རྩིས་རམས་པ་རྗེ་བསམ་འགྲུབ་རྒྱ་མཚོའི་སྐར་རྩིས་ཀུན་བཏུས་ནོར་བུའི་ལྗགས་ཁྲིད་སྐབས་ཀྱི་སྔོན་འགྲོའི་གསུང་བཤད།

དུས་ནམ་དང་སུས་གསུངས་པར་བརྗོད་པ།
ཀུན་བཏུས་ནོར་བུ་འདིའི་སྟེང་ནས་ཁྲིད་རྒྱུན་ཟེར་ན་འདྲ། མར་ཅིག་བཏོན་ན། དང་པོ་སྐར་རྩིས་འདི་ཅི་ལྟར་བྱུང་བའི་ལོ་རྒྱུས་མདོར་བསྡུས་རེ་ཞུ། སྤྱིར་བཏང་གི་སྐར་རྩིས་ཟེར་ན་འདྲ། ནག་རྩིས་ཟེར་ན་འདྲ། རྩིས་ཀྱི་སྐོར་ལ་རིམ་པ་མང་བོ་རེད། སངས་རྒྱས་བཅོམ་ལྡན་འདས་མ་བྱོན་གོང་དུ་དྲང་སྲོང་རྔ་བོང་ལ་སོགས་པས་སྐར་རྩིས་རིམ་པ་མང་བོ་སྤེལ་ཡོད་པས་ཕྱི་རོལ་བའི་ལུགས་ལ་སྐར་རྩིས་མང་བོ་ཡོད་པ་རེད། བོད་ཀྱི་སྐར་རྩིས་སམ་བོད་རྩིས་ཟེར་བ་འདི་སངས་རྒྱས་བཅོམ་ལྡན་འདས་བྱོན་ཚུན་ཆད་ཡིན་པ་དང། དུས་འཁོར་ལུགས་ཀྱི་སྐར་རྩིས་ཐུན་མོང་མ་ཡིན་པ། ནང་བ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་སྐར་རྩིས་ཤིག་རེད། དུས་ནམ་ཞིག་ལ་གསུངས་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ནས་ཕྱི་ལོ་ཟླ་བ་བཅུ་གཉིས་པའི་ནང་གསུངས་པར་འདོད་ཚུལ་གཅིག་དང་། མཐར་སྐུ་མྱ་ལས་འདས་ཁར་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་པ་ཡིན་ཟེར་བའི་བཤད་ཚུལ་མི་འདྲ་བ་གཉིས་ཡོད། དང་པོ་སྟེ། བུ་སྟོན་ཐམས་ཅད་མཁྱེན་པ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་། དེ་ལྟར་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། དུས་འཁོར་རྩ་རྒྱུད་ན། སྟོན་པས་བྱ་རྒོད་ཕུང་བོ་རུ། །ཤེར་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །སངས་རྒྱས་ནས་རྩིས་པའི་ཟླ་བ་བཅུ་གཉིས་པར་གསུངས་པར་འདོད། སངས་རྒྱས་པའི་ཕྱི་ལོར་བྱ་རྒོད་ཕུང་བོའི་རིར་ཐུན་མོང་བའི་གདུལ་བྱ་ལ་ཐེག་པ་ཆེན་པོའི་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་སྟེ་ཡུམ་རྒྱས་འབྲིང་བསྡུས་གསུམ་གསུངས་པ་རེད། དེ་དང་དུས་མཉམ་དུ་གདུལ་བྱ་ཐུན་མོང་མ་ཡིན་པ་རིན་པོ་ཆེ་ལྟ་བུའི་གདུལ་བྱའི་ངོར་མཆོད་རྟེན་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་གྱི་རྒྱུད་ལ་སོགས་པ་རྒྱུད་སྡེ་མཐའ་ཡས་པ་གསུངས་ཟེར་བའི་བཤད་ཚུལ་དེ་མོ་ཞིག་ཡོད་པ་རེད། ཕུག་པ་ལྷུན་གྲུབ་རྒྱ་མཚོ་དེ་ཚོའི་ལུགས་ཡིན་ན་སངས་རྒྱས་མྱ་ངན་ལས་མདའ་ཁར་ཡིན་གསུངས། དེ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། འགྲེལ་ཆེན་དྲི་མེད་འོད་ན་ཐེག་པ་གསུམ་གྱི་ཆོས་རྒྱ་ཆེར་བཤད་ནས་ཟེར། དེའི་རྗེས་སུ་འབྲང་ནས་སངས་རྒྱས་པའི་ཕྱི་ལོ་ཡིན་ན་ཐེག་པ་གསུམ་གྱི་ཆོས་རྒྱ་ཆེན་པོ་བསྟན་མེད་པར་འདོད། འདི་ཐུན་མོང་བའི་སྣང་ཚུལ་ལྟར་བཤད་པ་རེད། དེ་ལྟར་འདོད་ཚུལ་མི་འདྲ་བ་གཉིས་ཡོད་ཀི
དེ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་ནམ་ཞིག་ལ་ཆོས་གསུངས་པ་རེད་ཞེ་ན། ཕུག་ལུགས་ལྟར་ན་སྤྱི་ལོ་སྔོན་གྱི༩༦༡ལོར་སྐུ་འཁྲུངས། དགུང་ལོ་ཉི་ཤུ་རྩ་དགུར་ཁབ་ཏུ་བཞུགས། དེ་ནས་ལོ་དྲུག་དཀའ་བ་སྤྱད། དགུང་ལོ་སོ་བཅུ་སོ་ལྔར་སངས་རྒྱས་པའི་ཚུལ་བསྟན། དེ་ཡང་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ལ་བསྟན་པ་རེད། དེའི་ཕྱི་ལོ་ཟླ་བ་བཅུ་གཉིས་པ་སྟེ་ཟླ་བ་གསུམ་པ་ནག་པ་ཉ། གསུམ་པའི་བཅོ་ལྔ་རེད། ནག་ཟླ་ཟེར་ན། ཉ་སྐར་བཅུ་གིས་ཀྱིས་དབང་དུ་བྱས་ནས་བརྩི་སྲོག་ཅིག་རེད། གསུམ་པར་ནག་ཟླ། བཞི་བར་ས་ག་ཟླ་བ། ལྔ་བ་སྣྲོད་ཟླ་བ། དྲུག་པ་ཆུ་སྟོད་ཟླ་བ། བདུན་པ་གྲོ་བཞིན་ཟླ་བ། བརྒྱད་པ་ཁྲུམས་སྟོད་ཟླ་བ། དགུ་བ་གཡུག་ཟླ་བའམ་ཐ་སྐར་ཟླ་བ། བཅུ་བ་སྨིན་དྲུག་ཟླ་བ། བཅུ་གཅིག་པ་མགོ་ཟླ་བ། བཅུ་གཉིས་པ་རྒྱལ་བ། ཟླ་བ་དང་པོ་མཆུ་ཟླ། ཟླ་བ་གཉིས་པ་དབོ་ཟླ་ཟེར། རྒྱུ་མཚན་གང་གི་སྒོ་ནས་མིང་བཏགས་པ་རེད་ཟེར་ན། དཔེར་ན། ནག་པ་ཟླ་བ་མཚོན་ན་དེའི་བཅོ་ལྔ་བ་ཟླ་བ་ཉ་གང་དུས་རྒྱུ་སྐར་ཉེར་བདུན་གྱི་ནང་ནས་སྐར་མ་ནག་པ་དང་མཚན་གང་བོར་འགྲོགས་ནས་ཡོད་པའི་ཟླ་བ་ཡིན་པས་ནག་ཟླ་ཟེར།
གསུང་སའི་གནས་དང་སུ་ལ་གསུང་བར་བརྗོད་པ།
དེ་ལྟར་ནག་པ་ཉ་ལ་དུས་འཁོར་གྱི་རྒྱུད་འདི་གསུངས་པ། གསུང་ས་གང་རེད་ཟེར་ན། འབྲས་སྤུངས་དཔལ་ལྡན་མཆོད་རྟེན་ཟེར་བ། དེང་སང་གནངས་ཀ་བཤད་ན། ཨ་ལགས་བྷི་ཚ་ལ་སོགས་པས་འབར་མ་ན་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་དེ་རེད་ཟེར། དེ་ཡིན་ན་འབྲས་སྤུངས་དཔལ་ལྡན་མཆོད་རྟེན་ནི། བསྐལ་བ་འདི་ལ་སངས་རྒྱས་སྟོང་འབྱུང་བའི་འཁོར་བ་འཇིག་དང་པོ། གསེར་ཐུབ་གཉིས་པ། སངས་རྒྱས་གསེར་ཐུབ་བྱོན་པའི་དུས་སུ་ས་ཆ་དེར་མུག་གེ་ཡོང་བའི་སྐབས་ཤིག་ཡིན་པས་གྲུབ་ཆེན་པ་ཞིག་གིས་འབྲས་ཀྱི་ཆར་ཕབ་ནས་སེམས་ཅན་མུག་གེ་ལས་བཟློག འབྲས་ཀྱི་ལྷག་མའམ་ཕུད་ཡར་སྤུངས་ནས་མཆོད་རྟེན་ཆེན་པོ་ཞིག་རྗེས་དྲན་གྱི་ཚུལ་དུ་བཞེངས་པས་ན་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཟེར། ཇོ་ཁང་ནང་ན་ལྡེབས་རིས་ཤིག་ཡོད། དེར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་བཞེངས་ཡོད། དེའི་ཡི་གེར་བལྟས་ན་རྒྱ་གར་དང་རྒྱ་ནག་གཉིས་ཀའི་མཚམས་འདྲེས་ས། རྒྱ་མཚོ་ནང་ནས་གྲུ་གཟེངས་བསྟེན་ཉི་མ་བཞི་བཅུར་འགྲོ་དགོས་ཟེར་ནས་གསལ་བོ་ཡོད། ཆུང་དུས་ངས་བལྟས་པ་ཡིན། གང་ལྟར་འབྲས་སྤུངས་དཔལ་ལྡན་མཆོད་རྟེན་ཟེར་བ་དེ་འབར་མའི་དེ་ཡིན་མིན་མི་ཤེས། དེ་མ་གཏོགས་འབར་མའི་དེ་རེད་ཟེར་ན་ཆུང་སོང་བས་ཚད་དང་མཐུན་གྱི་མེད་པ་འདྲ། ཡང་ལྷོ་མཐའ་ས་ཞིག་ན་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཅི་ལྟ་བ་ཞིག་ཡོད་རབས་ཟེར། ཨ་ལགས་བྷི་ཚས་དཔལ་ལྡན་མཆོད་རྟེན་རིགས་འདྲ་ཞིག་ཡིན་ཡང་དེ་མིན་ཟེར། ཡོད་ཐོག་གཅོད་རེད། ན་ནིང་ཧོ་མེ་ཕྱིས་(རྒྱ་མི་ཞིག་ཡིན་པ་འདྲ)ང་ལ་པར་ཞིག་ཁྱེར་ཡོང་ཐལ། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་འདི་མོ་ཞིག་རེད་ཟེར། ཕྱི་སྐོར་སོང་ན་ཉི་མ་གཅིག་ལ་ཐུབ་མི་ཐུབ་དེ་མོ་ཆེན་པོ་ཞིག་རེད་ཟེར།
གསུང་སའི་གནས་དེ་རེད། གསུངས་པ་བོ་སངས་རྒྱས་བཅོམ་ལྡན་འདས་རེད། ཁོང་དཔལ་དུས་ཀྱི་འཁོར་ལོའི་སྐུ་བཞེངས་ནས་གསུངས། གདུལ་བྱ་གང་ལ་གསུངས་པ་རེད་ཟེར་ན། རྒྱལ་བོ་ཟླ་བ་བཟང་བོ། འདིའི་སྐབས་སུ་བཤད་ན། བྱང་ཕྱོགས་ཤམ་བྷ་ལ་དེར་ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་ཟེར་ནས་ཡོངས་གྲགས་དེ་མོ་ཞིག་རེད། ཆོས་རྒྱལ་དང་པོ་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་བ་ཆོས་རྒྱལ་ཟླ་བ་བཟང་བོ། རྒྱུད་ཞུ་བ་བོ་ཁོང་རེད། རྒྱུད་ཞུ་བ་བོ་དང་རྒྱུད་སྡུད་པ་བོ་ཡང་ཟེར། ཁོང་ལ་རྒྱལ་ཕྲན་བྱེ་བ་དགུ་བཅུ་གོ་དྲུག་ཡོད་ནི་དེ་འདྲའི་མངའ་འབངས་ཧ་ཅང་རྒྱ་ཆེན་པོ་ཅན་ཞིག་རེད། དེའི་ཚོད་ལ་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲུག་བཅུ་གཉིས་པ་ཡང་ཟེར། འདི་གསུངས་པ་རེད།
རྒྱུད་འདི་རྒྱུད་གཞན་དང་བཤད་སྲོལ་མི་འདྲ། རྗེ་བདག་ཉིད་ཆེན་པོའི་རྟོགས་བརྗོད་མདུན་ལེགས་མའི་ནང་ན། མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད། །གསལ་བྱེད་དྲི་མ་མེད་པའི་འོད་ལ་སྦྱངས། །ཚུལ་འདི་བསམ་ཤིང་མདུན་མ་ལེགས་ནས་གདའ། །དེ་གསུངས། གཞན་ཡིན་ན་རྒྱུད་སྡེ་བཞི་ཡོད་ཀི དེ་ཡང་བྱ་རྒྱུད་སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་འདི་ལ་ཕ་རྒྱུད་མ་རྒྱུད་ཟེར་བ་གཉིས་ཡོད། ཕ་རྒྱུད་དེ་ལ་ཞེ་སྡང་ཐབས་ཀྱི་རྒྱུད། གཏི་མུག་ཐབས་ཀྱི་རྒྱུད། འདོད་ཆགས་ཐབས་ཀྱི་རྒྱུད་ཟེར་བ་ལྟ་བུ་མང་གི དེའི་ནང་གི་གཙོ་བོ་ཕ་རྒྱུད་ལ་དཔལ་བསང་བ་འདས་པའི་རྩ་རྒྱུད་དང་། མ་རྒྱུད་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་དེ་བདེ་མཆོག་གི་རྩ་རྒྱུད་རེད། དེ་དག་ཅི་རེད་ཟེར་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཤད་རྒྱུན་ཡོད་པ་རེད། བཤད་རྒྱུན་ལ་མ་བརྟེན་ན་རྩ་རྒྱུད་ཀྱི་དོན་དེ་ཅི་འདྲ་ཡིན་མིན་ལེགས་པོར་གོ་མི་ཐུབ། དུས་འཁོར་གྱི་རྒྱུད་འདི་དེ་དག་དང་མི་འདྲ་བར་བཤད་རྒྱུན་མི་དགོས། བཤད་རྒྱུན་མེད་ན་རྒྱུད་ཁོ་རང་ཤིན་ཏུ་གསལ་བས་མིང་ལ་གསལ་རྒྱུད་ཀྱང་ཟེར། རྩ་རྒྱུད་གཞན་ལ་སྦས་རྒྱུད་ཟེར། སྦས་ཟེར་ན་མི་མངོན་པའི་ཚུལ་གྱིས་སྦས་ནས་ཡོད་པ་དེ་ཡིན། དེ་འདྲའི་རྒྱུད་དེ་གསུངས་པ་རེད།
དེ་ནས་ཆོས་རྒྱལ་ཟླ་བ་བཟང་བོ་ནས་བཟུང་སྟེ་ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་བོ་འདི་ཤར་ཕྱོགས་ཤམ་བྷ་ལར་བྱོན་པ་ཡིན་ཟེར། ཤམ་བྷ་ལ་དེང་སང་ལ་ལས་གདུལ་བྱ་ཐུན་མོང་མ་ཡིན་པའི་སྣང་ངོར་གསུངས་པ་མ་གཏོགས་ཐུན་མོང་བའི་སྣང་ཚུལ་མེད་ཟེར་མཁན་ཡོད་ཀི ཨ་ལགས་ངྷི་ཚས་གླིང་ཆེན་ལྔའི་ནང་གི་ཨོ་གླིང་ཕྱི་ལ་ཟེར་བ་ཞིག་ཡོད་ཀི་དེ་རེད་ཟེར། དེ་ཡིན་པའི་རྒྱུ་མཚན་ཅི་ཟེར་ན། འཛམ་གླིང་ན་རིག་གནས་ཆེས་དར་སྔ་བ་དེ་རེད་ཟེར། དེའི་ལོ་རྒྱུས་བལྟས་ན་ཆོས་རྒྱལ་དང་རིགས་ལྡན་ཁ་ཤས་གྱི་ལོ་རྒྱུས་ཡོད་རབས་ཟེར། དངོས་མ་ཡོད་ན་དེ་ཡིན་ན་མ་གཏོགས་ད་རུང་ཤེས་ནི་མ་རེད། སྔུན་དང་འདྲ་ནི་མ་རེད། སྔུན་ཡིན་ན་ས་ཁྱོན་དང་རྒྱལ་ཕྲན་བྱེ་བ་དགུ་བཅུ་གོ་དྲུག་ཡོད་ནི་དེ་མོ་ཞིག་ཡིན་ན་རྗེས་ནས་ཇེ་ཆུང་ཇེ་ཆུང་སོང་ནས་ཐོར་སོང་བ་ལྟ་བུ། དེའི་ཐོག་ཏུ་གནས་རྒྱུ་མ་རེད། ཕལ་ཆེར་ད་ལ་ཐུག་གི་བར་དུ་ལོ་སྟོང་གསུམ་འགྲོ་ཡེ་འདུག
རྒྱ་གར་ནས་བོད་དུ་དར་བའི་ཚུལ་གསལ་བར་བརྗོད་པ།
དེའི་རྗེས་ནས་རྒྱ་གར་འཕགས་པའི་ཡུལ་དུ་དུས་འཁོར་གྱི་རྒྱུད་འདི་གསལ་བོ་མེད་ཀྱང་ཤར་ཕྱོགས་ཤམ་བྷ་ལར་ཆེ་ཆེས་དར་ཡོད་པའི་སྐབས་གང་ཞིག་ལ་ཙི་ལུ་པཎ་ཆེན་ཟེར་བའི་མཁས་པ་དང་པཎྜ་ཏ་ཆེན་པོ་ཞིག་བྱུང་། ཁོང་ཚང་གིས་སེམས་དཔས་བཀྲལ་བའི་འགྲེལ་བ་ཞིག་ཡོད་པར་དགོངས་ནས་བཙལ་བཅད། དུས་དེར་འཕགས་པའི་ཡུལ་དུ་གསལ་བོ་མེད་སོང་བས་ཤམ་བྷ་ལ་རུ་ལུས་སྲོལ་ལ་མ་བལྟས་པར་བྱོན། དེ་ཡང་བཤད་ཚུལ་གཉིས་ཡོད་དེ། ཤམ་བྷ་ལར་བྱོན་ནས་ཁོང་ཚང་གིས་དུས་འཁོར་རྒྱུད་བློར་བཟུང་ནས་ཚུར་ཕེབས་ཟེར་མཁན་གཅིག ཤམ་བྷ་ལར་བྱོན་པའི་ལམ་དུ་རིགས་ལྡན་ལ་གསོལ་བ་བཏབ་ནས་ཞལ་གཟིགས་པ་ལ་བརྟེན་ནས་དུས་འཁོར་ཆ་ལག་དང་བཅས་གནང་བ་རེད་ཟེར་མཁན་གཅིག་དང་གཉིས་ཡོད། བཤད་གཞི་གཉིས་པོ་གང་ཡིན་ན་ཁོང་ཚང་གིས་དུས་འཁོར་གྱི་རྒྱུད་འདིའི་ཆོ་ག་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པ་བསྣམས་ཡོང་ནས་རྒྱུ་གར་འཕགས་པའི་ཡུལ་དུ་དར་བར་བྱས། དར་བའི་ལོ་དྲུག་བཅུ་འགོར་བའི་རྗེས་ཏག་ཏག་ལ་དེའི་ནང་གི་ཁ་ཤས་བོད་ལ་བསྒྱུར། བོད་ལ་བསྒྱུར་བའི་ཐོག་མ་འབྲོ་ལོ་ཙྰ་བ་ཤེས་རབ་གྲགས་དང་ཁ་ཆེ་པཎྜ་ཏ་ཟླ་བ་མགོན་པོ་གདན་དྲངས་ནས་ཡོང་བས་དུས་འཁོར་གྱི་རྒྱུད་ལས་རྩ་རྒྱུད་དུམ་བུ་གཅིག་མ་གཏོགས་དབང་མདོར་བསྟན་བསྒྱུར། དེ་མིན་བསྡུས་རྒྱུད་ཀྱང་བསྒྱུར་ཡོད། བསྡུས་རྒྱུད་ཟེར་ན་དུས་འཁོར་རྩ་རྒྱུད་ལས་ཚུར་ཚིག་ཉུང་ཉུང་བྱས་ནས་བསྡུས་བཞག་པ་ཞིག་རེད། དེ་ཡང་མཇའ་དཔལ་རིགས་ལྡན་གྲགས་པས་བསྡུས། འགྲེལ་མཆན་དྲི་མེད་འོད་དང་དེ་གཉིས་ཀ་གཙོ་བོ་རེད། བཤད་ཚུལ་ལྟར་ན་འབྲོ་ལོ་ཙྰ་བ་ཤེས་རབ་གྲགས་དང་རྭ་ལོ་ཙྰ་བ་ཟེར་བའི་གསར་མའི་གྲུབ་ཐོབ་པ་ཞིག་ཡོད་པ་དེའི་དཔོན་པོ་རྭ་ཆོས་རབ་ཚང་བལ་ཡུལ་དུ་ཕེབས་ནས་པཎྜ་ཏ་སུམ་མེད་ཡེ་ཤེས་ཁོང་ཚང་བསྟེན་ནས་དུས་འཁོར་ཆ་ལག་དང་བཅས་པ་བསྒྱུར་བ་རེད། དེང་སང་གནངས་ཀ་གྲགས་ཆེ་བ་ནི་འབྲོ་ལུགས་རྭ་ལུགས་ཟེར་བ་དེ་གཉིས་ཀ་གཙོ་བོ་རེད། བཤད་སྲོལ་ལྟར་ན་དུས་འཁོར་གྱི་རྒྱུད་འདི་རིམ་པས་པཎྜ་ཏ་དང་ལོ་ཙྰ་བ་ཉི་ཤུ་རྩ་ལྔས་བསྒྱར་ཟེར་བའི་བཤད་སྲོལ་དེ་མོ་ཡོད། རྩ་ལྔ་བོ་གང་གང་རེད་ཟེར་ན་གསལ་བོ་བགྲང་མེད་ཀི དེ་བསྒྱུར་བ་དང་ལྷན་དུ་རྩིས་འདི་བསྒྱུར་བ་རེད།
དུས་འཁོར་གྱི་རྒྱུད་འགྲེལ་སོགས་ཇི་ལྟར་བྱུང་བའི་སྐོར་གསལ་བོར་བརྗོད་པ།
རྩིས་འདི་ཅི་ཞེ་ན། དཔལ་དུས་གྱི་འཁོར་ལོར་བླ་མེད་ཀྱི་རྒྱུད་དང་སྦྱང་གཞི་མ་དག་པའི་སྣོད་བཅུད་གཉིས་འདུས་ཡོད་པ་རེད། འདིའི་སྦྱང་གཞི་སྣོད་བཅུད་ཡིན་པས་སྦྱོང་བྱེད་ལམ་གྱི་རིམ་པ་དེ་ལ་ལམ་དུས་ཀྱི་འཁོར་ལོ་དང་འབྲས་དུས་ཀྱི་འཁོར་ལོ་གཉིད་ཡོད། སྦྱང་གཞི་སྣོད་བཅུད་ཟེར་བའི་སྣོད་དང་བཅུད་ཁ་ཁ་འདུག མ་དག་པའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་བཅུད་ཀྱི་སེམས་ཅན་ལྟ་སྲོལ། དེ་མིན་གཟའ་དང་སྐར་མ། ཁྱིམ་བཅུ་གཉིས། དུས་སྦྱོར་ལ་སོགས་པའི་ཕྱིའི་གཟའ་སྐར་ལ་སོགས་པ་མ་ངེས་ན། དུས་འཁོར་སྒྲུབ་པ་བོའི་རྣོལ་འབྱོར་བས་རང་གི་ནང་གི་རྩ་རླུང་ཐིག་ལེ་ལ་སོགས་པའི་ཁམས་སོགས་ཇི་ལྟ་བ་བཞིན་ངེས་མི་ཐུབ། དེའི་རྒྱུ་མཚན་གྱིས་ཕྱིའི་གཟའ་དང་སྐར་མ། ཁྱིམ་བཅུ་གཉིས་ལ་སོགས་པ་ཐོག་མར་ངེས་སུ་བཅུག་དགོས། དེ་ངེས་ན་ད་གཟོད་རང་གི་ནང་གི་རྡོ་རྗེ་ལུས་ཀྱི་རྩ་ཐིག་རླུང་གསུམ་ཆགས་ཚུལ་གནས་ཚུལ་རྒྱུ་ཚུལ་སོགས་ཇི་ལྟ་བ་བཞིན་ངེས་ཐུབ་ནི་དེ་མོ་རེད། སྦྱང་གཞི་གཏན་ལ་ཕབ་པ་རེད། རྒྱུད་སྡེ་གཞན་པར་སྦྱང་གཞི་བཤད་པར་འདྲ་འདྲ་རེད། ཡིན་ནའང་མ་དག་པའི་སྣོད་བཅུད་དེ་རི་མོའི་སྒོ་ནས་གཏན་ལ་ཕབ་པ་ནི་དུས་འཁོར་མ་གཏོགས་མེད། དུས་འཁོར་གྱིས་མ་དག་པའི་སྦྱང་གཞི་རི་མོས་སྒོ་ནས་གཏན་ལ་ཕབས་ནས་གསལ་བོ་བསྟན་པས་རྒྱུད་གཞན་དང་མི་འདྲ་བའི་ཁྱད་པར་ཅན་དེ་མོ་ཞིག་རེད། ནང་སྦྱར་ན་ཁྱིམ་བཅུ་གཉིས་ཀྱི་རྩ་ཟེར་བ་དེ་མོ་མང་ནི་རེད། ཕྱི་ལ་སྦྱར་ན་གཟའ་བཅུའམ་དགུ ཕྱི་ནང་གཉིས་ཀར་སྦྱོར་རྒྱུ་ཡོད།
དུས་འཁོར་རྩ་རྒྱུད་རང་ལ་ལེའུ་ལྔ་ཡོད་དེ། ལེའུ་དང་པོ། ཕྱིའི་སྣོད་ཀྱི་འཇིག་རྟེན་གྱི་རྣམ་བཞག་སྟོན་པས་དེ་ལ་ཁམས་གནས་ཟེར། ལེའུ་གཉིས་པ། ནང་བཅུད་ཀྱི་སེམས་ཅན་གྱི་རྣམ་བཞག་སྟོན་པས་དེ་ལ་ནང་གནས་ཟེར། དེ་གཉིས་ཀ་སྦྱང་གཞི་ཡིན་པས་སྦྱོང་བྱེད་སྣོད་རུང་དུ་བྱེད་དགོས་ཕྱིར་ལེའུ་གསུམ་པ་ལ་དབང་མདོར་བསྟན་ཟེར། དེ་ནས་སྣོད་རུང་དུ་བྱས་ནས་ལམ་སྒོམ་དགོས་པས་ལམ་དེ་མདོར་བསྡུས་ན་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཡོད་པའི་ནང་གི་དང་པོ། བསྐྱེད་རིམ་སྟོན་པས་གྲུབ་པའི་ལེའུ་ཟེར། ལེའུ་ལྔ་བར་རྫོགས་རིམ་སྟོན་པས་ཡེ་ཤེས་ཀྱི་ལེའུ་ཟེར། དེ་ལྟར་དུས་འཁོར་རྩ་རྒྱུད་ལེའུ་ལྔ་དང་བསྡུས་རྒྱུད་ལེའུ་ལྔ། དེ་བཞིན་དུ་འགྲེལ་ཆེན་དྲི་མེད་འོད་ལེའུ་ལྔ་ཡོད། ཕྱི་ནང་གཉིས་ཀ་སྦྱང་གཞི་བྱས་ནས་དེ་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་དེ་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས། དེ་ལ་སྨིན་བྱེད་གྱི་ལམ་རྫོགས་རིམ་དང་། གྲོལ་བྱེད་ཀྱི་ལམ་བསྐྱེད་རིམ་ཟེར། དེ་ནས་འབྲས་བུ་གཞན་དུས་ཀྱི་འཁོར་ལོ་ཐོབ་པ་སོགས་གཞན་དང་ཐུན་མོང་མ་ཡིན་པ་ཞིག་རེད། རང་སྐར་རྩིས་ཙམ་མ་རེད། སྐར་རྩིས་ཙམ་ཡིན་ན་མང་བོ་ཡོད་ཀྱང་དེ་དག་འདི་ལྟར་སྦྱང་གཞི་དང་སྦྱོང་བྱེད་ཕན་ཚུན་སྦྱོར་རྒྱུ་མ་རེད། དེ་ལྟར་ཕྱིའི་སྣོད་ཀྱི་འཇིག་རྟེན་འདི་བཤད་དུས་རྩིས་ཀྱི་སྐོར་འདི་བྱུང་བ་རེད།
དེ་ནས་བོད་ལ་བྱུང་བ་ནས་བཟུང་སྟེ་རབ་བྱུང་གི་མགོ་འཚུགས་པ་རེད། སྤྱི་ལོ་དབང་དུ་བྱས་ནས་བཤད་ན་མང་ཆེ་བར་རྒྱས་ཡོད་པ་དང་ངེས་ཆ་ཡོད་པ་དེ་མོ་ཞིག་རེད། དེས་མ་བཤད་ན་མི་གོ་བ་ལྟ་བུར་ཆགས་འདུག དེ་ཡིན་ན་སྤྱི་ལོ་སྟོང་གཅིག་ཉི་ཤུ་རྩ་བདུན་ལོ་ནས་བཟུང་དུས་འཁོར་འདི་བོད་དུ་བྱུང་བའམ་མགོ་བཟུང་བ། རབ་བྱུང་གི་འགོ་བཟུང་། སྤྱི་ལོ་སྟོང་གཅིག་ཉི་ཤུ་རྩ་བདུན་གྱི་ལོ་དེའི་མིང་ལ་འབྱུང་རྩིས་ལྟར་ན་མེ་ཡོས་ཟེར། ( འབྱུང་རྩིས་འདི་རྒྱ་ནག་ནས་ཡར་བསྒྱུར་བ་ཞིག་རེད། ) དེ་བོད་སྐད་དུ་བཤད་ན་ཁམས་མེ་ཡིན་པས་མེ་ཡོས་ལོ་ཟེར། དེ་དང་ཕྱག་སྟོང་སྟོད་འགྲེལ་གྱི་ལུགས་ཀྱི་རབ་བྱུང་གཉིས་ཀ་དོན་གཅིག་ཡིན། ཕྱག་སྟོང་སྟོད་འགྲེལ་དུ་ལོ་རྒན་དྲུག་བཅུ་བརྩི་ལུགས་ཤིག་ཡོད། དེ་ཇི་ལྟར་རྩིས་པ་ཡིན་ཟེར་ན། རབ་བྱུང་རྣམ་བྱུང་དཀར་བོ་ཟེར་ནས་དྲུག་ཅུ་ཐམ་པ་བརྩི་རྒྱུ་ཡོད་ཀི དེའི་ནང་གི་རབ་བྱུང་ཟེར་བ་ལོ་ཞིག་གི་མིང་རེད། དེར་མ་ཟད་རབ་བྱུང་དང་མེ་ཡོས་གཉིས་ཀ་དོན་གཅིག་ཡིན་པས་འབྱུང་རྩིས་ལུགས་ལ་མེ་ཡོས་དང་ཕྱག་སྟོང་སྟོད་འགྲེལ་ལུགས་ལ་རབ་བྱུང་ཟེར།
དེ་ཡིན་ན་ཕྱག་སྟོང་སྟོད་འགྲེལ་ཇི་ལྟར་བྱུང་བའི་སྐོར་བཤད་དགོས། དུས་འཁོར་གྱི་སྐོར་འདི་ལ་སེམས་འབྲས་སྐོར་གསུམ་ཟེར་ནས་གྲགས་ཆེ་བ་དེ་མོ་ཞིག་གི་གསུམ་ཡོད་པ་རེད། ཕྱག་སྟོང་སྟོད་འགྲེལ་ནི་དཔལ་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་གི་རྩ་རྒྱུད་ཀྱི་ལེའུ་དང་པོའི་འགྲེལ་བ་རེད། དེ་དུས་འཁོར་གྱི་ལྟ་བ་ཇི་བཞིན་འགྲེལ་ཡོད་པ་ཞིག་རེད། དེའི་མིང་ལ་ཕྱག་སྟོང་སྟོད་འགྲེལ་ཟེར། དེའི་ནང་ན་ལོ་རྒན་དྲུག་བཅུའི་བརྩི་ཚུལ་ཡོད་པ་རེད། སྟོད་ཟེར་བ་རྩ་རྒྱུད་ཀྱི་ལེའུ་སྟོད་ཀྱི་འགྲེལ་བ་ཡིན་པས་སྟོད་འགྲེལ་ཟེར། མཛད་པ་བོ་རྒྱལ་སྲས་ཕྱག་ན་རྡོ་རྗེ་ཡིན། རྡོ་རྗེ་སྙིང་འགྲེལ་ཟེར་ན་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་བོས་འགྲེལ་བ་མཛད་པ་ཞིག་རེད། གང་གི་འགྲེལ་བ་མཛད་པ་རེད་ཟེར་ན། ཀྱེེ་རྡོར་གྱི་རྒྱུད་བརྟགས་གཉིས་རེད། རྟོག་པ་དང་པོར་ལེའུ་བཅུ་ཐམ་པ། རྟོག་པ་གཉིས་པར་ལེའུ་བཅུ་ཐམ་པ། ཕར་ཚུར་ལེའུ་ཉི་ཤུ་ཡོད་ནི་དེ་མོ་ཞིག་རེད། དེ་འགྲེལ་བ་མཛད་པ་དེ་ལ་རྡོ་རྗེ་སྙིང་འགྲེལ་ཟེར། གྲུབ་མཐའི་ནང་ན། སངས་རྒྱས་པ་ལ་བཞི་བ་མེད། །ལྔ་བ་ཐུབ་པའི་དགོངས་པ་མིན། །ཟེར་བ་དེའང་རྡོ་རྗེ་སྙིང་འགྲེལ་ནང་གི་རེད། འགྲེལ་བ་གནང་སའི་གཞི་ཀྱེེ་རྡོར་གྱི་རྩ་རྒྱུད་ཡིན་ནའང་དུས་འཁོར་ལུགས་ཇི་ལྟ་བ་བཞིན་འགྲེལ་བཞག་པ་ཞིག་རེད། དེ་བཞིན་འགྲེལ་ཆེན་དྲི་མེད་འོད་རིགས་ལྡན་གཉིས་པ་རིགས་ལྡན་པད་མ་དཀར་བོས་མཛད་པ་རེད། དེ་ཡང་བསྡུས་རྒྱུད་ཀྱི་འགྲེལ་བའམ་རྣམ་བཤད་རེད། དེ་དུས་འཁོར་གྱི་ལུགས་ཡིན་པ་བཤད་མ་དགོས་པ་རེད། ད་སེམས་འབྲས་སྐོར་བགྲང་ན་ཕྱག་སྟོང་སྟོད་འགྲེལ། རྡོ་རྗེ་སྙིང་འགྲེལ། འགྲེལ་ཆེན་དྲི་མེད་འོད་དེ་གསུམ་པོ་ཡིན་ནི་རེད། འོན་ཏེ་ཀུན་མཁྱེན་འཇིགས་མེད་དབང་བོའི་ཆོས་ཀྱི་རྣམ་གྲངས་དེའི་ནང་ན་ཕྱག་སྟོང་སྟོད་འགྲེལ། རྡོ་རྗེ་སྙིང་འགྲེལ་གཉིས་བགྲངས་ཡོད་ཀི གཞན་ན་རོའི་འགྲེལ་ཆེན་བགྲངས་ཡོད་ཀི པཎ་ཆེན་ན་རོ་བའི་འགྲེལ་ཆེན་ནི་གསང་འདུས་ཀྱི་རྒྱུད་ཕྱི་མའི་འགྲེལ་བ་རེད། དབང་མདོར་བསྟན་གྱི་འགྲེལ་བའང་ཟེར། དེ་དུས་འཁོར་ལུགས་བཞིན་འགྲེལ་ཡོད་ནི་ཞིག་རེད། དེ་བགྲངས་ཡོད་ཀི ཨ་ཀྱྰ་ཡོངས་འཛིན་ཚང་སོགས་ཀྱིས་དེ་བགྲང་མེད།
དེའི་ནང་གི་ཕྱག་སྟོང་སྟོད་འགྲེལ་ནང་ན་ལོ་རྒན་དྲུག་བཅུ་བརྩིས་ཡོད་པ་དེ་རེད། དེང་སང་གནངས་ཀ་རྒྱའི་སྐར་རྩིས་ལ་མཁས་པ་དེ་འདྲས་བོད་ལ་ལོ་རྒན་དྲུག་བཅུའི་བརྩི་སྲོལ་མེད་ཟེར་གྱིན་འདུག དེ་མ་རེད། ཕྱག་སྟོང་སྟོད་འགྲེལ་ནང་གི་དེས་ཤེས་ཐུབ། རབ་བྱུང་ལོ་དེ་ནས་བཙུགས། དེ་ནས་ད་ལ་ཐུག་གི་བར་དུ་ཇི་ཙམ་སོང་འདུག ད་ལོར་རབ་བྱུང་བཅུ་བདུན་པའི་ས་སྤྲེལ་ལོ་རེད། ལོ་ཇི་ཙམ་རེད་ཟེར་ན། དགུ་བརྒྱ་དང་དྲུག་བཅུ་རེ་གསུམ་རེད། ད་ལོའི་ལོ་འདི་རྩིས་ན་དྲུག་བཅུ་རེ་གསུམ་རེད། དེ་ནས་བཟུང་སྟེ་དུས་འཁོར་གྱི་རྒྱུད་འདི་དར་བ་དང་དུས་མཉམ་དུ་སྐར་རྩིས་འདི་ཧ་ཅང་དར་བ་རེད། དར་ནའང་ལག་ལེན་ཆ་ཚང་བ་དེ་མོ་མ་ཡོང་ཟིག ལག་ལེན་ཆ་ཚང་བ་སྟབས་བདེ་བ་ཞིག་དུས་ནམ་ཞིག་ལ་བྱུང་ཞེ་ན། བུ་སྟོན་ཐམས་ཅད་མཁྱེན་པ་བྱོན་ནས་ཁོང་ཚང་གིས་སྤྱིར་བཏང་གི་རྩིས་ཀྱི་སྐོར་རེད། ཁྱད་པར་དུ་དུས་འཁོར་ལུགས་ཀྱི་སྐར་རྩིས་ལག་ལེན་དང་སྟབས་བདེ་མོ། ཆ་ཚང་བ་དེ་ནས་བཟུང་དར། དེ་ནས་ཇེ་དར་ནས་ཇེ་དར་ལ་སོང་། བཤད་རྒྱུན་ལ་བུ་སྟོན་ཐམས་ཅད་མཁྱེན་པའི་ས་ཐེར་བཅུ་གསུམ་ཟད་སོང་ཟེར། བཤད་རྒྱུན་ན་དེ་མོ་ཡོད་ཀྱང་རྣམ་ཐར་ན་མི་གསལ། གང་ལྟར་རྩིས་ཀྱི་གཞུང་འདི་ཁོང་ཚང་གིས་ཧ་ཅང་སྤེལ་བ་རེད། དེ་མིན་ཁོང་གིས་རྩིས་ཀྱི་སྐོར་ལ་བསྟན་བཅོས་མཛད་པ་མཁས་པ་དགའ་བྱེད། དེང་སང་དཔར་དུ་བཏབ་ཡོད་ཀི དེ་ནས་རྗེས་སུ་རྗེ་བདག་ཉིད་ཆེན་པོ་བྱོན་ནས་རང་གི་སྲས་ཀྱི་ཐོ་བོ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་དུས་འཁོར་ཊྰཀ་ཆེན་དེ་ཉིད་སྣང་བ་མཛད། དེ་ལ་པོད་བཞི་ཡོད། དང་པོ་གཉིས་ཁོང་རང་གིས་དངོས་སུ་མཛད། ཕྱི་མ་གཉིས་པོ་ཁོང་ཚང་གི་དངོས་སློབ་ཞང་བྱུང་ཆོས་དབང་གྲགས་པ་དང་བློ་གྲོས་ཆོས་སྐྱོང་གཉིས་ཀྱིས་ཁ་སྐོང་བ་དེ་མོ་ཞིག་རེད། དེའི་ནང་ན་ཕྱིའི་དུས་ཀྱི་འཁོར་ལོ་གཏན་ལ་ཕབ་དུས་ན་རྩིས་ཀྱི་གཞུང་འདི་གསལ་བོ་གསུངས།
རྒྱ་མཚོ་རྣམ་གསུམ་གྱི་མཛད་པ་སྤྱི་ཙམ་བརྗོད་པ།
དེའི་རྗེས་ནས་བོད་ལ་རྒྱ་མཚོ་རྣམ་གསུམ་ཟེར་བའི་ཡོངས་སུ་གྲགས་པ་གསུམ་བྱོན། རྗེ་བདག་ཉིད་ཆེན་པོ་དང་ཕལ་ཆེར་དུས་མཉམ་རེད་ཟེར་ན་ཆོག་གི རྒྱ་མཚོ་རྣམ་གསུམ་གང་གང་ཞེ་ན། གཙང་དྲག་ཆོས་གྲགས་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་དེ་གསུམ་པོ་རེད། དེ་གསུམ་པོ་རྗེ་བདག་ཉིད་ཆེན་པོའི་སློབ་མ་འཁོར་དག་པ་རྣམ་བརྒྱད་ནང་ན་དབུས་པ་བཞི་དང་། མདོ་ཁམས་པ་བཞི་ཡོད་པ་རེད། དབུས་པ་བཞི་བོའི་ནང་ན་གནས་བརྟན་བཟང་སྐྱོང་དམ་འོལ་ཁ་བ། ཡང་ན་འོལ་ཁ་ཉི་མ་ལུང་གི་གནས་བརྟན་བཟང་སྐྱོང་འདི་བ་ཚང་གི་སློབ་མ་རེད། རྗེ་བདག་ཉིད་ཆེན་པོའི་སློབ་མའི་སློབ་མ་ཡིན་ཡང་གཙང་དྲག་ཆོས་གྲགས་རྒྱ་མཚོ་འདིས་རྗེ་རིན་པོ་ཆེའི་རིང་ལུགས་འཐད་ལྡན་དུ་འཛིན་པ་མིན་ཟེར། དེ་གང་ཡིན་ཞེ་ན། ཁོང(གཙང་དྲག་ཆོས་གྲགས་རྒྱ་མཚོ)ཚང་གིས་བཟང་སྤྱོད་ཀྱི་འགྲེལ་བ་ཞིག་མཛད་ཡོད་པ་རེད། དེའི་ནང་ན་རྗེ་བདག་ཉིད་ཆེན་པོར་ཙ་གེ་ཙག་གེར་ཟུར་ས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་རྗེ་རིན་པོ་ཆེའི་རིང་ལུགས་འཐད་ལྡན་འཛིན་ནི་ཞིག་མ་རེད་ཟེར། དེ་ཀློང་རྡོལ་བླ་མ་རིན་པོ་ཆེ་ཚང་གིས་གསུངས། འོན་ཏེ་ཚིག་དེ་གསལ་བོ་དྲན་གྱིན་མི་འདུག གཙང་དྲག་ཆོས་གྲགས་རྒྱ་མཚོའི་སློབ་མ་མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་ཕུག་པ་ལྷུན་གྲུབ་རྒྱ་མཚོ་གཉིས་ཀ་རེད། དེ་ནས་ཕུག་པ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་མཛད། དེ་ལ་མཁས་གྲུབ་ནོར་བཟང་རྒྱ་མཚོས་པད་དཀར་ཞལ་ལུང་གི་ལྷན་ཐབས་དྲི་མེད་འོད་ཆེན་དེ་མོ་བསྟན་བཅོས་མང་བོ་མཛད། རྩིས་ཀྱི་སྐོར་འདི་ཧ་ཅང་གསལ་བོ། གོ་བདེ་བ། སྟབས་བདེ་བ། ཞག་གསུམ་སྟོང་འཇུག་ལ་སོགས་པ་རེའུ་མིག་རྒྱ་མཚོ་སྤེལ་ཚུལ་ལ་སོགས་ཆེ་ཆེས་གསལ་བར་མཛད་པ་རེད། དེ་ཡིན་པས་རྒྱུ་མཚན་གྱིས་རྩིས་ཀྱི་སྐོར་འདི་ལ་རྒྱ་མཚོ་རྣམ་གསུམ་ཟེར་ན། དེང་སང་གནངས་ཀ་བཤད་ན་ཕུག་ལུགས་ཕུག་ལུགས་ཟེར། རྩིས་ཀྱི་སྐོར་ལ་ཁོང་རྣམ་པ་ཚོ་བཀའ་དྲིན་ཤིན་ཏུ་ཆེ། དེ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེེ་དཀར་མ་བུ་གཉིས། བེེ་དཀར་ནང་ན་དཀར་རྩིས་སྐོར་འདི་ཡོད་པ་ཙམ་ལས་ནག་རྩིས་རྒྱས། ཡིན་ནའང་གྲགས་ཆེ་ནི་དེ་མོ་རེད། དེ་ནས་གྲུབ་མཐའ་སོ་སོ་སྟེ་ས་སྐྱ་བ་དང་བཀའ་བརྒྱུད་པ་མཚོན་པའི་སོ་སོར་ཤིན་ཏུ་དར།
མདོ་སྨད་ཕྱོགས་སུ་ཇི་ལྟར་དར་བའི་ཚུལ་ཅུང་ཙམ་བརྗོད་པ།
མདོ་སྨད་འདི་ཕྱོགས་ས་བཤད་ན། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་དགའ་ལྡན་རྩིས་གསར་མཛད་ནི་རེད། རི་བོ་དགེ་ལུགས་པའི་ཕྱོགས་ལ་ལག་ལེན་རྣམ་པར་དག་པ། ཆ་ཚང་བ་དེ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་དགའ་ལྡན་རྩིས་གསར་འདི་རེད། མཇལ་དཔལ་རྩ་རྒྱུད་ན་དགའ་ལྡན་རྩིས་གསར་གསུང་རྒྱུའི་ལུང་བསྟན་ཡོད་པར་གསུངས། དེ་ནས་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་མཁས་པའི་སྙིང་ནོར། དེ་མིན་གོ་ཤྲི་མི་འགྱུར་རྡོ་རྗེའི་གཡའ་སེལ་སྒྲོན་མེ་དེ་སོགས་རིམ་པར་མཛད་ནས་ཆེ་ཆེར་དར། དེ་རབ་བྱུང་བཅུ་གསུམ་པའི་ཐད་རེད། རབ་བྱུང་བཅུ་བཞི་བའི་ནང་ཤིང་གཟའ་པཎྜ་ཏའི་ཕྱག་མཛོད་གསུང་རབ་ཀྱིས་རིགས་ལྡན་སྙིང་གི་ཐིག་ལེ། རྩོམ་པ་བོའི་ཆ་ནས་ཕྱག་མཛོད་གསུང་རབ་ཕྱག་མཛོད་གསུང་རབ་ཟེར། ཕྱག་མཛོད་གསུང་རབ་ཟེར་བ་འདིའང་རྩིས་ཀྱི་སྐོར་གོ་བདེ་བ་ཆ་ཚང་བ་དེ་མོ་རེད།
དེ་ནས་བླ་བྲང་མཚོན་ན། བྲག་དགོན་པ་བསྟན་པ་རབ་རྒྱས་ཚང་གིས་རིགས་ལྡན་མཆོད་པའི་འོད་སྣང་བརྩམས། བླ་བྲང་ན་དཔར་མེད་མོད་ཤིས་ཚང་སྒར་སར་ན་ད་ལྟ་དཔར་ཡོད། དེ་ཡིན་བཏང་ན་ངའི་སྐར་རྩིས་ཀུན་བཏུས་ནོར་བུ་འདི་གང་ཡིན་ཟེར་ན། འདིའི་ནང་ཕར་ཚུར་རྩིས་འགོ་བརྒྱད་བཏང་ཡོད། རྩིས་འགོ་བརྒྱད་ཀྱི་ནང་གི་དེང་སང་ཕུག་ལུགས་དེ་གྲགས་ཆེ། ལྷ་ས་དང་མདོ་སྨད་གང་ཡིན་ན་ལོ་ཐོ་ཕུལ་གྱིན་ཡོད་ཀི ཕུག་ལུགས་ཕུལ་གྱིན་ཡོད་པས་དེ་གྲགས་ཆེ། འོན་ཏེ་དེ་ལྟར་ནང་བཞིན་བྲིས་ན་མི་འགྲིག་པ་ཡོད་པ་མ་རེད། ཡང་གཟའ་འཛིན་ཟླ་འཛིན་ཐད་དུ་དུས་ཚོད་མི་འགྲིག་ནི་འདྲ་འདྲ། འཛིན་ཆ་མི་འགྲིག་ནི་འདྲ་འདྲ་ཅུང་ཙམ་སྐྱོན་ཡོད། དེའི་སྟབས་ཀྱིས་མཁས་པའི་སྙིང་ནོར། དགའ་ལྡན་རྩིས་གསར། གཡའ་སེལ་སྒྲོན་མེ། བྱེད་མཐུན། དགའ་རྩིས་སོགས་ལུགས་སོ་སོ་བྱས་ནས་བྲིས་པ་ཡིན། དེ་ཡང་ཉི་འཛིན་ཟླ་འཛིན་སོགས་མཐུན་དུ་བཅུག་རྒྱུའི་ཆེད་དུ་ཡིན། སྐར་རྩིས་ཀུན་བདུས་ནོར་བུ་འདིའི་ནང་ན་བྲིས་ཡོད་པ་ནི་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་མཁས་པའི་སྙིང་ནོར། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་པའི་དགའ་ལྡན་རྩིས་གསར། གོ་ཤྲི་འགྱུར་མེད་རྡོ་རྗེའི་གཡའ་སེལ་སྒྲོན་མེ། གཡའ་སེལ་སྒྲོན་མེ་ལ་སྔ་གཞུག་གཉིས་ཡོད། ཁོང་ཚང་གིས་སྔར་ཞིག་ལ་བརྩམས་ནས་ལོ་བཞི་ཡས་མས་སུ་དགའ་ལྡན་རྩིས་གསར་དང་མཐུན་པ་ཞིག་ཀྱང་མཛད་ཡོད། སྔར་གསུངས་པ་དེ་དགའ་ལྡན་རྩིས་གསར་དང་མི་མཐུན་ནི་དེ་མོ་ཞིག་ཡིན། དེ་ནས་བློ་བཟང་ལྷུན་གྲུབ་རྡོ་རྗེའི་ཞུན་རྩིས་སམ་དགའ་རྩིས་བཅས་ཕར་ཚུར་རྩིས་འགོ་མི་འདྲ་བ་བརྒྱད་སྤེལ་ཡོད། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། དམ་པ་ཁོ་ཚོའི་རང་རང་གི་འདོད་པ་བཙལ་དགོས་ན་དཔེ་ཆ་མང་བོ་དགོས་པས་ཚེགས་ཆེ་བ་དེ་མོ་རེད། དཔེ་ཆ་ལག་ཏུ་རག་མི་རག་ཅི་རིགས། དེའི་འཕྲོར་ཚེགས་ཆེན་པོ། རང་རང་གི་ཁྱད་ཆོས་བཙལ་ན་དཀའ་མོ་ཞིག་རེད། མཉམ་གཅིག་ཏུ་བསྡུས་བཞག་ན་ཁྱད་པར་ལེགས་པར་རྟོགས་འགྲོ ཕྱོགས་གཅིག་ཏུ་བསྡུས་པའི་དགོས་པ་རྒྱུ་མཚན་དེ་ཡིན།
རྩིས་ཀྱིས་མཚོན་པའི་ལྔ་རིག་གི་གནས་བབས་བརྗོད་པ།

སྐར་རྩིས་ཀུན་འདུས་ནོར་བུ་འདི་པེ་ཅིན་ནས་དཔར་བསྐྲུན་བྱེད་རྩིས་ཡོད། པེ་ཅིན་ནས་དཔར་བཏབ་ན་ཡག་པ་ཡོང་གི རེའུ་མིག་རྒྱ་མཚོ། ཆུ་མིག་ཀླུ་མཚོ། མཁས་པའི་སྙིང་ནོར་ལས་བྱུང་བའི་རེའུ་མིག་གལ་འགངས་ཆེ་བ་མང་བོ་བསྣན་ནས་ཕར་ཚུར་བྱས་ན་དཔེ་ཆ་སྣ་རིང་ཡིན་ན་ཤོག་གུ་སྟོང་ཡོད་ནི་དེ་མོ་རེད། དེ་དེབ་གཅིག་བྱས་ན་མང་འགྲོ་བས་སྟོད་སྨད་ཀྱི་ཆ་བྱས་ནས་དཔར་གྱིན་ཡོད། དེ་དཔར་བཏང་ན་དགོས་མཁོ་སྐུང་ཐུབ་ཀི དེ་མ་གཏོགས་སྔར་འདིའི་རིགས་དཔར་མ་མྱོང་ཟིག དེང་སང་རིག་གནས་དར་རྒྱས་ཆེ་ནའང་རྩིས་ཀྱི་སྐོར་འདི་ཧ་ཅང་ཉུང་གི སྔར་ཡིན་ན་དགོན་པ་སོ་སོ་ན་རྩིས་ཀྱི་ལག་ལེན་དར་ཡོད་ནི་རེད། བླ་བྲང་དགོན་པ་ན་མཚོན་ན། ཀྱེེ་རྡོར་གྲྭ་ཚང་ཡིན་ན་རྒྱ་ནག་གི་ལོ་ཐོ་དང་། དུས་འཁོར་གྲྭ་ཚང་ཡིན་ན་བོད་རྩིས་ཀྱི་ལོ་ཐོ་རེ་ཕུལ་ནི་དེ་མོ་རེད། ལྷ་སའི་སྨན་རྩིས་ཁང་ན་ལོ་རེ་བཞིན་ཕུལ་གྱིན་ཡོད་པ་དེ་རེད། གང་ལྟར་ལག་ལེན་དར་ཁྱབ་ཆེན་པོ་རེད། ད་སྐབས་ཡིན་ན་དགོན་པ་སོ་སོ་ན་སྔ་མ་ནང་བཞིན་སྦྱོང་ནི་དཀོན་མོ་འདུག སློབ་གྲྭ་སོ་སོ་ཡིན་ན་སྦྱོང་རྒྱུའི་འགོ་ཚུགས་པའི་སྒང་རེད། དེ་ཡིན་པས་དཔེ་ཆ་ཧ་ཅང་དཀོན་མོ་རེད། ཅིག་ལ་ཁྲིད་ཟེར་ན་དཔེ་ཆ་མི་རག་ནི་དེ་མོ་རེད། བཙལ་ན་སྟབས་མི་བདེ་ནི་འདྲ་འདྲ་དེ་མོ་རེད། ཡིན་ནའང་དེང་སང་ཀུན་གྱིས་བཤད་ན་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད། མི་ཉམས་པ་གོང་འཕེལ་དུ་གཏོང་རྒྱུའི་ཆེད་དུ་ཐམས་ཅད་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།
དེ་ན་བོད་ཀྱི་རིག་གནས་གང་གང་དར་བ་རེད་ཟེར་ན། ཆེ་བ་ལྔ་དང་ཆུང་བ་ལྔ་ཟེར་ནས་ཚང་མའི་ཁ་ན་རླུང་ལྟར་གྲགས་ཀྱིན་ཡོད། རིག་པའི་གནས་ལྔ་དག་ལ་བརྩོན་པ་བྱས་ན། །འཕགས་མཆོག་གིས་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་ཕྱིར། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེར་བརྩོན་བྱ། །འདིའི་སྐབས་ཆེ་བ་ལྔ་བོ་གསུངས། དེ་གང་ཞེ་ན། རྒོལ་བ་ཚར་གཅོད་པའི་ཕྱིར་དུ་སྒྲ་རིག་པ་དང་ཚད་མ་རིག་པ། སྐལ་ལྡན་རྗེས་སུ་འཛིན་པའི་ཡན་ལག་ཏུ་བཟོ་དང་གསོ་བ་རིག་པ། བདག་ཉིད་ཀུན་ཤེས་པར་བྱ་བའི་ཕྱིར་དུ་ནང་དོན་སྡེ་སྣོད་རིག་པ་ཟེར། དེང་སང་གནངས་ཀ་དེ་ཆོས་ལུགས་རེད། རིག་གནས་མིན་པའི་སྐོར་ཡོད་ཀི་ཟེར། ཆོས་ལུགས་ཟེར་ན་ལུང་སྡེ་སྣོད་གསུམ་ཟེར་ནས་སྡེ་སྣོད་གསུམ་པོ་རིག་གནས་ཆེ་བ་ལྔའི་ནང་གི་གཙོ་བོ་ཞིག་རེད། དེ་རིག་གནས་མིན་པར་རྩིས་ནས་རིག་གནས་ཟེར་བ་དེའི་ཟུར་ཞིག་ཏུ་ཡོད་པར་འཛིན་མཁན་འདུག རིག་གནས་དགོས་མཁོ་ཡོད་ཀྱང་ཆོས་ལུགས་མི་དགོས་ཟེར་ནི་མི་ཁ་ཤས་དང་ཉུང་ཤས་ཡོད་པ་རེད། ཡིན་ནའང་དེ་མ་རེད། སྡེ་སྣོད་གསུམ་པོ་འདི་རིག་གནས་ནང་གི་རིག་གནས་གཙོ་བོ་རེད། སྡེ་སྣོད་གསུམ་པོའི་ནང་ན་ཅི་ཡོད་ཞེ་ན། རིག་གནས་ལྔ་བོ་ཡོད། ཡོད་པ་གུང་ཐང་བསྟན་པའི་སྒྲོན་མེ་ཚང་གི་འདུལ་སྡོམ་ནང་ན། སྡེ་སྣོད་གསུམ་གྱིས་བསྡུས་པའི་ལྔ་ཡོད་ཕྱིར། །དེ་གསུངས། དེང་སང་གནངས་ཀ་དཔེ་ཆ་སྦྱོང་བ་རིག་གནས་སྦྱོང་བ་ཁ་ཁ་བྱེད་བཞིན་འདུག ཡང་ཕྱི་ནང་ཐུན་མོང་གི་རིག་གནས་ཡོད་པ་རེད། ཐུན་མོང་མ་ཡིན་པའི་རིག་གནས་ལྔ་ཡོད་པ་དེ་རེད། དེ་ནས་རིག་གནས་ཆུང་བ་ལྔ། དཔལ་ཁ་ལོ་ཙྰ་བའི་གསུང་ན་སྐར་རྩིས་སྙན་ངག་སྡེབ་སྦྱོར་དང་། །མངོན་བརྗོད་ཟློས་གར་འདི་ལྔ་ལ། །རིག་གནས་ལྔ་ཞེས་འཕགས་ཡུལ་ན། །གྲགས་པའི་བ་དན་རླུང་ལྟར་གཡོ། །དེ་ལྟར་སྐར་རྩིས་རིག་པ་དང་སྙན་ངག། སྡེབ་སྦྱོར་དང་མངོན་བརྗོད། ཟློས་གར་བཅས་ལྔ་བོ་རིག་གནས་ཆུང་བ་ལྔ་བོ་རེད། ང་ཚོའི་འཇིག་རྟེན་ཡོངས་གྲགས་ལ་སྐར་རྩིས་མཁས་ན་གྲངས་ལ་མི་རྨོངས་ཟེར། སྙན་ངག་ལ་མཁས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ལ་མཁས་ན་ཚིག་བཅད་ལ་མི་རྨོངས། མངོན་བརྗོད་ལ་མཁས་ན་མིང་ལ་མི་རྨོངས། ཟློས་གར་ལ་མཁས་ན་སྐད་རིགས་ལ་མི་རྨོངས། ཡིན་ནའང་དེང་སང་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཟེར་ན་ཉག་ཕྲ་བ་རེད། རང་གྲངས་ཀ་ཙམ་མ་གཏོགས་ཉག་ཕྲ་བ་རེད། རང་སུམ་རྟགས་དག་གསུམ་དང་སྙན་ངག་ཙམ་བསྒྲིགས་ཤེས་དུས་བོད་ཀྱི་རིག་གནས་སྦྱང་ཡོད་ཟེར། ཁ་ཤས་བཤད་ན་སྒྲ་མི་དགོས། སྡེབ་སྦྱོར་མི་དགོས་ཟེར། བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་པ་གོང་འཕེལ་གཏོང་རྒྱུ་ཕར་ཤོག མི་དགོས་ཟེར་ནས་བཤད་མཁན་ཕྱོགས་གཅིག་ཡོད་ཀི ལ་ལས་མི་དགོས་མི་ཟེར་ནའང་བོད་ཀྱི་རིག་གནས་སྔོན་སྐྱེས་ཆེན་དམ་པ་རྣམས་ཀྱིས་གསེར་སྦྱང་བཙོ་མ་བཞིན་དུ་མཛད་ཡོད་པ་དེའི་ནང་ཅིག་བསྲེས་ནས་མི་ཚད། བསྒྱུར་ཅི་ཐུབ་བྱེད་མཁན་མང་གི དཔེར་ན། བསམ་བྷོ་ཏྲའི་གསུངས་མ་རེད། ཡང་ཅིག་ཅིག་མི་དགོས་ཉིག་ཉིག་མི་དགོས་ཟེར་ནི་འདྲ་བོ་མང་གི དེ་ཚོ་སངས་རྒྱས་ལས་ང་ཉིད་མཁས་སོ་ཟེར་བ་དེ་རེད། དེ་ཚོའི་རྗེས་སུ་འབྲང་རིགས་ནི་མ་རེད། རང་རང་གི་བློའི་ནུས་པ་དང་བསྟུན་ནས་རིམ་པས་སྐར་རྩིས་དང་སྒྲ སྡེབ་སྦྱོར་སོགས་མཚོན་པའི་ནང་དོན་རིག་པའི་སྡེ་སྣོད་གསུམ་སོགས་སྦྱང་ན་ཅི་མ་རུང་སྙམ་པའི་ཡིད་སྨོན་བྱེད་དགོས་པའི་ཚོད་རེད། དངོས་སུ་སྦྱོང་རྒྱུ་བྱུང་ན་རབས་རེད། སྦྱོང་རྒྱུ་མ་བྱུང་ནའང་མི་དགོས་ཟེར་ནས་སྐུར་བ་མ་འདེབས་ན་འགྲིག དཔེར་ན་སྒྲ་མི་དགོས་ན་རྒྱུད་སྡེ་བཞི་མ་དགོས་ནི་རེད། མི་རིགས་གཞན་དང་གཞན་གྱི་རིག་གནས་འདི་མི་དགོས་ཟེར་རྒྱུ་ཡོད་ཀི་མ་གཏོགས་རང་མི་རིགས་ཀྱི་རིག་གནས་འདི་མི་དགོས་ཟེར་ན་མི་འགྲིག ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ་ཡིན་ཟེར་བའི་མིང་བཟུང་ནས་གནོད་པ་བྱེད་ན་ཡ་ང་བ། ངོ་ཚ་རྒྱུ་དེ་མོ་རེད། དེ་ཚོའི་རྗེས་སུ་མ་འབྲང་བར་སྦྱོང་རྒྱུ་བྱུང་ན་སྐལ་བ་ལྡན་པ་རེད་སྙོམས། སྦྱོང་རྒྱུ་དཀའ་མོ་རེད། དཔེར་ན། རྩིས་ལྟ་བུ་མཚོན་ན། ས་གཞོང་ན་ས་བླུགས་ནས་འཛོམས་མི་འཛོམས་བྱེད། སྟབས་བདེ་མི་བདེ། བསྒྱུར་བགོད་ལ་སོགས་པ་གསར་དུ་བསློབ་དགོས་ན་ཧ་ཅང་དཀའ་ནི་ཞིག་རེད། དཀའ་ནའང་མི་དགོས་ཟེར་ནས་སྐུར་བ་མ་འདེབས། གཅིག་ཤེས་ན་གཉིས་ཤེས་ན་མུ་ནས་སྦྱོང་རྒྱུའི་འདུན་པ་འཆོངས།
རྩོམ་པའི་དགེ་བ་བརྗོད་པ།
དེ་ཡིན་ན་སྐར་རྩིས་(ཀུན་བཏུས་ནོར་བུ)འདི་སློབ་གྲྭ་སོ་སོ་ནས་སྦྱོང་མ་ཐུབ་ན་བལྟ་རྒྱུ་རེ་བྱུང་ན་བསམ་ནས་སྡེབ་སྦྱོར་མ་བྱས་པར་མགོའི་མཆོད་བརྗོད་མང་བོ་མེད། མང་བོ་མང་བོ་བཞག་ན་ཁམས་དང་མི་མཐུན་གི་བསམ་ནས་ཚིག་བཅད་གཅིག་འདྲ། བར་སྐབས་ཚིག་བཅད་དེ་དང་འདྲ་བ་བྱེད་ནས་སྟབས་བདེ་མོ་རེ་བྱེད་ཁུལ་ཙམ་ཡིན། དེ་མ་གཏོགས་ངའི་འདི་སྦྱང་ན་བཟང་གི་འུ་ཟེར་སྙམ་པ་དེ་འདྲའི་རེ་བ་འཛིན་གྱིན་མེད། དེ་འདྲའི་རེ་བ་འཛིན་ན་རང་ཉིད་བཟང་ནི་མ་རེད་མ་གཏོགས་གཞན་ལ་གནོད་རྒྱུ་ཡོད་པ་མ་རེད། རང་ངོས་ནས་འདི་སྦྱང་ན་ཆོག་གི མ་སྦྱང་ན་ཆོག་གི རང་གི་ངོས་ཐད་དུ་གཞན་གྱིས་སྦྱང་ན་གོང་འཕེལ་དུ་བུད་འགྲོ་ཟེར་རྒྱུ་མེད་ཀི མ་སྦྱང་ན་ཉམས་འགྲོ་ཟེར་རྒྱུ་མེད།
དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམས་ཀྱིས་དཀའ་ངལ་དུ་མས་སྒོ་ནས་རང་གི་རྒྱུད་ལ་བཞག་པ་འདི་ཆུ་མིག་ཅིག་དང་འདྲ་བར་རང་གི་ཐད་ནས་མར་བཞུར་རྒྱུ་མེད་པར་སྐམ་སོང་བ་མ་ཡིན་པར་ངའི་མན་ཆད་དུ་ཅུང་བཞུར་རྒྱུ་རེ་ཡོད་ན་བསམ། དེའི་དབང་གིས་རང་གི་ནུས་པ་གང་ཡོད་ཀྱིས་སྤེལ་བ་ཙམ་ཡིན། ད་མང་བོ་མི་བཤད་པར་འགོ་ནས་འགྲོ བོད་རྩིས་འདིའི་ཁྲིད་རྒྱུན་གཙོ་བོ་ཨ་ཁུ་ཙ་ཡས་ཨོ་འཁྱིལ་ཚང་ཡིན། ཀྱེེ་རྡོར་བ་ཨ་ཁུ་ཚུལ་ཁྲིམས་ཚང་ཡིན། ཁོང་ཀྱེེ་རྡོར་གྲྭ་ཚང་གི་འདོན་པ་དང་དཔེ་ཆ་བལྟ་ནི་དེ་མོ་ཞིག་མིན། རྩིས་ལ་ཆུང་ངུ་དུས་ནས་འབད་བརྩོན་བྱས་ནས་སྦྱང་བས་མཛུབ་མོའི་འགོ་ཕལ་ཆེར་བ་ཐེད་སོང་ཟེར་ནི་རེད། རྩིས་མ་གཏོགས་བཤད་རྒྱུ་ཡོད་པ་མ་རེད། ངེད་ཅག་གྲྭ་ཚང་གིས་ཁུངས་གཏུགས་ས་དེ་མོ་ཡིན། རྒྱ་རྩིས་བོད་རྩིས་གཉིས་ཀ་གཅིག་གཅིག་གཉིས་གཉིས་བྱས་ནས་ཁྲིད་མཁན་ཁོང་ཚང་རེད། དེ་ཡིན་ན་ཁོང་རྣམ་པ་ཚོའི་བཀའ་དྲིན་དྲན་ནས་རང་རང་གིས་ནུས་ན་མི་ནུས་ན་འདི་ལ་མཇལ་ནས་ཁྲིད་ཁལ་བྱེད་པ་དེ་ཡིན།
འདི་ནི་ཁོང་རྩིས་རམས་པ་རྗེ་བསམ་འགྲུབ་རྒྱ་མཚོ་མཆོག་གི་གཞུང་ལ་སློབ་གཉེར་བྱེད་མུས་སུ་མཆིས་པའི་ཡོན་ཏན་གྱིས་བྱང་ཉི་མ་བླ་བྲང་གི་མཆོད་རྟེན་ས་སྒང་གི་མགྲོན་ཁང་ཞིག་ཏུ་ཡི་གེར་ཕབས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
