱང་མི་འགོག་དང༌། །རླུང་འགོག་པ་ནི་དཔལ་ལྡན་བླ་མས་རྟོགས། །གང་ཚེ་རླུང་རྒྱུ་དེ་ནི་མིག་གཡོ་སྟེ། །འཆི་བའི་ཚེ་ན་རྣལ་འབྱོར་པས་ཅི་བྱ། །ཇི་སྲིད་དབང་པོ་ཡུལ་གྱི་གྲོང་ལ་ལྷུང༌། །དེ་སྲིད་རང་ཉིད་ལས་མེད་རབ་ཏུ་རྒྱས། །གཉིས་པ་ད་ལྟའི་སྤྱོད་པས་ཕྱི་མའི་ལས་འབྲས་ལྟ་བ་ཅི།..... ཁྱེད་ཅག་ད་ལྟར་ཅི་བྱེད་གར་འགྲོ་སོམ་དང་ཀྱེ། །དེ་ནི་ཤིན་ཏུ་དཀའ་བའི་དགོངས་པས་འཇུག །གསུམ་པ་རང་བཞིན་གཉུག་མའི་དེ་ཉིད་ཤིན་ཏུ་བཤད་པ་ལ། སེམས་ཉིད་འོད་གསལ་ཀྱི་དེ་ཉིད་དང༌། ཕྱག་རྒྱ་ཆེན་པོའི་རང་བཞིན་དང༌། སྟོང་ཉིད་སྙིང་རྗེའི་ངོ་བོ་གསུམ། དང་པོ་ལ་གཞི་དང༌། ལམ་དང༌། འབྲས་བུ་གསུམ། དང་པོ་ལ་རྟོགས་དཀའ་བ་དང༌། དེ་ཇི་ལྟར་གནས་གཉིས། དང་པོ་ལ་ཆོས་དབྱིངས་དྲི་མེད་མ་རྟོགས་ཚུལ་དང༌། དེ་ཉིད་མ་རྟོགས་ན་འཁོར་བའི་རྒྱུ་དང༌། རྟོགས་བྱེད་ཐབས་ཀྱི་སྒོམ་གསུམ། དང་པོ་ནི།.....གང་ཞིག་གང་ལ་གནས་པ་ནི། །དེ་ནི་དེ་རུ་མི་མཐོང་སྟེ། །མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པར་མ་རྟོགས་སོ། །གཉིས་པ་དེ་ཉིད་མ་རྟོགས་ན་འཁོར་བའི་རྒྱུ་ནི།.....གླང་ཆེན་ལོབས་ནས་སེམས་ཚགས་ཆུད་པས་ན། །དེར་ནི་འགྲོ་འོང་ཆད་ནས་ངལ་པ་སྟེ། །འདི་ལྟར་རྟོགས་ན་གང་དུའང་དྲི་ས་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །གསོན་པ་གང་ཞིག་རྣམ་པར་མ་གྱུར་པ། །དེ་ནི་རྒས་ཤིང་འཆི་བར་འགྱུར་རམ་ཅི། །རྟོགས་བྱེད་ཐབས་ཀྱིས་བསྒོམ་པ་ནི།.....བླ་མས་བསྟན་པ་དྲི་མེད་བློ་གྲོས་ནི། །དེ་ཉིད་གཏེར་ཡིན་གཞན་པ་གང་ཞིག་ལོ། །ཡུལ་ཉིད་རྣམ་པར་དག་སྟེ་བསྟན་བྱ་མིན། །སྟོང་པ་འབའ་ཞིག་གིས་ནི་སྤྱད་པར་བྱ། །གཉིས་པ་ཇི་ལྟར་གནས་པ་ལ་སེམས་དང་སྣང་བའི་སྣང་ལུགས་བརྗོད་པ་དང༌། ཇི་ལྟར་གང་གིས་བཅིངས་པའི་ཚུལ་དང༌། དེ་སྲིད་འཁོར་བའི་རྒྱུ་རུ་བསྟན་པ་གསུམ། །དང་པོ་ནི།.....ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་བཞིན། །སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་འབབ། །ཐག་པ་ནག་པོ་དུག་སྦྲུལ་བཞིན། །མཐོང་བ་ཙམ་གྱིས་སྔངས་པར་འགྱུར། །གཉིས་པ་ཇི་ལྟར་གང་གིས་བཅིངས་ཚུལ་ནི།.....གྲོགས་དག་སྐྱེ་བོ་དམ་པ་ནི། །ཡུལ་གཉིས་སྐྱོན་གྱིས་བཅིང་བར་འགྱུར། །ཡུལ་ལ་ཞེན་པས་འཆིང་བར་མ་བྱེད་ཅིག །ཀྱེ་ཧོ་རྨོངས་པ་མདའ་བསྣུན་གྱིས་སྨྲས་པ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང༌། །འདི་ནི་རི་དྭགས་བཞིན་དུ་བྱ་བར་བྱོས། །གསུམ་པ་དེ་སྲིད་འཁོར་བའི་རྒྱུ་རུ་བསྟན་པ་ནི།.....གང་ཞིག་སེམས་ལས་རྣམ་འཕྲོས་པས། །དེ་སྲིད་མགོན་པོའི་རང་བཞིན་དེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །སྲིད་དང་མཉམ་ཞིང་ནམ་མཁའི་རང་བཞིན་ནོ། །གཉིས་པ་ལམ་ལ་ཆོས་ཉིད་མཐོང་བས་རྣམ་རྟོག་འགག་པ་དང༌། རྣམ་ཤེས་སུས་ཀྱང་མཐོང་བ་མེད་པ་དང༌། རྟོག་ཚོགས་རྟོག་མེད་ལམ་དུ་བྱ་བ་དང༌། འདོད་ཞེན་སྡུག་བསྔལ་རྒྱུ་དང༌། འོད་གསལ་མཐོང་བ་གྲོལ་རྒྱུ་དང༌། གཞུང་ཀུན་བརྗོད་ཀྱང་མ་རྟོགས་ཚུལ་དྲུག །དང་པོ་ནི།.....གང་ཞིག་བསྟན་ཏེ་གང་ཐོས་པ། །དགོངས་པ་གང་ཡིན་དམ་པར་སྐྱོལ་བ་ན། །ཉི་ཟེར་ལྐུགས་པ་ས་ཡི་རྡུལ་བཞིན་བརླག །སྙིང་ག་ཉིད་དུ་ནུབ་པར་གྱུར་པ་ཡིན། །གཉིས་པ་རྣམ་ཤེས་སུས་ཀྱང་མཐོང་བ་མེད་པ་ནི།.....ཇི་ལྟར་ཆུ་ལ་ཆུ་བཞག་ན། །དེ་རྙེད་ཆུ་རུ་རོ་མཉམ་འགྱུར། །སྐྱོན་དང་ཡོན་ཏན་མཉམ་ལྡན་སེམས། །མགོན་པོ་སུས་ཀྱང་མཐོང་མི་འགྱུར། གསུམ་པ་རྟོག་པ་རྟོག་མེད་ལམ་དུ་བྱ་བ་ནི།.....རྨོངས་པ་དག་ལ་གཉེན་པོ་གང་ཡང་མེད། །ནགས་ལ་མཆེད་པའི་མེ་ལྕེ་བཞིན། །གདོང་དུ་བབ་པའི་འདི་ལྟར་སྣང་བ་ཀུན། །སེམས་ཀྱི་རྩ་བ་སྟོང་པ་ཉིད་དུ་ལྷན་ཅིག་བྱོས། །བཞི་པ་འདོད་ཞེན་སྡུག་བསྔལ་སྐྱེ་བའི་རྒྱུ་ནི.....གལ་ཏེ་ཡིད་དུ་འོང་ངམ་སྙམ་པའི་སེམས། །སྙིང་ལ་བབ་པ་གཅེས་པར་བྱས་ན་ནི། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང༌། །ནམས་ཀྱང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །དེ་ལྟར་ཡིན་ཏེ་དེ་ལྟར་མ་ཡིན་ནོ། །གྲོགས་པོ་ཕག་དང་གླང་ཆེན་ལྟོས། །ལྔ་བ་འོད་གསལ་མཐོང་བ་གྲོལ་རྒྱུ་ནི།.....ཇི་ལྟར་ཡིད་བཞིན་ནོར་བུའི་དགོས་པ་བཞིན། །འཁྲུལ་བ་ཞིག་པའི་མཁས་པ་ངོ་མཚར་ཆེ། །རང་ལ་རང་རིག་བདེ་བ་ཆེན་པོའི་བག་ཆགས་གཟུགས། །ཐམས་ཅད་དེ་ཚེ་མཁའ་མཉམ་བྱེད་པར་འགྱུར། །ཀ་ལ་ཀུ་ཊ་སྨོས་སུ་ཅི་རུང་སྟེ། །རང་བཞིན་མཁའ་མཉམ་ཡིད་ཀྱིས་འཛིན་པ་ཡིན། །ཡིད་དེ་ཡིད་མ་ཡིན་པར་བྱེད་འགྱུར་ན། །རང་བཞིན་ལྷན་ཅིག་སྐྱེས་པ་མཆོག་ཏུ་མཛེས། །དྲུག་པ་གཞུང་ཀུན་བརྗོད་ཀྱང་མ་རྟོགས་ཚུལ་ནི།.....ཁྱིམ་དང་ཁྱིམ་ན་དེ་ནི་བརྗོད་མིན་ཏེ། །བདེ་ཆེན་གནས་ནི་ཡོངས་སུ་ཤེས་པ་མིན། །འགྲོ་ཀུན་སེམས་ཁྲལ་ཁུར་བ་མདའ་བསྣུན་འདྲ། །དེ་ནི་བསམ་མེད་སུས་ཀྱང་རྟོགས་མ་ཡིན། །གསུམ་པ་འབྲས་བུ་ལ་དྲི་བྲལ་སེམས་ཀྱི་རང་བཞིན་དང༌། ཕྱག་རྒྱ་ཆེན་པོའི་རང་བཞིན་དང༌། སྤྲོས་མེད་དབྱིངས་ཀྱི་དེ་ཉིད་གསུམ། དང་པོ་ལ་རྣམ་དག་བསྒོམ་པས་རྣམ་ཤེས་འགག་པ་དང༌། དེ་ཉིད་འགག་པས་སེམས་ཀྱང་ཞི་བ་དང༌། ཞི་བའི་དབྱིངས་དེ་བརྗོད་བྱའི་དོན་གསུམ། དང་པོ་ནི།.....བདེ་གསང་ཡན་ལག་ཡོངས་སུ་སྤངས་པ་ན། །བསྒོམ་དང་མི་སྒོམ་དབྱེར་མེད་བདག་གིས་མཐོང༌། །ཡུལ་གྱིས་མཚོན་པས་གཞན་དག་བསམ་པར་བྱེད། །དེ་ཉིད་བསམ་པས་མ་རྟོགས་རང་གཞན་འགག་པར་འགྱུར། །དེ་ཉིད་འགག་པས་སེམས་ཀྱང་ཞི་བ་ནི།.....གལ་ཏེ་སེམས་ཀྱིས་སེམས་ནི་མཚོན་དུ་འགྲོ། །རྣམ་རྟོག་དང་ནི་མི་གཡོ་བརྟན་བར་གནས། །ཇི་ལྟར་ལན་ཚྭ་ཆུ་ལ་ཐིམ་པ་ལྟར། །དེ་ལྟར་སེམས་ནི་རང་བཞིན་ལ་ཐིམ་འགྱུར། །གསུམ་པ་ཞི་བའི་དབྱིངས་དེ་བརྗོད་བྱའི་དོན་ནི།.....དེ་ཚེ་བདག་དང་གཞན་ནི་མཉམ་བར་མཐོང༌། །འབད་དེ་བསམ་གཏན་བྱས་པས་ཅི་བྱར་ཡོད། །ལྷན་ཅིག་ལ་ནི་ལུང་རྣམས་མང་པོར་མཐོང༌། །རང་གི་འདོད་པ་མང་པོ་གསལ་བར་སྣང༌། །མགོན་པོ་བདག་ཉིད་གཅིག་བུ་གཞན་རྣམས་འགལ། །ཁྱིམ་དང་ཁྱིམ་ན་གྲུབ་མཐའ་དེ་གྲུབ་བོ། །གཉིས་པ་ཕྱག་རྒྱ་ཆེན་པོའི་རང་བཞིན་ལ་རྙོག་བྲལ་སེམས་ཀྱི་བསམ་གཏན་དང༌། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དང༌། དེ་ཉིད་ལྷན་སྐྱེས་བདེ་བ་གསུམ།

    དང་པོ་ནི།.....གཅིག་ཟོས་པ་ནི་གཞན་ཀུན་ཚིམ། །ཕྱི་རོལ་སོང་ནས་ཁྱིམ་བདག་ཚོལ། །འོངས་ཀྱང་མ་མཐོང་ཕྱིན་ཀྱང་མེད། །འདུག་པར་གྱུར་ཀྱང་ངོ་མ་ཤེས། །དཔའ་རླབས་མེད་པའི་དབང་ཕྱུག་མཆོག །རྙོག་པ་མེད་པའི་བསམ་གཏན་འགྱུར། །ཆུ་དང་མར་མེ་རང་གསལ་གཅིག་ཏུ་ཞོག །འགྲོ་འོང་ང་ཡིས་མི་ལེན་མི་འདོར་རོ། །གཉིས་པ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ནི།.....གང་ཡང་སྔ་ན་མེད་པའི་སྒེག་མོ་དང་ཕྲད་ནས། །ཉལ་པའི་སེམས་ནི་གཞི་མེད་པ་ལ་བརྟེན། །རང་གི་གཟུགས་དང་ཐ་དད་མ་ལྟ་ཅིག །དེ་ལྟར་སངས་རྒྱས་ལག་ཏུ་གཏོད་པ་ཡིན། །གསུམ་པ་དེ་ཉིད་ལྷན་སྐྱེས་བདེ་བ་ནི།.....གང་ཚེ་ལུས་དང་ངག་ཡིད་དབྱེར་མེད་པ། །ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཚེ་མཛེས། །ཁྱིམ་བདག་ཟོས་ནས་ཁྱིམ་བདག་མོ་ལོངས་སྤྱོད། །ཡུལ་ནི་གང་གང་མཐོང་སྟེ་སྤྱད་པར་བྱ། གསུམ་པ་སྤྲོས་མེད་དབྱིངས་ཀྱི་དེ་ཉིད་ལ། རྟོག་སྒོམ་བྱིས་པའི་རྩེད་མོ་འདྲ་བ་དང༌། རྣམ་དག་བསྒོམ་པས་བདེ་ཆེན་འབར་བ་དང༌། རྣམ་གྲོལ་སེམས་ཀྱི་འབྲས་བུ་དང༌། རིག་བྱེད་ལ་སོགས་ལོག་ལམ་དང༌། རྣམ་གྲོལ་འབྲས་བུ་ལེགས་པའི་ལམ་ལྔ། དང་པོ་ནི།.....ང་ཡིས་རྩེད་མོ་བྱས་པ་ལ། །བུས་པ་རྣམས་ནི་ཨ་ཐང་ཆད། །ཨ་མ་བཞག་ནས་བུ་དེ་སྐྱེ་མི་འགྱུར། །དེས་ནི་རྣལ་འབྱོར་སྤྱོད་པ་དཔེ་དང་བྲལ། །གཉིས་པ་རྣམ་དག་བསྒོམས་པ་བདེ་ཆེན་འབར་བ་ནི།.....བདག་པོ་ཟ་ཞིང་རང་བཞིན་མཛེས། །ཆགས་པའི་སྤྱོད་དེས་གང་བའི་སེམས་དེ་ཉིད། །ཆགས་དང་ཆགས་བྲལ་སྤངས་ནས་དབུ་མར་ཞུགས། །སེམས་ཉམས་པས་ན་རྣལ་འབྱོར་ངོས་མ་མཐོང༌། །གསུམ་པ་རྣམ་གྲོལ་སེམས་ཀྱི་འབྲས་བུ་ནི།.....ཟ་ཞིང་འཐུང་ལ་བསམ་དུ་མེད་པར་གྱུར། །གྲོགས་མོ་འདི་ནི་སེམས་ལ་གང་སྣང་བ། །ཕྱི་རོལ་སེམས་ལ་མཚོན་མེད་བདག་གིས་འཛིན། །སྒྱུ་མའི་རྣལ་འབྱོར་པ་ནི་དཔེ་དང་བྲལ་བ་སྟེ། །ས་གསུམ་གང་དུའང་དྲི་མེད་མི་གནས་མི་འབྱུང་སྟེ །མེ་ནི་སྤྲ་བ་ཉིད་ལ་རྐྱེན་གྱིས་འབར། །ཟླ་བ་ཆུ་འཛག་ནོར་བུ་རང་དབང་མད། །ཐབས་ཀྱིས་རྒྱལ་སྲིད་ཀུན་ལ་དབང་བསྒྱུར་བ། །སེམས་ཉིད་དེ་ཉིད་གྲུབ་པའི་རྣལ་འབྱོར་མའོ། །ལྷན་ཅིག་སྐྱེས་པའི་སྡོམ་པར་ཤེས་པར་བྱ། །བཞི་པ་རིག་བྱེད་སོགས་ལོག་པའི་ལམ་ནི།.....ཡི་གེ་པ་ཡིས་འགྲོ་བ་མ་ལུས་སླུས། །ཡི་གེ་མེད་པ་གཅིག་ཀྱང་མེད། །ཇི་སྲིད་ཡི་གེ་མེད་གྱུར་པ། །དེ་སྲིད་ཡི་གེ་རབ་ཏུ་ཤེས། །སྣག་ཚ་མཉེས་པས་ཀླག་ཏུ་མེད། །རིག་བྱེད་དོན་མེད་འདོན་པས་ཉམས། །ལྔ་པ་རྣམ་གྲོལ་འབྲས་བུ་ལེགས་པའི་ལམ་ནི། དམ་པ་སེམས་དང་ཅིག་ཤོས་མི་ཤེས་ན། །གང་ནས་ཤར་ཅིང་གང་དུ་ནུབ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །བཅུ་བཞི་པ་ཡི་ས་ལ་རྒྱུན་དུ་གནས། །ལུས་མེད་ལུས་ལ་སྦས་པ་སྟེ། །དེ་ཤེས་དེ་ཡིས་གྲོལ་བར་འགྱུར། །གཉིས་པ་ཕྱག་རྒྱ་ཆེན་པོའི་རང་བཞིན་ལ་གཉིས། ལྷན་སྐྱེས་རང་བཞིན་དང༌། ལྷན་སྐྱེས་འབྲས་བུའོ། །དང་པོ་ལ་དྲུག །བསྙེན་སྒྲུབ་རྣམ་བཞི་བདེ་བའི་ལམ་དང༌། དེ་ཉིད་འགྲོ་སྒྲོལ་གདོལ་བ་དང༌། འཛག་བདེས་ཐར་པ་མི་རྙེད་པ་དང༌། འཛག་མེད་བདེ་བ་རྣམ་གྲོལ་རྒྱུ་དང༌། བླ་མའི་ཐབས་ཀྱིས་འགྲུབ་ཚུལ་དང༌། བཞི་བའི་དབང་གིས་རྟོགས་པར་བསྟན་པའོ། །

    དང་པོ་ནི།.....སྒྲུབ་ཡིག་བཞི་ལས་དང་པོ་བདག་གིས་སྟོན། །ཁུ་བ་འཐུངས་པས་ང་ནི་བརྗེད་པར་གྱུར། །གང་གིས་ཡི་གེ་གཅིག་ཤེས་པ། །དེ་ཡི་མིང་ནི་མི་ཤེས་སོ། །གཉིས་པ་དེ་ཉིད་འགྲོ་སྒྲོལ་གདོལ་པ་ནི།.....རྐྱེན་བྲལ་གསུམ་ནི་ཡི་གེ་གཅིག །ཟག་མེད་གསུམ་གྱི་དབུས་ན་ལྷ། །གང་ཞིག་གསུམ་པོ་ཟག་པ་ནི། །གདོལ་པ་རིག་བྱེད་དེ་བཞིན་ནོ། །གསུམ་པ་འཛག་བདེས་ཐར་པ་མི་རྙེད་པ་ནི།.....མ་ལུས་རང་བཞིན་མི་ཤེས་པས། །ཀུན་དུ་རུ་ཡི་སྐབས་སུ་བདེ་ཆེན་སྒྲུབ་པ་ནི། །ཇི་ལྟར་སྒོམ་པས་སྨིག་རྒྱུའི་ཆུ་སྙེགས་བཞིན། །སྐོམ་ནས་འཆི་ཡང་ནམ་མཁའི་ཆུ་རྙེད་དམ། །བཞི་པ་འཛག་མེད་བདེ་བ་རྣམ་གྲོལ་རྒྱུ་ནི།.....རྡོ་རྗེ་པདྨ་གཉིས་ཀྱི་བར་གནས་པ། །བདེ་བ་གང་གིས་རྣམ་པར་རོལ་པ་ཡིན། །ཅི་སྟེ་དེ་བསྟེན་ནུས་པ་མེད་པས་ན། །ས་གསུམ་རེ་བ་གང་གིས་རྫོགས་པར་འགྱུར། །ལྔ་པ་བླ་མའི་ཐབས་ཀྱིས་འགྲུབ་ཚུལ་ནི།.....ཡང་ན་ཐབས་ཀྱི་བདེ་བ་སྐད་ཅིག་མ། ཡང༌ན་དེ་ཉིད་གཉིས་སུ་འགྱུར་བ་སྟེ། །བླ་མའི་དྲིན་གྱིས་སླར་ཡང་ནི། །བརྒྱ་ལ་འགའ་ཡིས་ཤེས་པར་འགྱུར དྲུག་པ་བཞི་བའི་དབང་གིས་རྟོགས་པར་བསྟན་པ་ནི།.....གྲོགས་དག་ཟབ་པ་དང་ནི་རྒྱ་ཆེ་བ། །གཞན་མེད་བདག་ཉིད་མ་ཡིན་ནོ། །ལྷན་ཅིག་སྐྱེས་དགའ་བཞི་བའི་དུས། །གཉུག་མ་ཉམས་སུ་མྱོང་བར་ཤེས། །གཉིས་པ་ལྷན་སྐྱེས་འབྲས་བུ་ལ་བཞི། ལྷན་སྐྱེས་ཤར་ཚེ་སྡིག་ལས་རྒྱལ་བ་དང༌། དེ་ཉིད་དཀྱིལ་འཁོར་དབང་ཕྱུག་བདག་དང༌། རང་སེམས་རྟོགས་པ་སངས་རྒྱས་ཉིད་དང༌། སེམས་ཀྱི་གླང་པོ་ཡན་དུ་འཇུག་པའོ། །དང་པོ་ནི།.....མུུན་ནག་ཆེན་པོར་ཟླ་བ་ནོར་བུ་ནི། །ཇི་ལྟར་འཆར་བར་བྱེད་པ་བཞིན། །མཆོག་ཏུ་བདེ་ཆེན་སྐད་ཅིག་གཅིག་ལ་ནི། །བསམ་པའི་སྡིག་པ་མ་ལུས་ཕན་པར་བྱེད་པའོ། །གཉིས་པ་དེ་ཉིད་དཀྱིལ་འཁོར་དབང་ཕྱུག་བདག་པོ་ནི།.....སྡུག་བསྔལ་སྣང་བྱེད་ནུབ་པ་ན། །སྐར་མའི་བདག་པོ་གཟའ་དང་མཉམ་དུ་ཤར། །འདི་ལྟར་གནས་པས་སྤྲུལ་པ་སྤྲུལ། །དེ་ནི་དཀྱིལ་འཁོར་འཁོར་ལོ་དམ་པའོ། །གསུམ་པ་རང་སེམས་རྟོགས་པ་སངས་རྒྱས་ནི།.....ཀྱེ་ཧོ་རྨོངས་པའི་སེམས་ཀྱིས་སེམས་བརྟགས་ན་ནི། །ལྟ་བ་ངན་པ་ཐམས་ཅད་ལས་ནི་རང་གྲོལ་འགྱུར། །མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ནི། །དེ་ལ་གནས་ན་དངོས་གྲུབ་དམ་པའོ། །བཞི་བ་སེམས་ཀྱི་གླང་པོ་ཡན་དུ་འཇུག་པ་ནི།.....སེམས་ཀྱི་གླང་པོ་ཡན་དུ་ཆུག །དེ་ནི་བདག་ཉིད་ལ་དྲིས་ཤིག །ནམ་མཁའི་རི་པོ་ཆུ་འཐུང་དང༌། །དེ་ཡི་འགྲམ་དུ་ཞོག་ཅིག་རང་དགའ་བར། །ཡུལ་གྱི་གླང་པོའི་དབང་པོ་ལག་པས་བླངས་ནས་སུ། །ཇི་ལྟར་གསོད་པར་རང་དབང་སྣང་བར་འགྱུར། །རྣལ་འབྱོར་པ་ནི་གླང་པོ་སྐྱོང་བ་བཞིན། །དེ་ཉིད་ནས་ནི་ལྡོག་པར་འགྱུར་བ་ཡིན། །གསུམ་པ་སྟོང་ཉིད་སྙིང་རྗེའི་ངོ་བོ་ལ་གཞི་དང༌། ལམ་དང༌། འབྲས་བུ་གསུམ། དང་པོ་ནི།.....གང་ཞིག་འཁོར་བ་དེ་ནི་མྱ་ངན་འདས་པར་ངེས། །དབྱེ་བ་གཞན་དུ་སེམས་པ་མ་ཡིན་ཏེ། །རང་བཞིན་གཅིག་གིས་དབྱེ་བ་རྣམ་པར་སྤངས། །དྲི་མ་མེད་པ་ང་ཡིས་རབ་ཏུ་རྟོགས། །གཉིས་པ་ལམ་ལ་སྟོང་ཉིད་སྙིང་རྗེའི་བསྒོམ་པ་དང༌། རང་སེམས་དྲི་བྲལ་ལྷན་སྐྱེས་དང༌། ཀུན་གཞི་རང་དངས་ངང་ལ་བཞག་པ་དང༌། རྣམ་པར་རྟོག་བྲལ་རྒྱུན་དུ་བསྟེན་པ་དང༌། བདག་གཞན་མཉམ་པ་ཉིད་དུ་སྒོམ་པ་དང༌ལྔ། དང་པོ་ནི།.....ཡིད་ཀྱིས་དེ་ཉིད་དམིགས་དང་བཅས། །དམིགས་པ་སྟོང་པ་ཉིད་ཡིན་ལ། །གཉིས་ལ་སྐྱོན་ནི་ཡོད་པ་སྟེ། །རྣལ་འབྱོར་གང་ཞིག་སྒོམ་པ་ཡིན། །སྒོམ་པ་དམིགས་བཅས་དམིགས་མེད་དེ། །བདེ་བའི་རྣམ་པའི་རང་བཞིན་ནོ། །རབ་ཏུ་བླ་མེད་རང་འབྱུང་བས། །བླ་མའི་དུས་ཐབས་བསྟེན་པས་ཤེས། །ནགས་སུ་མ་འགྲོ་ཁྱིམ་དུ་མ་འདུག་པར། །གང་ཡང་དེ་རུ་ཡིད་ཀྱིས་ཡོངས་ཤེས་ནས། །གཉིས་པ་རང་སེམས་དྲི་བྲལ་ལྷན་སྐྱེས་ནི།.....མ་ལུས་རྒྱུན་དུ་བྱང་ཆུབ་རྟག་པར་གནས། །འཁོར་བ་གང་ཡིན་མྱ་ངན་འདས་པ་གང༌། །ཡིད་ཀྱི་དྲི་མ་དག་ལ་ལྷན་ཅིག་སྐྱེས་པ་སྟེ། །དེ་ཚེ་མི་མཐུན་ཕྱོགས་ཀྱིས་འཇུག་པ་མེད། །གསུམ་པ་ཀུན་གཞི་རང་དངས་ངང་ལ་བཞག་པ་ནི།.....ཇི་ལྟར་རྒྱ་མཚོ་དངས་པར་གྱུར་པ་ལ། །ཆུ་བུར་ཆུ་ཉིད་ཡིན་ཏེ་དེ་ཉིད་ཐིམ་པར་འགྱུར། །བཞི་པ་རྣམ་བར་རྟོག་བྲལ་རྒྱུན་དུ་བསྟེན་པ་ནི།.....ནགས་དང་ཁྱིམ་ན་བྱང་ཆུབ་གནས་པ་མེད། །དེ་ལྟར་དབྱེ་བ་ཡོངས་སུ་ཤེས་ནས་སུ། །དྲི་མ་མེད་པའི་སེམས་ཀྱི་རང་བཞིན་གྱིས། །མ་ལུས་མི་རྟོག་པ་རུ་བརྟེན་པར་འོས། ལྔ་པ་བདག་གཞན་མཉམ་པ་ཉིད་དུ་སྒོམ་པ་ནི།.....དེ་ནི་བདག་ཡིན་གཞན་ཡང་དེ་ཡིན་ནོ། །གང་བསྒོམ་ཡོངས་སུ་བསྒོམ་པ་གང༌། །དབྱེ་བ་དེ་ཉིད་འཆིང་དང་བྲལ་བར་བྱ། །འོན་ཀྱང་བདག་ཉིད་རྣམ་པར་གྲོལ་བའོ། །བདག་དང་གཞན་དུ་འཁྲུལ་བ་མ་བྱེད་དང༌། །གསུམ་པ་འབྲས་བུ་ལ་བཞི། རྟག་ཏུ་མི་འགྱུར་བའི་དོན་དང༌། རྣམ་དག་བདེ་བའི་འབྲས་བུ་དང༌། སྟོང་ཉིང་སྙིང་རྗེའི་སྙིང་པོ་དང༌། གཉིས་མེད་ཡེ་ཤེས་རང་བཞིན་ནོ། །དང་པོ་ནི།.....མ་ལུས་རྒྱུན་དུ་གནས་པའི་སངས་རྒྱས་ཏེ། །སེམས་ནི་ངོ་བོ་ཉིད་ཀྱི་དག་པས་ན། །དེ་ཉིད་དྲི་མེད་མཆོག་གི་གོ་འཕང་ངོ༌། །གཉིས་པ་རྣམ་དག་བདེ་བའི་འབྲས་བུ་ནི།.....གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ནི། །ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་སོང༌། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན །མིང་ནི་མཆོག་ཏུ་གཞན་ལ་ཕན་པའོ། །གསུམ་པ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ནི།.....སྟོང་པའི་སྡོང་པོ་དམ་པ་མེ་ཏོག་རྒྱས། །སྙིང་རྗེ་དམ་པ་སྣ་ཚོགས་དུ་མར་ལྡན། །ལྷུན་གྱིས་གྲུབ་པ་ཕྱི་མའི་འབྲས་བུ་སྟེ། །བདེ་བ་འདི་ནི་གཞན་པའི་སེམས་མིན་ནོ། །སྟོང་པའི་སྡོང་པོ་དམ་པའི་སྙིང་རྗེ་མིན། །གང་ལ་སླར་ཡང་རྩ་བ་མེ་ཏོག་ལོ་འདབ་མེད། །དེ་ལ་དམིགས་པར་བྱེད་པ་གང་ཡིན་པ། །དེར་ལྷུང་བས་ནི་ཡན་ལག་མེད་པར་འགྱུར། །བཞི་པ་གཉིས་མེད་ཡེ་ཤེས་རང་བཞིན་ནི.....ས་བོན་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལ་འབྲས་བུ་གཅིག །དེ་ཡང་དབྱེར་མེད་གང་སེམས་པ། །དེ་ནི་འཁོར་དང་མྱ་ངན་འདས་རྣམས་གྲོལ། །གསུམ་པ་གཞན་ཕན་ལ་གཞན་དོན་སྒྲུབ་པར་དང༌། གཞན་དོན་དོར་བ་དམན་པའི་ལམ་གཉིས། དང་པོ་ནི།.....གང་ཞིག་འདོད་པ་ཅན་གྱི་སྐྱེ་བོ་འོངས་པའི་ཚེ། །དེ་ནི་རེ་བ་མེད་ན་གལ་ཏེ་འགྲོ་བ་ནི། །ཕྱི་སྒོར་བོར་བའི་ཁམ་ཕོར་བླངས་ནས་སུ། །དེ་བས་ཁྱིམ་ཐབ་བོར་ནས་བསྡད་པ་རུང༌། གཉིས་པ་གཞན་དོན་དོར་པ་དམན་པ་ནི།.....གཞན་ལ་ཕན་པའི་དོན་ནི་མི་བྱེད་པ། །འདོད་པ་པོ་ལ་སྦྱིན་པ་མི་སྟེར་བ། །འདི་ནི་འཁོར་བའི་འབྲས་བུ་གང་ཡིན་.....འོངས། ལོ། །དེ་བས་བདག་ཉིད་བོར་བར་བྱས་ན་རུང༌། །གསུམ་པ་མཇུག་གི་དོན་ནི།.....རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་ཆེན་པོའི་ཞལ་སྔ་ནས་མཛད་པ་དོ་ཧ་མཛོད་ཅེས་བྱ་བ་དེ་ཁོ་ན་ཉིད་རྣལ་དུ་མཆོན་པ་དོན་དམ་པའི་ཡི་གེའོ། །རྒྱ་གར་གྱི་རྗེ་བཙུན་བཛྲ་པ་ནི་ལ། བལ་བོ་ཨ་སུས་ཞུས་ཏེ། རྒྱ་དཔེ་ལ་གཏུགས་ཏེ་རང་འགྱུར་དུ་བསྒྱུར་བ། གཏན་ལ་ཡང་དག་པར་ཕབ་པའོ། །རྫོགས་སོ། 

    མཁས་གྲུབ་ཆེན་པོ་ས་ར་ཧས་མཛད་པའི་དོ་ཧ་མཛོད་ཀྱི་ཀླུ་ཞེས་བྱ་བ་ལ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཆན་འགྲེལ་གནང་བ་འདི་ཡང་རྗེ་ཉིད་ཀྱི་ཕྱག་བྲིས་འཁྲུལ་མེད་ལས་བཤུས་ཏེ་པར་དུ་བསྒྲུབས་པ་ལེགས་སོ། །

                                                                                                                            རྩོམ་སྒྲིག་པ། མང་ར་བ།

    གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།