ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ཐོར་བུ་ལས་ཆུ་གཏོར་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-21 21:04:35     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 90660192682118338.jpg

          བླ་མ་དང་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། ཇོ་བོ་དང་འགྲོ་བཟང་ལུགས་ཀྱི་ཆུ་གཏོང་བར་འདོད་པས། ཏིང་ཤག་ཆུ་བུམ་སོགས་སྟ་གོན་བྱས། གཏོར་སྟེགས་ལ་གསེར་སོགས་རིན་པོ་ཆེའི་སྣོད་བཟང་པོ་དབྱིབས་ཕྲ་རྒྱན་གྱིས་སྤྲས་པ་སོགས་སམ། གསེར་དངུལ་ཟངས་དང་ར་གན་དང་མཁར་བ་དང་དུང་དང་ཤིང་དང་རྫ་སོགས་ཀྱི་སྣོད་གས་པ་དང་ཆག་པ་དང༌ཞོམ་པ་དང་བུ་ག་རྡོལ་མེད་པ་ཅི་འབྱོར་པའི་ནང་དུ་ཆུ་གཙང་མ་སྲོག་ཆགས་མེད་པས་ཁེང་པར་བཀང་བའི་ནང་དུ་ཕྱེ་དང་རིན་པོ་ཆེ་ལྔ་དང་སྨན་དང་འབྲུ་སོགས་བྱུང་ན་ལྷག་པར་བཟང་ལ། ཡང་ན་ཆན་ཐུག་གམ་འཁུར་བའམ་ཕྱེའམ་ཟན་སོགས་ཁ་ཟས་མ་སྨས་མ་སྦགས་པ་སོགས་བླུགས་ལ། ཕྱོགས་བཅུ་དུས་གསུམ་གྱི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་༝ ཆོས་ལ་༝ དགེ་འདུན་༝ གསུམ་སོགས་བརྗོད། དཀོན་མཆོག་གསུམ་ལ་༝ འགྲུབ་པར་ཤོག །ལན་གསུམ་བྱ། འགྲོ་བཟང་ཆུ་གཏོར་ལས། སྐྱབས་འགྲོ་སེམས་བསྐྱེད་བྱས། བདག་ཕྱག་ན་རྡོ་རྗེར་ཝལ་གྱིས་བསྒོམས་ལ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ཞེས་གསུངས་པ་ལྟར་རམ། ཇོ་བོ་ལྷ་ཅིག་གི་ཆུ་གཏོར་ལས་ཀྱང༌། རང་དང་པོར་སྒྲུབ་ཐབས་ལས་བྱུང་བའི་ལྷའི་རྣལ་འབྱོར་དུ་བྱས་ལ། ལུས་དང་ངག་དང་ཡིད་གསུམ་བྱིན་གྱིས་བརླབས་པར་བྱའོ། །ཞེས་དང༌། རྒྱལ་སྡེས་ཀྱང་དང་པོར་བདག་གི་ལུས་བསྲུང་ཞིང་ལྷའི་ཕྱག་རྒྱ་ཆེན་པོ་དྲན་པ་བསྐྱེད་ཅེས་གསུངས་པས་ལྷ་གང་རུང་དུ་སྐད་ཅིག་ཀྲོང་བསྐྱེད། སྒོ་གསུམ་བརླབས་པའམ། ཡང་ན། ཨོཾ་སྭ་བྷ་ཝ་༝ཤུདྡྷོ་྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་པད་དཀར་ཟླ་བའི་སྟེང་དུ་རང་གི་སེམས་ཧྲཱིཿདཀར་པོ་ལས་འོད་འཕྲོས། དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་ཕྲེང་དང༌། གཡོན་འོག་མས་པདྨ་འཛིན་པ་མཚན་དཔེའི་འོད་འབར་ཞིང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཀླུབས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧྲཱིཿཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། པོ་ཏ་ལ་ནས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཾཿརང་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷས་དབང་བསྐུར། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་འགྱུར། མཆོད་པ་རྣམས། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། གཏོར་མ་རྣམས་ཨ་མྲྀ་ཏས་བསངས། དེ་ནས་འགྲོ་བཟང་གི་ཆུ་གཏོར་ལྟར། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས། ཆུ་གཏོར་སྣོད་བཅས་སྟོང་པར་གྱུར་པར་བསམ། སྟོང་པའི་ངང་ལས་བྷྲུཾ་སེར་པོ་ལས་གཏོར་མའི་སྣོད་རིན་པོ་ཆེའི་ཁང་བུ་བརྩེགས་པ་རིའི་རྒྱལ་པོ་རི་རབ་ཀྱི་ཚད་དང་མཉམ་པར་གྱུར་པར་བསམ། སྣོད་ཆེ་བ་དེ་དག་གི་ནང་དུ་ཡི་གེ་བཾ་ལྗང་ཁུ་ལས་བདུད་རྩིའི་རང་བཞིན་སྨན་སྣ་ཚོགས་ལས་གྲུབ་པའི་དཔག་བསམ་ལྗོན་ཤིང་དང་རིན་པོ་ཆེ་ལས་གྲུབ་པའི་གཏེར་གྱི་བུམ་པ་དང་དར་ལ་སོགས་པ་གོས་སྣ་ཚོགས་པ་འབྱུང་བ་ཡལ་ག་དང་ལོ་མ་ཕུན་སུམ་ཚོགས་པ་འདོད་དགུ་འབྱུང་བའི་རང་བཞིན་དུ་གྱུར་པ་ལ་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་གྱི་ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱི་དག་ལས་འོད་ཟེར་འཕྲོས་པ༷ས་ཕྱོག་བཅུའི་བདེ༷་བར་ག༷ཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ་ནས། དེ་དག་གི་ཐུགས་ཀ་ནས་ཡེ་ཤེས་གྱི་བདུད་རྩི་མདོག་འོ་མའི་རྒྱ་མཚོ་ལྟ་བུའི་རྒྱུན་བྱུང་བ་དང་འདྲེས་པས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ན་མཿསརྦ་ནས་སཾ་བྷ་ར་ཧཱུཾ། ཞེས་པས། ཡེ་ཤེས་ཀྱི་གཏོར་མ་དགུགས་པར་ཇོ་བོས་གསུངས། མཚམས་ཀྱི་དུས་ལྟ་བུར་མགྲོན་སྤྱན་མི་འདྲེན་པར་མཆོད་སྦྱིན་ལུགས་ལྟར་བྱེད་པ་སྣར་ཐང་བརྒྱ་རྩ་ལྟར་ཡང་རུང༌། སྐབས་འདིར་མགྲོན་སྤྱན་འདྲེན་པ་འགྲོ་བཟང་དང་ཇོ་བོ་སློབ་དཔོན་མི་བསྐྱོད་པ་དང༌། གཏོར་མའི་ལས་རིམ་རྣམས་ལས་བཤད་པས། སྤྲོ་ན། བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན། །མགོན་པོ་ཡོན་ཏན་རིགས་དྲུག་སྙིང་རྗེའི་མགྲོན། །གདོན་བགེགས་ལན་ཆགས་མགྲོན་རྣམས་འདིར་བྱོན་བཞུགས། །པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་པའམ་བསྡུས་ན། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ནམ་མཁའི་ཁམས་སུ་ཧྲཱིཿལས་པདྨ་དཔག་ཏུ་མེད་པར་བསམ་སྟེ། དེའི་སྟེང་དུ་ཡི་དམ་ལྷ་ཚོགས་དང་ཆོས་སྐྱོང་ཐམས་ཅད་དང་འགྲོ་དྲུག་ཐམས་ཅད་བྱོན་ནས་བཞུགས་པར་གྱུར་པར་བསམ། འགྲོ་བ་རྣམས་ལ་འོད་ཟེར་ཕོག་པས་རིགས་དྲུག་སོགས་ཀྱི་སྡིག་སྒྲིབ་དག་ནས་ཡི་དམ་ལྷར་གྱུར་པར་བསམས་ལ། བདུན་རྣམ་དག་བྱེད་པ་འགྲོ་བཟང་གིས་གསུངས་པས། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཨོཾ་ཨཱཿགུ་རུ་བཛྲ་སརྦ་བུདྡྷ་བོདྷི་ས་ཏྭ་ས་པ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་ཡི་རངས་བགྱི། །འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ལ། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ། །ཨོཾ་ཨཱཿཧཱུཾ། ལན་གསུམ་དང༌། རྡོ་རྗེ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སོར་མོ་རྣམས་ནང་དུ་བསྣོལ་ཏེ་མཐེ་བོང་གཉིས་གཤིབས་པ་བརྐྱངས་ལ། ལན་བདུན་བརྗོད་པས་ཁས་དྲག་ཞན་མེད་པར་ཐོབ་པར་བསམ་མོ། །ཡང་འཕགས་པ་རྣམས་ལ་གཞལ་མེད་ཁང་སོགས་མཆོད་སྤྲིན་མང་པོ་སྤྲུལ་ནས་མཆོད་པ་དང་སེམས་ཅན་ཐམས་ཅད་ཀྱི་དབང་པོའི་སྤྱོད་ཡུལ་དུ་ཇི་ལྟར་འདོད་པའི་འདོད་ཡོན་ལྔ་ཆར་བཞིན་དུ་འབྱུང་བར་བསམ་ཞིང༌། ཁྱད་པར་དུ་ཡི་དྭགས་ཀྱི་རྣམ་པ་མང་པོ་དང་སེམས་ཅན་ཐམས་ཅད་རྫོགས་པར་བསམ་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིངྡྷ་ལོ་ཙ་ནི་སརྦ་ཨརྠས་དྷ་ནི་སྭཱཧཱ། འགྲོ་བཟང་གིས་སྔགས་གཉིས་པོ་འདི་ལན་བདུན་བརྗོད། ཅེས་དང༌། ཇོ་བོས་ཀྱང་སྔགས་འདི་གཉིས་ལན་བདུན་བདུན་བཟླས་ལ་བཏབ་བོ། །ཞེས་གསུངས་པས་འདིའང་ལན་བདུན་བརྗོད། དེ་ནི་ཟང་ཟིང་གི་སྦྱིན་པའོ། །ཆོས་སྦྱིན་ནི། སྐར་མ་རབ་རིབ་མར་མེ་དང༌། །སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུ་བྱས་ཆོས་རྣམས་དེ་ལྟར་བལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ནས། དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་ནས་སྨོན་ལམ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པའོ། །དེ་ནས་ཇོ་བོ་དང་འགྲོ་བཟང་གཉིས་ཀས་བདེན་པ་བདར་གསུངས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བྱིན་རླབས་ཀྱི་མཐུ་དང༌། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་འཕགས་པ་ཐམས་ཅད་ཀྱི་ཕོ་བྲང་སེམས་ཅན་ཐམས་ཅད་ཀྱི་གནས་དང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་དཔག་ཏུ་མེད་པ་དང༌། བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལངས་པ་འབྱུང་ཞིང་རྒྱས་པར་གྱུར་ཅིག །སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང་རིག་སྔགས་དང་ཕྱག་རྒྱ་དང༌། ཏིང་ངེ་འཛིན་དང༌། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་ཐམས་ཅད་ཞི་ནས། བར་ཆད་དང་གནོད་པ་ཐམས་ཅད་སྤངས་ཏེ་བྱམས་པའི་སེམས་དང་ལྡན་པར་གྱུར་ཅིག །དེ་ནས་ཡིག་བརྒྱའམ། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་པས་ནོངས་པ་བཟོད་པར་གསོལ་ཏེ། ཨོཾ་བཛྲ་མུཿ ཞེས་སེ་གོལ་གཏོགས་པས་སོ་སོར་རང་རང་གི་གནས་སུ་གཤེགས་པར་བསམ། ཕན་ཡོན། ངོ་བོས་རྐྱེན་དང་བར་ཆད་ཐམས་ཅད་བཟློག་པ་ཡོན་ཏན་ཐམས་ཅད་ཉེ་བར་སྡུད་པར་བྱེད་པ་ཞེས་གསུངས་སོ། །གྲུབ་དབང་འགྲོ་བཟང་དང༌། ཇོ་བོ་ལྷ་ཅིག་ལུགས་ཀྱི་ཆུ་གཏོར་དངོས་གྲུབ་ཀུན་འབྱུང་ཞེས་པ་ཤཱཀྱའི་དགེ་སློང་མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པ་ཐམས་ཅད་ལ་དགེ་བར་གྱུར་ཅིག། །།མངྒ་ལཾ།

                                                                                                                              རྩོམ་སྒྲིག་པ། མང་ར་བ།

    གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།