གཏོར་མའི་རྣམ་བཤད་རྒྱལ་བའི་བདེ་ལམ་གཞུང་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་མཉྫུ་གྷོཥཱ་ཡ་ཙྪ་སྭ་ར་སྭ་སྟྱཻ། ལྷ་མིའི་བླ་མ་ཤཱཀྱའི་རྒྱལ་པོ་དང༌། །བདུད་རྩིའི་སྒོ་འབྱེད་བཙུན་པ་ཀུན་དགའ་བོ། །ཇོ་བོ་ཡབ་སྲས་སྐུ་མཆེད་སྣར་ཐང་བ། །དགེ་འདུན་རྒྱ་མཚོ་པཎ་ཆེན་ཡབ་སྲས་སོགས། །ཚེགས་ཆུང་ལམ་བཟང་སྟོན་རྣམས་ཕྱག་བྱའི་ཡུལ། །ལ་ལ་བུ། མཁས་ཀྱང་བརྒྱ་རྩའི་ཁུངས་མེད་སྐད། །རིལ་བུ་ཁོ་ན་འདོད་དེ་ལུང་དང་འགལ། །ཇོ་བོ་མི་འདྲེན་ཟླ་རྒྱན་འདྲེན་སོགས་དྲི། །དག་བྱེད་བཀའ་གདམས་སྔ་ཕྱིའི་གང་གཱའི་རྒྱུན། །རྒྱུད་དང་རྒྱ་གཞུང་གྲངས་མེད་རྦ་རླབས་ཅན། །ཐུབ་བསྟན་མ་དྲོས་མཚོ་ལས་ལེགས་འབྱུང་བ། །བསྟེན་གང་ཚོགས་གཉིས་ལྷ་དབང་རྗེས་འགྲོ་ཞིང༌། །སངས་རྒྱས་བྱེ་བ་གངྒཱའི་ཀླུང་དགྱེས་འཛུམ། །
དེ་ལ་འདིར་ཆུ་གཏོར་གྱི་རྣམ་བཞག་ལ། གང་ལ་བརྟེན་པའི་གཞུང་ངོས་བཟུང༌བ། ལོ་རྒྱུས་བརྒྱུད་ཚུལ་དང་བཅས་པ། ཆོ་གའི་རྣམ་བཞག་བཤད་པ་དང་གསུམ་ལས། དང་པོ་ནི། རྒྱུད་བདུད་རྩི་འབྱུང་བ་དང༌། འཇམ་དཔལ་ཁྲི་དྲུག་སྟོང་བཞི་པའི་རྟོག་པ་དང༌། ཁ་འབར་མའི་གཟུངས་གཉིས་དང༌། ཆུ་གཏོར་གྱི་ཆོ་ག་ཛ་ཡ་ས་ནས་མཛད་པ་དང༌། དེའི་འགྲེལ་བ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་དང༌། ཇོ་བོ་ལྷ་ཅིག་གིས་མཛད་པའི་ཆུ་གཏོར་དང༌། བདུད་རྩི་འབྱུང་བའི་རྣམ་བཤད་ཇོ་བོས་མཛད་པ་དང༌། རྒྱལ་བའི་སྡེའི་གཏོར་ཆོག་གི་རྣམ་བཤད་སློབ་དཔོན་མི་བསྐྱོད་པས་མཛད་པ་དང༌། ཨ་བྷྱའི་བྱང་ཆུབ་གཞུང་ལམ་དང༌། ཡེ་ཤེས་རྡོ་རྗེའི་ལམ་རིམ་དང༌། ཀླུ་སྒྲུབ་ཀྱི་གཏོར་མ་སྣ་ཚོགས་རྣམས་ལ་གཞི་བྱས། ཇོ་བོ་ཡབ་སྲས་ཀྱི་གསུང་རྒྱུན་རྣམས་སོ། །
གཉིས་པ་ལོ་རྒྱུས་བརྒྱུད་ཚུལ་ལ་གཉིས་ལས། ལོ་རྒྱུས་ནི། བདུད་རྩི་འབྱུང་བའི་གཟུངས་ཞེས་བྱ་བ་ཆབ་གཏོར་གྱི་རྒྱུད་དེ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་ཁྱིམ་བདག་བཟང་སྐྱོང་གིས་སྤོས་ཆུ་ལ་སྨན་དང་མེ་ཏོག་སྣ་ཚོགས་བཏབ་པ་གཅིག་ཁྱེར་ནས་བཅོམ་ལྡན་འདས་ལ། སངས་རྒྱས་བྱང་སེམས་དང་རིགས་དྲུག་ལ་ཕུལ་བས་ཕན་ཡོན་ཆེན་པོ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཞུས་པས། བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་དྲུག་ཏིང་ངེ་འཛིན་དྲུག་གསུངས་ཏེ། རྒྱལ་བའི་སྡེའི་ཆུ་གཏོར་ལས། སྤྱིར་གཏོར་མའི་ལས་བགྱིའོ། །འཚལ་མ་བརྟགས་པ་རྣམ་པ་དྲུག་སྟེ་སྦྱངས་པ་ལ་སོགས་པའོ། །ཞེས་སོ། །བརྟགས་པ་རྣམ་པ་དྲུག་ནི། སྦྱངས་པ་དང༌། སྤེལ་བ་དང༌། མོས་པས་བསྒྱུར་བ་དང༌། དབང་བ་དང༌། ཐོབ་པར་བྱེད་པ་དང༌། དབང་དུ་བྱ་བ་དྲུག་གིས་ཏིང་ངེ་འཛིན་དྲུག་དང༌། སྔགས་དྲུག་གི་དོན་བརྟགས་པ་སྟེ་སེམས་པར་བྱེད་པ་ཡིན་པའི་ཕྱིར། ཛ་ཡ་སེ་ནའི་ཆུ་གཏོར་ལས། སྤྱིར་གཏོར་མའི་ལས་བགྱིའོ། །འཚལ་མ་བརྟགས་པ་དྲུག་སྟེ་སྦྱངས་པ་ལ་སོགས་པའོ། །དེ་ལ་སྦྱངས་པ་ནི་ཆོས་ཉིད་རྣམ་པར་དག་པའི་སྔགས་དང་ཕྱག་རྒྱའོ། །སྤེལ་བ་ནི་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སོ། །མོས་པས་བསྒྱུར་བ་བདུད་རྩི་འབྱུང་བའི་སྔགས་དང་ཕྱག་རྒྱས་སོ། །སྤྱོད་པར་དབང་བ་ནི་རྒྱ་ཆེན་ཤུགས་ལྡན་འོད་ཀྱི་སྔགས་དང་ཕྱག་རྒྱས་སོ། །ཐོབ་པར་བྱེད་པ་ཡེ་ཤེས་སྐར་མདའི་སྔགས་དང་ཕྱག་རྒྱས་སོ། །དབང་དུ་བྱ་བ་ནི་ལྷ་མགོན་སྤྱིའི་སྔགས་དང་ཕྱག་རྒྱས་ཏེ་དབང་ཕྱུག་འཁོར་ལོའི་སྔགས་དང་ཕྱག་རྒྱས་སོ། །ཞེས་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱི་རྣམ་ལས་ཀྱང༌། བདུད་རྩི་འབྱུང་བའི་གཟུངས་ཞེས་བྱ་བ་ཆབ་གཏོར་གྱི་རྒྱུད་དེ། ཞེས་དང༌། ཆུ་གཏོར་རྣམ་བཤད་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་ལས། ཐམས་ཅད་མཉམ་པར་ཐོབ་པ་མི་མཐུན་པ་མེད་པ་སྟེ། དེ་ཉིད་ཀྱི་ཕྱིར་སྔགས་དང་ཕྱག་རྒྱས་དོན་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། གསང་སྔགས་རྣམས་ནི་བརྗོད་པ་དང༌། །རྡོ་རྗེ་ཕྱག་རྒྱ་རབ་ལྡན་པས། །དངོས་པོ་གང་ལ་བཏབ་ན་ནི། །དག་པ་ལ་སོགས་རིམ་བཞིན་འགྲུབ། །ཅེས་གསུངས་པ་སོགས་ཡོད་པས། ཆུ་གཏོར་ཐམས་ཅད་ཁ་འབར་མའི་གཟུངས་ལ་བརྟེན་སྙམ་པ་དང༌། ཇོ་བོས་མཛད་པའི་ཆུ་གཏོར་མེད་སྙམ་པ་ནི་བླུན་རྟགས་ཡིན་ལ། བདུད་རྩི་འབྱུང་བའི་རྣམ་བཤད་ཇོ་བོས་མཛད་པ་ལས། བྷ་ག་ལ་རུ་སྐྱེས་པ་དགེ་སློང་མཚན། ཞེས་པ་ནས། བདུད་རྩིའི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་གའི་འགྲེལ་བ་རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་ལྷ་མོ་སྒྲོལ་མའི་ཞལ་མངོན་སུམ་དུ་གཟིགས་པ་དེས་མཛད་པ་རྫོགས་སོ། །ཞེས་དང༌། ཇོ་བོའི་ཆུ་གཏོར་ལས། སློབ་དཔོན་དེ་ཉིད་ལ་ཞུ་བ་པོ་དཀར་སྟོན་ལེགས་པའི་ཤེས་རབ་ཀྱིས་ཚོགས་ལ་སོགས་པའི་ཡན་ལག་ཏུ་ཞུས་ནས། མང་ཡུལ་གྱི་གྲོང་དུ་གཞུང་བྲིས་སོ། །པཎྜི་ཏ་དེ་ཉིད་དང༌། ལོ་ཙྪ་བ་ཚུལ་ཁྲིམས་རྒྱལ་བས་སྒྱུར་བའོ། །ཞེས་གསུངས་སོ། །
ཡང་སྔོན་བྱུང་གི་གླེང་གཞི་གཅིག་ནི། ཡི་དྭགས་ཁ་ནས་མེ་འབར་མ་ལ་སྐྱབས་མཛད་པའི་གཟུངས་ལས། བཅོམ་ལྡན་འདས་སེར་སྐྱའི་གྲོང་ཁྱེར་གྱི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། ཀུན་དགའ་བོས་བས་མཐའ་བསྟེན་པ་ན། ནམ་སྨད་ཅིག་ཡི་དྭགས་ཁ་ནས་མེ་འབར་བ་ཞིག་བྱུང་ནས་ཁྱོད་ཞག་བདུན་ནས་འཆིའོ། །ཤི་ནས་ཡི་དྭགས་སུ་སྐྱེའོ་ཟེར་རོ། །དེ་ལ་ཅི་ཕན་དྲིས་པས། སང་གི་ཉི་མ་ལ་ཡི་དྭགས་ཐམས་ཅད་ལ་གཏོར་མ་བྱིན་ཏེ། བྲམ་ཟེའི་དྲང་སྲོང་བརྒྱ་སྟོང་ལ་ཞལ་ཟས་བྱིན། དཀོན་མཆོག་གསུམ་ལ་མཆོད་ན་ཕན་ཟེར། ཀུན་དགའ་བོ་འཇིགས་ནས་སྟོན་པར་ཞུས་པས། ཆོ་ག་དང་གཟུངས་སྔགས་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པ་སོགས་ཕན་ཡོན་དང་བཅས་པ་གསུངས། ཁ་འབར་མ་དབུགས་དབྱུང་བའི་ཆོ་ག་ལས་དེ་གཤེགས་པ་བཞིའི་མཚན་མ་བྱུང༌། གཞན་སྔགས་དང་ཆོ་ག་སོགས་འདྲ་བར་གསུངས། བུ་དང་མཁས་གྲུབ་རྗེ་གཉིས་ཀའི་རྒྱུད་སྡེ་སྤྱི་རྣམ་ལས་ཀུན་དགའ་བོ་ལ་གསུངས་པར་བཤད་པ་གཟུངས་དང་མཐུན།
སྔོན་བྱུང་གི་གླེང་གཞི་གཞན་ཡང༌། སྔོན་སངས་རྒྱས་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པ་ལ་མ་ག་དྷར་ཁྱིམ་བདག་ཕྱུག་པོ་དགེ་ཞེས་པས། སངས་རྒྱས་འཁོར་བཅས་ལ་ཆོས་སྟོན་ཕུལ་ནས། ཕྱི་དེ་ལོའི་དུས་ན་ཁྱིམ་བདག་དབུལ་པོར་གྱུར་ཏེ་སངས་རྒྱས་ལ་ཞུས་པས། འཕགས་པ་སྤྱན་རས་གཟིགས་ལ་ཞུས་གསུངས་ནས། ཁྱིམ་བདག་གིས་སྤྱན་རས་གཟིགས་ལ་ཞུས་པས། ཁྱོད་ཀྱིས་སྔར་མཆོད་པའི་ཡི་དྭགས་དང་འབྱུང་བོའི་སྐལ་བ་བཅད་པས་ཉེས་པས། ད་མཆོད་ཅིག་གསུངས་པ་ལྟར། ཡི་དྭགས་དང་འབྱུང་གཏོར་གྱི་ཆོ་ག་གནང་ཞིང་མཆོད་པས། ཁྱིམ་བདག་གི་འབྱོར་བ་སྔོན་བཞིན་ལེགས་པར་གྱུར་ཏོ། །
སློབ་དཔོན་ཡེ་ཤེས་རྡོ་རྗེའི་ལམ་རིམ་ལས། དེ་ཡང་སངས་རྒྱས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པ་ལ། མ་ག་དྷར་ཁྱིམ་བདག་ཕྱུག་པོ་དགེ་ཞེས་བྱ་བས། སངས་རྒྱས་འཁོར་བཅས་སྤྱན་དྲངས་ནས་ཆོས་སྟོན་དྲངས་ཏེ་སླར་གཤེགས་སོ། །ཕྱི་དེ་ལོའི་དུས་ན་ཁྱིམ་བདག་དེ་ལྟོགས་པར་གྱུར་ཏེ། སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ནས་དྲིས་པ་ལ། སངས་རྒྱས་ཀྱི་ཞལ་ནས། འཕགས་པ་སྤྱན་རས་གཟིགས་ལ་ཞུས་ཞེས་བསྟན་ནས། ཁྱིམ་བདག་གིས་སྤྱན་རས་གཟིགས་ལ་ཞུས་པས། ཁྱོད་ཀྱིས་སྔར་མཆོད་པའི་ཡི་དྭགས་དང་འབྱུང་པོའི་སྐལ་བ་བཅད་པས་ཉེས་ཏེ། ད་འདི་བཞིན་དུ་ཡི་དྭགས་སྒོ་དྲུང་ན་ཡོད་པ་དང་གཞན་དག་ལའང་གཏོར་མ་འདི་ལྟར་བྱིན་ཞེས་གོང་གི་དེ་བསྟན་ནས། དེ་ལྟར་བྱས་པས་སྔོན་བཞིན་འབྱོར་པ་དང་ལྡན་པར་གྱུར་ཏོ། །ཞེས་གསུངས་པ་སོགས་མང༌།
གཉིས་པ་བརྒྱུད་ཚུལ་ལ་མང་དུ་ཡོད་ཀྱང༌། ཀུན་དགའ་བོ། གཅུང་དགའ་བོ། དེས་དགེ་སློང་མ་དགའ་མ་ལ་གནང༌། དེས་དགྲ་བཅོམ་པ་ལ་གནང༌། དེས་རྣལ་འབྱོར་པ་ཨནནྟ་བཛྲ་ལ། དེས་རྡོ་རྗེ་གདན་པ་ལ། དེས་གསེར་གླིང་བ་ལ། དེས་ཇོ་བོ་ལ། དེས་བཤེས་གཉེན་སྟོན་པ་ལ། དེས་སྐུ་མཆེད་གསུམ་ལ། པོ་ཏོ་པས་རམ་སྡིང་པའམ་ཤ་ར་བ་ལ་དར་ཡུལ་ཀོ་ཏུར་གནང༌། དེས་དཔལ་ལྡན་གྲགས་པ་ལ། དེས་ཆུ་ནག་པ་རིན་ཆེན་སེང་གེ་ལ། དེས་རས་པ་དར་མ་རྒྱལ་མཚན་ལ། བླ་མ་དེ་གཉིས་ལས་གྲོ་སྟོན་བདུད་རྩི་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། རྒྱང་རོ་པཎ་ཆེན། མཆིམས་བློ་བཟང་གྲགས་པ། སྒྲོ་སྟོན་ཀུན་དགའ་རྒྱལ་མཚན། དབང་སྟོན་གྲུབ་པ་ཤེས་རབ། ཞུ་སྟོན་བསོད་ནམས་མཆོག་གྲུབ། དཔལ་འབར་ཆོས་རྗེ་དཔལ་ལྡན་གྲུབ། ལས་ཆེན་ཀུན་དགའ་རྒྱལ་མཚན། ཐེལ་བྲག་ལྕོགས་པ། ཐོན་པ་བློ་གྲོས་རྒྱལ་མཚན། དགེ་འཕེལ་ཕྱོགས་ལས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། བྲག་དགོན་སྤྱན་སྔ་ཆོས་དཔལ་བཟང་པོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། རྒྱལ་དབང་ངག་དབང་བློ་བཟང་རྒྱ་མཚོ། དེ་ལས་ཁྱབ་བདག་ཕ་བོང་ཁ་བ་འཇམ་གྲགས་དང༌། ཁྱབ་བདག་དགེ་སློང་འཇམ་གྲགས་པ་དང༌། མེར་རྒན་ངག་དབང་བློ་གྲོས་གསུམ་ཀས་གསན། གསུམ་ཀར་བདག་འཇམ་དབྱངས་བཞད་པས་ལན་མང་དུ་ཐོབ།
ཡང་ཕྱོགས་ལས་རྣམ་རྒྱལ། རྗེ་སངས་རྒྱས་རྒྱ་མཚོ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་ཐམས་ཅད་མཁྱེན་པ། བླ་མ་དྲུང་པ་བརྩོན་འགྲུས་རྒྱལ་མཚན། དེ་ལས་གྲུབ་ཆེན་ཤྭ་བོ་བ་དང༌། མེར་རྒན་རྣམ་གཉིས་ཀྱིས་ཐོབ། དེ་གཉིས་ལས་གྲུབ་ཆེན་ལ། བདག་གིས་ཡེར་བར་ལན་གསུམ་ཞུས། ཡང་འབྲུག་ལྷའི་དཔོན་སློབ་བློ་བཟང་དཔལ་འབྱོར་ལས་སྣར་ཐང་བརྒྱ་རྩའི་ཡིག་རྙིང་དང༌། དེའི་ལྷན་ཐབས་སྐྱིད་ཤོད་ཞབས་དྲུང་གིས་མཛད་པ་རྗེས་གནང་དང་བཅས་པ་ལན་བཞིར་ཐོབ། པཎ་ཆེན་བཀའ་འགྱུར་བ་ལས་བརྒྱ་རྩ་དགེ་འདུན་རྒྱ་མཚོ་དང༌། པཎ་ཆེན་གྱི་དེ་གཉིས་དང་རྒྱལ་བ་གོང་མས་མཛད་པའི་གཏོར་མ་སྣ་ཚོགས་ལན་དུ་མར་ཐོབ། བླ་མ་དྲུང་བ་ལས་ཁོང་གིས་དངོས་སུ་ཞུས། ཡང་ཇོ་བོ་ལྷ་ཅིག་ནས། ནག་ཚོ་ཚུལ་ཁྲིམས་རྒྱལ་བ། ལག་སོར་བ། ཞུ་ལྡན་པ། ར་ས་པ། སྣར་ཐང་བ། དཔལ་ལྡན་གྲོ། མཆིམས་མན་ཆད་འདྲ། སྤྱན་སྔ་ནས་བརྒྱུད་པ་ཟུར་དུ་མི་སྣང་ཡང༌། པོ་ཏོ་བའི་བརྒྱུད་པ་དང་གཅིག་པར་སྣང༌། གདམས་པ་ཚན་གཉིས་ཡོད། གྲུབ་ཆེན་སྙིང་སྟོབས་རྒྱ་མཚོ་ན་རེ། མགྲོན་རྒྱས་པར་བྱེད་ན་བཅུ་གཅིག་ཏུ་སྤྱན་སྔ་བས་མཛད་ནས་རིལ་བུ་ཡང་བརྒྱ་ཚར་དུ་བཤམས་པའི་གཏོར་མ་ལ་བརྒྱ་རྩའི་ཐ་སྙད་དུ་བྱས་པ་དེ་ནས་བྱུང༌། ཞེས་གསུངས་པ། སྤྲུལ་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་གསུངས། བརྒྱ་རྩའི་ཐ་སྙད་དེ་ནས་བྱུང་གསུངས་པ་བདེན་ཏེ། མཆིམས་ཡང་དེ་ལྟར་གསུངས། འདི་ལ་རྣམ་མཁྱེན་བདེ་ལམ་དུ་བརྒྱ་རྩ་བཏང་ཐབས་ཁ་འབར་མའི་གཟུངས་རྣམ་པ་གཉིས་ལ་བརྟེན་ནས་མཛད་ཅིང༌། གཟུངས་ནི་དཀོན་གསུམ་ལ་ལྷ་བཤོས་འབུལ་བ་ལ་གཟུངས་ཉི་ཤུ་རྩ་གཅིག།།དྲང་སྲོང་ལ་གཏོར་མ་འབུལ་བ་དང༌། ཡི་དྭགས་ལ་གཟུངས་བདུན་བདུན་དང༌། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ་གཏོར་མ་སྦྱིན་པར་གསུངས་པ་མ་གཏོགས་པ་བརྒྱ་རྩ་སྟོང་རྩའི་གྲངས་ངེས་པ། མགྲོན་གྱི་རིམ་པའི་གསལ་ཁ་གསུངས་པ་མེད་གསུངས་སོ། །དེ་ལ་ཅུང་ཟད་དཔྱད་ན་མི་འཐད་དེ། བརྟེན་ས་དེ་ལྟར་བཤད་པ་ཡང་མི་འཐད། མགྲོན་གྱི་གྲངས་མ་བརྟན་པའང་མི་འཐད། བརྒྱ་རྩ་མི་འཐད་ན་བདེ་ལམ་གྱི་ཆུ་གཏོར་བརྒྱ་རྩ་ཡང་མི་འཐད་པ་སོགས་སྣང་བའི་ཕྱིར། དང་པོ་བརྟེན་ས་ཁ་འབར་མའི་གཟུངས་ཁོ་ནར་གསུངས་པ་མི་འཐད་བར་ཐལ། དེ་བརྟེན་སའི་གཞུང་དུ་མ་རང་ཅག་རྣམས་ལ་མཐུན་གྲུབ་ཡིན་པའི་ཕྱིར་ཏེ། འཇམ་དཔལ་ཁྲི་དྲུག་སྟོང་པའི་ཞི་བའི་རྒྱུད་དང༌། གཏོར་མ་ཆེན་པོའི་ལས་རིམ་དང༌། དེའི་འགྲེལ་བ་སློབ་དཔོན་མི་བསྐྱོད་པས་མཛད་པ་དང༌། ཆུ་གཏོར་འཇམ་དཔལ་མའི་རྩ་བ་ཛ་ཡ་སེ་ནས་མཛད་པ་དང༌། དེའི་འགྲེལ་བ་ཕྱག་ཆེན་འཇུག་པའི་མན་ངག་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་དང༌། འགྲོ་བཟང་སྙིང་པོའི་ཆུ་གཏོར་དང༌། ཆུ་གཏོར་འཇམ་དཔལ་མའི་འགྲེལ་བ་བི་དྷཱ་ཛྙཱ་ནས་མཛད་པ་དང༌། བདུད་རྩི་འབྱུང་བའི་གཟུངས་དང༌། དེའི་འགྲེལ་བ་ཇོ་བོ་རྗེས་མཛད་པ་དང༌། ཆབ་གཏོར་དྲི་མེད་ཇོ་བོ་རྗེས་མཛད་པ་དང༌། ཨ་བྷྱའི་བྱང་ཆུབ་གཞུང་ལམ་གྱི་གཏོར་ཆོག་དང་ཡེ་ཤེས་རྡོ་རྗེའི་ལམ་རིམ་དེ་ཉིད་མཐོང་བའི་གཏོར་ཆོག་དང་བཅས་པ་ཡོད་པའི་ཕྱིར། དེ་དག་གིས་མཛད་ཚུལ་རིམ་གྱིས་སྟོན་པར་འགྱུར་རོ། །
གཉིས་པ་གཏོར་མགྲོན་གྱི་གྲངས་སྟོན་པའི་རྒྱ་གཞུང་མེད་པར་འདོད་པའང་མི་འཐད་དེ། གཏོར་ཆེན་ལས་རིམ་ལས་རིགས་དྲུག་སོགས་ཐམས་ཅད་བཤད། དེའི་འགྲེལ་པར་སངས་རྒྱས་བྱང་སེམས་ཉན་རང་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བཤད་པའི་ཕྱིར། དང་པོ་ཡིན་ཏེ། ལས་རིམ་ལས། འགྲོ་བ་མ་ལུས་དོན་དུ་ནི། །གཏོར་མ་ཆེན་པོའི་རིམ་པ་འདི། །ཞི་བའི་རྒྱུད་ཀྱི་དོན་བསྡུས་ཡིན། །ཞེས་དང༌། ཆེན་པོའི་དོན་རིགས་དྲུག་ཐམས་ཅད་ལ་བྱེད་པར་བཤད་པའི་ཕྱིར། དེའི་འགྲེལ་བ་ལས། ཐམས་ཅད་ཁྱབ་པ་ཆེན་པོའོ། །འགྲོ་བ་རིགས་དྲུག་ནི། ལྷ་དང༌། ལྷ་མ་ཡིན་དང༌། མི་དང༌། དུད་འགྲོ་དང༌། ཡི་དྭགས་དང༌། དམྱལ་བ་སྟེ་སྤྱི་ལ་གཏོར་བས་མ་ལུས་པའི་དོན་ནོ། །ཆེན་པོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡང་ཡིན་ཏེ། དེའི་འགྲེལ་བ་སློབ་དཔོན་མི་བསྐྱོད་པས་མཛད་པ་ལས། སྤྱན་དྲངས་སྙམ་པ་ལ། བདེར་གཤེགས་སྲས་བཅས་འཁོར་བཅས་ཀུན། །ཞེས་གསུངས། སངས་རྒྱས་རྣམས་བདེ་བས་བདེ་བར་གཤེགས་པ། སྲས་ནི་བྱང་ཆུབ་སེམས་དཔའོ། །འཁོར་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །ཡང་ཐམས་ཅད་ཀྱང་བདེ་བར་གཤེགས་པའི་འཁོར་ཏེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དང་བཅས་པ་ཞེས་ཁ་ཅིག་འདོད་དོ། །ཞེས་དང༌། རྒྱལ་བའི་སྡེའི་ཆུ་གཏོར་ལས་ཀྱང༌། དེ་ཡང་དམིགས་ཀྱིས་བསྔོ་བ་ནི། སྲི་ཞུའི་མགྲོན་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའོ། །ཡོན་ཏན་གྱི་མགྲོན་ཚངས་པ་དང༌། འཇིག་རྟེན་སྐྱོང་བ་བཞི་དང༌། ཕྱོགས་སྐྱོང་བ་བཅུ་གཅིག་དང༌། སྲུང་མ་དམ་ཚིག་ཅན་རྣམས་དང༌། སྙིང་རྗེའི་མགྲོན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དང༌། ཁྱད་པར་དུའང་བདག་གི་ལྷ་མགོན་དང༌། ཡུལ་གང་ན་གནས་པའི་ས་བདག་ལྷ་ཀླུ་དང༌། ལན་ཆགས་ཀྱི་མགྲོན་ཚེ་རབས་བགྲང་བའི་རྐྱེན་བགེགས་དང་ཕན་གནོད་བྱེད་པའི་ལྷ་འདྲེ་ཀུན་ལའང་མཉམ་སྙོམས་སུ་བསྔོ་བར་བྱའོ། །ཞེས་གསུངས་པས་མགྲོན་གྲངས་གསལ་བར་བཤད་ཅིང༌། ལྷ་ཀླུ་དང་ཞེས་པས། ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་སྟེ་སྡེ་བརྒྱད་བསྟན་ཏེ། འགྲེལ་བ་ལས། དེའི་འོག་ཏུ་ལྷ་ལ་སོགས་པ་དེ་བརྒྱད་དུ་བསྡུས་ཞེས་སོ། །ནོར་བུ་གླིང་པའི་གདམས་པ་ཤྲ་དྷ་ཀ་རས་བཀོད་པའི་ཆ་གསུམ་ལས་ཀྱང༌། ཨོཾ་ཨེ་ཧྱེ་ཧི་ལོ་ཀ་ཀ་ར་ཡ། དེ་བ། ན་ག།།ཡཀྵ། གནྔྷ་ར་བ། ཨ་སུ་ར། ག་རུ་ཊ། ཀིན་ན་ར། མ་ཧོ་ར་ག །ཞེས་གསུངས་པ་དང༌། དཔུང་བཟང་གི་རྒྱུད་སོགས་དང་མཐུན་ལ། ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་ལས་ཀྱང༌། དེ་བ། ན་ག །ཡཀྵ། གནྡྷ་ར་བ། ཨ་སུ་ར། ག་རུ་ཊ། ཀིནྣ་ར། མ་ཧོ་ར་ག །ཞེས་པ་སོགས་དང་མཐུན་པས་ལེགས། གཟུངས་གཉིས་ཀྱི་དོན་ལྷག་མ་འཆད་པར་འགྱུར་ལ། གཟུངས་འདིས་ཀྱང་དེ་ལྟར་མ་བསྟན་པར་བཤད་མི་ཐུབ་སྟེ། དཀོན་མཆོག་གསུམ་ལ་དོན་དམ་པ་དང་ཀུན་རྫོབ་པ་གཉིས་ཕྱེ་བས་སྐུ་གསུང་ཐུགས་ཀྱི་རྟེན་ལ་མཆོད་པ་ཡང་སངས་རྒྱས་ལ་མཆོད་པར་འདོད་ཅིང་འདི་གཙོ་བོར་ཉམས་སུ་ལེན་དགོས་པའི་ཕྱིར། ཐུབ་དགོངས་ལས་ཀྱང༌། སངས་རྒྱས་རྣམ་པ་གཉིས་ཏེ། དོན་དམ་པ་ནི་སྐུ་གསུམ་གྱིས་ཡང་དག་པར་བསྡུས་པའོ། །ཐ་སྙད་པ་ནི་སྐུ་གདུང་གི་མཆོད་རྟེན་དང༌། སྐུ་གཟུགས་དང་མཆོད་རྟེན་བྱང་ཆུབ་སེམས་དཔའི་གཟུགས་ཏེ་འདི་རྣམས་ལ་མཆོད་ན། སངས་རྒྱས་བཅོམ་ལྡན་འདས་མཆོད་པའོ། །ཞེས་གསུངས་པའི་ཕྱིར། ཞེས་དང༌། བྱང་སེམས་སངས་རྒྱས་དཀོན་མཆོག་གི་ནང་དུ་གཏོགས་པར་མདོ་དང་བསྟན་བཅོས་དུ་མ་ནས་བཤད་དེ། དཀོན་བརྩེགས་ལས། འོད་སྲུང་ཟླ་བ་ཚེས་པ་ལ་ཕྱག་བྱེད་པ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་དག་ང་ལ་དད་པ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱ་ཡི། དེ་བཞིན་གཤེགས་པ་ལ་མ་ཡིན་ནོ། །ཞེས་གསུངས་པ་སོགས་མཆོད་ཡུལ་གྱི་སངས་རྒྱས་ལ་བརྡར་བཏགས་པ་གཙོ་བོར་བྱེད་དགོས་པའི་ཕྱིར་ཏེ། སོ་སྐྱེས་མང་མས་དོན་དམ་པའི་དཀོན་མཆོག་གསུམ་ལ་དམིགས་མི་ནུས་པའི་ཕྱིར་དང༌། བརྡར་བཏགས་པ་ལ་དམིགས་པས་འབྲས་བུ་ཆ་མཐུན་འབྱུང་བར་ཐེག་པ་གོང་འོག་དང་གྲུབ་མཐའ་བཞི་ཀ་མཐུན་པའི་ཕྱིར། ཡང་ཐུབ་དགོངས་ལས། ཆོས་ཀྱང་རྣམ་པ་གཉིས་ཏེ། དོན་དམ་པ་ནི་མྱ་ངན་ལས་འདས་པའོ། །ཐ་སྙད་པ་ནི་ལམ་དང་སངས་རྒྱས་ཀྱི་གསུང་རབ་གླེགས་བམ་རྣམས་ཏེ། འདི་རྣམས་ལ་མཆོད་ན་ཆོས་ལ་མཆོད་པར་ཞལ་གྱིས་འཆེས་པའི་ཕྱིར། ཞེས་ཐ་སྙད་པའི་དཀོན་མཆོག་ལ་གསུང་རབ་ཀྱི་གླེགས་བམ་ཡན་ཆད་བཤད་པ་ལྟ་བུ་མང༌། མཆོད་ཡུལ་གྱི་དགེ་འདུན་ལའང་དོན་དམ་པའི་དེ་དང་ཐ་སྙད་པའི་དགེ་འདུན་གཉིས་བཤད་དེ། ཐུབ་དགོངས་ལས། དགེ་འདུན་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་ནི་བྱང་ཆུབ་སེམས་དཔའ་ས་ལ་རབ་ཏུ་ཞུགས་པ་རྣམས་དང༌། ཐ་སྙད་པ་ནི་སོ་སོ་སྐྱེ་བོ་རྣམས་ཀྱང་སྟེ་སྡེ་པ་བཞི་ལ་སོགས་པ་དང་དགེ་སློང་དང་དགེ་སློང་མ་རྣམས་སོ། །ཞེས་དང༌། འདུལ་བ་ལུང་ལས་ཀྱང༌། ཕྱག་གི་འོས་ནི་གཉིས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་དགེ་སློང་རྒན་པའོ། །ཞེས་དང༌། མྱ་ངན་འདས་ཆེན་ལས། བསོད་སྙོམས་གང་ཡོངས་སུ་གསོལ་ནས། ཞེས་པ་ནས། བསོད་སྙོམས་དེ་གཉིས་ཀའང་འབྲས་བུ་མཉམ་པ་མེད་པའོ། །ཞེས་དང༌། དེའི་དོན་ནི། ཐུབ་དགོངས་ལས། འདིས་ནི་བྱང་ཆུབ་སེམས་དཔའ་རྣམས་དང༌། སངས་རྒྱས་རྣམས་ཡོན་གནས་མཆོག་ཏུ་ཁྱད་པར་མེད་པར་བསྟན་ཏོ། །ཞེས་གསུངས། དེར་མ་ཟད། དྲང་སྲོང་ལ་བཤད་ཚུལ་མང་ངོ༌། །དེས་ན་བོད་དག་གིས། གཏོར་ཆོག་གི་མགྲོན་ཚན་བཅུ་གཅིག་ལྟ་བུའི་བཤད་པ་དེ་དག་སྲི་ཞུའི་མགྲོན། ཡོན་ཏན་གྱི་མགྲོན། སྙིང་རྗེའི་མགྲོན། ལན་ཆགས་ཀྱི་མགྲོན་དང་བཞིར་བསྡུས་ནས་བསྟན་པའི་ཕྱིར། དང་པོ་ཡིན་ཏེ། རྒྱལ་བའི་སྡེའི་ཆུ་གཏོར་ལས། དེ་ཡང་དམིགས་ཀྱི་བསྔོ་བ་ནི་སྲི་ཞུའི་མགྲོན་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང༌། ཞེས་དང༌། དེའི་འགྲེལ་བ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་ལས། ཁྱད་པར་དུ་ཡོངས་སུ་བསྔོ་བ་བསྟན་པའི་ཕྱིར། དེ་ཡང་དམིགས་ཀྱི་བསྔོ་བ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་འདིར་རྣམ་པ་གཉིས་ཏེ། གང་ཞེ་ན། སྲི་ཞུའི་མགྲོན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང་རང་རྒྱལ་བ་ལ་སོགས་པ་ཇི་སྙེད་བརྗོད་པས་རྫོགས་པ་དག་གོ་ཞེས་སོ། །དེ་དག་རྫོགས་པ་ནི་མ་ལུས་པའི་དོན་ནོ། །དེས་ནི་ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཡང་བསྟན་པས་སོ། །
གཉིས་པ་ཡང་ཡིན་ཏེ། ཡོན་ཏན་གྱི་མགྲོན་སྟོང་གསུམ་གྱི་བདག་པོ་ཚངས་པ་དང༌། ས་གསུམ་གྱི་བདག་པོ་བརྒྱ་བྱིན། དུས་གསུམ་གྱི་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་འཇིག་རྟེན་སྐྱོང་བ་བཞི་དང༌། ཕྱོགས་སྐྱོང་བཅུ་གཅིག་སྔོན་སངས་རྒྱས་ཀྱིས་རྒྱུད་སྡེ་བཞིའི་ཆོས་བསྲུང་བར་བཀའ་བསྒོས་དམ་བཅས་པའི་སྲུང་མ་དམ་ཚིག་ཅན་རྣམས་ཡིན་པའི་ཕྱིར་ཏེ། ཛ་ཡའི་ཆུ་གཏོར་ལས། ཡོན་ཏན་གྱི་མགྲོན་ཚངས་པ་དང༌། འཇིག་རྟེན་སྐྱོང་བ་བཞི་དང༌། ཕྱོགས་སྐྱོང་བཅུ་གཅིག་དང༌། སྲུང་མ་དམ་ཚིག་ཅན་རྣམས་དང༌། ཞེས་གསུངས་སོ། །
གསུམ་པ་ཡང་ཡིན་ཏེ། རང་གི་ཕ་དང་མར་ལན་གྲངས་བརྒྱ་སོགས་བྱེད་མ་མྱོང་བའི་འགྲོ་བ་རིགས་དྲུག་གང་ཡང་མེད་པས་ཉེ་དུ་ལྟ་བུར་བསམ་ནས་སྙིང་རྗེའི་ཡུལ་འགྲོ་བ་ལྷ་དང་ལྷ་མིན། མི་དང་ཡི་དྭགས་དང༌། དུད་འགྲོ་དང་དམྱལ་བའི་འགྲོ་བ་སྟེ་རིགས་དྲུག་གི་སེམས་ཅན་དང༌། ཁྱད་པར་དུ་ཡང་བདག་གི་མགོན་དང་སྐྱབས་བྱེད་པའི་ལྷ་དང༌། ཡུལ་གང་ན་གནས་པའི་ལྷ་དང་ཀླུ་རྣམས་མགྲོན་ཡིན་པའི་ཕྱིར་ཏེ། གཏོར་ཆོག་ལས། སྙིང་རྗེའི་མགྲོན་འགྲོ་བ་རིགས་དྲུག་གིས་སེམས་ཅན་དང༌། ཁྱད་པར་དུ་ཡང་བདག་གི་ལྷ་མགོན་དང༌། ཡུལ་གང་ན་གནས་པའི་ས་བདག་ལྷ་ཀླུ་དང་ཞེས་དང༌། མཁས་གྲུབ་ཆེན་པོ་ངག་དབང་གྲགས་པའི་གཏོར་ཆོག་ལས་ཀྱང༌། འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབས། །ལྷག་པའི་ལྷ་དང་བླ་མ་དང༌། །དཀོན་མཆོག་གསུམ་དང་ཆོས་སྐྱོང་རྣམས། །ལྕེ་ཡིས་རྡོ་རྗེ་བདུད་རྩི་ལེན། །ཞེས་སོ། །
བཞི་པ་ཡང་ཡིན་ཏེ། ཚེ་རབས་སྔ་མར་ཁོ་ལ་ཕར་འཕྲོག་བརྡུང་སོགས་ཀྱི་གནོད་པ་བྱས་པའི་ལས་ལན་ཆགས་པའི་ལན་ཆགས་ཀྱི་མགོན། རྒྱལ་བར་བྱེད་པ་དང༌། སྦྲང་རྩིར་བྱེད་པ་དང༌། བི་ན་ཡ་ཀ་དང༌། ལྷ་ཀླུ་བཙན་རྒྱལ་འགོང་མ་མོ་སོགས་ཕན་གནོད་གཉིས་ཀ་བྱེད་པའི་གདོན་དང་འབྱུང་པོ་ལྷ་འདྲེ་སྣ་ཚོགས་པ་གནས་ཚུལ་ནི། དཔུང་བཟང་གི་རྒྱུད་ལས། འབྱུང་པོ་གང་དག་རི་རབ་སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡུལ་ཀུན་གནས་དང༌། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང༌། །གྲོང་ཁྱེར་ཀུན་ཏུ་གང་དག་གནས་པ་དང༌། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང༌། །རིན་ཆེན་གནས་ན་ལྷག་པར་གང་གནས་དང༌། །རྫིང་དང་མཚེ་དང་ལུ་མ་ལྟེང་ཀ་དང༌། །ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང༌། །གྲོང་དང་ཕྱུགས་དག་དང་ནི་ནགས་ཚལ་དང༌། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང༌། །གང་དག་གཙུག་ལག་ཁང་དང་མཆོད་རྟེན་གནས། །སོ་ནམ་ཁྱིམ་དང་གླང་པོའི་ཁང་རྣམས་དང༌། །གང་དག་རྒྱལ་པོའི་དཀོར་ཁང་གནས་པ་དང༌། །སྲང་དང་ཁྱམས་དང་གྲོང་གི་མདུན་ས་དང༌། །གང་དག་ཤིང་གཅིག་དྲུང་དང་ལམ་ཆེན་གནས། །དུར་ཁྲོད་དང་ནི་ནགས་ཚལ་ཆེ་གནས་དང༌། །སེང་གེ་གཅན་གཟན་དྲེད་ཀྱི་གནས་རྣམས་དང༌། །འཇིགས་སུ་རུང་བའི་དགོན་པ་ཆེ་གནས་དང༌། །ཆུ་གླིང་མཆོག་དག་ཏུ་ནི་གནས་པ་དང༌། །གང་དག་ལྷུན་པོ་དུར་ཁྲོད་གནས་ན་གནས། །ཞེས་གནས་ཀྱི་སྒོས་བཤད་པ་ལྟ་བུ་མང་བའི་ཕྱིར། རྒྱལ་བའི་སྡེའི་གཏོར་ཆོག་ལས། ལན་ཆགས་ཀྱི་མགྲོན་ཚེ་རབས་བགྲངས་པའི་རྐྱེན་བགེགས་དང་ཕན་གནོད་བྱེད་པའི་ལྷ་འདྲེ་ཀུན་ལའང་མཉམ་སྙོམས་སུ་བསྔོ་བར་བྱའོ། །ཞེས་དང༌། ཀུན་སྙིང་གི་སྦྱོང་རྒྱུད་འགྲེལ་བ་ལས་ཀྱང༌། བགེགས་དང་བི་ན་ཡ་ཀ་ཞེས་པ་ནི་བར་དུ་གཅོད་པ་སྟེ་ཚངས་པ་དང་སྲིན་པོའི་གདོན་དང༌། བརྗེད་བྱེད་ཀྱི་གདོན་དང༌། གནོན་པོ་དང་སྐེམ་བྱེད་དང༌། གྲིབ་གནོན་དང་མ་མོའི་གདོན་དང༌། བི་ན་ཡ་ཀ་བཙུན་མོ་དང་བཅས་པ་བརྒྱད་ཅེས་དང༌། སྦྱོང་རྒྱུད་ལས། འཛམ་བུའི་གླིང་དུ་ཚངས་པ་བྲི། །ཞེས་པ་ནས། དེ་བཞིན་སྲིང་མོ་རྣལ་འབྱོར་མ། །འབྱུང་བ་བཞི་ཡི་ལྷ་ཆེན་པོ། །ཁྱིམ་དང་རི་ལ་གནས་པ་རྣམས། །ཤིང་དང་ཀུན་དགའ་ནགས་ཚལ་སོགས། །ཞེས་དང༌། ཀུན་དགའ་སྙིང་པོའི་འགྲེལ་པ་ལས། སེམས་ཅན་ཀུན་ལ་ཕན་སེམས་པའི། །དྲང་སྲོང་བསྐལ་པ་ཆེན་པོ་རྣམས། །ཞེས་པ་ནི་དྲང་སྲོང་བརྒྱད་དེ། མེས་བྱིན་རིན་ཆེན་འབར་བ་བསྣམས་པའོ། །ནག་པོ་འཁོར་ལོའོ། །ཡང་དག་ཤེས་རྡོ་རྗེ་འཁོར་ལོའོ། །མདུན་དབང་རྩེ་གསུམ། གྱ་གྱུ་རིན་པོ་ཆེ་བསྣམས་པ། ཁྱུར་མིད་དགྲ་སྟ། ཨ་འགུར་མེ་དཔུང༌། གཡོག་འདོར་འཁོར་ལོ་བསྣམས་པ་ཞེས་དང༌། འགྲེལ་བ་དེ་ཉིད་ལས། འབྱུང་བ་བཞི་ཡི་ལྷ་ཆེན་པོ། །ཞེས་བྱ་བ་ནི། མེ་ལྷ་དང༌། ཆུ་ལྷ་དང༌། རླུང་ལྷ་དང༌། སའི་ལྷ་རྣམས་སོ། །ཁྱིམ་དང་རི་ལ་གནས་པ་དང༌། །ཞེས་པ་ནི། ཁྱིམ་གྱི་ལྷ་ཀུན་ཏུ་བསྲུང་བ་དང༌། རིའི་ལྷ་རབ་ཏུ་བརྟན་པའི་བློ་གྲོས་སོ། །ཤིང་དང་ཀུན་དགའ་ལ་གནས་སོགས། །ཞེས་པ་ནི། ཤིང་གི་ལྷ་ཀུན་ནས་འོད་ཟེར་དང༌། ཀུན་དགའ་ར་བའི་ལྷ་ཀུན་ཏུ་སྣང་བའི་བློ་གྲོས་དང༌། གནས་ཀྱི་ལྷ་སྣ་ཚོགས་སྒོའོ། །དུར་ཁྲོད་ཀྱི་ལྷ་འབྱུང་པོ་དགེ་བ་དང༌། གྲོང་ཁྱེར་གྱི་ལྷ་དགེ་བའི་བློ་གྲོས་སོ། །ཞེས་གསུངས་པ་རྣམས་ཀྱང་མགྲོན་ཚན་བཞི་ཅི་རིགས་སུ་བྱེད་དགོས་ཏེ། དྲང་སྲོང་མཆོག་བརྒྱད་པོ་དགེ་འདུན་དཀོན་མཆོག་གི་ཆར་གཏོགས་ཏེ། སངས་རྒྱས་ཀྱི་སྤྱན་སྔར་རྒྱུད་དུ་མ་ཐོས་ཤིང་བཟུང་བས་དགེ་འདུན་གཉིས་གང་རུང་དུ་འགྱུར་བའི་ཕྱིར་ཏེ། འཇམ་དཔལ་རྩ་རྒྱུད་ལས། གང་ཡང་དྲང་སྲོང་དང་དྲང་སྲོང་ཆེན་པོ་དེ་དག་ལ་འདི་ལྟ་སྟེ་རྒྱུན་ཤེས་ཀྱི་བུ་དང༌། གནས་འཇོག་དང༌། གཽ་ཏ་མ་དང༌། བྷ་གོར་ཐ་དང༌། ཛ་ཧཱུ་དང༌། ཨངྒི་ར་བ་དང༌། ཨམ་རི་དང༌། སུ་མ་སྟི་དང༌། རི་བྱི་དང༌། རྒྱས་པ་དང༌། ནག་པོ་དང༌། གཽ་ཏ་མ་ནག་པོ་དང༌། མེ་དང་མེའི་རྒྱུད་དང༌། ཛ་མ་ཏཱགྣི་དང༌། ཡོད་པ་བ་དང༌། ཐུབ་པ་མཆོག་དང༌། གོས་ཅན་དང༌། བཻ་ཤཱ་པཱ་ཡཱ་ན་དང༌། རྩིབ་ལོག་སྐྱེས་དང༌། མ་མཚན་གཉིས་སྐྱེས་དང༌། དགྲ་སྟ་དང༌། རྣལ་འབྱོར་དབང་ཕྱུག་དང༌། ཤིང་པི་པ་ལ་གནས་པ་དང༌། ཤིང་བི་པ་ལ་ཟ་བ་དང༌། གྲོག་མཁར་སྐྱེས་དང༌། ཉི་མའི་རིགས་ཏེ། དེ་དག་དང་གཞན་ཡང་ཆེན་པོ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་དེ་དག་ཀྱང་འཁོར་གྱི་དཀྱིལ་འཁོར་དེ་དང་ཉེ་བར་ཕྱིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ནས་སྔགས་སྤྱོད་པའི་དོན་དང་བྱང་ཆུབ་ཆེན་པོ་སེམས་དཔའི་སྡེ་སྣོད་མཉན་པའི་ཕྱིར་དང༌། རྗེས་སུ་ཡི་རངས་པའི་དོན་དུ་འཁོད་པར་གྱུར་ཏོ། །ཞེས་གསུངས་པའི་ཕྱིར་དང༌། གཞན་རྣམས་ཕལ་ཆེར་ཡོན་ཏན་ཀྱི་མགྲོན་དུ་སྣང་ངོ༌། །ཡང་འདིར་མགྲོན་སྤྱན་མ་དྲངས་ན་གཏོར་མ་མི་རུང་བར་བསམ་སྟེ། མགྲོན་ལ་སྤྱན་འདྲེན་རུང་བ་དང་མི་རུང་བ་སོགས་ཀྱི་རྣམ་བཞག་ལུང་རིགས་མེད་པ་མང་དུ་སྨྲ་བ་མི་འཐད་དེ། གཏོར་མ་ལ་མཆོད་སྦྱིན་ལུགས་དང༌། འབྱུང་གཏོར་གཉིས་ཡོད་པས་སྔ་མ་ལ་སྤྱན་འདྲེན་མི་དགོས་པ་ཇོ་བོ་ཡབ་སྲས་དང༌། འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་ཛ་ཡ་སེ་ན་དང༌། མཁས་གྲུབ་དབང་ཕྱུག་ཤཱཀྱ་བཤེས་གཉེན་སོགས་ཀྱིས་བཞེད་པའི་ཕྱིར་དང༌། ཇོ་བོ་ཡབ་སྲས་དེ་ལྟར་བཞེད་པ་པོ་ཏོ་པས་གསུངས་པའི་ཕྱིར་ཏེ། གྲོ་སྟོན་གསུང་ལས། སྤྱིར་གཏོར་མ་ལ་གཉིས་ཏེ། མཆོད་སྦྱིན་གྱི་གཏོར་མ་དང༌། འབྱུང་གཏོར་རོ། །འབྱུང་གཏོར་གྱི་ལུགས་ཀྱི་མགྲོན་སྤྱན་འདྲེན་པ་ལས། འདི་མཆོག་སྦྱིན་གྱི་ལུགས་སོ་ཞེས་དང༌། ཇོ་བོ་ལྷ་ཅིག་གི་བདུད་རྩི་འབྱུང་བའི་ཊཱིཀྐ་ལས་ཀྱང༌། མཆོད་སྦྱིན་གྱི་གཏོར་མ་ནར་མ་བྱེད་པར་འདོད་པས། ཞེས་པ་ནས། གཏོར་མ་ཞེས་པ་ཐབས་དང་ཤེས་རབ་ཏུ་ལྡན་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར། ཞེས་དང༌། ཆུ་གཏོར་གྱི་སྣོད་ཆེ་ཆུང་ཅི་འབྱོར་པའི་ནང་ཏུ་ཕྱེ་རྩལ་ཏེ་དེ་ལ་ཆུ་ཞེས་བྱ་བ་དང་ཞི་བར་བྱེད་པའི་ཕྱིར། དངོས་སུ་བྱམས་པ་དང་སྙིང་རྗེའི་བདག་ཉིད་དེ། ཞེས་པ་ནས། ཡོངས་སུ་བཏགས་པའི་ཕྱེ་བླུགས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཤིན་ཏུ་མཛེས་པའི་སྣོད་ནང་དུ། །དྲི་མེད་ཆུ་གཙང་ལ་སོགས་ལ། །གསང་སྔགས་རྣམས་ནི་རབ་སྦྱངས་ཏེ། །ཡོངས་སུ་བསྔོ་བྱ་དོན་ཆེན་ཕྱིར། །ཞེས་གསུངས་ཤིང༌། ཛ་ཡ་སེ་ན་ལྟར་སྤྱན་འདྲེན་མ་མཛད་དོ། །དེ་བཞིན་དུ་པོ་ཏོ་བ་དང༌། ནག་ཚོ་དང༌། སྤྱན་སྔ་གསུམ་ཀའི་གཏོར་ཆོག་ལས་སྤྱན་འདྲེན་མེད་པར་མཆོད་སྦྱིན་ལུགས་ཀྱི་གཏོར་མ་ཕུལ་སྣང་ཁྱད་པར་གཉིས་པ་ཛ་ཡ་སེ་ནས་ཀྱང་སྤྱན་མི་འདྲེན་པར་མཆོད་སྦྱིན་གྱི་ཚུལ་དུ་འཇིག་རྟེན་མ་ལུས་པར་ཁྱབ་ཅིང་དུས་འཁོར་བ་མ་སྟོངས་པར་དུ་མགྲོན་བཞི་ལ་འཁོར་བ་མ་སྟོངས་པར་དུ་འབུལ་བར་བསྔོ་བ་ཡིན་ཏེ། ཛ་ཡ་སེ་ནའི་ཆུ་གཏོར་ལས། དབང་པོ་ལྔ་ཡི་ལོངས་སྤྱོད་མཁོ་དགུ་ལྡན། །ནམ་མཁའ་མཐའ་ཀླས་གཏེར་ཆེན་གྱུར་པ་འདི། །མཆོད་གནས་བླ་མ་ཁྱེད་ཀྱི་ཕོ་བྲང་དུ། །མཆོད་པའི་སྤྲིན་གྱིས་རྒྱས་ཤིང་འཕེལ་བར་བསྔོ༌། །ཞེས་དང༌། དེའི་འགྲེལ་པ་ལས་ཀྱང༌། དེ་ཡང་རིམ་པ་ཁ་ཅིག་ལས། མཆོད་པ་ལ་སོགས་པའི་གནས་སྐབས་ཏིང་ངེ་འཛིན་ལ་སོགས་པའི་གནས་སྐབས་སུ་སྤྱན་དྲངས་ཏེ། མཉེས་པའི་ལག་གི་མཉེས་པར་བྱ་བ་འབྱུང་ན། འདིར་ནི་དེ་ལྟར་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཕར་མགྲོན་གང་ཡིན་གྱི་གནས་སམ་ཕོ་བྲང་སོགས་སུ་འབྱུང་བར་བསྔོ་བ་ཡིན་ཏེ། རྩ་བར། ཁྱོད་ཀྱི་ཕོ་བྲང་དུ་གསུངས་པའི་གཏན་ཚིགས་ཀྱིས་གྲུབ་བའི་ཕྱིར་ཏེ། འགྲེལ་པ་ལས། མཆོད་གནས་བླ་མ་ཁྱོད་ཀྱི་ཕོ་བྲང་དུ་ཞེས་བྱ་བའི་གཏན་ཚིགས་ཀྱིས། རང་གི་གཞན་ཡས་ཁང་ལ་སོགས་པ་ཉིད་དུ་འབྱུང་བར་གྲུབ་བོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་ཤིང༌། དེར་མ་ཟད་སྤྱན་འདྲེན་མི་དགོས་པའི་འདོད་ཚུལ་དུ་མ་ཡོད་དེ། སྔོན་གྱི་སྨོན་ལམ་དབང་གིས་སེམས་ཅན་རེ་རེའི་མདུན་ན་རྟག་ཏུ་བཞུགས་པར་འདོད་པ་དང༌། སྐུ་བཞིན་དུ་གསུང་དང་ཐུགས་ཀྱང་སེམས་ཅན་རེ་རེའི་མདུན་ན་དུས་ཀུན་ཏུ་བཞུགས་པར་འདོད་པ་དང༌། སངས་རྒྱས་རྣམས་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་ཁམས་གར་ཡོད་དུ་སངས་རྒྱས་ཀྱང་ཡོད་པར་འདོད་པ་དེའི་ཕྱིར། དང་པོ་ཡོད་དེ། ཤཱཀྱ་མི་ཏྲའི་འགྲེལ་བ་ལས། སྔགས་ཀྱི་ཚུལ་ཁ་ཅིག་ལས་ཀྱང༌། དེ་བཞིན་གཤེགས་པ་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་རེ་རེའི་མདུན་ནའང་རྟག་ཏུ་བཞུགས་ཏེ། ཞེས་གསུངས་པའི་ཕྱིར། ཁྱད་པར་གཉིས་པ་ཡོད་དེ། ཤཱཀྱ་མི་ཏྲའི་འགྲེལ་བ་ལས། སྐུ་ཇི་ལྟ་བ་བཞིན་དུ་གསུང་དང་ཐུགས་ཀྱང་སྟེ་རྟག་ཏུ་འགྲོ་བའི་དོན་དུ་བཞུགས་སོ། །ཞེས་གསུངས་པའི་ཕྱིར། ཁྱད་པར་གསུམ་པ་ཡོད་དེ། ཤཱཀྱ་མི་ཏྲའི་འགྲེལ་བ་ལས། གཞན་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་བྱུང་བས། སེམས་ཅན་གྱི་ཁམས་ཅི་ཙམ་ན་ཡོད་པ་དེ་ཐམས་ཅད་ན་བཞུགས་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པར་ཀུན་ཏུ་སྣང་ངོ༌། །ཞེས་གསུངས་པའི་ཕྱིར། ཡང་བོད་ཁ་ཅིག །གཏོར་མའི་རྫས་ལ་རིལ་བུ་ཁོ་ན་དང་བཅུ་ཚན་རེ་དགོས་པར་འདོད་ཅིང༌། བཤད་དགོས་པའི་སྔགས་དང་མཚན་བཞིའི་དམིགས་པ་སོགས་གང་ཡང་མ་བཤད་པ་མི་འཐད་དེ། འདིའི་རྩ་བ་གཟུངས་གསུམ་དང་འགལ། རྒྱལ་བའི་སྡེ་སོགས་ཀྱི་གཏོར་ཆོག་དང་འགལ། འཕགས་ཡུལ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་གཏོར་མའི་གཞུང་སོགས་དུ་མ་དང་འགལ་བའི་ཕྱིར། དང་པོ་གཟུངས་གསུམ་དང་ཡང་ཤིན་ཏུ་འགལ་པས་ཐ་ཆད་ཡིན་ཏེ། དེ་ལས་སྣོད་གཙང་མར་ཆན་ནམ། ཕྱེའམ་ཁུར་བ་ལ་སོགས་པའི་བཟའ་བ་ཅུང་ཟད་ཀྱིས་ཆོག་པར་བཤད་ཅིང༌། ཁྱོད་ཀྱིས་རིལ་བུ་ཁོ་ན་བཤད་པའི་ཕྱིར། ཁ་འབར་མ་སྐྱབས་མཛད་པའི་གཟུངས་ལས། སྣོད་གཙང་མའི་ནང་དུ་ཆུ་གཙང་མ་བླུག་ལ། ཆན་ནམ། ཕྱེའམ། ཁུར་བ་ལ་སོགས་པ་ཅུང་ཟད་ཅིག་བཏབ་སྟེ། ཞེས་དང༌། ཁ་འབར་མ་དབུགས་དབྱུང་བའི་གཟུངས་ལས། མེ་ཏོག་གམ། བདུག་པའམ། སྤོས་སམ། ཟས་དང་སྐོམ་གྱི་ཡོ་བྱད་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་འབུལ་བར་བྱའོ། །ཞེས་གསུངས་ཤིང༌། བདུད་རྩི་འབྱུང་བའི་གཟུངས་ལས། སྔར་གླེང་གཞི་ལྟར་བཤད་པའི་ཕྱིར། འདི་ལྟར་དུ་མས་བཤད་དོ། །ཁྱད་པར་དུ་རྒྱལ་སྡེ་སོགས་ཀྱི་གཏོར་ཆོག་དང་འགལ་བས་ཐ་ཆད་ཡིན་པར་ཐལ། རྒྱལ་བའི་སྡེ་སོགས་ཀྱིས་ཀྱང་རབ་འབྱོར་ན་སྨན་ལྔ་དང༌། དྲི་ལྔ་དང༌། རིན་པོ་ཆེ་ལྔ་དང༌། འབྲུ་ལྔ་དང༌། སྙིང་པོ་ལྔ་དང༌། སྤོས་དང༌། མེ་ཏོག་དང༌། དཀར་གསུམ་མངར་གསུམ་དང་འབྲས་སོགས་ཀྱི་ཆན་དང༌། ཁུར་བ་སོགས་དང༌། མ་འབྱོར་ན་ཆུ་ལ་ཟན་ནམ་ཕྱེ་གང་རུང་ལྟ་བུ་ཅི་ཙམ་འབྱོར་པ་བཤམས་པས་ཆོག་པར་གསུངས་པའི་ཕྱིར། དང་པོ་ནི། གཏོར་མའི་ལས་རིམ་ལས། རིན་ཆེན་སྣོད་མཛེས་ཆུ་གཙང་དང༌། །རིན་ཆེན་ལྔ་དང་སྨན་ལྔ་དང༌། །འབྲུ་སྣ་དང་ནི་སྙིང་པོ་ལྔ། །སྤོས་དང་མེ་ཏོག་མཛེས་པ་ལྔ། །དཀར་གསུམ་མངར་གསུམ་ཕྱེའམ་ཟན། །འབྲས་ལ་སོགས་པའི་ཆན་ཁྲོལ་དང༌། །ཁུར་བ་ལ་སོགས་གཙང་མའི་ཟས། །ཞེས་གསུངས་པའི་ཕྱིར། ཁྱད་པར་གཉིས་པ་ཡང་ཡིན་ཏེ། གཏོར་མའི་ལས་རིམ་ལས། ཇི་ཙམ་འབྱོར་ཙམ་བཤམས་པར་བྱ། །ཞེས་དང༌། དེའི་འགྲེལ་བར་སློབ་དཔོན་མི་བསྐྱོད་པས། ཕྱེ་དང་ཟན་ནི་གཉིས་ཀ་དགོས་པ་མ་ཡིན་གྱི། ཡང་ན་ཞེས་པའི་དོན་ནོ། །དེ་ཡང་རྣམ་པ་ཐམས་ཅད་དུ་དགོས་པ་མ་ཡིན་གྱི། ནུས་ཆུང་དུ་འབྱོར་ཚད་དོ། །ཞེས་གསུངས་པའི་ཕྱིར། ཁྱེད་ཅག་འབྱོར་མི་འབྱོར་གང་ཡིན་ཀྱང་རྩམ་པ་ཁོ་ནའི་རིལ་བུ་བཅུ་རེ་བྱེད་པ་ཡང་མི་འཐད་པར་ཐལ། གཙང་ཞིང་མ་སྦགས་པའི་སྨན་སོགས་རྒྱ་ཆེན་འབྱོར་ན་གཏོང་བར་བཤད་པའི་ཕྱིར། སློབ་དཔོན་མི་བསྐྱོད་པའི་གཏོར་མའི་ལས་རིམ་འགྲེལ་བ་ལས། བླ་མ་མཉེས་པར་བྱས་ཤིང་རྒྱུད་ཐོས་ནས་ལས་ཀྱི་རིམ་པ་ཤེས་ནས་རིན་པོ་ཆེའི་སྣོད་ལ་སོགས་པའི་རྫས་འབྱོར་པ་ཡོ་བྱད་བསགས་ཏེ། སྣོད་རིན་པོ་ཆེ་ལས་བྱས་པ་བཟོ་ལེགས་པའི་ནང་དུ་མ་སྦགས་པ། མི་གཙང་བ་ལ་སོགས་པས་སྨེ་བར་མ་གྱུར་པ་དང༌། གསེར་དང༌། བྱུ་རུ་དང༌། དངུལ་དང༌། མུ་ཏིག་དང༌། ཤེལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པ་དང༌། ཀཎྜ་ཀ་རི་དང༌། ཧ་ས་དེ་བ་དང༌། བྲི་ཧ་སྟི་དང༌། ཏན་ཏོང་པ་ལ་དང༌། ཤེ་ཏ། ཨ་པ་ར་ཙིཏྟ་ལ་སོགས་པ་སྨན་ཐམས་ཅད་དང༌། འབྲས་དང༌། ནས་དང༌། གྲོ་དང༌། མ་ཤ་དང༌། སྲན་མ་ལ་སོགས་པ་འབྲུ་ཐམས་ཅད་དང༌། ཚྭ་དང་མར་དང་སྦྲང་རྩི་དང༌། བུ་རམ་དང༌། གསེར་ལ་སོགས་པ་སྙིང་པོ་ཐམས་ཅད་དང༌། ག་བུར་དང༌། ཙན་དན་དང༌། ཀུར་གུམ་དང༌། ཨ་ཀ་རུ་དང༌། དུ་རུ་ཀ་ལ་སོགས་པ་སྤོས་ཐམས་ཅད་དང༌། ཨུཏྤལ་དང༌། པདྨ་དང༌། མནྡ་ར་དང༌། ཙམ་པ་ཀ་དང༌། ཨ་ཤོ་ཀ་ལ་སོགས་པ་མེ་ཏོག་ཐམས་ཅད་དང༌། མར་དང༌། འོ་མ་དང༌། ཞོ་དང༌། ཀ་ར་དང༌། བུ་རམ་དང༌། སྦྲང་རྩི་དང༌། འབྲས་དང༌། ནས་ལ་སོགས་པ་འབྲུ་རྣམས་ཀྱི་ཆན་དང༌། ཁུར་བ་དང༌། ལ་དུ་དང༌། ཧྭགས་དང༌། ཐུད་སྣ་ཚོགས་པ་དང༌། གཞན་ཡང་དྲི་ཞིམ་ཞིང་གཙང་བའི་ཟས་སྣ་ཚོགས་དང༌། ཞེས་དང༌། རྒྱལ་བའི་སྡེའི་གཏོར་ཆོག་ལས་ཀྱང༌། རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་ཆུ་བླུགས་ལ། ཕྱེ་དང་མེ་ཏོག་ལ་སོགས་པ་ཅི་འབྱོར་པ་དང༌། གསེར་ལ་སོགས་པ་རིན་པོ་ཆེ་རྣམ་ལྔ་བརྡར་བ་དང༌། ཁ་ཟས་མ་སྦགས་པ་མ་སྨེ་བ་སྣ་ཚོགས་དང༌། ཞེས་དང༌། དེའི་འགྲེལ་བར་ཤཱཀྱ་བཤེས་གཉེན་གྱིས། གཞན་ཡང་གསེར་ལ་སོགས་པ་རིན་པོ་ཆེ་ལྔ་བདར་བ་དང༌། ཞེས་བྱ་བ་ལ་སོགས་པ་ནི་འདི་ཡང་ཅི་རིགས་པས་ཏེ། འབྱོར་བ་དམ་པར་གྱུར་པ་ལ་སོགས་པ་རྣམས་ཏེ། རང་གིས་ཇི་ལྟར་འབྱོར་པ་བཞིན་ཁ་ཟས་མ་སྦགས་མ་སྨེ་བ་སྣ་ཚོགས་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་གཏོར་མ་དེ་བཟའ་བཏུང་གི་བདུད་རྩི་ཁོ་ནར་བསྐྱེད་ཅིང་བསྔོ་བ་དེ་ཡང་མི་འཐད་པར་ཐལ། དེ་ནི་སྔགས་དྲུག་ཕྱག་རྒྱ་དྲུག་གི་དོན་སྤྱི་ཅི་ཡང་མ་ཤར་བའི་བླུན་སྐྱོན་དང༌། པཎ་གྲུབ་ཆེན་པོ་རྣམས་ཀྱིས་གཞལ་ཡས་ཁང་སོགས་གནས་ཁང་གོས་ལོངས་སྤྱོད་མཁོ་དགུ་ལ་སོགས་པ་འབྱུང་བར་དམིགས་དགོས་པར་བཤད་པའི་ཕྱིར་ཏེ། སྔགས་དྲུག་གི་རྒྱ་ཆེན་ཤུགས་ལྡན་གྱི་སྐབས་ཀྱི་རྒྱལ་བའི་སྡེའི་ཆུ་གཏོར་ཆོ་ག་ལས། བཞི་པ་ནི་འཕགས་པ་རྣམས་ཀྱི་སྤྱན་ལམ་དུའང་གཞལ་ཡས་ཁང་བརྩེགས་མ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་མང་པོར་སྤྲུལ་ནས་མཆོད་པ་དང༌། སེམས་ཅན་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་ཇི་ལྟར་འདོད་པའི་ཡོན་ཏན་ལྔ་ཆར་བཞིན་དུ་འབྱུང་བར་བསམ་ཞིང༌། ཁྱད་པར་དུ་ཡི་དྭགས་རྣམ་པ་མང་པོ་དང༌། སེམས་ཅན་ཀུན་གྱི་བསམ་པ་ཡོངས་སུ་སྐོང་བར་བྱིན་གྱིས་བརླབས་སོ། །ཞེས་དང༌། དེའི་འགྲེལ་བར་ཤཱཀྱ་བཤེས་གཉེན་གྱིས། ནམ་མཁའ་མཛོད་ལ་སོགས་པ་ཏིང་ངེ་འཛིན་གྱི་དབང་གིས་དེ་དང་རྗེས་སུ་མཐུན་པའི་མཆོད་པའི་སྤྲིན་གྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཀང་ནས་དུས་གསུམ་གྱི་འཕགས་པ་ཐམས་ཅད་མཉེས་ཤིང༌། ཁམས་གསུམ་པའི་འགྲོ་བ་ལྔ་པོའི་དབང་པོ་ལྔའི་ལོངས་སྤྱོད་མཁོ་དགུར་ལྡན་པ་དེ་ཡིད་དུ་འོང་བའི་རྫས་ཕུན་སུམ་ཚོགས་པར་སྣང་བར་འགྱུར། ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་དོན་དེ་ཐུགས་ལ་བཞག་ནས་ཇོ་བོ་ལྷ་ཅིག་གིས་ཀྱང་དེ་ལྟར་གསུངས་ཏེ། ཇོ་བོའི་ཆུ་གཏོར་ལས། མདུན་གྱི་སྣོད་ཀྱི་ཐད་ཀར་པཾ་ལྗང་གུ་རེ་རེ་བསམ་ལ། དེ་དག་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྣོད་རེ་རེ་བསམ་པ་ནི། སྣོད་བྱིན་གྱིས་བརླབས་པའོ། །བཅུད་ནི་སྣོད་རིན་པོ་ཆེའི་ནང་དུ་བདུད་རྩིའི་རང་བཞིན་དང༌། སྨན་སྣ་ཚོགས་ལས་གྲུབ་པའི་ལྗོན་ཤིང༌དང༌། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཏེར་གྱི་བུམ་པ་དང༌། དར་ལ་སོགས་པ་གོས་སྣ་ཚོགས་བསམ་མོ། །ཞེས་གསུངས་སོ། །ཤིན་ཏུ་ལེགས། དེ་བཞིན་གཤེགས་པ་བཞིའི་ངོས་འཛིན་ལ་སྣ་ཚོགས་སྨྲ་ཞིང༌། འགའ་ཞིག་རིན་ཆེན་མང་ཁ་དོག་ཡིད་དུ་འོང་བ་དང༌། འབྱམས་ཀླས་གངས་ཅན་མཚོར་འདོད་ཟེར། སྔོན་དང་ཕྱིས་ཀྱི་གཏོར་མའི་རྣམ་བཤད་བྱེད་མཁན་ལ་ལ་ན་རེ། ཇོ་བོ་ཡབ་སྲས་ཀྱི་ལུགས་ལ། རིན་ཆེན་མང་ཤཱཀྱ་ཐུབ་པ། གཟུགས་མཛེས་སྤྱན་རས་གཟིགས། སྐུ་འབྱམས་ཀླས་འཇམ་དབྱངས། འཇིགས་བྲལ་ཕྱག་རྡོར་དུ་ངོས་འཛིན་ཟེར་བ་ཡང་མ་བརྟགས་པའི་བླུན་གཏམ་ཡིན་ཏེ། དེ་བཞིན་གཤེགས་པ་རིན་ཆེན་མང་ནི་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སུམ་ཅུ་ན་འཇིག་རྟེན་གྱི་ཁམས་མཐུ་བོ་ཆེ་དང་ལྡན་པའི་ས་ན་བཞུགས་པའི་རྒྱལ་བ་ཡིན་པའི་ཕྱིར་ཏེ། མེ་ཏོག་གི་ཚོགས་བཀོད་པའི་མདོ་ལས། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སུམ་ཅུ་ན་འཇིག་རྟེན་གྱི་ཁམས་མཐུ་བོ་ཆེ་དང་ལྡན་པའི་ས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་ཞེས་བྱ་བ་བཞུགས་ཏེ། ཅིའི་ཕྱིར་རིན་ཆེན་མང་ཞེས་བྱ་ཞེ་ན། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་ཤིན་ཏུ་མང་སྟེ། ཉན་ཐོས་ཀྱི་ཐེག་པ་ཅན་མང་བ་མ་ཡིན་ལ། ཉིན་རེ་ཞིང་དེའི་བསྟན་པ་ཚད་མེད་པ་འབྱུང་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་རིན་ཆེན་མང་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། འདི་ཞིང་གི་གདུལ་བྱའི་སྒོ་ནས་བཏགས་པའི་མཚན་ཡིན། མདོ་འདི་དང་ཁ་འབར་མའི་མཚན་བརྗོད་པའི་ཕན་ཡོན་ཡང་འདྲ་བར་སྣང་སྟེ། མདོ་འདིས་དེ་བཞིན་གཤེགས་པ་རིན་ཆེན་མང་གི་མཚན་བརྗོད་ན་ཕར་ཕྱིན་བཅུའི་ནང་གི་སྨོན་ལམ་གྱི་ཕར་ཕྱིན་སྤྱོད་པ་རྫོགས་པར་འགྱུར་བར་བཤད་པའི་ཕྱིར་ཏེ། མེ་ཏོག་བཀོད་པའི་མདོ་ལས། ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་རིན་ཆེན་མང་དེ་ལ་ཕྱག་འཚལ་ལོ། །ཞེས་ཆེད་དུ་བརྗོད་པ་ལན་གསུམ་བརྗོད་པར་བྱེད་ན། དེ་དག་ནི་དེ་བས་སྔོན་གྱི་སྨོན་ལམ་གྱི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ནི་གཡོག་རིན་པོ་ཆེ་དང་ལྡན་པར་འགྱུར་རོ། །ཞེས་དང༌། གཟུངས་ལས། དེ་བཞིན་གཤེགས་པ་རིན་ཆེན་མང་གི་མཚན་ནས་བརྗོད་པའི་བྱིན་རླབས་ཀྱིས་ཡི་དྭགས་ཐམས་ཅད་སྐྱེ་བ་མང་པོའི་སེར་སྣ་བྱས་པ་མི་དགེ་བའི་ལས་བཅོམ་ཞིང་བསོད་ནམས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་མཐུན། གསེར་འོད་ལས་ཀྱང༌། སངས་རྒྱས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །ཞེས་དང༌། དེ་ཉིད་ལས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་གཤེགས་པ་གཟུགས་དམ་པ་ཡང་སྤྱན་རས་གཟིགས་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཞེས་གསུངས་པའི་ཕྱིར། སྤྱན་རས་གཟིགས་ཀྱི་མཚན་བརྗོད་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་མང་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། ངེད་ཀྱི་དམ་བཅའ་འཐད་པར་ཐལ། གསེར་འོད་ལས། སངས་རྒྱས་སྤྱན་རས་གཟིགས་རྒྱལ་ཐབས་བརྙེས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སྙམ་ན། དེ་ཡང་སངས་རྒྱས་གཞན་ཞིག་ཏུ་མངོན་ཏེ། དེ་ཉིད་ལས། སངས་རྒྱས་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟ་བུ། དེས་ན་དེ་བཞིན་གཤེགས་པ་གཟུགས་དམ་པ་ནི། གསེར་འོད་ལས། སངས་རྒྱས་གཟུགས་དམ་པ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་འདིར་མངོན་ཏེ། གཟུངས་ལས། དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་དམ་པའི་མཚན་ནས་བརྗོད་པའི་བྱིན་རླབས་ཀྱིས་ཡི་དྭགས་མང་པོའི་གཟུགས་མི་སྡུག་པ་བཅོམ་ཞིང༌། གཟུགས་མཚན་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་གསུངས། འདི་ནི་ཞིང་གི་སྒོ་ནས་མཚན་དུ་མངོན་ཏེ། མེ་ཏོག་བཀོད་པའི་མདོ་ལས་ཀྱང་། སངས་རྒྱས་ཀྱི་ཞིང་སྟོབས་བཅུ་ན་འཇིག་རྟེན་གྱི་ཁམས་གཟུགས་སྣང་བ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བའི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཅིའི་ཕྱིར། འཇིག་རྟེན་གྱི་ཁམས་དེ་གཟུགས་སྣང་བ་དང་ལྡན་པ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེར་གང་སུ་དག་སྐྱེས་པ་དང་སྐྱེ་བ་དང་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་མིའི་ཁ་དོག་ལས་འདས་པར་གྱུར་པ་ཡིན། སེམས་ཅན་དེ་དག་ཐམས་ཅད་གཟུགས་བཟང་ཞིང་མཛེས་པར་གྱུར་པ་ཡིན་ནོ། །ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བའི་མཚན་ཉན་པ་དེ་དག་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ཀྱི་གཟུགས་བཟང་པོར་འགྱུར་རོ། །ཞེས་གསུངས། དེས་མཚོན་ནས་གཞན་གཉིས་ཀྱང་ཤེས་པར་བྱ་དགོས་ཀྱི་རང་བཟོ་སོགས་ཀྱི་ཆོ་ག་ལ་ཡིད་བརྟན་མ་བྱེད་ཅིག །
དེ་ལ་འདིར་གཏོར་མའི་རྣམ་བཞག་ལ། གཏོར་མའི་ཕན་ཡོན་དང༌། ངོ་བོ་དང༌། སྒྲ་བཤད་དང༌། དབྱེ་བ་དང༌། ཕྱེ་བ་སོ་སོའི་ངོས་འཛིན་དང༌། ཆོ་གའི་ཁྱད་པར་དང༌། ཆུ་གཏོར་བྱེ་བྲག་ཏུ་བཤད་པ་དང་བདུན་ལས།
དང་པོ་ནི། བྷ་ལིཾ་ཨཱ་ཙརྻའི་ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་ཆོག་ལས། བསོད་ནམས་ཀྱི་ཚོགས་གསོག་པ་དང༌། གཏོར་མས་བར་ཆད་ཐམས་ཅད་ཞི་བ་དང༌། གཏོར་མས་འཕྲིན་ལས་རྣམ་བཞི་འགྲུབ་པ་དང༌། གཏོར་མ་ནི་ལྷ་བསྒོམ་པ་དང༌། རབ་གནས་དང༌། སྦྱིན་སྲེག་དང༌། ལས་ཚོགས་ཀུན་ལ་སྔོན་དུ་འགྲོ་བ་དང༌། གཏོར་མས་སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང༌། ལྷ་རྣམས་ཀྱིས་བསྲུངས་ཤིང་སྐྱོབས་པ་དང༌། སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་འགྱུར་བ་དང༌། གཏོར་མས་ཚེ་རིང་ཞིང་བསོད་ནམས་ཚད་མེད་པ་བསྐྱེད་ཅིང་འཕེལ་བ་དང༌། སྦྱིན་པའི་ཕར་ཕྱིན་མྱུར་དུ་རྫོགས་པར་བྱེད་ཅིང༌། གཏོར་མས་བསོད་ནམས་དང་ཚེའི་ཚད་ཀྱང་འཕེལ་ཞིང་སྐྱེ་བར་བྱེད་པ་དང༌། གཏོར་མས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཆོད་པའི་བསོད་ནམས་ཐོབ་པས། ཚེ་རིང་བ་དང༌། བསོད་ནམས་དང༌། མདངས་དང༌། སྟོབས་སྐྱེ་ཞིང་འཕེལ་བ་དང༌། དགེ་བའི་རྩ་བ་ཡོངས་སུ་རྫོགས་པ་དང༌། མི་དང་མི་མ་ཡིན་པ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་མ་རུངས་པ་ཐམས་ཅད་ཀྱིས་གཙེ་ཞིང་གནོད་པ་བྱེད་མི་ནུས་པ་དང༌། དེ་དག་སོགས་གཞན་ལ་གཟི་བརྗིད་ཚད་མེད་པ་དང་ལྡན་པར་འགྱུར་བ་སོགས་མཐའ་ཡས་པའི་ཕྱིར། ཁྱད་པར་དང་པོ་ཡིན་ཏེ། དཔེར་ན་གྲུབ་དབང་བྷ་ལིཾ་ཨཱ་ཙརྱ་ལྟ་བུ་ཡིན་པའི་ཕྱིར་ཏེ། རྒྱལ་སྡེའི་གཏོར་ཆོག་ལས། ཕན་ཡོན་ཆེ་ལ་སླ་བ་ཆུ་གཏོར་ཡིན་པས་འདི་ལ་བརྩོན་པར་བྱའོ། །ཞེས་དང༌། ཤཱཀྱའི་འགྲེལ་བ་ལས་ཀྱང༌། དེ་ལ་སླ་བ་ནི་སླ་བ་སྟེ་ཉམས་སུ་བླངས་པ་ལ་ཚེགས་ཆུང་དུས་དོན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ནས། ཡོ་བྱད་ཅུང་ཟད་ཙམ་གྱི་རྒྱུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་མཐའ་དག་མ་ལུས་པར་ཡོངས་སུ་རྫོགས་པར་འགྲུབ་པར་བསྟན་ཏེ། འདི་ལྟར་འཁོར་བ་ཐམས་ཅད་ཀྱི་དབུལ་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཡང་དག་པར་གཅོད་པར་བྱེད་པའི་དོན་དང༌། བསོད་ནམས་དང་ཡེ་ཤེས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པར་འགྱུར་བའི་དོན་གྱིས་ཞེས་གསུངས་པའི་ཕྱིར། འདིས་རྒྱུ་ཚོགས་གཉིས་འགྲུབ་པ་དང་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་ཚུལ་རྒྱས་བར་བཤད་པས། བསོད་ནམས་ཀྱི་ཚོགས་གསོག་པར་ཡང་བཤད་དོ། །ཁྱད་པར་གཉིས་པ་ཡིན་ཏེ། བི་བྷུ་ཏིའི་ཀྱེ་རྡོར་འགྲེལ་བ་ལས། འདོད་པའི་དོན་འགྲུབ་པའི་ཕྱིར་དང༌། བར་ཆད་ཞི་བའི་ཕྱིར་དང༌། དགེ་བའི་ཕྱིར་ཡང་གཏོར་མ་གསུངས་པ། ཞེས་དང༌། འདོད་དོན་འགྲུབ་ཕྱིར་བར་ཆད་ནི། །ཞི་བའི་ཕྱིར་དང་དགེ་བའི་ཕྱིར། །འཆད་པར་འགྱུར་བའི་ཆོ་ག་ཡིས། །གཡེལ་མེད་པས་ནི་གཏོར་མ་སྦྱིན། །ཞེས་དང༌། སྐལ་བཟང་རྡོ་རྗེའི་ལམ་རིམ་ལས། བདག་དང་གཞན་གྱི་བར་ཆད་ཉེ་བར་ཞི་བར་བྱ་བའི་ཕྱིར་གཏོར་མའི་ཆོ་ག་དང༌། ཞེས་གསུངས་སོ། །ཁྱད་པར་གསུམ་པ་གྲུབ་སྟེ། རྒྱུད་བརྟག་གཉིས་ལས། གལ་ཏེ་འདིས་འབྱུང་པོའི་ཚོགས་ཕྱིར་རྟག་ཏུ་གཏོར་མ་སྦྱིན་ན་དབང་དང༌། མངོན་སྤྱོད་དང༌། དགྲ་སྡེ་འཇིགས་པ་དང༌། བསྐྲད་པ་དང༌། གསད་པ་དང༌། དགུག་པ་དང༌། ཞི་བ་དང༌། རྒྱས་པར་ཡང་འགྱུར་རོ། །ཞེས་དང༌། བཞི་པ་ཡང་ཡིན་ཏེ། རྣམ་བཤད་མཁའ་འགྲོའི་གསང་མཛོད་ལས། དེ་ལས་ཀྱང་ལྷ་བསྒོམ་པ་དང༌། མཆོད་པ་དང༌། རབ་གནས་དང༌། དཀྱིལ་འཁོར་དང་ལས་ཚོགས་ཀུན་ལ་གཏོར་མ་སྔོན་དུ་འགྲོ་བས། ཞེས་སོ། །ལྔ་བ་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་སོགས་ཡིན་ཏེ། ཁ་འབར་མ་ལ་སྐྱབས་མཛད་པའི་གཟུངས་ལས། རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་ཤིང་དགོངས་པར་འགྱུར་རོ། །ལྷ་མང་པོས་རྟག་ཏུ་བསྲུང་ཞིང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དྲུག་པ་གཏོར་མས་ཚེ་རིང་བ་དང་བསོད་ནམས་ཚད་མེད་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དཔེར་ན་གྲུབ་ཆེན་ལྕེ་སྒོམ་ལྟ་བུ། ལྕེ་སྒོམ་པ་ལོ་བརྒྱད་ཅུ་རྩ་གྲངས་བཞུགས་པ་གཏོར་མའི་བྱིན་རླབས་ཡིན་གསུངས་པ་དང༌། ཡང་ལྕེ་སྒོམ་གྱི་ཞལ་ནས། ང་ལ་དང་པོ་རྒྱགས་སུ་ཞོ་གཅིག་ལས་མེད་དེ། ད་ལྟ་ལོངས་སྤྱོད་ཆེ་བ་གཏོར་མའི་དོན་ཡིན་པར་འདུག་གསུངས། ཆོས་པ་ལྟོ་གོས་ཀྱིས་ཕོངས་པ་མཐོང་ཙ་ན། གཏོར་མ་མ་ཐོང་བ་ཡིན། ཞེས་གསུངས། སྐབས་ཤིག་ཏུ་བླ་མའི་རྒྱགས་ཆད་ནས་ཕྱེ་ཕད་སྤྲུགས་པས་རྩམ་པ་བྲེ་བཞི་བྱུང་བ་གཏོར་མ་བཏང་བས། ཉིན་ཕྱེད་ནས་ཡོན་བདག་འགས་ནས་མང་པོ་དང་ཆོས་སྟོན་བཟང་པོ་ཁྱེར་ནས་བྱུང་བས། བླ་མས་ཉེ་གནས་ལ་ཞིང་གི་སྟོན་ཐོག་ལས་མི་མགྱོག་གམ་གསུངས་པ་ཚེ་དང་བསོད་ནམས་འཕེལ་བའི་དཔེ་གཅིག་སྟེ། གཟུངས་ལས་ཀྱང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཚེ་རིང་བར་འདོད་དམ་བསོད་ནམས་ཆེས་འཕེལ་བ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་ན་ནི་རྟག་ཏུ་སྔ་དྲོའི་དུས་སམ། ཞེས་གསུངས། ཀླུ་སྒྲུབ་ཀྱིས་ཀྱང༌། གང་གིས་ལུས་ནི་རབ་རྒྱས་ཤིང༌། །བདེ་བ་ཆེན་པོ་ཐོབ་འགྱུར་བ། །ཡི་དྭགས་ཚིམ་བྱེད་གཏོར་མ་ནི། །དེ་ནི་གཞན་ཡང་རབ་བཤད་བྱ། །ཞེས་གསུངས་པའི་ཕྱིར། བདུན་པ་ཡང་ཡིན་ཏེ། གཏོར་མས་བསོད་ནམས་སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པས་རྟག་ཏུ་མི་མ་ཡིན་པའི་འབྱུང་པོ་རྣམས་ཀྱིས་མི་མཐོང་ཞིང༌། སྟོབས་དང་བརྩོན་འགྲུས་གཟུགས་དང་གཟི་བརྗིད་དྲན་པ་དང་ལྡན་པར་འགྱུར་བའི་ཕྱིར། གཟུངས་ལས། དེ་བཞིན་གཤེགས་པ་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །རྟག་ཏུ་མི་མ་ཡིན་པ་རྒྱུ་བ་འབྱུང་པོ་དང་ཤ་ཟ་ལ་སོགས་པ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། གདོན་དང་ཡི་དྭགས་རྣམས་ཀྱིས་མི་མཐོང་བར་འགྱུར་རོ། །སྟོབས་དང་བརྩོན་འགྲུས་ཀྱང་ལྡན་པར་འགྱུར་རོ། །གཟུགས་དང་ལྡན་པ་དང༌། གཟི་བརྗིད་དང་ལྡན་པ་དང༌། དྲན་པ་དང་ལྡན་པར་ཡང་འགྱུར་རོ། །ཞེས་དང༌། བརྟག་གཉིས་ལས། གལ་ཏེ་འདིས་གཏོར་མས་འབྱུང་པོ་ཐམས་ཅད་ལ་མཆོད་པར་བྱེད་ན་རྣལ་འབྱོར་བ་རྣམས་ལེགས་པར་འགྱུར་རོ། །དེ་རྣམས་ལ་བདེ་བ་དྲི་མ་མེད་པ་དང་ལྷ་མོ་རྣམས་དང༌། འགྲོ་བ་རབ་ཏུ་འབྱོར་བ་རྣམས་དགའ་བར་འགྱུར་རོ། །ཞེས་དང༌། འཇམ་དཔལ་གྲགས་པའི་སྙིང་པོ་རྒྱན་ལས། འབྱུང་པོ་ཆེ་དང་དམན་པ་ཡིས། །གཏོར་མའི་ལས་ལ་བརྩོན་བྱས་ན། །ཚེ་དང་བསོད་ནམས་འཕེལ་འགྱུར་བས། །བྱང་ཆུབ་ཀྱི་ནི་རྒྱུ་ཉིད་ཕྱིར། །འབད་དེ་དེ་ཡི་ལས་བྱའོ། །ཞེས་དང༌། ཡེ་ཤེས་རྡོ་རྗེའི་ལམ་རིམ་ལས། ཕྱི་རབས་ཀྱི་གང་ཟག་ཆོས་ལ་དད་པ་རྣམས་ཀྱིས་འབྱུང་པོའི་གཏོར་མ་ལ་བརྩོན་པས། ཡི་དྭགས་ལ་ཕན་པ་དང་བདག་གི་འབྱོར་པ་མི་ཉམས་པའོ། །ཞེས་སོ། །
གཉིས་པ་གཏོར་མའི་ངོ་བོ་ཡོད་དེ། ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་དང་ཚིགས་བཅད་དང་རྫས་ཀྱི་ནུས་པའི་སྒོ་ནས་མགྲོན་གྱི་ལྷ་ཚོགས་ཚིམ་པར་བྱེད་པའི་དངོས་གྲུབ་ཀྱི་རྟེན་གཞིའི་རྫས་དེ་གཏོར་མའི་ངོ་བོ་ཡིན་ཏེ། ཕྱག་རྡོར་གྱི་ལས་རིམ་ལས། ལས་རིགས་ཐམས་ཅད་གང་བྱེད་ཀྱང༌། །གཏོར་མ་ལས་ཀྱི་གྲོགས་སུ་འགྱུར། །དེས་ན་གཏོར་མ་སྔོན་ལ་བཤད། །གཏོར་མ་ལས་དང་ཀུན་ལ་ཡང༌། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༌། །ཚིགས་བཅད་རྫས་ཀྱི་ནུས་པའི་མཐུ། །དེ་ལྔ་ཚོགས་ལས་མ་ལུས་འགྲུབ། །ཅེས་གསུངས། དེ་ལྔའི་དང་པོའམ་རབ་ནི་ཏིང་འཛིན་དང༌། དེ་རྗེས་སྔགས་གཙོ། དེ་རྗེས་ཕྱག་རྒྱ་ཡིན། དེ་རྗེས་ཚིགས་བཅད་དང༌། དེ་ཐམས་ཅད་ཀྱི་གཞིའམ་རྟེན་ནི་རྫས་ལ་བྱེད་དགོས་ཏེ། ཏིང་འཛིན་རྒྱལ་པོ་བཞིན་དུ་ཀུན་ལ་དབང་པར་བྱེད། སྔགས་ནི་བྲམ་ཟེ་ནུས་ལྡན་ལྟ་བུར་ནུས་པ་འབྱིན་པ་སོགས་ཡིན་པའི་ཕྱིར། ཕྱག་ན་རྡོ་རྗེའི་ལས་རིམ་ལས། དེ་ཡང་ཏིང་འཛིན་རྒྱལ་པོའི་ཚུལ། །བྲམ་ཟེ་སྔགས་ཀྱི་ནུས་པ་མཐུན། །རྗེའུ་རིགས་ཕྱག་རྒྱ་ཉིད་དང་མཐུན། །ཚིགས་བཅད་ཐ་མལ་སྤྱོད་པ་འདྲི། །རྫས་ནི་ཀུན་གྱི་གཞི་རྟེན་འགྱུར། །ཞེས་གསུངས་པའི་ཕྱིར།
གསུམ་པ་སྒྲ་བཤད་ལ། སྒྲ་སྒྲུབ་པ་དང་བཤད་པ་གཉིས། དང་པོ་ནི། བྱིངས་མདོ་ལས། བ་ལ་སྟོབས་དང༌། སྲོག་བྱེད་པ་དག་ལ་འོས་བྱིངས་པ་ལ་བཞག །བྱིངས་ཐམས་ཅད་པ་ལས་ཨི་འོས་ཨི་བྱིན་པས། བ་ལི། གཉིས་པའི་ཨམ་བྱིན། ཨགྣི་སོགས་ལས་ཨ་དབྱི་བར་བྱས་པས། བ་ལི། དངོས་པོ་ལ་ཏཱ་ཏྭ་དག་གསོ། ད་ཕན་གྱི་རྐྱེན་ཏཱ་བྱིན་པས། བ་ལིཾ་ཏཱ་གྲུབ་སྟེ་གཏོར་མ་ཞེས་པའོ། །སྒྲ་བཤད་ནི། རྫས་མང་པོ་འཛིན་ཆགས་མེད་པར་གཏོང་བས་ན་གཏོར་མ་ཞེས་བྱ། ངེས་ཚིག་གིས་བཤད་ན། རྫས་མང་པོ་ལའང་འཛིན་ཆགས་མེད་པར་གཏོང་པས་ན་གཏོར་མ་ཞེས་བྱ་སྟེ། སློབ་དཔོན་མི་བསྐྱོད་པའི་འགྲེལ་བ་ལས། རྫས་མང་པོ་བསྟབ་པ་ལ་མི་འཛིན་པས་གཏོར་མ་སྟེ། མི་འཛིན་གཏོར་བས་གཏོར་མའོ། །ཞེས་དང༌། སྐལ་བཟང་རྡོ་རྗེའི་ལམ་རིམ་ལས། མ་ཆགས་པར་གཏོར་བས་ན་གཏོར་མའོ། །ཞེས་གསུངས་སོ། ཞེས་གསུངས་པའི་ཕྱིར། གཏོར་མ་ལ་ཐབས་ཤེས་གཉིས་ཀ་ཚང་སྟེ། གཏོར་མ་ནི། ཟང་ཟིང་དང་མི་འཇིགས་པ་དང་ཆོས་དང་བྱམས་པའི་སྦྱིན་པ་བཞི་ཚང་བར་ཕར་ཕྱིན་དྲུག་ལྡན་དུ་སྤྱོད་པས་ན་ཐབས་ཤེས་གཉིས་ཀ་ཚང་བའི་ཕྱིར་ཏེ། ཇོ་བོའི་བདུད་རྩི་འབྱུང་བའི་ཊཱིཀྐ་ལས། གཏོར་མ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཏུ་ལྡན་པ་ཐབས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཞེས་སོ། །གཏོར་མའི་བྱེད་ལས་ནི། མདོ་ལས། རྒྱལ་པོ་སྦྱིན་བདག་ཉིད་དང་ནི། །གང་ཡང་སེམས་ཅན་ཚོགས་གཞན་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །སྤྱིན་པས་འབྱུང་པོ་དབང་དུ་འགྱུར། །སྦྱིན་པས་དགྲ་རྣམས་མེད་པར་འགྱུར། །ཕ་རོལ་ཉིད་ཡང་སྦྱིན་པ་ཉིད། །དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད། །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཏེ། །སྦྱིན་པས་ངན་འགྲོ་བཟློག་པར་བྱེད། །སྦྱིན་པ་མཐོ་རིས་ཐེམ་སྐས་ཡིན། །སྦྱིན་པ་ཞི་བྱེད་དགེ་བའོ། །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྣམས། །མི་ཟད་ནམ་མཁའ་ལྟ་བུ་གང༌། །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར། །སྦྱིན་པ་དེ་ནི་ཡང་དག་སྤེལ། །ཞེས་གསུངས་པ་འདིས་གཏོར་མའི་བྱེད་ལས་ལེགས་པར་སྟོན་པས་གོ་བར་བྱ།
བཞི་པ་གཏོར་མའི་དབྱེ་བ་ནི། གཏོར་མ་ལ་ཕྱིའི་གཏོར་མ་དང༌། ནང་གི་གཏོར་མ་དང༌། གསང་པའི་གཏོར་མ་དང༌། བླ་ན་མེད་པའི་གཏོར་མ་དང་བཞིར་ཡོད་དེ། ཕྱག་རྡོར་གོས་སྔོན་ཅན་གྱི་གཏོར་ཆོག་ལས། གསང་བ་བླ་མེད་མཆོག་ཏུ་འདོད། །ཕྱི་ནང་ཐུན་མོང་ཤེས་པར་བྱ། །ཞེས་སོ། །
ལྔ་པ་དབྱེ་བ་སོ་སོའི་ངོས་འཛིན་ལས། ཕྱིའི་གཏོར་མ་ནི་ཕྱིའི་རྩ་བ་ལྔ། འབྲུ་ལྔ། སྨན་ལྔ། ཆན་ཐུག་ཁུར་བ་སོགས་ཅི་རིགས་ལས་གྲུབ་པའི་གཏོར་མ་ཡིན་ཏེ། གོས་སྔོན་གཏོར་ཆོག་ལས། རྩ་བ་ལྔ་དང༌ཡན་ལག་ལྔ། །འབྲུ་དང་ཤིང་ཏོག་སྨན་རྣམས་དང༌། །ཆན་ཐུག་ཁུར་བ་ལ་སོགས་པ། །ཞེས་པ་ནས། དེ་དག་ཐམས་ཅད་ཕྱིའི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདི་ལ་ལས་ཐམས་ཅད་ཡོད་དེ། ངག་དབང་གྲགས་པའི་གཏོར་བཤད་ལས། དཀྱིལ་འཁོར་དང་ནི་སྦྱིན་སྲེག་དང༌། །གཞན་ཡང་ལྷ་རྣམས་མཉམ་པར་བསྐང༌། །ནས། རྟག་ཏུ་གཏོར་མའི་ལས་རྣམས་བྱ། །ཞེས་སོ། །ནང་གི་སྙིང་ཀའི་ལྷ་ལ་འབུལ་རྒྱུའི་ཟས་སམ་རྫས་དེ་ནང་གི་གཏོར་མ་ཡིན་ཏེ། གོས་སྔོན་གྱི་གཏོར་ཆོག་ལས། ནང་གི་སྙིང་ཀའི་ལྷ་རྣམས་ལ། །གཏོར་མ་ཟས་རྣམས་ཡིན་པས་ན། །བདུད་རྩིར་བྱིན་གྱིས་བརླབས་ནས་ནི། །ལྷ་ལ་ཏིང་ངེ་འཛིན་གྱིས་དབུལ། །ཞེས་སོ། །འདི་ལ་ལས་བཞི་ཡོད་པར་བཤད། གསང་བའི་གཏོར་མ་ནི་ལྟེ་བའི་ངེས་དོན་གྱི་མཁའ་འགྲོ་མ་དང་སྙིང་ཀའི་ངེས་དོན་གྱི་དཔའ་བོ་ཚིམ་བྱེད་ཀྱི་བྱང་སེམས་དཀར་དམར་གཉིས་གསང་བའི་གཏོར་མ་ཡིན་ཏེ། གོས་སྔོན་གཏོར་ཆོག་ལས། གསང་བའི་གཏོར་མའི་སྦྱོར་ཀ་ནི། །ལྟེ་བ་པདྨ་གཏོར་མའི་སྣོད། །དེ་སྙིང་ཟླ་བའི་སྟེང་དུ་ནི། །བྱང་ཆུབ་སེམས་ནི་ཀུནྡ་ལ། །བདུད་རྩི་ལ་སོགས་ཡོན་ཏན་སོགས། །གཏོར་མ་རྗེས་སུ་བསྟན་པ་ཡིན། །ཞེས་སོ། །
བཞི་པ་བླ་ན་མེད་པའི་གཏོར་མ་ཡང་ཡོད་དེ། ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་དེ་དེ་ཡིན་པའི་ཕྱིར། གཏོར་ཆོག་ལས། གསང་བའི་གཏོར་མ་སྦྱོར་ཀ་ནི། །ལྷན་ཅིག་སྐྱེས་པའི་དགའ་བའམ། །ཐམས་ཅད་རྫོགས་པའི་མན་ངག་ཚང༌། །བླ་མེད་མན་ངག་སྦྱོར་ཀ་ཡི། །གཏོར་མའི་མན་ངག་སྦྱོར་ཀ་རྣམས། །ཞེས་གསུངས་པའི་ཕྱིར།
དྲུག་པ་ཆོ་གའི་ཁྱད་པར་ལ་རྟེན་གྱི་གང་ཟག་གི་ཁྱད་པར་དང༌། མཁས་པ་སོ་སོའི་ཆུ་གཏོར་གྱི་ཆོ་ག་འགོད་པ་གཉིས། དང་པོ་ནི། སྔགས་ཀྱི་གང་ཟག་ལ་ལྔ་ཡོད་དེ། བསྒོམ་པས་མཆོག་འགྲུབ་པ་གཅིག་དང༌། ཏིང་ངེ་འཛིན་མ་ཐོབ་པས་ཚོགས་འཁོར་གྱིས་དངོས་གྲུབ་བསྒྲུབ་པ་དང༌། དེ་མ་བྱུང་ན་སྦྱིན་སྲེག་གིས་བསྒྲུབ་པ་དང༌། དེ་མ་བྱུང་ན་བཟླས་བརྗོད་ཀྱིས་བསྒྲུབ་པ་དང༌། དེ་མ་བྱུང་ན་གཏོར་མས་བསྒྲུབ་པའི་གང་ཟག་ལྔ་ཡོད་པའི་ཕྱིར།
དང་པོ་ནི། གྲུབ་ཆེན་གྱིས། བསྒོམ་པའི་སྟོབས་ཀྱིས་ཉོན་མོངས་འཇོམས། །བསྒོམ་པ་ལས་བྱུང་དངོས་གྲུབ་ཀྱི། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ནི། གྲུབ་ཆེན་གྱིས། ཏིང་འཛིན་གྲུབ་པར་མ་གྱུར་བས། །ཚོགས་འཁོར་ཚོགས་མཆོད་དངོས་གྲུབ་བོ། །ཞེས་སོ། གསུམ་པ་ནི། གྲུབ་ཆེན་གྱིས། དེ་མ་གྲུབ་ན་སྦྱིན་སྲེག་གིས། །དངོས་གྲུབ་ཐོབ་པར་གསུངས་པ་ཡིན། །ཞེས་སོ། །བཞི་པ་ནི། གྲུབ་ཆེན་གྱིས། དེ་མ་བྱུང་ན་བཟླས་བརྗོད་དོ། །ཞེས་སོ། །ལྔ་པ་ནི། གྲུབ་ཆེན་གྱིས། དེ་ནི་མ་བྱུང་གཏོར་མ་བྱས། །ཞེས་གསུངས་པའི་གནད་འདི་སྒྲུབ་པ་བོ་རྣམས་ལ་ཤིན་ཏུ་གལ་ཆེ་བས་གཅེས་པར་ཟུངས་ཤིག།།རྡོ་རྗེ་འཆང་གི་ཞལ་གདམས་སྙན་བརྒྱུད་ཡི་གེར་བྱས་པ་ཡིན་ཏེ། གྲུབ་ཆེན་གྱིས། སྟོན་པ་ཕྱག་ན་རྡོ་རྗེ་ཡིས། །སེམས་དཔའ་ཕྱག་ན་རྡོ་རྗེ་ལ། །རྣ་བར་བརྒྱུད་པའི་གདམས་ངག་དེས། །ཞེས་སོ། །བརྒྱུད་ཚུལ། རྡོ་རྗེ་འཆང་གིས་ཕྱག་རྡོར་ལ། དེས་ཡེ་ཤེས་མཁའ་འགྲོ་མ་ལ། དེས་ནི་རོ་ལངས་མ་ལ། དེས་གནོད་སྦྱིན་ཕྱག་ན་རྡོ་རྗེ་ལ། དེས་སློབ་དཔོན་ཕྱག་ན་རྡོ་རྗེ་ལ་བརྒྱུད་པ་སོགས་ཤེས་ཏེ། གྲུབ་ཆེན་གྱིས། སྟོན་པ་ཕྱག་ན་རྡོ་རྗེ་ཡིས། །སེམས་དཔའ་ཕྱག་ན་རྡོ་རྗེ་ལ། །རྣ་བར་བརྒྱུད་པའི་གདམས་ངག་དེས། །རྡོ་རྗེ་མཁའ་འགྲོ་མ་ལ་བསྟན། །དེས་ནི་རོ་ལངས་མ་ལ་བསྟན། །གནོད་སྦྱིན་ཕྱག་ན་རྡོ་རྗེ་དང༌། །སློབ་དཔོན་ཕྱག་ན་རྡོ་རྗེ་ཡི། །བརྒྱུད་པའི་གདམས་ངག་རིམ་པ་རྣམས། །ནན་ཏན་གྱིས་ནི་བཙལ་བར་བྱ། །ཞེས་སོ། །དེའི་རྒྱུ་མཚན་ཡང་ཕྱག་ན་རྡོ་རྗེ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་གསང་སྔགས་རིག་སྔགས་ཀྱི་བདག་པོར་དབང་བསྐུར། ལག་ཏུ་རྡོ་རྗེ་གཏད། རིན་པོ་ཆེའི་དབུ་རྒྱན་བསྐོན་ཏེ་མངའ་གསོལ་མཛད་ནས་གསང་སྔགས་ཀྱི་འཁོར་ལོ་མཐའ་དག་ཁྱོད་ཀྱི་བསྡུས་ལ་འཁོར་ལོ་བསྐོར། རྩོད་དུས་ཁྱོད་ཀྱི་གསང་སྔགས་རྒྱས་ཤིང་འགྲུབ་པ་མང་ཞེས་སྟོན་པ་སངས་རྒྱས་ཀྱིས་ལུང་བསྟན་པའི་ཕྱིར། གྲུབ་ཆེན་གྱིས། དཔལ་ལྡན་རྡོ་རྗེ་མཐུ་སྟོབས་ཅན། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །རིག་སྔགས་གསང་སྔགས་བདག་པོ་རུ། །དབང་བསྐུར་མངའ་གསོལ་མཛད་ནས་ནི། །གསང་སྔགས་འཁོར་ལོ་མཐའ་དག་ནི། །ཁྱོད་ཀྱིས་བསྡུས་ལ་ཁྱོད་ཀྱིས་བསྐོར། །བདེ་གཤེགས་རྣམས་ཀྱིས་བཀའ་ཡང་སྒོམ། །འཁོར་ལོ་རྒྱས་པར་བསྐོར་ནས་ཀྱང༌། །དེ་འོག་རང་གི་འཁོར་ལོ་ནི། །རྩོད་པ་རྒྱས་པའི་དུས་དག་ཏུ། །བསྐོར་ན་ལས་རྣམས་འགྲུབ་པ་དང༌། །དེ་ལ་གུས་པ་མངའ་གྱུར་བས། །དེ་ཡི་དུས་སུ་བསྟན་པར་བྱ། །རྒྱལ་བ་ཉིད་ཀྱིས་དེ་སྐད་གསུངས། །ཞེས་སོ། །དེས་ན་གསང་སྔགས་ཉམས་སུ་ལེན་པའི་དམ་ཚིག་མ་ཉམས་ན་ཐམས་ཅད་ཀྱི་རྩེ་མོར་སངས་རྒྱ། ཉམས་ན་རྡོ་རྗེ་དམྱལ་བར་སྐྱེ་བའི་ཕྱིར་ཏེ། བི་བྷུ་ཏིས། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་དང༌། གྲུབ་ཆེན་ཀྱིས། གསང་སྔགས་ལ་ལ་བཞེད་ཀྱི་ནི། །དཔེར་ན་སྦྲུལ་གྱི་བཤུ་ནུར་ཞུགས། །རྩེ་བར་འགྲོ་བ་ཅོ་ཏོར་འགྲོ། །དེ་བཞིན་རྣམ་པ་སྔགས་ལ་ཡང༌། །རིག་འཛིན་ས་དང་རྡོ་རྗེ་དམྱལ། །ཞེས་སོ། །སྔགས་ཀྱི་དངོས་གྲུབ་ཐོབ་ཚུལ་བདུན་ཡོད་དེ། ཚེ་འདིར་སངས་མ་རྒྱས་ཀྱང་ལ་ལ་བར་དོ་ན་འགྲུབ། ལ་ལ་སྐྱེ་བ་ཕྱི་མ་ལ། ལ་ལ་སྐྱེ་བ་གཉིས་པ་ལ། ལ་ལ་གསུམ་པ་ལ། ལ་ལ་བཞི་པ་ལ། ལ་ལ་ལྔ་པ་ལ། ལ་ལ་སྐྱེ་བ་བདུན་པ་ལ་དམ་ཚིག་དང་ལྡན་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཕྱིར། གྲུབ་ཆེན་གྱིས། ལ་ལ་རང་གི་གཞུང་གིས་ནི། །བར་མ་དོ་ནས་འགྲོ་བའོ། །ལ་ལ་སྐྱེ་བ་ཕྱི་མ་ལ། །ལ་ལ་དག་གིས་བཞེད་ཀྱིས་ནི། །གཉིས་དང་གསུམ་པ་དག་ལ་དང༌། །བཞིའམ་ལྔ་བ་དག་ལའང་ཡོད། །ལ་ལ་སྐྱེ་བ་བདུན་པ་ལ། །ཕྱག་རྒྱ་དངོས་གྲུབ་ཐོབ་པར་འདོད། །ཅེས་སོ། །རིག་འཛིན་གྱི་སར་སོང་བའང་ཡོད་དེ། གྲུབ་ཆེན་གྱིས། དུར་ཁྲོད་རིན་ཆེན་ས་དང་ནི། །བར་སྣང་ལྷ་གནས་ལ་བརྟེན་པ། །མཁའ་སྤྱོད་འོག་མིན་སྟུག་པོ་ཡི། །གནས་ནི་དེ་གསུམ་ཡིན་པར་གསུངས། །ཞེས་གསུངས་སོ། །རྟེན་གྱི་གང་ཟག་ནི་དགེ་སློང་དགེ་ཚུལ་ཕ་མ་དགེ་བསྙེན་ཕ་མ་སོགས་སྡོམ་ལྡན་རབ་ཡིན། དེ་མིན་ཀྱང་དཀོན་མཆོག་ལ་དང་པའི་དད་པ་དང་མངོན་པར་འདོད་པའི་དད་པ་དང༌། ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང༌། གཙང་སྦྲ་དང་ལྡན་པའི་བསམ་པ་བསོད་ནམས་དང་ཐར་པ་འདོད་པ་གང་རུང་དགོས་ཏེ། དང་པོ་ནི། གཟུངས་ལས། དགའ་བོ་གལ་ཏེ་དགེ་སློང་ཕ་དང་དགེ་སློང་མ་དང༌། དགེ་བསྙེན་ཕ་དང༌། དགེ་བསྙེན་མ་གང་ཞིག་རྟག་ཏུ་གཟུངས་འདིས་ཁ་ཟས་ལ་བསྔགས་ཏེ་ཡི་དྭགས་ལ་སྦྱིན་པ་བྱིན་ན་བསོད་ནམས་ཚད་མེད་པ་སྙེད་ཡོངས་སུ་རྫོགས་པར་འགྱུར་ཞིང༌། ཞེས་གསུངས་སོ། །
གཉིས་པ་ནི། ཛ་ཡ་ས་ནའི་ཆུ་གཏོར་ལས། དད་པ་ཅན་གང་ཞིག་གིས་ལས་སུ་བྱ་བ་ལ་ཕན་ཡོན་ཆེ་ལ་སླ་བ་ཆུ་གཏོར་ཡིན་པས་འདི་ལ་བརྩོན་བར་བྱའོ། །ཞེས་དང༌། འཇམ་དཔལ་ཆུ་གཏོར་རྩ་བ་ལས། འགྲོ་བ་མ་ལུས་དོན་དུ་ནི། །གཏོར་མ་ཆེན་པོའི་རིམ་པ་འདི། །ཞེས་དང༌། གང་ཞིག་སྙིང་རྗེའི་བརླན་སེམས་ཀྱིས། །བདག་དང་གཞན་གྱི་དོན་སྒྲུབ་འདོད། །ཅེས་བྱ་བ་ལ་སོགས་པ་ནི་འཇུག་པའི་གང་ཟག་གི་མཚན་ཉིད་དེ། ཞེས་དང༌། བདག་དང་གཞན་གྱི་སེམས་ཅན་གྱི་དོན་བྱར་འདོད་པས་བླ་མ་དམ་པ་བསྟེན་པར་བྱ་ཞིང་རྒྱུད་ཀྱི་དོན་གསལ་བར་བྱ་བ་ཡིན་པས་དང་པོར་མཁས་ལ་བསླབ་པར་བྱ། །ཞེས་དང༌། བདུད་རྩི་འབྱུང་བའི་ཊཱིཀྐར་ཇོ་བོའི་ཞལ་ནས། དེ་ལ་མཆོད་སྦྱིན་གྱི་གཏོར་མ་ནར་མ་བྱེད་འདོད་པས་ཞེས་བྱ་བ་ནི་རྣལ་འབྱོར་བ་ཁྱད་པར་ཅན་བསྟན་ཏེ། ཞེས་དང༌། ཤཱཀྱ་མི་ཏྲའི་འགྲེལ་བ་ལས། དེའི་འོག་ཏུ་རྣལ་འབྱོར་བ་བརྗོད་པས་དེ་བཤད་པར་བྱ་སྟེ། དེའི་ཕྱིར། དད་པ་ཅན་གང་ཞིག་གིས་ལས་སུ་བྱ་བ་ལ་ཞེས་བྱ་བ་སྨོས་ཏེ། དེ་ཡང་རྣལ་འབྱོར་བ་ནི་འདོད་པས་འབྲས་བུ་ཡོན་ཏན་དང་བཅས་པ་སྟེ། ཞེས་གསུངས་པའི་ཕྱིར། དེ་ལ་འདི་ཞེས་བྱ་བས་ལམ་དང་དེའི་འབྲས་བུ་འབྱུང་ཚུལ་དང་བདེན་བཞིའི་འདོར་ལེན་དང༌། དཀོན་མཆོག་ལ་ཡིད་ཆེས་ཀྱི་དད་པ་ཐམས་ཅད་བསྟན་ཏེ། ཤཱཀྱ་མི་ཏྲའི་འགྲེལ་བ་ལས། འདིའི་སྒྲ་འཇུག་པའི་རྒྱུ་མཚན་ནི་བསྟན་བཅོས་ལས་ལམ་དང་ལས་དང་འབྲས་བུ་དང༌། བདེན་པ་དང་དཀོན་མཆོག་ལ་ཡིད་ཆེས་པ་དངོས་དང་ཞེས་གསུངས་སོ། །དང་བ་སྐྱེ་ཚུལ་ཡང་སྔར་བཤད་པ་ལྟར་ཡིན་ཏེ། ཤཱཀྱའི་འགྲེལ་བ་ལས། དེ་ཡང་ལས་དང་འབྲས་བུ་དང་བདེན་པ་གཉིས་ལ་ཡང་ཡིད་ཆེས་པའི་དད་པ་སྐྱེ་ལ། བདེན་པ་དཀོན་མཆོག་ལ་ནི་འདོད་པ་དང་སེམས་དང་བའི་དད་པ་སྐྱེས་ཏེ། ཞེས་གསུངས་སོ། །
གཉིས་པ་པཎ་གྲུབ་རྣམས་ཀྱི་ལུགས་ལ། སྣོད་ལ་རུང་བ་དང་མི་རུང་བ་སྤངས་པ་གཉིས་ལས། གསེར་སོགས་རིན་པོ་ཆེའི་སྣོད་བཟོ་དབྱིབས་ལེགས་པ་ཕྲ་རྒྱན་གྱིས་སྤྲས་པ་སོགས་སམ། གས་ཆག་བུག་རྡོལ་མེད་པའི་སྣོད་གསེར་དང༌། དངུལ་དང༌། ཟངས་དང༌། ར་གན་དང༌། འཁར་བ་དང༌། དུང་དང༌། ཤིང་དང་རྫ་རྣམས་ཀྱི་སྣོད་བརྒྱད་པོ་གང་རུང་བཟོ་ལེགས་པ་ལ་ཡང་རུང་སྟེ། ཡེ་ཤེས་རྡོ་རྗེའི་གཏོར་ཆོག་དཔག་བསམ་སྡོང་པོ་ལས། གཏོར་མའི་ལས་བྱེད་པར་འདོད་པས། རིན་པོ་ཆེའི་སྣོད་རྒྱ་ཆེ་ལ་གཏིང་ཟབ་པ་དག་ཅིང་དྲི་མ་མེད་པ་ཆག་པ་དང་གས་པ་ཞོམ་པ་ལ་སོགས་པ་མེད་པ། ཞེས་གསུངས་པ་དང༌། གཏོར་ཆོག་ཀླག་པའི་དོན་གྲུབ་མཆན་ལས་གསེར་དངུལ་ཟངས་ར་གན་འཁར་བ་དུང་ཤིང༌རྫ་རྣམས་ཀྱི་སྣོད། ཅེས་དང༌། རྩ་བར་མཐུན་པའི་བྷཎྜ་བརྒྱད། །ཅེས་གསུངས་པ་ལྟར་ལེགས་ཏེ། སློབ་དཔོན་མི་བསྐྱོད་པའི་འགྲེལ་བ་ལས། སྣོད་རིན་པོ་ཆེ་ལས་བྱས་པ་བཟོ་ལེགས་པའི་ཞེས་དང༌། ཇོ་བོ་ལྷ་ཅིག་གི་བདུད་རྩི་འབྱུང་བའི་འགྲེལ་བ་ལས། དེ་ནས་ཡང་དེའི་རྒྱུ་མཚན་ཉེ་བར་བསྟན་པའི་ཕྱིར། ཆུ་གཏོར་གྱི་སྣོད་ཆེ་ཆུང་ཅི་འབྱོར་པའི་ནང་དུ། ཞེས་དང༌། སྣོད་ཆེ་ཆུང་ཞེས་བྱ་བ་ནི་ཡངས་པའམ། ཆུང་བ་དེ་ལས་ཟློག་པ་སྟེ། རིན་པོ་ཆེའི་སྣོད་དོ། །ཅི་འབྱོར་པ་ཞེས་བྱ་བ་ནི་ངེས་པར་བཟུང་པ་ཡོད་པ་མ་ཡིན་ཏེ། ཚད་མ་གསུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། སྐབས་འདིར་རིན་པོ་ཆེའི་སྣོད་ལ་གསུམ་ཡོད་དེ། རིན་པོ་ཆེ་ལས་གྲུབ་པའམ། དབྱིབས་སོགས་རིན་པོ་ཆེ་ལྟ་བུར་བྱས་པའམ། རིན་པོ་ཆེ་ཕྲ་རྒྱན་བྱས་པའི་སྣོད་གསུམ་གསུངས་པའི་ཕྱིར། རྒྱལ་སྡེའི་གཏོར་ཆོག་ལས། དེ་ལ་རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་ཞེས་དང༌། དེའི་འགྲེལ་བ་ཤཱཀྱ་མི་ཏྲས་མཛད་པ་ལས། དེའི་འོག་ཏུ་དེ་ཉིད་ཉམས་སུ་བླངས་པའི་ཐབས་བསྟན་ནས་དེ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་ལ་རིན་པོ་ཆེའི་སྣོད་མཛེས་པར་ཞེས་བྱ་བ་སྨོས་ཏེ། ཞེས་པ་ནས། རིན་པོ་ཆེའི་སྣོད་ནི་རིན་པོ་ཆེའི་སྣོད་དེ། རིན་པོ་ཆེ་ལས་བྱས་པའམ། རིན་པོ་ཆེ་ལྟ་བུར་བྱས་པའམ། རིན་པོ་ཆེས་སྤྲས་པའོ། །ཞེས་གསུངས་པའི་ཕྱིར། རིན་པོ་ཆེ་ལས་བྱས་པ་སོགས་བཞིའི་དོན་ཡོད་དེ། རྒྱུ་གསེར་སོགས་རིན་པོ་ཆེ་ལས་གྲུབ་པ་ནི་རིན་པོ་ཆེ་ལས་བྱས་པའི་དོན་དང༌། རིན་པོ་ཆེའི་དབྱིབས་སུ་བྱས་པ་ནི་རིན་པོ་ཆེ་འདྲ་བར་བྱས་པའི་དོན་དང༌། རིན་པོ་ཆེས་བརྒྱན་པ་ནི་རིན་པོ་ཆེས་སྤྲས་པའི་དོན་དང༌། དེ་དག་གང་ཡིན་པ་ཡིད་དུ་འོང་བར་བྱས་པ་ནི་རིན་པོ་ཆེའི་སྣོད་མཛེས་པ་ཞེས་པའི་མཛེས་པའི་དོན་ཡིན་པའི་ཕྱིར། ཁྱད་པར་དང་པོ་ཡིན་ཏེ། ཤཱཀྱའི་འགྲེལ་བ་ལས། དེ་ལ་རིན་པོ་ཆེ་ལས་བྱས་པ་ནི་རིན་པོ་ཆེའི་རྒྱུ་ལས་བྱས་པའི་གསེར་ལ་སོགས་པ་བཟོའི་ཁྱད་པར་དུ་མས་མཛེས་པར་བྱས་པའོ། །ཞེས་གསུངས་པའི་ཕྱིར། ཁྱད་པར་གཉིས་པ་ཡང་ཡིན་ཏེ། འགྲེལ་བ་དེ་ཉིད་ལས། རིན་པོ་ཆེ་ལྟ་བུར་བྱས་པ་ནི་རིན་པོ་ཆེའི་དབྱིབས་སུ་བྱས་པ་སྟེ་རིན་པོ་ཆེ་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར། ཁྱད་པར་གསུམ་པ་ཡང་ཡིན་ཏེ། འགྲེལ་བ་དེ་ལས། རིན་པོ་ཆེས་སྤྲས་པ་ནི་རིན་པོ་ཆེས་བརྒྱན་པ་སྟེ་མཛེས་པར་བྱས་པའོ། །ཞེས་གསུངས་པའི་ཕྱིར། ཁྱད་པར་བཞི་པ་མཛེས་པའི་དོན་ཡང་དེ་ལྟར་ཡིན་ཏེ། འགྲེལ་བ་དེ་ལས། མཛེས་པ་ནི་ཡིད་དུ་འོང་བའི་ཁྱད་པར་དང་ལྡན་པའོ། །ཞེས་གསུངས་པའི་ཕྱིར། ཆུ་གཏོར་འདིས་འབྱོར་བ་རབ་འབྲིང་ཐ་གསུམ་ལ་ཅི་རིགས་དང་ཅི་འོས་སུ་བསྟན་ཏེ། རྩ་བར། ཕན་ཡོན་ཆེ་ལ་སླ་བས། ཞེས་དང༌། འགྲེལ་བ་དེ་ལས། ཚུལ་འདིས་འབྱོར་བ་རབ་འབྲིང་ཐ་གསུམ་པ་ཅི་རིགས་སུ་བསྟན་པ་ཡིན་ཏེ། སྔར་སླ་བ་ཞེས་བཤད་པས་དེ་དང་འགལ་བའི་ཉེས་པས་མི་བརྫི་བར་བསྟན་པའོ། །ཞེས་གསུངས་སོ། །
གཉིས་པ་མི་རུང་བ་དོར་བ་ནི། ཀླག་པའི་དོན་གྲུབ་མཆན་ལས། ཆག་གྲུམ་ཅན། ཤིན་ཏུ་ཆུང་བ། བསེ་ལྕགས་ཕོར་བ་བཞི་མི་རུང་བར་བཤད་དེ། དེ་ཉིད་ལས། དེ་ཡང་འཚེ་བའི་སྣོད་བཞི་པོ་བྱི་དོར་ཞེས་དང༌། སྤྲུལ་སྐུ་ངག་དབང་དགེ་ལེགས་རྒྱལ་མཚན་གྱི་གསུང་ལས། སྣོད་མི་རུང་བ་ནི། རུས་པ་དང༌། ལྕགས་ལས་བྱས་པ་དང༌། དུག་གཟེར་ཅན། ཁ་ཆག་ཞབས་རྡོལ་ཅན། ཆུང་བ། མ་དག་པ་རྣམས་མི་རུང་སྟེ། རུས་པ་དང་པགས་པ་ལས་བྱས་པ་ནི་ཡི་དྭགས་སྐྲག་ཅིང༌། གཙང་སྦྲ་ཅན་མི་འཁོར། ལྕགས་ནི་མཚོན་ཆའི་རྒྱུ་ཡིན་པས་གོ་མཚོན་སོགས་སུ་མཐོང་ནས་སྐྲག་པར་འགྱུར། ཁ་ཆག་ཞབས་རྡོལ་ནི་མི་ཤིས་པའི་སྣོད་ཡིན་པས་འགའ་ཞིག་གིས་བྱིན་རླབས་མི་ཆགས་ཞེས་སྨྲ་ཞེས་གསུངས་པ་ནི། པཎ་ཆེན་གྱི་གསུང་གྲུབ་ཆེན་སྙིང་སྟོབས་རྒྱ་མཚོ་ལས་ཐོས་པའི་གསུང་དག་རེད་ལ། འཇིམ་ལོའི་གསུང་ལས། ཀ་པཱ་ལི་ལ་ཡི་དྭགས་ཕྲ་མོ་འཇིགས་པ་དང༌། ཏིང་ནི་ལྷ་མ་ཡིན་གྱིས་ཐོད་པར་མཐོང་བའོ། །ལྕགས་ནི་དྲག་པོའི་རྫས་མཚོན་ཆའི་རྒྱུ་ཡིན་པས་ཡི་དྭགས་ཐམས་ཅད་འཇིགས་པའོ། །འཕགས་པའི་དེ་ཉིད་ལས། ཏིང་ལ་ལྷ་མ་ཡིན་འཇིགས་གསུངས་སྣང་ལ། ལྕེ་སྒོམ་སོགས་ཀྱང་དེ་ལྟར་འདོད་པ་མཐོང༌། རྒྱུད་དང་རྒྱ་གཞུང་ནས་གསལ་ཁ་དེ་འདྲ་མ་རྙེད་ཀྱང་ཞི་དྲག་ལས་སྦྱོར་གྱིས་དཔགས་ན་ཅི་རིགས་སུ་འགྲུབ་ཅིང༌། འགྲོ་བའི་མཐོང་ཚུལ་ཡང་ཕལ་ཆེར་འདོད་ཁམས་ན་རང་གིས་པར་ངེས་ཤིང་རིགས་མཐུན་པའི་བག་ཆགས་སད་ཚུལ་གཅིག་ན་སྣང་བ་ཡིན་ཏེ། རྣམ་འགྲེལ་ལས། རིགས་མཐུན་བག་ཆགས་སད་པ་ཅན། །ཞེས་དང༌། ཀུན་བཏུས་ལས་ཀྱང༌། གང་དུ་འབྱུང་ཞིང་སྐྱེ་བར་གྱུར་པ་དེའི་ས་བ་ཉིད་ཀྱི་མིག་གིས་དེའི་ས་བའི་གཟུགས་རྣམས་མཐོང་ངམ་ཞེ་ན་ཞེས་དྲིས་ལན་དུ། ཀུན་བཏུས་ལས། དེའི་ས་བའི་མིག་གིས། དེའི་ས་པའི་གཟུགས་རྣམས་མཐོང་བའང་ཡོད། གཞན་གྱི་ས་བའི་མིག་གིས་མཐོང་བའང་ཡོད་དེ། ཞེས་གསུངས་པའི་ཕྱིར། དེའི་མཚན་གཞིར་ཡང་འདོད་པའི་མིག་གིས་འདོད་པའི་གཟུགས་ཀྱི་སྐྱེ་མཆེད་མཐོང་བ་ཙམ་ལས་མ་གསུངས་པའི་ཕྱིར། མཛོད་ལས། མིག་གིས་གོང་མའི་གཟུགས་མ་ཡིན། །ཞེས་དང༌། ཀུན་བཏུས་ལས། འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་འདོད་པ་ན་སྤྱོད་པའི་མིག་གིས་འདོད་པ་ན་སྤྱོད་པའི་གཟུགས་རྣམས་མཐོང་བ་དང་གཟུགས་ན་སྤྱོད་པའི་གོང་མ་བས། ས་འོག་མ་རྣམས་མཐོང་ངོ༌། །ཞེས་གསུངས་པའི་ཕྱིར། ཀུན་བཏུས་ཀྱི་འགྲེལ་བ་ལས། རྣམ་པ་བཞིས་དམིགས་པ་ཡོངས་སུ་མ་གྲུབ་པར་རིགས་པར་བྱས་ཏེ། རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་དང༌། དམིགས་པ་མེད་པའི་རྣམ་པར་ཤེས་པ་དམིགས་པ་དང༌། སྒྲིམ་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང༌། ཤེས་པ་གསུམ་གྱི་རྗེས་སུ་མཐུན་པར་འགྱུར་བས་ཞེས་གསུངས་པའི་ཤེས་པ་བཞི་པོ་ལེགས་པར་ཤེས་ནས་དོན་དེ་དག་གོ་བར་བྱེད་དགོས་པའི་ཕྱིར། དམིགས་བྱ་གཅིག་ལ་འགྲོ་བ་རིགས་སོ་སོའི་རྣམ་ཤེས་མི་མཐུན་པ་དུ་མ་འབྱུང་བ་ནི་ཤེས་པ་བཞིའི་ནང་གི་རྣམ་ཤེས་མི་མཐུན་པའི་དོན་ཡིན་པའི་ཕྱིར་ཏེ། རྣམ་ཤེས་མི་མཐུན་པ་བཞིའི་དཔེར་བརྗོད་པ་སྟོན་པར། ཀུན་བཏུས་འགྲེལ་བ་ལས། དེ་ལ་རྣམ་པ་བཞིའི་དཔེར་བརྗོད་པ་ནི། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ཞེས་པ་ནས། དེ་མེད་པས་ན་རྣམ་རིག་མེད། །ཅེས་གསུངས་པའི་ཕྱིར། དེ་བཞིའི་དང་པོ་ནི། དངོས་པོ་གཅིག་ལ་འགྲོ་བ་རིགས་སོ་སོའི་རྣམ་ཤེས་མི་མཐུན་པ་དུ་མ་འབྱུང་བ་དེ་ཡིན་ཏེ། དེ་ལྟར་དུ་ཐེག་བསྡུས་རྩ་འགྲེལ་དང་ཀུན་བཏུས་རྩ་འགྲེལ་སོགས་དུ་མས་བཤད་པའི་ཕྱིར། ཀུན་བཏུས་འགྲེལ་བ་ལས། དེ་ལ་རྣམ་པ་བཞིའི་དཔེར་བརྗོད་པ་ནི། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་ཐེག་བསྡུས་ཀྱི་ལུང་དྲངས་ལ། དེའི་དོན་ཐེག་བསྡུས་ཀྱི་བཤད་སྦྱར་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ་ལས། ཆུ་ཀླུང་གི་དངོས་པོ་ལ་རང་རང་གི་ལས་ཀྱི་རྣམ་སྨིན་གྱི་དབང་གིས་ཡི་དྭགས་ཀྱིས་རྣག་ལ་སོགས་པས་གང་བར་མཐོང་པ་དང༌། དེ་ཉིད་ལ་དུད་འགྲོ་ལ་སོགས་པས་གནས་ཀྱི་བློས་གནས་པར་བྱེད་པ་དང༌། མི་རྣམས་ཀྱིས་མངར་བ་དང་དྭངས་པ་དང་བསིལ་བའི་ཆུར་རྟོགས་ཤིང་ཁྲུས་བྱེད་དོ། །དེར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པར་ཞུགས་པའི་ལྷ་རྣམས་ཀྱིས་ནི་ནམ་མཁར་མཐོང་སྟེ། གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
གཉིས་པ་དམིགས་པ་མེད་པའི་རྣམ་པར་ཤེས་པ་ཡོད་དེ། སྔོན་ནས་འདས་ཤིང་ཞིག་པའི་དངོས་པོ་དྲན་པ་དང༌། རྨི་ལམ་གྱི་ཤེས་པ་དང་གཟུགས་བརྙན་སྣང་བའི་དབང་ཤེས་རྣམས་ཀྱིས་དེ་མ་ཡིན་ལ་དེར་སྣང་དུ་དམིགས་པ་ལྟར་མེད་པའི་ཕྱིར། ཐེག་བསྡུས་ལས། འདས་སོགས་དེ་བཞིན་རྨི་ལམ་དང༌། །གཟུགས་བརྙན་རྣམ་པ་གཉིས་པོ་ཡང༌། །མེད་ཕྱིར་དམིགས་པ་མེད་པའི་ཕྱིར། །ཞེས་དང༌། ཀུན་བཏུས་འགྲེལ་བ་ལས་ཀྱང༌། དམིགས་པ་མེད་པའི་རྣམ་པར་ཤེས་པ་མེད་པ་དམིགས་པ་དང༌། ཞེས་གསུངས་པའི་ཕྱིར།
གསུམ་པ་སྒྲིམས་མི་དགོས་པར་གྲོལ་བར་འགྱུར་བ་ནི། རིགས་དྲུག་གིས་མ་བསྒོམས་ཀྱང་གྲོལ་བ་ཐོབ་ཟིན་པར་ཐལ། དེ་དག་ལ་སྣང་བ་རྣམས་ཇི་ལྟར་སྣང་བ་ལྟར་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། འཁོར་འདས་གཉིས་ཡོད་པའི་ཕྱིར་ཏེ། ཐེག་བསྡུས་ལས། དོན་བཞིན་དོན་དུ་འགྲུབ་གྱུར་ན། །མི་རྟོག་ཡེ་ཤེས་ཡོད་མི་འགྱུར། །ཞེས་སོགས་དང༌། ཀུན་བཏུས་འགྲེལ་བ་ལས་ཀྱང༌། སྒྲིམས་པ་མེད་པར་ཡང་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང༌། ཞེས་སོ། །
བཞི་པ་ཤེས་པ་གསུམ་ཡོད་དེ། ཇི་ལྟར་མོས་པ་ལྟར་སྟོན་ཐུབ་པའི་དབང་གི་ཤེས་པ་དང༌། འདས་སོགས་ཆོས་ཀུན་གྱི་གནས་ལུགས་དཔྱོད་པའི་ལྷག་མཐོང་གི་ཤེས་པ་དང༌། མི་རྟོག་པའི་ཡེ་ཤེས་དང་གསུམ་ཡོད་པའི་ཕྱིར། ཀུན་བཏུས་འགྲེལ་བ་ལས། ཤེས་པ་རྣམ་པ་གསུམ་ནི། དབང་གི་ཤེས་པ་དང༌། ལྷག་མཐོང་གི་ཤེས་པ་དང༌། རྣམ་པར་མི་རྟོག་པའི་ཤེས་པའོ། །ཞེས་གསུངས་པའི་ཕྱིར། སྐབས་འདིའི་གཏོར་མ་སོགས་ཀྱང་དབང་གི་ཤེས་པ་དངོས་དང་རྗེས་མཐུན་པ་ཅི་རིགས་ཀྱིས་བྱེད་དགོས་ཏེ། བྱང་སེམས་རྣལ་འབྱོར་བ་སྙོམས་འཇུག་ཐོབ་པས་མོས་པའི་དབང་གིས་ས་དང༌། དཔག་བསམ་ལྗོན་ཤིང་བདུད་རྩི་སོགས་སྣང་བའི་ཕྱིར། འདིར་ཡང་དེ་དང་མཐུན་པར་མོས་སྒོམ་ཡན་ཆད་དགོས་པའི་ཕྱིར་ཏེ། ཐེག་ཆེན་བསྡུས་པ་ལས། བྱང་ཆུབ་སེམས་དཔའ་དབང་ཐོབ་དང༌། །རྣལ་འབྱོར་པ་ལ་འདི་ལྟར་ཡང༌། །མོས་པའི་དབང་གིས་ས་ལ་སོགས། །དངོས་པོ་དེ་ལྟར་དམིགས་པར་འགྱུར། །ཞེས་དང༌། བདུད་རྩི་འབྱུང་བའི་ཊཱིཀྐ་ལས་ཀྱང༌། སྣང་ཞིང་འབྱུང་བར་བསམ་ཞེས་པ་ནི། དེ་དག་གི་དབང་པོའི་སྤྱོད་ཡུལ་དུ་དེ་ལྟར་བསྒོམ་པའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་མཛད་ཚུལ་མང་ཡང༌། འདིར་སྣོད་སྐྱོན་བྲལ་བརྒྱད་པོ་གང་རུང་བྱ་སྟེ། འགྲོ་བཟང་སྙིང་པོའི་ཆུ་གཏོར་གྱི་ཆོ་ག་ལས། ཆུ་གཏོར་བྱེད་པར་འདོད་པས། དང་པོ་གཏོར་མའི་སྣོད་ཅི་འབྱོར་པའི་ནང་དུ་ཞེས་དང༌། ཆུ་གཏོར་རྣམ་བཤད་དུ། ཤཱཀྱ་མི་ཏྲས་སྔར་སླ་བ་ཞེས་བཤད་པའི། ཞེས་པ་ནས། ཁ་ན་མ་ཐོ་བ་མེད་པའི་སྣོད་དེའི་ནང་དུ་ཞེས་གསུངས་པའི་ཕྱིར། སྣོད་ཡང་འབྱོར་ན་གསེར་སོགས་རིན་པོ་ཆེས་བསྒྲུབ་པ་བཀྲ་ལེགས་པ་བཟང་བ་སྟེ། སྣོད་ནི་ཐམས་ཅད་མཁྱེན་པ་བསྒྲུབ་པའི་རྟེན་ཐེག་ཆེན་སེམས་བསྐྱེད་མཚོན་པས་གལ་ཤིན་ཏུ་ཆེ་བའི་ཕྱིར་ཏེ། ཇོ་བོའི་བདུད་རྩི་འབྱུང་བའི་ཊཱིཀྐ་ལས། གཏོར་མའི་སྣོད་ལ་ཞེས་པ་ནས་རིན་པོ་ཆེ་ལ་སོགས་པའི་སྣོད་དེ་དངོས་སུ་ན་བྱང་ཆུབ་ཀྱི་སེམས་སོ། །ཞེས་དང༌། ཡང་དེ་ཉིད་ལས་ཀྱང༌། འདི་སྐད་སྟོན་ཏེ། སྣོད་ནི་རྟེན་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་དེ་ཐབས་ཡིན་ལ་ཞེས་དང༌། ཆུ་གཏོར་འཇམ་དཔལ་རྩ་བ་ལས། རིན་ཆེན་སྣོད་མཛེས་ཆུ་གཙང་དང༌། །ཞེས་དང༌། དེའི་འགྲེལ་བར་མི་བསྐྱོད་པས། སྣོད་རིན་པོ་ཆེ་ལས་བྱས་པ་བཟོ་ལེགས་པའི་ནང་དུ་ཞེས་སོགས་སྔར་རྒྱས་པར་བཤད་ཟིན་ཏེ། རྒྱུ་ཆེ་ཆུང་གིས་ཕན་ཡོན་ཆེ་ཆུང་མདོ་སྔགས་ཕལ་ཆེར་ན་ཤིན་ཏུ་མང་ངོ༌། །སྣོད་ཀྱི་རྫས་ཅུང་ཟད་བཤད་ཟིན་ཏོ། །གཏོར་མ་ནི། སྣོད་དེ་དག་ཆུ་གཙང་མ་སྲོག་ཆགས་མེད་པས་ཁེངས་པར་འགེངས་ཤིང༌། ཡ་ཡོ་མེད་པ་དང་གཏོར་མའི་རྫས་ཀྱང་ཤིན་ཏུ་གཙང་བ་དང༌ཉམས་པས་མ་འབགས་པ་དགོས་ཏེ། མགྲོན་དེ་དག་ཕལ་ཆེར་གཙང་སྦྲ་ལ་དགའ་བ་དང༌། ཕལ་ཆེར་དམིགས་པས་ཚིམ་པ་དང༌། ལ་ལ་བཤམས་པས་ཚིམ་པ་དང༌། འགའ་ཞིག་བསྔོས་པས་ཚིམ་པ་དང༌། ཁ་ཅིག་རེག་པས་ཚིམ་པ་དང༌། གཞན་དག་རྫས་ཀྱི་ཚིམ་པ་དང༌། གཞན་དག་བཤལ་བས་ཚིམ་པ་སོགས་ཡོད་པའི་ཕྱིར། འགྲོ་བཟང་སྙིང་པོའི་གཏོར་ཆོག་ལས། གཏོར་མའི་སྣོད་ཀྱི་ནང་དུ་ཆུ་གཙང་མ་སྲོག་ཆགས་མེད་པས་ཁེགས་པར་འགེངས། དེའི་ནང་དུ་ཕྱེ་དང༌། རིན་པོ་ཆེ་ལྔ་དང༌། སྨན་དང༌། མེ་ཏོག་ལ་སོགས་པ་ཅི་འབྱོར་བཏབ་ལ་ཞེས་དང༌། རྒྱལ་པའི་སྡེའི་ཆུ་གཏོར་ལས་ཀྱང༌། རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་ཆུ་བླུགས་ལ། ཕྱེ་དང༌། མེ་ཏོག་ལ་སོགས་པ་ཅི་འབྱོར་བ་དང༌། གསེར་ལ་སོགས་པའི་རིན་པོ་ཆེ་ལྔ་བརྡར་བ་དང༌། ཁ་ཟས་མ་སྨས་པ་དང༌། མ་སྦགས་པ་སྣ་ཚོགས་དང༌། སྨན་དང་འབྲུ་དང་དྲི་ལ་སོགས་པ་སྦྱར་ན་ལྷག་པར་བཟང་ཞེས་གསུངས་པ་སོགས་མང་ལ། ཕལ་ཆེར་སྔར་བཤད་ཟིན་ཏོ། །རྒྱལ་བའི་སྡེས། སྨན་དང་འབྲུ་དང་དྲི་ལ་སོགས་པ་ལྷག་པར་བཟང་གསུངས་པ་ལྟར་འབྱོར་ན་འདི་དག་སྦྱར་ན་དགོས་པ་ཤིན་ཏུ་ཆེན་པོ་ཕུལ་དུ་ཕྱིན་པ་ཁྱད་འཕགས་ཡོད་དེ། སྨན་ལྔས་ནད་སོགས་མི་འབྱུང་ཞིང་ནད་མེད་པའི་བདེ་བ་སྐྱེ། དྲི་ལྔས་ཚུལ་ཁྲིམས་རྣམ་དག་ཐོབ་ཅིང་ངན་འགྲོར་མི་ལྟུང༌། རིན་པོ་ཆེ་ལྔས་དགོས་འདོད་ཀུན་འབྱུང་ཞིང་མཚོན་འཁྲུགས་སོགས་ཞི་བར་བྱེད། འབྲུ་སྣ་ལྔས་ཡུལ་དེར་ལོངས་སྤྱོད་འཕེལ་ཞིང་མུ་གེ་སོགས་ཞི་བར་བྱེད། སྙིང་པོ་ལྔས་འཁོར་འདས་ཀུན་གྱི་བཅུད་འཕེལ་ཞིང་དགོས་འདོད་རེ་བ་ལྟར་འགྲུབ་པར་བྱེད་པས། ཉེར་ལྔ་པོ་ཐམས་ཅད་དམ་ལྔ་ཚན་ལྔ་ཀའི་རེ་རེ་བྱུང་ནའང་ཕན་ཡོན་ཆེ་བ་རྒྱུད་ཀྱི་དགོངས་པ་ཡིན་པའི་ཕྱིར་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལས། སྨན་ལྔས་གནས་དེར་ནད་ཉུང༌། འབྲུ་ལྔ་རིན་པོ་ཆེ་གསེར་དངུལ་མུ་ཏིག་མུ་མིན་བྱུ་རུ་ལྔས་ཟས་དང་ལོངས་སྤྱོད་འཕེལ་ཞིང་ཞེས་དང༌། ཀྲི་ཡ་དཔུང་བཟང་གི་རྒྱུད་ལས་ཀྱང༌། ནད་ཀྱི་བསྐལ་བ་བསལ་བའི་ཕྱིར། །སྨན་སྣ་ལྔ་ནི་བུམ་པར་བླུགས། །ཚུལ་ཁྲིམས་རྣམ་པར་དག་བྱའི་ཕྱིར། །དྲི་སྣ་ལྔ་ཡང་བུམ་པར་བླུགས། །དགོས་འདོད་རེ་བ་བསྐང་བ་དང༌། །ཚོན་གྱི་བསྐལ་བ་བསལ་པའི་ཕྱིར། །རིན་ཆེན་ལྔ་ཡང་བུམ་པར་བླུགས། །ཀུན་གྱི་སྙིང་པོར་གྱུར་པ་དང༌། །དགོས་འདོད་རེ་བ་བསྒྲུབ་པའི་ཕྱིར། །སྙིང་པོ་ལྔ་ཡང་བུམ་པར་བླུགས། །ཞེས་གསུངས་སོ། །འདི་དག་གདུལ་བྱ་སོ་སོས་སངས་རྒྱས་ལ་ཕུལ་བས། བཀྲ་ཤིས་པའི་དངོས་པོ་བྱིན་གྱིས་བརླབས་པ་ཡིན་པས་བུམ་གཏེར་དང་དབང་བུམ་དག་ལ་འཇུག་པ་ལྟར་གཏོར་མ་ལའང་ཤིན་ཏུ་ལེགས་པར་སྔར་བཤད་པ་ལྟར་ཡིན་ཏེ། གསེར་དངུལ་མུ་ཏིག་བྱུ་རུ་མུ་མིན་ཏེ་རིན་པོ་ཆེ་ལྔ་ལྷ་མོ་ནོར་རྒྱུན་མས་ཕུལ་བས་བཀྲ་ཤིས་པའི་དངོས་པོར་མཛད། བྱ་ཀྲི་སྟག་གིས་ཕུལ་བའི་སྟག་ཚེར་བའམ་མིང་གཞན་ཀནྜ་ཀ་རི་དང༌། སེང་ཀྲི་སེང་གིས་ཕུལ་བའི་སེང་ཚེར་བ་སྟེ་མིང་གཞན་སླེ་ཏྲེས་དང༌། ནགས་ཀྱི་ལྷ་མོས་ཕུལ་བའི་ཨ་བ་ར་ཙི་ཏའམ་གཞན་གྱིས་མི་ཐུབ་པ་སྟེ་ཤུ་དག་དཀར་པོ་དང༌། ཆུ་སྲིན་གྱིས་ཕུལ་བའི་ཆུ་སྲིན་སྡེར་མོར་གྲགས་པ་སྟེ། ཧ་ས་དེ་བ་ཞེས་པ་ལྷ་དང་བཅས་པ་དང༌། བརྒྱ་བྱིན་གྱིས་ཕུལ་བའི་ཨིནྡྲ་ཧ་རིའམ་དབང་པོ་ལག་པ་སྟེ་སྨན་ལྔ་ཡིན་ལ། གྲངས་འདྲེན་ཚུལ་ཐ་དད་ཡོད་ཅིང་དེ་དག་ཕུལ་དུས་བཀྲ་ཤིས་པའི་དངོས་པོར་བྱིན་གྱིས་བརླབས་པ་ཡིན་ཏེ། ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པ་ལས། བྱུ་རུ་དངུལ་དང་གསེར་དང་ནི། །པདྨ་རཱ་ག་མུ་ཏིག་སྟེ། །རིན་ཆེན་ཤིས་པ་ལྔ་པོ་རྣམས། །ནས་དང་གྲོ་དང་མོན་སྲན་ཏྲེའུ། །ཏིལ་དང་དེ་བཞིན་མོན་སྲན་ཏྲཻའུ། །འབྲུ་ནི་ཤིས་པ་ལྔ་པོ་རྣམས། །ཆེན་པོ་ཚེར་མའི་དགྲ་དང་ནི། །ལྷར་བཅས་གཞན་གྱིས་མི་ཐུབ་དང༌། །དཎྜ་ཨུཏྤལ་རྩ་བ་སྟེ། །སྨན་ལྔ་པོ་ནི་གཞུག་པར་བྱ། །ཞེས་དང༌། ཟུང་འཇུག་གསལ་བ་ལས་ཀྱང༌། བྱུ་རུ་དང་ནི་དངུལ་དང་གསེར། །པདྨ་རཱ་ག་ཉ་ཕྱིས་སྐྱེས། །བསྔགས་པའི་རིན་ཆེན་རྣམ་པ་ལྔ། །ནས་གྲོ་མ་ཤའི་སྲན་མ་དང༌། །དེ་བཞིན་ཏིལ་དང་མུད་ག་རྣམས། །སོ་བ་ལྔ་པོར་བསྔགས་པ་སྟེ། །བྲི་ཧ་སྟི་དང་ཚེར་མར་བྱེད། །གཞན་གྱིས་མི་ཐུབ་ལྷར་བཅས་པ། །ཨུཏྤལ་སྡོང་བུ་རྩ་བ་ཡི། །སྨན་ལྔ་རབ་ཏུ་གཞུག་པར་བྱ། །ཞེས་གསུངས་པ་སྟེ་བསྔགས་པ་དང་བཀྲ་ཤིས་པར་གསུངས། དེ་བཞིན་དུ་དྲི་ལྔ་ཡང༌། སྤྲིན་གྱི་རྒྱལ་མོ་འོད་འཆང་ལྷ་མོས་ག་བུར་ཕུལ། རྒྱ་གར་སྐྱོང་བྱེད་ལྷ་མོས་ཙན་དན་ཕུལ། ཁ་ཆེའི་དྲི་བཟང་བཙུན་མོས་གུར་གུམ་ཕུལ། གསེར་ཏོག་ལྷ་མོས་ཨ་ཀ་རུ་ཕུལ། སྲིན་མོས་ཛ་ཏི་ཕུལ་ཏེ་བཀྲ་ཤིས་པའི་དངོས་པོར་མཛད་དེ་དྲི་ལྔའི་ལོ་རྒྱུས་སོ། །
སྙིང་པོ་ལྔ་ནི། ཡེ་ཤེས་རྡོ་རྗེའི་རྣམ་འཇོམས་འགྲེལ་བ་ལས། སའི་སྙིང་པོ་གསེར་དང༌། ཆུའི་སྙིང་པོ་ལན་ཚྭ་དང༌། རྩི་ཏོག་གི་སྙིང་པོ་མར་དང༌། ཤིང་ཏོག་གི་སྙིང་པོ་བུ་རམ་དང༌། མེ་ཏོག་གི་སྙིང་པོ་སྦྲང་རྩིའོ། །ཞེས་པ་ལྟར་ཡིན་ལ། སྔོན་འབྱུང་གི་དྲང་སྲོང་རྣམ་མང་གིས་ཕུལ་པའི་སའི་སྙིང་པོ་གསེར་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཕུལ་བ་ཆུའི་སྙིང་པོ་ལན་ཚྭ་དང༌། ཚོང་དཔོན་ག་གོན་གྱིས་ཕུལ་བ་མེ་ཏོག་གི་སྙིང་པོ་སྦྲང་རྩི་དང༌། ཞིང་བའི་བུ་མོ་ལེགས་སྐྱེས་མས་ཕུལ་བ་རྩི་ཐོག་གི་སྙིང་པོ་མར་དང༌། སྤྲེ་རྒྱལ་ཧ་ནུ་ལུ་མཉྫུས་ཕུལ་བ་ཤིང་ཐོག་གི་སྙིང་པོ་བུ་རམ་སྟེ། སྙིང་པོ་ལྔ་ཕུལ་བ་བཀྲ་ཤིས་པའི་དངོས་པོར་བྱིན་གྱིས་བརླབས་པས། དེ་དག་བཏབ་པའི་བུམ་ཆུས་ཁྲུས་བྱས་ན་ཚེ་བསོད་ནམས་སོགས་འདོད་པ་ཀུན་འཕེལ་བ་ཡིན་ཏེ། གངྒཱ་དྷ་རའི་རྣམ་འཇོམས་འགྲེལ་བ་ལས། གོང་མའི་འབྲུ་དང་སྨན་ཞེས་བྱ་བ་བྱ་ཀྲི་སེང་གྲི་ལ་སོགས་པའི་སྨན་ནི་རྣམ་པ་ལྔ་དང༌། ཏིལ་དང་སྲན་མ་ལ་སོགས་པ་རྒྱུད་ལས་གྲགས་པ་བཞིན་ནོ། །ཞེས་དང༌། སྔར་ཀྲྀ་ཡའི་རྒྱུད་དྲངས་ཟིན་པ་ལྟར་ཡིན་ལ། ཡང་འགྲེལ་བ་དེ་ཉིད་ལས་འདོད་པ་ཐམས་ཅད་རབ་ཏུ་སྦྱིན། ཀུ་ཊ་དང༌། དེ་ལ་ལྔ་སྟེ། བུ་སྦྱིན་པ་དང༌། ནོར་སྦྱིན་པ་དང༌། འབྲུ་སྦྱིན་པ་དང༌། མགྱོགས་པ་སྦྱིན་པ་དང༌། ཚེ་དང་བསོད་ནམས་སྦྱིན་པ་དང༌། ཞེས་པ་ནས། ཚེ་དང༌བསོད་ནམས་སྦྱིན་པ་ནི་བཀྲ་ཤིས་པའི་ཞལ་ཟས་ལ་བརྟེན་ཏེ། ཞེས་གསུངས་པའི་ཕྱིར། བོད་ཀྱི་ཆུ་གཏོར་བཤད་མཁན་སྔ་ཕྱི་དག་ན་རེ། གཏོར་ཟན་སླ་མོ་དང་མཐེབ་ཀྱུ་མི་བྱེད་དེ། ཇོ་བོའི་ཞལ་ནས། བོད་པ་ཕྱུག་པོ་མི་འོང༌། གཏོར་ཟན་སླ་མོ་བྱེད། གཏོར་མ་མཐེབ་ཀྱུ་བྱེད་པར་འདུག་གསུངས་སྐད་དོ། །ཞེས་ཟེར་རོ། །དེ་ཇོ་བོས་གསུངས་པ་མི་བདེན་ཏེ། དེ་ཇོ་བོས་མཛད་པའི་ཆུ་གཏོར་དང༌། བདུད་རྩི་འབྱུང་བའི་ཆུ་གཏོར་གྱི་ཊཱིཀྐ་དང༌། འཇིག་རྟེན་དབང་ཕྱུག་དམར་པོའི་འབྱུང་པོའི་གཏོར་ཆོག་རྣམས་ནའང་མེད་པའི་ཕྱིར་དང༌། དེར་མ་ཟད་སློབ་དཔོན་མི་བསྐྱོད་པའི་གཏོར་མ་ཆེན་མོའི་ལས་རིམ་རྩ་འགྲེལ་གཉིས་དང༌། རྒྱལ་སྡེའི་གཏོར་ཆོག་དང༌། དེའི་འགྲེལ་བ་ཤཱཀྱ་མི་ཏྲས་མཛད་པ་དང༌། གཏོར་མ་སྣ་ཚོགས་ཀྱི་ཆོ་ག་སོགས་ནའང་མེད་ཅིང༌། ཀླུ་སྒྲུབ་དང་ཙནྟྲ་གོ་མི་དགེ་སློང་མ་དཔལ་མོའི་ཕྱག་སྟོང་གི་སྒྲུབ་ཐབས་ཀྱི་གཏོར་མའི་ཆོ་ག་དང༌། འགྲོ་བཟང་དང་སློབ་དཔོན་ངག་གི་དབང་ཕྱུག་དང༌། བྷ་བ་བྷ་ཏྲའི་གཏོར་མ་བཞིའི་ལས་རིམ་རྣམས་ལའང་མི་སྣང་བའི་ཕྱིར། ཡང་མཐེབ་ཀྱུ་མི་རུང་བ་མི་འཐད་དེ། གཏོར་ཆོག་དུ་མ་དང༌། མཁས་གྲུབ་ཆེན་པོ་ཡེ་ཤེས་རྡོ་རྗེའི་གཞུང་གིས་ཁེགས་པའི་ཕྱིར། འབྱོར་པ་ཕུན་ཚོགས་བསྒྲུབ་པའི་ཆུ་གཏོར་རིན་པོ་ཆེའི་ཕྲེང་བ་ལས། ཟངས་ལ་སོགས་པའི་སྣོད་གང་ཡང་རུང་བ་ཞིག་ཏུ་ཆུ་གཙང་མ་སྲོག་ཆགས་མེད་པས་བཀང་སྟེ་འབྲུའམ་ཟན་མཐེབ་ཀྱུ་རེ་བཅུག་ལ་། ཞེས་པ་ནས། དེ་ལྟར་ཕུལ་བས་ཉི་མ་རེ་ལ་ཀརྴ་པ་ནི་ལྔ་སྟོང་ལྔ་སྟོང་ཐོབ་པར་ངེས་སོ། །དེ་ལྟར་མ་ཆགས་པ་ཉི་མ་རི་རྩེ་ལ་ཤར་བ་ཕན་ཆད་དང་ལྟོའི་གོང་དུ་རྫོགས་པར་བྱའོ། །དེ་ལྟར་ཉི་མ་རེ་ལ་ཡི་དམ་དུ་བྱས་པས་འདོད་པའི་དོན་ཕུན་སུམ་ཚོགས་པར་ངེས་སོ། །ཞེས་གསུངས་པའི་ཕྱིར་ཤིན་ཏུ་གསལ། ཆོ་གའི་ཁྱད་པར་གཞན་ཡང་ཡོད་དེ། ཐོག་མར་ཆུ་གཏོར་གྱི་ཡོ་བྱད་གཏོར་སྟེགས་དང་སྣོད་དང་གཏོར་མའི་རྒྱུ་རིན་པོ་ཆེ་དང་སྨན་སོགས་ནས་ཆུ་དང་ཟན་ནམ་ཕྱེའམ་ཁུར་བ་སོགས་ཟས་གཙང་ཞིང་མ་འབགས་པ་རྣམས་གང་འབྱོར་སྟ་གོན་བྱས་ཏེ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་དང་རང་ཉིད་ཐུབ་དབང་ངམ་རིགས་གསུམ་མགོན་པོ་དང༌། རྣམ་འཇོམས་དང༌། བདེ་གསང་འཇིགས་གསུམ་སོགས་ཡི་དམ་གྱི་ལྷ་གང་ཡང་རུང་བར་བསྐྱེད་དེ། སྒོ་གསུམ་བྱིན་རླབས་དང་མཆོག་བསྟོད་ཡན་ཆད་རྫོགས་པར་བྱས་ནས་གཏོར་མ་བཏང་བར་བྱ་སྟེ། དེ་ལྟར་བྱས་པས་གཏོར་མ་བསམ་པ་ལྟར་བྱིན་གྱིས་རློབས་པའི་ཁྱད་པར་ཡོད་པའི་ཕྱིར། དོན་འདི་ལ་དགོངས་ནས་གྲུབ་པའི་དབང་ཕྱུག་འགྲོ་བཟང་སྙིང་པོས། ཆུ་གཏོར་བྱེད་པར་འདོད་པས། དང་པོ་གཏོར་མའི་སྣོད་ཅི་འབྱོར་བའི་ནང་དུ་ཆུ་གཙང་མ་སྲོག་ཆགས་མེད་པས་ཁེངས་པར་འགེངས། དེའི་ནང་དུ་ཕྱེ་དང༌། རིན་པོ་ཆེ་ལྔ་དང༌། སྨན་དང་མེ་ཏོག་ལ་སོགས་པ་ཅི་འབྱོར་བ་བཏབ་ལ། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། བདག་ཕྱག་ན་རྡོ་རྗེར་ཝལ་གྱིས་བསྒོམས་ལ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་བྱའོ། །ཞེས་དང༌། ཇོ་བོ་ལྷ་ཅིག་གི་ཆུ་གཏོར་ལས་ཀྱང༌། ཆུ་གཏོར་གྱི་ཡོ་བྱད་རྣམས་སྟ་གོན་བྱས་ལ། དང་པོར་སྒྲུབ་ཐབས་ལས་བྱུང་བ་བཞིན་ལྷའི་རྣལ་འབྱོར་དུ་བྱས་ལ། ལུས་དང་ངག་དང་ཡིད་གསུམ་བྱིན་གྱིས་བརླབ་པར་བྱའོ། །ཞེས་དང༌། སློབ་དཔོན་མི་བསྐྱོད་རྡོ་རྗེའི་འགྲེལ་བ་ལས། གཏོར་མ་གཏོང་བར་འདོད་པས་གཏོང་བའི་རིམ་པ་ཇི་ལྟ་བུ་ཞེ་ན། བསྟོད་པའི་རྗེས་ལ་གཏོང་བར་བྱ་བ་ཡིན་ཏེ། ཞེས་དང༌། ཡང་དེ་ཉིད་ལས། དེ་ལ་གཏོར་མ་ཙམ་གཏོང་པར་འདོད་པས་ནི་འཁོར་ལོ་དང་ཡིག་འབྲུ་ལ་ང་རྒྱལ་ཙམ་བྱས་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་ཙམ་བྱས་ནས་བསྟོད་པར་བྱའོ། །ཞེས་དང༌། བདུད་རྩི་འབྱུང་བའི་ཊཱིཀྐ་ལས་ཀྱང༌། དེ་ནས་རང་གི་ལྷག་པའི་ལྷ་རྗེས་སུ་དྲན་ཞིང་བསྲུང་བར་བྱ་བའི་ཕྱིར། དང་པོ་བདག་ཉིད་ལྷའི་རྣལ་འབྱོར་དུ་འཇུག་པའམ། ཞེས་པ་སྟེ། དང་པོར་ཞེས་པ་ནི་ཉེ་བར་སྦྱོར་བའི་དུས་གང་ཡང་རུང་བའི་ཐོག་མར་རོ། །ཞེས་དང༌། ཤཱཀྱ་མི་ཏྲའི་ཆུ་གཏོར་རྣམ་བཤད་ལས། དེ་ཡང་དང་པོར་འགྲོ་བའི་དོན་བྱ་བར་དྲན་པར་བྱའོ། །དེའི་འོག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ། དེའི་འོག་ཏུ་ཚད་མེད་པ་ཞེས་བྱ་བ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་འོག་ཏུ་ཕྱག་རྒྱ་ཆེན་པོ་དྲན་པར་བསྐྱེད་དོ། །དེ་ནས་ལུས་བསྲུང་བར་བྱའོ། །ཞེས་བྱ་བའི་རིམ་པ་འདི་སྦྱར་བར་བྱའོ། །ཞེས་དང༌། དེའི་རྩ་བ་རྒྱལ་བའི་སྡེའི་གཏོར་ཆོག་ལས། དེ་ལ་བསམ་རྒྱུ་ནི། དང་པོར་བདག་ཉིད་ལུས་བསྲུངས་ཤིང་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དྲན་པར་བསྐྱེད་ལ། ཚད་མེད་པ་བཞིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཞིང༌། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དྲན་པར་བྱའོ། །ཞེས་དང༌། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་ཆོག་ལས། པདྨའི་ཕྲེང་བ་བླངས་ནས་ནི། །མཁས་པས་བརྒྱ་དང་རྩ་བརྒྱད་བཟླས། །སྔགས་ནི་ཡི་གེ་དྲུག་པ་སྟེ། །དངོས་སུ་འཕགས་པ་སྤྱན་རས་གཟིགས། །ཞེས་པ་ནས། དེ་ནས་ལོ་མ་འབྲས་ཆན་དང༌། །འོ་མ་དང་ནི་མངར་གསུམ་གྱིས། །སྣོད་ནི་ཤིན་ཏུ་བཀང་བྱས་ནས། །ཞེས་དང༌། དེ་ནས་ཆུ་བོ་དེ་ཉིད་འོ་མར་འ༷བྲུག་པར་བསམ་ལ་དེ་ཉིད་དུ་གཏོར་མ་དོར་བར་བྱའོ། །ཞེས་གསུངས་སོ། །ལྷ་བསྐྱེད་ཚུལ་ཡང་མཁས་གྲུབ་སྔ་མའི་གསུང་བཞིན་བྱས་ན་འབྲས་བུ་བཟང་པོ་འབྱིན་པ་ཡིན་ཏེ། གོས་སྔོན་ཅན་གྱི་སྒྲུབ་ཐབས་ལས། མཁས་པའི་རྣ་རྒྱུད་ཐོས་པ་ནི། །འདི་དང་ཕ་རོལ་གཉིས་ཀར་ཡང༌། །འབྲས་བུ་བཟང་པོ་ངེས་པར་འབྱིན། །ཞེས་གསུངས། སྙིགས་དུས་གསང་སྔགས་ལ་ནུས་པ་གང་ཡང་མ་ཐོན་པར་སྒྲུབ་ཐབས་སོགས་རྩོམ་པ་སོགས་ནི་ཤིན་ཏུ་སྨད་པས་བརྟག་དཔྱད་དགོས་ཏེ། གྲུབ་ཆེན་གྱིས། ལས་ངན་དུས་ཀྱི་ཐ་མ་ལ། །ནས། གསང་སྔགས་དངོས་གྲུབ་མ་ཐོབ་པར། །སྒྲ་དང་ཚད་མ་ལ་བརྟེན་ནས། །ང་རྒྱལ་འདོད་པའི་དབང་གྱུར་ནས། །གསང་སྔགས་འཁོར་ལོ་རྩོམ་པ་འབྱུང༌། །དེས་ནི་ཡང་དག་དོན་མི་རྙེད། །ལ་ལ་མུ་སྟེགས་དག་དང་བསྲེ། །དེས་ནི་དམྱལ་བའི་གནས་སུ་འཁྲིད། །ཅེས་གསུངས་པ་ལྟར་གསང་སྔགས་ཀྱི་དངོས་གྲུབ་གྲུབ་པ་བརྒྱད་དང་ཐ་མའང་ཞི་སོགས་གྲུབ་པ་རབ་ཅིག་ཐོབ་དགོས་པར་སྣང་ཡང༌། ཕྱོགས་འདིར་ཐམས་ཅད་ཀྱི་ཆོག་སྒྲིགས་བྱེད་པར་སྣང་མོད། ཉེས་པ་ཆེན་པོ་བཤད་པས་དཔྱོད་ལྡན་གྱིས་བག་ཡོད་པར་འཚལ། སྔོན་དུས་རྗེ་འདུལ་འཛིན་མཁས་གྲུབ་རྗེ་གསུམ་ཁོ་ནས་སྔགས་རྩོམ་པར་མཛད་ལ། མང་པོས་མི་རྩོམ་པར་གནང༌། དེས་ན་རྒྱས་པར་ལྷ་དྲུག་གིས་བསྐྱེད་པ་ནས། ཤཱཀྱ་མི་ཏྲས་ལྷ་དྲུག་གི་སྒོ་ནས་དྲན་པ་བསྐྱེད་དེ། ཞེས་དང༌། ཆོག་གསུམ་སྐྱེད་དམ་སྐད་ཅིག་དྲན༷་སྐྱེད་བྱ་སྟེ། གོས་སྔོན་ཅན་གྱི་གཟུངས་ཆོག་ངག་དབང་གྲགས་པས་མཛད་པ་ལས། ཆོ་ག་གསུམ་མམ་སྐད་ཅིག་མར། །རབ་འདོད་ལྷ་རྣམས་བསྐྱེད་བྱས་ལ། །ཞེས་དང༌། གྲུབ་ཆེན་བྷ་བའི་གཏོར་མ་སྣ་ཚོགས་ཀྱི་ཆོ་ག་ལས། ཆོ་ག་གསུམ་བསྐྱེད་པའམ་ཆུང་ངུ་སྐད་ཅིག་གིས་ལྷར་བསྐྱེད་ལ་ཞེས་གསུངས་སོ། །གཏོར་མའི་སྣོད་དང་གཏོར་མ་གཉིས་བསྐྱེད་ཆོག་གི་བྱིན་རླབས་དགོས་ཏེ། སྐྱེད་ཆོག་མེད་པར་བྱིན་གྱིས་རློབས་པའི་ཏིང་ངེ་འཛིན་མ་ཚང་བའི་ཕྱིར། གྲུབ་ཆེན་གྱིས། གཏོར་མ་ལ་སོགས་ལས་རྣམས་ལ། །ཏིང་འཛིན་ལ་སོགས་འཇུག་ཐབས་ལྔ། །མན་ངག་ཅན་གྱིས་ཤེས་པར་བྱ། །ཞེས་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་དང་རྫས་དང་ཚིགས་བཅད་ལྔ་ཀ་དགོས་པར་བཤད་པའི་ཕྱིར། དེ་ཡང་རྒྱ་བོད་མཁས་པའི་ཕྱག་ལེན་ལྟར་ཆོ་ག་བྱེད་ན། དེ་ལ་དུས་ནི། གཟུངས་ལས་རྟག་ཏུ་སྔ་དྲོའི་དུས་སམ་ཡང་ན་དུས་ཐམས་ཅད་དུ་བྱས་ཀྱང་བར་ཆད་དུ་འགྱུར་བ་མེད་དོ། །ཞེས་གསུངས་པས་སྔ་དྲོའམ་དུས་གང་རུང་ལ། གང་ཟག་ནི། གཟུངས་ལས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཚེ་རིང་བར་འདོད་དམ། བསོད་ནམས་ཆེ་ཞིང་འཕེལ་བ་དང༌། སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་བྱེད་པར་འདོད་ན་ནི་ཞེས་གསུངས་པ་ལྟར་དད་ལྡན་ཕོ་མོ་ཡན་ཆད་དགོས། འགྲོ་བཟང་ཆུ་གཏོར་ལས། སྐྱབས་འགྲོ་སེམས་བསྐྱེད་བྱས། བདག་ཕྱག་ན་རྡོ་རྗེར་ཝ་ལ་གྱིས་བསྒོམས་ལ། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས། ཞེས་དང༌། ཇོ་བོ་ལྟ་གཅིག་གི་ཆུ་གཏོར་ལས། རང་དང་པོར་སྒྲུབ་ཐབས་ལས་འབྱུང་བ་ལྟར་ལྷའི་རྣལ་འབྱོར་དུ་བྱས་ལ་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་བྱའོ། །ཞེས་དང༌། རྒྱལ་སྡེས་ཀྱང༌། དང་པོར་བདག་ཉིད་ལུས་བསྲུང་ཞིང༌། ལྷ་ཡི་ཕྱག་རྒྱ་ཆེན་པོ་དྲན་པ་བསྐྱེད་ཅེས་གསུངས་པས། ལྷ་གང་རུང་དུ་ཀྲོང་བསྐྱེད་སྒོ་གསུམ་བརླབས་པ་བྱས་ལ། ཡི་གེ་གསུམ་གྱིས་སྔགས་པའི་ཆུས། སྤྱི་རྒྱུད་ལས། རིགས་ཀུན་ལ་ནི་བདུད་རྩི་འཁྱིལ། །ཞེས་གསུངས་པ་ལྟར། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་ཆུ་གཏོར་སྣོད་བཅས་སྟོང་བར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་གཏོར་མའི་སྣོད་རིན་པོ་ཆེའི་ཁང་བུ་བརྩེགས་པ་རིའི་རྒྱལ་པོ་རི་རབ་ཀྱི་ཚད་དང་མཉམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡི་གེ་བཾ་ལྗང་ཁུ་ལས་བདུད་རྩིའི་རང་བཞིན་དང་སྨན་སྣ་ཚོགས་ལས་གྲུབ་པའི་ལྗོན་ཤིང་ལོ་མ་དང་ཡལ་ག་བཟང་ལ་རྒྱས་པ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་ལྷའི་དཔག་བསམ་ལྗོན་པ་དང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཏེར་གྱིས་བུམ་པ་དང་དར་ལ་སོགས་པའི་གོས་སྣ་ཚོགས་དང་བཞོན་པ་དང་རྒྱན་སྣ་ཚོགས་ཏེ་འདོད་པའི་ཡོན་ཏན་ལྔས་བརྒྱན་པ་དབང་པོ་དྲུག་གི་སྤྱོད་ཡུལ་དུ་འཚམ་ཞིང་ཚིམ་པར་བྱེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་བ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་འཁོར་བའི་མཐས་གཏུག་གི་བར་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །རྒྱས་པར་ན་སྔགས་དྲུག་ཕྱག་རྒྱ་དྲུག་གམ་ཡང་ན་འགྲོ་བཟང་དང་ཇོ་ལུགས་ལྟར། གཏོར་སྣོད་སོ་སོའི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་དེ་དག་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་དཔའ་པོ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ཀ་ནས་བདུད་རྩི་བཀུག་པ་དང་རོ་གཅིག་བྱས་པ་རིམ་པ་བཞིན་ཐིམ་པས་ཧཱུཾ་གིས་སྐྱོན་སྦྱངས་ཤིང་དག་པ་ཤེལ་ལྟ་བུ་དང༌། ཨཱཿས་བདུད་རྩིར་བྱས། ཨོཾ་གྱིས་ནམ་མཁའ་ཁྱབ་པར་སྤེལ་ཞིང་མི་ཟད་པར་བྱིན་གྱིས་བརླབས། པར་བསམ། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་ལ། ཀླུ་སྒྲུབ་ཀྱི་གཏོར་མ་སྣ་ཚོགས་ལས། སྔགས་ཀྱི་སྒོ་ནས་སྦྱངས་བྱ་ཞིང༌། །བྱིན་གྱིས་ཀྱང་ནི་བརླབ་པར་བྱ། །ཨོཾ་དང་ཡི་གེ་ཨཱཿདང་ནི། །དབུས་སུ་ཡི་གེ་ཧཱུཾ་ཉིད་དོ། །ཞེས་དང༌། གྲུབ་ཆེན་བྷ་ལིཾ་ཏ་བས་ཀྱང༌། ཡེ་ཤེས་བདུད་རྩི་སངས་རྒྱས་སོགས། །འབད་པས་དེ་ཉིད་ཐིམ་པར་བསམ། །སྐུ་གསུང་ཐུགས་ཀྱིས་བྱིན་རླབས་བྱ། །ཞེས་པ་ལྟ་བུའོ། །དེ་ནས་མཆོད་སྦྱིན་ཡིན་པས་སྤྱན་མི་འདྲེན་པའམ། འབྱུང་གཏོར་ལུགས་ཀྱི་སྤྱན་འདྲེན་ན། ཇོ་བོ་དང་འགྲོ་བཟང་ལུགས་ལྟར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ལ་སོགས་རིགས་དྲུག་གདོན་བགེགས་ཐམས་ཅད་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་བརྗོད་པས། མདུན་ཀྱི་ནམ་མཁར་པདྨའི་གདན་སོ་སོ་ལ་བཞུགས་པར་བསམ། བརྒྱ་རྩ་བྱེད་ན་སྣོད་ལྔར་རིལ་བུའམ་བཅད་ཁམ་གཉིས་རེ་བཤམས་པ་བཅུ་ལས་དང་པོ་ལ། དེ་ཡང་ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་རྫས་དང༌། བསྔོ་བའི་ཚིགས་བཅད་ལྔ་ཚང་དགོས་པར་བཤད་དེ། གྲུབ་ཆེན་ཀྱིས། གཏོར་མ་ལ་སོགས་ལས་རྣམས་ལ། །ཏིང་འཛིན་ལ་སོགས་འཇུག་ཐབས་ལྡན། །མན་ངག་ཅན་ཀྱིས་ཤེས་པར་བྱ། །ཞེས་གསུངས་པའི་བསྐྱེད་ཚུལ་བཤད་ཟིན་པ་ལྟར་ཡིན་ལ། བསྐྱེད་དུས་གཏོང་དུས་ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བྱས་པ་སྣོད་ཀྱི་སྟེང་དུ་བཞག་སྟེ་སྔགས་དང་ཏིང་ངེ་འཛིན་བྱེད་དགོས་ཏེ། གཟུངས་ལས། ལག་པ་གཡས་པ་སྣོད་ཀྱི་སྟེང་དུ་བཞག་ལ་གཟུངས་འདིས། ཞེས་དང༌། གྲུབ་ཆེན་བྷ་ཝས། དེ་ནས་ལག་པ་གཡས་པ་ནི། །མཆོག་སྦྱིན་བྱས་པས་ལག་མཐིལ་དུ། །བྲིཾ་ལས་དཔག་བསམ་ལྗོན་ཤིང་བསམ། །དེ་ཡི་ཡལ་གའི་གསེབ་ཏུ་ནི། །བཾ་ལས་བདུད་རྩིའི་བུམ་པ་བསམ། །དེ་ཡི་བདུད་རྩི་ཡི་ནི་རྒྱུན། །ལག་མཐིལ་དུ་ནི་བབས་ནས་ཀྱང༌། །གཏོར་མའི་ནང་དུ་འདྲེས་པར་བསམ། །ཞེས་གསུངས་པ་ལྟར་བསམས་ལ། དེ་ནས། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ་སོ་སོར་འབུལ་ཞིང༌། དེ་ནས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏི་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾཿ བདུན་ནམ་ཉེར་གཅིག་བརྗོད་པས། མགྲོན་རྣམས་ཕན་ཚུན་འགྲས་མེད་ཅིང་འབྱོར་པ་ཕུན་སུམ་ཚོགས་པར་བསམ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་ས་དྷ་ན་ཡེ་སྭཱཧཱ། བདུན་བརྗོད་ལ། ཅི་འདོད་འབྱུང་ཞིང་སྤྱན་སྔར་མཛེས་ཤིང་དགའ་བ་དང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བསམ། སྔགས་སྔ་མ་གཅིག་པུ་བརྗོད་པས་ཀྱང་ཆོག་མོད། ཇོ་བོ་དང་འགྲོ་བཟང་ལུགས་ལྟར་བྱས། མཚན་བཞི་བརྗོད་པ་རུང༌། ཕུན་ཚོགས་དཔལ་འབྱོར་ཀུན་ལྡན་མཆོད་སྦྱིན་འདི། །མཆོད་གནས་བླ་མ་ཡི་དམ་དཀོན་མཆོག་དང༌། །སངས་རྒྱས་བྱང་སེམས་ཀུན་གྱི་ཕོ་བྲང་དུ། །མཁོ་དགུའི་མཆོད་སྤྲིན་ནམ་མཁའ་འགེངས་པར་འབུལ། །དཀོན་མཆོག་གསུམ་དང་མི་འབྲལ་ཐོས་བསམ་སྒོམ། །རབ་རྫོགས་སངས་རྒྱས་མྱུར་དུ་ཐོབ་གྱུར་ཅིག །ཅེས་བརྗོད་ལ་བཅུ་ཚན་དང་པོ་གཤེགས་ཞིང་སེ་གོལ་གསུམ་གདབ་དགོས་ཏེ། གཟུངས་ལས། བྱིན་གྱིས་བརླབས་པའི་འོག་ཏུ་སེ་གོལ་ལན་གསུམ་བྱས་གཏོར་མའི་སྣོད་བླངས་ཏེ་ལག་པ་བརྐྱང་ནས་ས་གཙང་མར་བླུགས་པར་བྱའོ། །ཞེས་སོ། །བཅུ་ཚན་གཉིས་པ་སྔར་ལྟར་བཤམས་ལ། ཨ་མྲི་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་གཏོར་སྣོད་རིན་པོ་ཆེའི་སྣོད་ཁང་བུ་བརྩེགས་པ་རི་རབ་ཀྱི་ཚད་ཙམ་དུ་གྱུར། པར་བསམ། དེ་དག་གི་ནང་དུ་བཾ་ལྗང་ཁུ་ལས་བདུད་རྩིིའི་རང་བཞིན་སྨན་གྱི་ལྗོན་ཤིང་ལོ་མ་དང་ཡལ་ག་བཟང་ལ་རྒྱས་པ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་ལྷའི་དཔག་བསམ་ལྗོན་པ་གཏེར་གྱི་བུམ་པ་དང་དར་གོས་སྣ་ཚོགས་བཞོན་པ་རྒྱན་ཆ་སྣ་ཚོགས་པ་འདོད་པའི་ཡོན་ཏན་མཐའ་དག་གི་འབྱུང་གནས་དབང་པོ་དྲུག་ཚིམ་པར་བྱེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པ་དུས་ཀུན་ཏུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །རྒྱས་པར་སྔགས་དང་ཕྱག་རྒྱ་དྲུག་གམ། ཨོཾ་ཨཱ་ཀ་རོ་མི་ཁཾ་སརྦ་དྷཱརྨཱ་ནཾ་ཨཱཏྱ་ནུཏྤ་ནྣ་ཏོ་ད་ཨོཾ་ཨཱཿཧཱུཾ། ལན་གསུམ་དང༌། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་ལ་བྱིན་གྱིས་བརླབས། བསྡུ་ན་ཡི་གེ་གསུམ་བརྗོད་ལ་འབུལ་ཞིང༌། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏི་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། བདུན་ནམ་ཉེར་གཅིག་བརྗོད། ཕུན་ཚོགས་དཔལ་འབྱོར་ཀུན་ལྡན་མཆོད་སྦྱིན་འདི། །མྱུར་མཛད་མགོན་པོ་འཁོར་བཅས་ཆོས་ཀྱི་རྒྱལ། །ཕྱི་ནང་གསང་གསུམ་རྣམ་སྲས་གུར་ཞལ་དང༌། །ཕྱག་བཞི་དམག་ཟོར་དྲེགས་པ་ལྕམ་སྲིང་དང༌། །གཙང་རིས་མགོན་པོ་དཔའ་པོ་མཁའ་འགྲོའི་ཚོགས། །མཆོད་གནས་ཆོས་སྐྱོང་ཁྱེད་རྣམས་ཕོ་བྲང་དུ། །མཁོ་དགུའི་མཆོད་སྤྲིན་ནམ་མཁའ་ཁྱབ་པར་འབུལ། །འཕྲིན་ལས་བཞི་སྒྲུབས་ཐུབ་བསྟན་རྒྱས་པར་མཛོད། །
གསུམ་པ་བསང་སྦྱང་བསྐྱེད་པའི་སྔགས་ཏིང་ངེ་འཛིན་རྣམས་འདྲ། ཨོཾ་ཨཱཿཧཱུཾ། ལན་གསུམ་དང༌། སམྦྷ་ར་བདུན་བརྗོད། ཕུན་ཚོགས་དཔལ་འབྱོར་ཀུན་ལྡན་མཆོད་སྦྱིན་འདི། །མེས་སྦྱིན་ཨ་གུར་གཡོག་འདོར་ཁྱུར་མིད་དང༌། །སྣག་ཚ་ཡང་དག་ཤེས་དང་མདུན་དབང་དང༌། །གནས་འཇོག་གཽ་ཏཾ་སྐལ་ལྡན་ཤིང༌རྟ་སོགས། །རིག་འཛིན་སར་གནས་དམོད་དང་བདེན་ཚིག་གྲུབ། །ལྷ་མིའི་དྲང་སྲོང་མཆོག་རྣམས་ཕོ་བྲང་དུ། །འདོད་དགུའི་མཆོད་སྤྲིན་ནམ་མཁའ་ཁྱབ་པར་འབུལ། །བསྟན་པ་རྒྱས་ཤིང་འགྲོ་བའི་ཕན་བདེ་འཕེལ། །བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་མཛོད། །བཞི་པར་བསང་སྦྱང་བསྐྱེད་སོགས་འདྲ། སམྦྷ་ར་བདུན་བརྗོད། དཔལ་འབྱོར་འདོད་དགུ་ཀུན་ལྡན་མཆོག་སྦྱིན་འདི། །རྣམ་མང་ཐོས་སྲས་ཛམ་ལྷ་ནོར་རྒྱུན་མ། །གནོད་སྦྱིན་ནོར་ལྷ་ཀུན་དང་ལྷན་སྐྱེས་ལྷ། །འཚོ་ཞིང་བསྲུང་བ་ཁྱེད་རྣམས་ཕོ་བྲང་དུ། །འདོད་དགུའི་མཆོད་སྤྲིན་ནམ་མཁའ་ཁྱབ་པར་འབུལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་རྣམས། །ལོག་པས་འཚོ་མིན་ཆོས་མཐུན་འཚོ་བས་ངོམས། །གང་བསམ་ཆོས་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །ལྔ་པ་བསང་སྦྱང་བསྐྱེད་པའི་སྔགས་ཕྱག་རྒྱ་སོགས་འདྲ། སམྦྷ་ར་བདུན་བརྗོད། དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་མགྲོན་ཐམས་ཅད་ཀྱི་སེར་སྣའི་ཉེས་པ་བཅོམ། བསོད་ནམས་ཡོངས་སུ་རྫོགས་པར་བསམ། དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་མགྲོན་ཐམས་ཅད་ཀྱི་གཟུགས་ངན་པ་སྤངས་ནས་གཟུགས་ཕུན་སུམ་ཚོགས་པར་གྱུར། དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་མགྲོན་ཐམས་ཅད་ཀྱི་བཀྲེས་སྐོམ་ཐམས་ཅད་སངས་ཤིང་ངོམས་ལ་སྦྱིན་པ་བཞིན་དུ་ཐོབ་པར་གྱུར། དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་མགྲོན་ཐམས་ཅད་འཇིགས་པ་དང༌བྲལ་ཞིང་ཕན་ཚུན་ཞི་བ་དང་བྱམས་པར་གྱུར་བར་བསམ། འདོད་དགུའི་དཔལ་འབྱོར་ཀུན་ལྡན་མཆོད་སྦྱིན་འདི། །ས་ཡི་ལྷ་མོ་བསྟན་མ་འཁོར་བཅས་སོགས། །སྟོང་གསུམ་གནས་བདག་གཞི་བདག་ཐམས་ཅད་དང༌། །ཚེ་རིང་མཆེད་ལྔ༌བསྟན་པ་བཅུ་གཉིས་བཅས། །གངས་ཅན་གནས་པ་ཀུན་དང་ཡུལ་ཕྱོགས་འདིའི། །ཡུལ་ལྷ་གཞི་བདག་སོ་སོའི་འདོད་པ་ཀུན། །ཚིམ་བྱེད་མཆོད་སྦྱིན་ནམ་མཁའ་ཁྱབ་པར་འབུལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཐམས་ཅད་ཀྱི། །ལས་དང་བྱ་བར་ཀོ་ལོང་ཕྲག་དོག་སོགས། །མ་བྱེད་མཐུན་རྐྱེན་ཡིད་བཞིན་འགྲུབ་པར་མཛོད། །དྲུག་པ་བསང་སྦྱངས་བསྐྱེད་རླབས་སྔགས་ཕྱག་རྒྱ་མཚན་བརྗོད་པ་རྣམས་འདི་མན་ཀུན་འདྲའོ། ཕུན་ཚོགས་འདོད་དགུ་ཀུན་ལྡན་མཆོག་སྦྱིན་འདི། །རྟ་བདག་བརྒྱད་དང་སྡེ་དཔོན་སུམ་ཅུ་དང༌། །འཕྲོག་མ་བུ་བཅས་ལ་སོགས་མི་མ་ཡིན། །ཀུན་གྱི་གནས་སུ་འདོད་དགུའི་སྤྲིན་ཚོགས་སྟེར། །བསྟན་འགྲོ་སྐྱོང་དང་བདག་ཅག་ཆོས་སྒྲུབ་པའི། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །བདུན་པ་བསྐྱེད་རླབས་སོགས་འདྲ། ཕུན་ཚོགས་འདོད་དགུ་ཀུན་ཚང་མཆོད་སྦྱིན་འདི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་གདོན་གྱི་རིགས། །སུམ་བརྒྱ་དྲུག་ཅུ་བྱིས་པའི་གདོན་བཅོ་ལྔ། །སྟེང་འོག་བར་གསུམ་གདོན་བགེགས་ཀུན་ལ་སྟེར། །ཚིམ་ནས་ནད་ཡམས་འཁྲུགས་པ་མུ་གེ་དང༌། །སད་སེར་ཐན་པ་མ་གཏོང་འགྲོ་བ་རྣམས། །མར་ཤེས་ཕན་བདེའི་བསམ་སྦྱོར་བསྟེན་གྱུར་ཅིག །བརྒྱད་པ་བསྐྱེད་རླབས་སོགས་འདྲ། ཕུན་ཚོགས་འདོད་དགུ་ཀུན་འབྱུང་མཆོད་སྦྱིན་འདི། །འགྲོ་དྲུག་ལམ་རྒྱུད་ལྔ་དང་སྐྱེ་གནས་བཞི། །ཁམས་གསུམ་ས་དགུས་བསྡུས་པའི་མཁའ་ཁྱབ་འགྲོ། །རང་རང་འདོད་དགུའི་སྤྲིན་གྱིས་ཚིམ་གྱུར་ནས། །ངེས་འབྱུང་ཡང་དག་ལྟ་དང་བྱང་ཆུབ་སེམས། །དགེ་བཅུ་ཕ་རོལ་ཕྱིན་དྲུག་ལེགས་སྤྱད་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །དགུ་བ་བསྐྱེད་རླབས་སོགས་འདྲ། ཕུན་ཚོགས་འདོད་དགུ་ཀུན་འབྱུང་མཆོད་སྦྱིན་འདི། །ཡི་དྭགས་ཕྱི་ནང་ཟས་སྐོམ་སྒྲིབ་པ་ཅན། །ཝ་བ་ཅན་དང་མེ་ལྕེའི་འཁོར་ལོ་ཅན། །ལ་སོགས་བྱིངས་ན་གནས་དང་ཁ་འཐོར་བའི། །ཡི་དྭགས་ཀུན་གྱི་གནས་སུ་འདོད་དགུའི་ཆར། །ཕུན་ཚོགས་སྤྲིན་དཀྲིགས་དབང་པོ་དྲུག་ཚིམ་སྟེ། །བཀྲེས་སྐོམ་སྡུག་བསྔལ་སྡིག་སྒྲིབ་ཀུན་བྱང་ནས། །ནམ་མཁའི་མཛད་ཐོབ་སངས་རྒྱས་མྱུར་ཐོབ་ཤོག །བཅུ་པ་བསང་བསྐྱེད་རླབས་སོགས་འདྲ། ཕུན་ཚོགས་འདོད་དགུ་ཀུན་ལྡན་མཆོད་སྦྱིན་འདི། །ཐོག་མ་མེད་ནས་ད་བར་བསད་པ་དང༌། །བཅིང་བརྡེག་ཕྲོག་བརྡུང་ལ་སོགས་སྣ་ཚོགས་པའི། །ལན་ཆགས་ཤ་མཁོན་བུ་ལོན་ཆགས་རྣམས་ལ། །མཁོ་དགུའི་འབྱོར་པས་རབ་ངོམས་ལན་ཆགས་དང༌། །ཤ་མཁོན་ཀུན་དག་བུ་ལོན་ཁྱེར་གྱུར་ནས། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བཅུ་གཅིག་པ་བསང་སྦྱང་བསྐྱེད་རླབས་མཚན་བཞི་བརྗོད་པའི་དམིགས་པ་གོང་དང་འདྲ། ཕུན་ཚོགས་འདོད་དགུ་ཀུན་ཚང་མཆོད་སྦྱིན་འདི། །གློ་བུར་ལྷགས་ཤིང་སྐལ་བ་ཆད་པ་དང༌། །ཁས་ཞན་དབང་ཆུང་གྱུར་དང་ལྷག་མ་ལ། །རེ་བའི་མགྲོན་རྣམས་ཀུན་གྱི་ཁང་ཁྱིམ་ཀུན། །ཡིད་ལ་འདོད་པའི་མཁོ་དགུས་རབ་བཀང་སྟེ། །ཚིམ་ཞིང་ངོམས་ནས་རེ་བ་ཀུན་ཐོབ་སྟེ། །ཆགས་སྡང་མི་དགེའི་སེམས་ཀུན་རབ་ཞི་ཞིང༌། །བྱང་ཆུབ་སེམས་དང་སྲིད་པ་དྲུང་འབྱིན་པའི། །ཕར་ཕྱིན་དྲུག་དང་ཤེས་རབ་ཕར་ཕྱིན་གྱིས། །སྐུ་གསུམ་གོ་འཕང་མངོན་དུ་འགྱུར་བར་ཤོག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དཀོན་མཆོག་གསུམ་ལ་མཆོད་པ་དང༌། །འགྲོ་དྲུག་རྣམས་ལ་སྦྱིན་པའི་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །འཇིག་རྟེན་ཁམས་རྣམས་མ་ལུས་པར། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །དེ་ནས། དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །སྐར་མ་རབ་རིབ་མར་མེ་དང༌། །སོགས་བརྗོད། དེ་ལྟར་འཇིག་རྟེན་པ་རྣམས་ཟང་ཟིང་གིས་རྒྱུད་ཚིམ། ཆོས་ཀྱི་སྦྱིན་པས་རྒྱུད་གྲོལ་ནས་རང་རང་སོ་སོའི་གནས་སུ་གཤེགས་པར་གྱུར། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་དང༌། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་ནང་ནས་རང་བྱུང་སངས་རྒྱས་ཏེ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །འཇམ་དཔལ་དཔའ་པོ་སོགས་བརྗོད་པར་བྱའོ། མཆོད་སྦྱིན་ལུགས་ལ་གཤེགས་གསོལ་མི་དགོས་ལ། མགྲོན་སྤྱན་དྲངས་ན། བཛྲ་ས་ཏྭ་ཧཱུཾ། ཨོཾ་ཨཱཿབཛྲ་མཱུས་གཤེགས་པ་སོགས་ཤེས་པར་བྱའོ། །
སྨྲས་པ།
ཚེགས་ཆུང་ཐབས་ཀྱིས་མཐའ་ཡས་ཚོགས་གཉིས་གཏེར། །
སྐྱེ་དགུའི་རེ་སྐོང་ཡིད་བཞིན་དབང་གི་རྒྱལ། །
ཕན་བདེའི་ཆར་གྱིས་འཇིག་རྟེན་འགེངས་མཛད་པའི། །
ཕྱི་ནང་གསང་བའི་ཆུ་གཏོར་འདི་རྨད་བྱུང༌། །
འདི་ནི་ངན་འགྲོའི་སྐྱེ་སྒོ་གཅོད་བྱེད་དང༌། །ཐར་བའི་སྒོ་འབྱེད་རྣམ་མཁྱེན་བདེ་ལམ་དང༌། །སྐལ་ལྡན་ཀླུ་དབང་བགྲང་ཡས་རོལ་བའི་གནས། །ལྷ་མིའི་རེ་སྐོང་དཔག་བསམ་རྐང་འཐུང་ཡིན། །ཐབས་ཆེན་ལམ་མྱུར་ཚེགས་ཆུང་བྱ་སླའི་ཆོས། །དོན་གཉིས་མྱུར་ལམ་བསྟེན་ཞིག་རྒྱལ་བའི་གསུངས། །མཁས་གྲུབ་དཔག་མེད་གཤེགས་ཤིང་གཤེགས་འགྱུར་བའི། །བྱང་ཆུབ་གཞུང་ལམ་ཆེན་པོར་ད་ཞུགས་ཀྱེ། །འདིར་འབད་དགེ་བ་གང་བསགས་དེ་དག་ཀུན། །ཚེ་རབས་མང་པོར་མར་གྱུར་འགྲོ་རྣམས་ཀྱིས། །ཚོགས་གཉིས་མཐར་ཕྱིན་དོན་གཉིས་ཀུན་འགྲུབ་པའི། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་གྱུར་ཅིག །
ཅེས་ཆུ་གཏོར་རྣམ་བཤད་རྒྱལ་བའི་བདེ་ལམ་གཞུང་དོན་རབ་གསལ་འདི་ནི་དོན་གཉེར་ཅན་གྱི་གཞུང་ལུགས་དུ་མ་ལ་བློ་གྲོས་ཀྱི་རོལ་པ་བརྒྱར་འགྱེད་པའི་དཀའ་རམ་དུ་མས་ཡང་ཡང་བསྐུལ་ཞིང༌། ཉེ་ཆར་རང་གི་རྩ་བའི་གྲྭ་བ་གཞུང་ལུགས་རབ་འབྱམས་སྨྲ་བ་ངག་དབང་བློ་བཟང་གིས་བློ་བཟང་གྲགས་བསྟན་མའི་ལྷ་རྫས་མན་ཡུག་དར་ཡུག་ས་ལེ་སྦྲམ་བཅས་བསྐུལ་ངོར། ཕྱག་ལེན་རེ་གཉིས་ལ་དོགས་གཅོད་གཏོར་མའི་མིང་དོན་རབ་དབྱེ་ཆོ་ག་སོགས་གསལ་བར་བྱས་ཏེ་མདོ་རྒྱུད་དམ་པའི་མན་ངག་འཛིན་པའི་མང་ཐོས་༸འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བ་འདིས་སྐྱེ་འགྲོ་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
