མ་ཎིའི་ཕན་ཡོན་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་ཤཱཀྱ་མུ་ཎ་ཡེ། སྔོན་ཚེ་འགྲོ་བ་ཀུན་གྱི་དོན་དུ་ཐུགས་བསྐྱེད་རླབས་ཆེན་སྤྱོད་པ་རབ་སྤྱད་ཅིང༌། །རྣམ་དག་སྨོན་ལམ་ཉེར་བཏབ་འབྲས་སྨིན་བདེ་ལྡན་ཞིང་མཆོག་གྲུབ་པ་དེར། །མངོན་སངས་རྒྱས་ནས་གཞན་དག་འཁྲིད་མཛད་རྒྱལ་ཀུན་སོ་སོར་རྟོག་པའི་དངོས། །པདྨའི་རིགས་རྣམས་ཡོངས་ཀྱི་རྗེར་གྱུར་མགོན་པོ་འོད་དཔག་མེད་ལ་འདུད། །ཕྱོགས་བཅུའི་བདེ་གཤེགས་ཀུན་གྱི་ཐུགས་རྗེའི་དཔུང༌། །གཅིག་བསྡུས་སྣང་མཐའི་སྲས་ཀྱི་ཚུལ་བཟུང་ནས། །ཁམས་གསུམ་འགྲོ་བ་འདྲེན་ལ་ཟླ་བྲལ་བ། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ལ་འདུད། །མགོན་དེ་སྙིགས་དུས་རྒྱལ་བསྟན་སྤེལ་བའི་ཆེད། །བོད་ཀྱི་མི་རྗེའི་ཚུལ་བསྟན་སྲོང་བཙན་ཞེས། །ཐུབ་བསྟན་སྲོལ་བཏོད་དགེ་བཅུའི་ཁྲིམས་མཛད་པ། །ཆོས་ཀྱི་རྒྱལ་པོར་གྱུར་བ་དེ་ལ་འདུད། །རྒྱལ་རྣམས་ཐུགས་རྗེ་འགྲོ་ལ་རྗེས་བརྩེ་བར། །ཀུན་ནས་མཚུངས་མོད་སྙིགས་དུས་འགྲོ་བ་ལ། །ལྷག་པར་རྗེས་བརྩེ་མཛད་འཕྲིན་རྒྱ་ཆེ་བ། །རྗེ་བཙུན་སྤྱན་རས་གཟིགས་ཞེས་རབ་ཏུ་གྲགས། །གང་དེའི་ཆོས་ཚུལ་ཟབ་རྒྱས་གྲངས་མང་ཡང༌། །ཀུན་གྱི་སྙིང་པོ་གཅིག་བསྡུས་ཡིག་དྲུག་ཅེས། །ཕན་ཡོན་རྒྱ་ཆེར་གྲགས་ལས་མདོར་བསྡུས་ཞིག །གཞན་དག་དད་པ་སྤེལ་ཕྱིར་བརྗོད་པར་བྱ། ༧༌།དེ་ཡང་སྤྱིར་སངས་རྒྱས་ཐམས་ཅད་ཀྱང་རང་དོན་མཐར་ཕྱིན་ནས་གཞན་གྱི་དོན་ཁོ་ན་མཛད་པ་ལས་མ་འདས་ཀྱང༌། ཐུབ་པའི་བསྟན་པ་འདི་ལ་སེམས་ཅན་གྱི་དོན་མཛད་པ་ལ་ལྷག་པར་ཕུལ་དུ་བྱུང་བ་ནི་འཕགས་པ་རིགས་གསུམ་གྱི་མགོན་པོ་ཉིད་ཡིན་ལ། དེའི་ནང་ནས་མཆོག་དམན་མཐའ་དག་ལ་འཕྲིན་ལས་འཇུག་པ་རྒྱ་ཆེ་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ །འདིའི་སྒྲུབ་ཐབས་དང་བསྔགས་པ་བརྗོད་པའི་མདོ་སྔགས་ཀྱི་གཞུང་མང་ཡང་མཚོན་ཙམ་ནི༌། ཟ་མ་ཏོག་བཀོད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཡུལ་ཅི་འདྲ་བ་དེ་འདྲ་བ་ནི་དེ་བཞིན་གཤེགས་པ་རྣམས་ལ་ཡང་མ་མཆིས་སོ་ཞེས་དང༌། དེ་ཉིད་ལས་སྤྱན་རས་གཟིགས་ཀྱི་མཚན་ནས་བརྗོད་པ་ནི་སངས་རྒྱས་སྟོང་ཕྲག་དུ་མའི་མཚན་ནས་བརྗོད་པ་དང་ཕན་ཡོན་མཉམ་པ་དང་མཆོད་པའི་བསོད་ནམས་ཡང་མཉམ་པར་བཤད་ཅིང༌། ཡང་རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནི་དཀོན་པའོ། །སེམས་ཅན་རྣམས་ཀྱི་ཕ་དང་མར་གྱུར་པའོ། །སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ལ་ལམ་སྟོན་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་དུ་གྱུར་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོ་ནི་དེ་ལྟ་བུའོ། །དེའི་མིང་འཛིན་པ་ཡང་དཀོན་ཏེ། དེ་དེའི་ཡི་གེ་དྲུག་པའི་རིག་སྔགས་ཀྱི་མིང་གིས་རྗེས་སུ་དྲན་ན་དེའི་ཚེ་བ་སྤུའི་ཁུང་བུ་དེ་དག་ཏུ་སྐྱེའོ། །སླར་འཁོར་བར་མི་འཁོར་རོ་ཞེས་པ་ནས། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྙིང་པོ་དམ་པའོ། །གང་དག་སྙིང་པོ་དམ་པ་ཤེས་པ་དེ་ནི་ཐར་པ་ཤེས་པའོ། །ཞེས་དང༌། གང་དག་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་རྟག་ཏུ་ཟློས་པ་ལ་བརྩོན་པའི་སེམས་ཅན་དེ་དག་ནི་བསོད་ནམས་དང་ལྡན་པ་ཡིན་ནོ། །དེ་དག་ཟློས་པར་བྱེད་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཕྲག་དགུ་བཅུ་རྩ་དགུ་འདུ་བར་འགྱུར་རོ། །ཞེས་སོགས་ཕན་ཡོན་གཞན་མང་དུ་གསུངས་པ་དང༌། ཡང༌། རིགས་ཀྱི་བུ་གང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་འདིར་འཇུག་པ་དེས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདྲིར་འཇུག་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་ཕྲ་རབ་དང་མཉམ་པ་ལྷའི་གསེར་རིན་པོ་ཆེ་ལས་བྱེད་ཅིང༌། བྱས་ནས་ཉིན་གཅིག་ཏུ་རིང་བསྲེལ་འཇུག་པ་དེའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་ཡི་གེ་འབྲུ་གཅིག་གི་འབྲས་བུ་རྣམ་པར་སྨིན་པ་སྟེ་ཡོན་ཏན་བསམ་གྱིས་མི་ཁྱབ་པའོ། །ཞེས་པ་ནས། རིགས་ཀྱི་བུ་གང་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་འཛིན་པ་ནི་དེ་ལྟ་བུ་ལ་སོགས་ཏེ་ཏིང་ངེ་འཛིན་བརྒྱ་རྩ་བརྒྱད་ཐོབ་པར་འགྱུར་རོ། །ཞེས་དང༌། རིགས་ཀྱི་བུ་ཡུལ་འཁོར་མོར་འཇུག་པའི་གྲོང་ཁྱེར་ཆེན་པོ་ན་གང་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འཛིན་པར་བྱེད། ཀློག་པར་བྱེད། ཚུལ་བཞིན་ཡིད་ལ་བྱེད་པའི་ཆོས་སྨྲ་བ་ཡོད་དོ། །ཞེས་པ་ནས། ཆོས་སྨྲ་བ་དེ་དག་ནི་དེ་བཞིན་གཤེགས་པ་དང་མཉམ་པར་བལྟའོ་ཞེས་དང༌། ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་རྒྱལ་མོ་འདི་ནི་དཀོན་པའི་ཚིག་སྟེ། འདི་ནི་རྡོ་རྗེའི་ཚིག་གོ །མི་ཕྱེད་པའི་ཚིག་གོ །བླ་ན་མེད་པའི་ཡེ་ཤེས་ཀྱི་ཚིག་གོ །མི་ཟད་པའི་ཡེ་ཤེས་ཀྱི་ཚིག་ཞེས་པ་ནས། ཆོས་ཐམས་ཅད་ལ་འཇུག་པའི་ཚིག་གོ །ཞེས་དང༌། རྣལ་འབྱོར་ཐམས་ཅད་ཀྱི་ནང་ན་ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་ནི་འབྲས་བུའི་སྙིང་པོར་གྱུར་པའོ། །ཞེས་པས་མཚོན་ཏེ་མང་དུ་གསུངས་སོ། །གཞན་ཡང༌། མ་ཎི་བཀའ་འབུམ་ལས༌། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་བཀའ་སྩལ་བ། རིགས་ཀྱི་བུ་ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་ཡི་གེ་དྲུག་པའི་རིག་སྔགས་ནི། འདི་ལྟ་སྟེ་དཔེར་ན་སའི་རྡུལ་ཕྲ་རབ་སྙེད་ཀྱི་ཚད་ནི་ངས་བཟུང་བར་ནུས་ཀྱི༌། ཡི་གེ་དྲུག་པའི་རིག་སྔགས་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཚད་ནི་བཟུང་བར་མི་ནུས་སོ། །རྒྱ་མཚོའི་ཆུ་ནི་ཐིག་པ་རེ་རེ་ནས་བགྲང་བར་ནུས་ཀྱི། ཡི་གེ་དྲུག་པའི་རིག་སྔགས་འདི་ལན་གཅིག་བརྗོད་པའི་བསོད་ནམས་ཀྱི་ཚད་ནི་བགྲང་བར་མི་ནུས་སོ། །ཞེས་སོགས་དཔེ་དོན་མང་དུ་སྦྱར་ནས་གསུངས་ཏེ་ཟ་མ་ཏོག་གི་མདོའི་དོན་བཤད་པར་སྣང་ངོ། །ཡང༌། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་རིག་སྔགས་ལན་གཅིག་བཟླས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ལ་ལ་ཞིག་གིས་ཡི་གེ་དྲུག་པ་བྲིས་པ་ལ་ལག་པས་རེག་པ་དེ་དག་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །ཡི་གེ་དྲུག་པའི་གཟུངས་སྔགས་འདི་ལན་གཅིག་བཟུང་ན་དེ་བཞིན་གཤེགས་པ་ལ་ན་བཟའ་དང༌། བཤོས་དང༌། མལ་སྟན་དང༌། ན་བའི་རྐྱེན་སྨན་དང༌། ཡོ་བྱད་ཐམས་ཅད་ཀྱིས་བཀུར་བསྟིར་བྱས་པར་འགྱུར་རོ། །ཞེས་དང༌། པདྨ་ཅོད་པན་གྱི་རྒྱུད་ལས༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་སྨྲས་སོ། །ང་ཡིད་ལ་བྱས་ནས་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་རིག་སྔགས་འདི་བཟླས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཡིན་པ་དེས་ལན་གཅིག་བཟླས་བརྗོད་བྱེད་དམ་ཡིད་ལ་བྱས་ནས་ལུས་ལ་བཅངས་ན། མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། སྡིག་པ་ཐམས་ཅད་བྱང་ནས་སེམས་ཅན་དམྱལ་བ་དང༌། ཡི་དགས་དང༌། དུད་འགྲོའི་སྐྱེ་གནས་དང༌། མི་ཁོམ་པའི་གནས་བརྒྱད་སྤངས་ཤིང་ལུས་ངག་ཡིད་གསུམ་སྡུག་བསྔལ་བར་མི་འགྱུར་རོ། །གཅན་གཟན་དང༌། སྲིན་པོ་དང༌། མི་མ་ཡིན་པ་ཐམས་ཅད་དང༌། ནད་དང་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཆོས་ཀྱི་སྐུའི་དོན་རྟོགས་ནས་གཟུགས་ཀྱི་སྐུ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་བང་འགྱུར་རོ། །ཞེས་དང༌། ཡི་གེ་དྲུག་མའི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཡི་གེ་དྲུག་མ་ཤེས་རབ་ཀྱི་ལྷ་མོ་ཡིད་ལ་བྱས་ནས་རིག་སྔགས་འདི་བཟླས་བརྗོད་བྱས་ན་ནང་ཐམས་ཅད་ལས་ཐར་བར་འགྱུར། ཞེས་པ་ནས། ཞི་བ་དང་བདེ་ལེགས་སུ་འགྱུར་རོ། །ཞེས་སོགས་མང་དུ་གསུངས་སོ། །གཞན་ཡང༌། ཡིག་དྲུག་གི་མཚོན་དོན་དང༌། ཕན་ཡོན་གཞན་འགའ་ཞིང་བརྗོད་ན་བཀའ་འབུམ་ལས། དང་པོ་དབྱེ་བའི་དོན་ལ་དགོངས་ཏེ་ཡི་གེ་དྲུག་ལ་བསྡུ་བ་ནི། ཐུགས་རྗེ་ཆེན་པོའི་ཆོས་ལ་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང༌། གསུང་གི་སྙིང་པོ་ཡི་གེ་དྲུག་པ་ལ་བསྡུས་ནས་གསུངས་སོ།།ཡི་གེ་དྲུག་པོ་གང་ཡིན་ན། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་ཡིན་ནོ། །ཨོཾ་ཡེ་ཤེས་རྣམ་པ་ལྔ་ཞེས་པའི་ཨ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཐིག་ལེ་མེ་ལོང་ལྟ་བུའི་ཡེ་ཤེས། ཟླ་ཚེས་མཉམ་པ་ཉིད་ཀྱི་ཡེ་ཤེས། ན་རོ་སོ་སོར་རྟོག་པའི་ཡེ་ཤེས།ནཱ་ད་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་བཞིན་དུ་མ་ཐུགས་རྗེ་ཀུན་ལ་ཁྱབ་པ། ཎི་འཁོར་བ་རང་ལོག །བར་ཐབས་དང་ཤེས་རབ། མེ་ཡེ་ཤེས་རང་གསལ། ཧཱུཾ་རྡོ་རྗེ་ལྟ་བུ་མི་འགྱུར་བའི་དོན་ནོ། །ཡང༌། ཨོཾ་ཡེ་ཤེས་ལྔ་ལྡན་ལྷ་ཡི་སྐྱབས། །འཕོ་ལྟུང་ཞི་ནས་སྐྱེ་སྒོ་གཅོད། །མ་སྙིང་རྗེ་ཆེན་པོ་ལྷ་མིན་སྐྱབས། །འཐབ་རྩོད་ཞི་ནས་སྐྱེ་སྒོ་གཅོད། །ཎི་བྱམས་པ་ཆེན་པོ་མི་ཡི་སྐྱབས། །འགྱུར་བ་ཞི་ནས་སྐྱེ་སྒོ་གཅོད། །པད་དགའ་བ་ཆེན་པོ་བྱོལ་སོང་སྐྱབས། །གླེན་ལྐུགས་ཞི་ནས་སྐྱེ་སྒོ་གཅོད། །མེ་བཏང་སྙོམས་ཆེན་པོ་ཡི་དགས་སྐྱབས། །བཀྲེས་སྐོམ་ཞི་ནས་སྐྱེ་སྒོ་གཅོད། །ཧཱུཾ་ཐུགས་རྗེ་ཆེན་པོ་དམྱལ་བའི་སྐྱབས། །ཚ་གྲང་ཞི་ནས་སྐྱེ་སྒོ་གཅོད། །ཞེས་དང༌། ཡང༌། སྐུ་དྲུག་དང་སྦྱར་ན༌།ཨོཾ་ཆོས་ཀྱི་སྐུ། མ་ལོངས་སྤྱོད་རྫོགས་པའི་སྐུ། ཎི་སྤྲུལ་པའི་སྐུ། བད་ངོ་བོ་ཉིད་ཀྱི་སྐུ། མེ་མངོན་པར་བྱང་ཆུབ་པའི་སྐུ། ཧཱུཾ་མི་འགྱུར་རྡོ་རྗེའི་སྐུ་སྟེ་སྐུ་དྲུག་ལྷུན་གྱིས་གྲུབ་པ་ཐོབ་པར་བྱེད་པ་ཡང་ཡིག་དྲུག་ཡིན་ནོ། །ཞེས་དང༌། རིགས་དྲུག་དང་སྦྱར་ན། ཨོཾ་རིགས་ཐམས་ཅད་འདུས་པ་ཐུགས་རྗེ་ཆེན་པོ། །མ་རྣམ་པར་སྣང་མཛད། ཎི་རྡོ་རྗེ་སེམས་དཔའ། པད་རིན་ཆེན་འབྱུང་ལྡན། མེ་སྣང་བ་མཐའ་ཡས། ཧཱུཾ་དོན་ཡོད་གྲུབ་པ། རིགས་དྲུག་ག་སངས་རྒྱས་ཀྱང་ཡིག་དྲུག བཟླས་པས་ཐོབ་པར་བྱེད་པ་ཡིན་ནོ། །རིགས་དྲུག་གི་ཡུམ་དང་སྦྱར་ན། ཨོཾ་རིགས་ཐམས་ཅད་འདུས་པའི་ཡུམ་ཡི་གེ་དྲུག་མ། མ་ནམ་མཁའ་ཀུན་ཏུ་བཟང་མོ། །ཎི་ས་སངས་རྒྱས་སྤྱན་མ༌། པད་མེ་གོས་དཀར་མོ། །མེ་ཆུ་མཱ་མ་ཀི༌།
ཧཱུཾ་རླུང་དམ་ཚིག་སྒྲོལ་མ། ཡུམ་དེ་དག་ཀྱང་ཡིག་དྲུག་བཟླས་པས་ཐོབ་པར་འགྱུར་རོ། །མཁའ་འགྲོ་མ་དྲུག་དང་སྦྱར་ན། ཨོཾ་མཁའ་འགྲོའི་རིགས་འདུས་པ་རྡོ་རྗེ་རྣལ་འབྱོར་མ། མ་སངས་རྒྱས་མཁའ་འགྲོ༌།ཎི་རྡོ་རྗེ་མཁའ་འགྲོ༌།བ་ད་རིན་ཆེན་མཁའ་འགྲོ༌།མེ་པདྨ་མཁའ་འགྲོ༌།ཧཱུཾ་ལས་ཀྱི་མཁའ་འགྲོ་སྟེ་ཡིག་དྲུག་བཟླས་ན་དེ་དག་གིས་བྱིན་གྱིས་རློབ་པར་མཛད་དོ། །ཕྱིན་དྲུག་དང་སྦྱར་ན། ཨོཾ་གྱིས་སྦྱིན་པའི་ཕར་ཕྱིན། མས་ཚུལ་ཁྲིམས། ཎི་ས་བཟོད་པ། བད་ཀྱིས་བརྩོན་འགྲུས། མེས་བསམ་གཏན། ཧཱུཾ་གིས་ཤེས་རབ་ཀྱི་ཕར་ཕྱིན་མཚོན་ཏེ་ཡིག་དྲུག་བཟླས་ན་དེ་དྲུག་རྫོགས་པར་འགྱུར་རོ། །དུག་ལྔ་དང་ཉོན་མོངས་ཀུན་འཇོམས་པ་དང་སྦྱར་ན། ཨོཾ་གྱིས་གཏི་མུག །མས་ཞེ་སྡང༌། ཎི་སང་རྒྱལ༌།བད?་ཀྱིས་འདོད་ཆགས། མེས་ཕྲག་དོག །ཧཱུཾ་གིས་ཉོན་མོངས་ཐམས་ཅད་འཇོམས་པར་བྱེད་དེ་ཡིག་དྲུག་བཟླས་པས་འགྲུབ་པར་འགྱུར་རོ། །ཡེ་ཤེས་དྲུག་དང་སྦྱར་ན། ཨོཾ་ཆོས་དབྱིངས་ཡེ་ཤེས། མ་མེ་ལོར་ལྟ་བུའི་ཡེ་ཤེས། ཎི་མཉམ་ཉིད་ཡེ་ཤེས། པད་སོར་རྟོག་ཡེ་ཤེས། མེ་བྱ་གྲུབ་ཡེ་ཤེས། ཧཱུཾ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་དེ་དྲུག་མ་ཎི་ས་རང་རྒྱུད་ལ་མངོན་དུ་འགྱུར་རོ། །ཚད་མེད་དྲུག་དང་སྦྱར་ན། ཨོཾ་ཐུགས་རྗེ་ཆེན་པོ་ཚད་མེད། མ་བྱམས་པ་ཚད་མེད། ཎི་སྙིང་རྗེ་ཚད་མེད། བད་དགའ་བ་ཚད་མེད། མེ་བཏང་སྙོམས་ཚད་མེད། ཧཱུཾ་ཆོས་ཉིད་ཚད་མེད་དེ་དེ་རྣམས་ཀྱི་སྒོ་ནས་གཞན་དོན་བྱེད་པ་ཡང་མ་ཎིས་འགྲུབ་པར་འགྱུར་རོ། །རིགས་དྲུག་གི་སྡུག་བསྔལ་སྦྱོང་བ་དང་སྦྱར་ན། ཨོཾ་གྱིས་ལྷ་འཆི་འཕོ་འོག་ཏུ་ལྟུང་བའི་སྡུག་བསྔལ་སྦྱོང༌། མས་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་སྦྱོང༌། ཎིས་མིའི་འཆི་འཕོའི་སྡུག་བསྔལ་སྦྱོང༌། བད་ཀྱིས་བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་སྦྱོང་མེས་ཡི་དགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྦྱོང༌། ཧཱུཾ་གིས་དམྱལ་བའི་ཚ་གྲང་གི་སྡུག་བསྔལ་ཀུན་སྦྱོང་བར་བྱེད་པ་ཡང་ཡིག་དྲུག་བཟླས་པས་འགྲུབ་བོ། །རིགས་དྲུག་གི་སྐྱེ་སྒོ་གཅོད་པ་དང་སྦྱར་ན། ཨོཾ་གྱིས་ལས་ཉོན་གྱིས་དབང་གིས་ལྟར་སྐྱེ་བའི་སྐྱེ་སྒོ་གཡངས་གཅོད། མས་ལྷ་མིན་དུ་སྐྱེ་པའི་གཡང་ས་གཅོད། ཎི་ས་མིར་སྐྱེ་བའི་གཡང་ས་གཅོད། བད་ཀྱིས་བྱོལ་སོང་དུ་སྐྱེ་བའི་གཡང་ས་གཅོད། མེས་ཡི་དགས་སུ་སྐྱེ་བའི་གཡང་ས་གཅོད། ཧཱུཾ་གིས་དམྱལ་བར་སྐྱེ་བའི་གཡང་ས་གཅོད་པ་ཡང་ཡིག་དྲུག་གིས་འགྲུབ་བོ། །རིགས་དྲུག་གི་དོན་བྱེད་པ་དང་སྦྱར་ན། ཨོཾ་ལ་སོགས་དྲུག་གིས་ཐུབ་པ་དྲུག་མཚོན་ཞིང༌། ལྷ་ལ་སོགས་པ་རིགས་དྲུག་གི་དོན་སྣ་ཚོགས་བྱེད་པ་ཡང་འགྲུབ་བོ། །སྒྲིབ་པ་དྲུག་སྦྱོང་བ་དང་སྦྱར་ན། ཨོཾ་གྱིས་ལུས་ཀྱི་སྒྲིབ་པ་སྦྱོང༌། མས་ངག་གི་སྒྲིབ་པ། ཎིས་ཡིད་ཀྱི་སྒྲིབ་པ། བད་ཀྱིས་ཉོན་མོངས་པའི་སྒྲིབ་པ། མེས་བག་ཆགས་ཀྱི་སྒྲིབ་པ། ཧཱུཾ་གིས་ཤེས་བྱའི་སྒྲིབ་པ་སྦྱོང་ངོ། །གསོལ་འདེབས་དང་སྦྱར་ན། ཨོཾ་གྱིས་སྐུ་མས་གསུང༌། ཎིས་ཐུགས། བད་ཀྱིས་ཡོན་ཏན། མེས་འཕྲིན་ལས། ཧཱུཾ་གིས་དེ་ལྔ་ལ་གསོལ་བ་འདེབས་པ་འགྲུབ་བོ། །བྱིན་རླབས་འབྱུང་བ་དང་སྦྱར་ན། ཨོཾ་གྱིས་ལུས་ལ་སྐུའི་བྱིན་རླབས། མས་ངག་ལ་གསུང་གི་བྱིན་རླབས།ཎིས་ཡིད་ལ་ཐུགས་ཀྱི་བྱིན་རླབས། བད་ཀྱིས་ཡོན་ཏན་གྱི་བྱིན་རླབས༌། མེས་འཕྲིན་ལས་ཀྱི་བྱིན་རླབས། ཧཱུཾ་གྱིས་བྱིན་རླབས་དེ་ཐམས་ཅད་འབྱུང་ངོ། །གཞན་ཡང༌། ཡིག་དྲུག་གིས་ཉན་རང་བྱང་སེམས་དགེ་བསྙེན་བསྙེན་གནས་སྔགས་སྡོམ་རྣམས་སྲུང་བར་འགྱུར་ཞེས་དང༌། ཡང་སྐུ་གསུང་ཐུགས་གསུམ་དང་རྩ་བ་དང་ཡན་ལག་གི་དམ་ཚིག་དང་དམ་ཚིག་ཉམས་ཆགས་རྣམས་སྐོང་བར་འགྱུར་ཞེས་དང༌། ཡང༌། ལྷ་དབང་སྔགས་དབང་ཆོས་དབང་བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་དྲུག་གི་སྒོ་གསུམ་ལ་བསྐུར་ནས་སྨིན་པར་བྱེད་ཅེས་དང༌། ཡང༌། ཡིག་དྲུག་གིས་རིམ་པ་བཞིན་དུ་སངས་རྒྱས་ཆོས་དགེ་འདུན་བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་སྐྱབས་སུ་འགྲོ་ཞིང་སྐྱོབ་པར་འགྱུར་ཞེས་དང༌། ཡང༌། སྨོན་སེམས་འཇུག་སེམས་གཉིས་དང་གཉིས་མེད་དང་ཆོས་ཉིད་དང་ཡེ་ཤེས་དང་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འགྱུར་ཞེས་དང༌། གཞན་ཡང༌། ཆོས་ཉིད་ཀྱི་དོན་དང་སྦྱར་བ་དང༌། གནད་དང་སྦྱར་བ། ལྟ་སྒོམ་དང་སྦྱར་བ།༄༅། །ཡིན་ལུགས་དང་སྦྱར་བ། ཕྱིའི་འབྱུང་བ་དང་སྦྱར་བ། ནང་གི་འབྱུང་བ་དང་སྦྱར་བ། གསང་བའི་འབྱུང་བ་དང་སྦྱར་བ། དོན་ཆོས་ཉིད་དང་སྦྱར་བ། སྤྲོས་བྲལ་དང་སྦྱར་བ། མཚོན་དཔེ་དང་སྦྱར་བ། སྲུང་བ་དང་སྦྱར་བ། ནད་འདོན་པ་དང་སྦྱར་བའི་བར་དྲུག་ཚན་སུམ་ཅུ་རྩ་དྲུག་བཤད་ཀྱང་རྒྱས་པར་མ་བགོད་དོ། །ཡང་འདི་ལྟར་བཤད་དེ། ཁྱབ་བརྡལ་ཆེན་པོའི་གཅས་མཆོག་ཏུ། །དྲུག་པ་ཐུགས་རྗེ་ཆེན་པོ་ཡིས། །ཨོཾ་མ་ཎི་པད་མེ་ཧཱུཾ་བརྗོད་པས། །རྟལ་ཆད་མ་སྤངས་གནས་སུ་དག །ལྷ་ལྟུང་བའི་སྡུག་བསྔལ་ཞི་བར་བྱས། །དེས་ན་ངོ་མཚར་ཆེ་ཞེས་བྱ། །ཀུན་གྱིས་མ་ཎི་པདྨེ་སྒྲོངས། །མ་ཎི་ས་སྒྲིབ་པ་སྦྱོང་བ་ནི། །སུམ་ཅུ་རྩ་གསུམ་ལྷ་ཡུལ་ན། །ལྷ་བུ་དྲི་མ་མེད་པ་ཡིས། །མཚམས་མེད་ལྔ་ཡི་ལས་བྱས་པས། །རྡོ་རྗེའི་དམྱལ་བར་སྐྱེས་པ་ལ། །བརྒྱ་བྱིན་ལྷ་ཡིས?་ཐུབ་པ་ཡིས། །ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས། །རྡོ་རྗེའི་དམྱལ་ནས་ཐོན་ནས་ནི། །རྡོ་རྗེ་ལྟ་བུའི་དགོངས་པ་ཤར། །དེས་ན་སྒྲིབ་པ་སྦྱོང་ཞེས་བྱ། །ཀུན་གྱིས་མ་ཎི་པདྨེ་སྒྲོངས། །རི་རབ་ཆེན་པོའི་ཁོང་སེང་ན། །ལྷ་མིན་སྣང་བྱེད་ཅེས་བྱ་བས། །སྲོག་གཅོད་བྱས་པའི་རྣམ་སྨིན་གྱིས། །ཚ་བའི་དམྱལ་བར་སྐྱེས་པ་ལ། །བཅོམ་ལྡན་ཐགས་བཟང་ཐུབ་པ་དེས། །ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས། །ཚ་བའི་དམྱལ་བའི་གནས་ནས་ཐར། །དཔའ་བར་འགྲོ་བའི་རྟོགས་བ་ཤར། །དེས་ན་(X)། །ཀུན་གྱིས་(X)། །མ་ག་དྷ་ཡི་གྲོང་ཁྱེར་དུ། །སྟོབས་ལྡན་བུ་ནི་མ་སྐྱེས་དགྲས། །ཕ་བསད་པ་ཡི་རྣམ་སྨིན་གྱིས། །གྲང་བའི་དམྱལ་བར་སྐྱེས་བ་ལ། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས། །གྲང་བའི་དམྱལ་བའི་གནས་ནས་ཐར། །སྒྱུ་མ་ལྟ་བུའི་དགོངས་བ་ཤར། །དེས་ན་(X)། །ཀུན་གྱིས་(X)། །གང་བཟང་བུ་ནི་ལྟ་བརྩེགས་ཀྱིས། །སངས་རྒྱས་གསེར་ཐུབ་བསྟན་པ་ལ། །དམ་པའི་ཆོས་ལ་སྐུར་བ་བཏབ། །དེ་ཡི་རྣམ་སྨིན་དུད་འགྲོར་སྐྱེས། །སྒྲིབ་སེལ་ཤཱཀྱ་སེངྒེ་ཡིས། །ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས། །གླེན་ལྐུགས་བྱོལ་སོང་གནས་ནས་ཐར། །གསལ་ལ་མི་རྟོག་དགོངས་བ་ཤར། །དེས་ན་(X)། །ཀུན་གྱིས་(X)། །རྒྱལ་བུ་མཛེས་ལྡན་བྱ་བ་ཡིས། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ། །སེར་སྣ་འཇུར་གེགས་ཆེར་བྱས་བས། །དེ་ཡི་རྣམ་སྨིན་ཡི་དགས་སྐྱེས། །འཕགས་པ་ནམ་མཁའ་མཛོད་ཆེན་གྱིས། །ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས། །ཡི་དགས་བཀྲེས་སྐོམ་གནས་ནས་ཐར། །ལོངས་སྤྱོད་འགགས་མེད་དགོངས་བ་ཤར། །དེས་ན་(X)། །ཀུན་གྱིས་(X)། །གྱད་ཡུལ་མིའུ་ཐུང་སོར་འཕྲེང་གིས། །མི་སྟོང་དང་དགུ་བརྒྱ་གོ་དགུ་བསད། །དམྱལ་ཁམས་བཅོ་བརྒྱད་གནས་སུ་ལྷུང༌། །ཐུབ་པའི་དབང་པོ་སྟོབས་ཅན་གྱིས། །
ཨོཾ་མ་ཎི་པདྨེ་ཧཱུཾ་བརྗོད་པས། །ཚ་གྲང་སྡུག་བསྔལ་ཞི་བར་གྱུར། །སེངྒེའི་སྟོབས་ཀྱི་དགོངས་པ་ཤར། །དེ་ལྟར་སྒྲིབ་པ་སྦྱོང་ཞེས་བྱ། །ཀུན་གྱིས་མ་ཎི་པདྨེ་སྒྲོངས། །ཞེས་སོགས་མང་དུ་འབྱུང་ཡང་མ་བྲིས་སོ། །སྤྱིར་མ་ཎི་བགྲང་བའི་ཕན་ཡོན་གོང་དུ་བརྗོད་པ་ལྟར་ཡིན་ལ། ཁྱད་པར་དུ་དམ་པ་དྲུག་གིས་ཟིན་པའི་སྒོ་ནས་མ་ཎི་བརྒྱ་རྩ་བརྒྱད་རེ་བཟླས་ན་མདོ་སྡེ་འགྱུར་རོ་ཅོག་བཀླག་པ་དང་ཕན་ཡོན་མཉམ་པར་འབྱུང་བར་གསུངས་ཏེ། དམ་པ་དྲུག་ནི། མ་ཎི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་འདོན་པ་སྦྱིན་པའི་ཕར་ཕྱིན། དེའི་སྐབས་སུ་སྒོ་གསུམ་གྱི་ཉེས་སྤྱོད་སྤོང་བ་ཚུལ་ཁྲིམས། གཞན་གྱིས་གནོད་པ་དང་དཀའ་སྤྱད་ལ་བཟོད་པ་བཟོད་པ། བརྩོན་འགྲུས་ཆེར་བྱས་ནས་འདོན་པ་བརྩོན་འགྲུས། སེམས་མི་གཡེང་བར་འདོན་པ་བསམ་གཏན། གང་ཤར་རང་གྲོལ་སྟོང་པ་ཉིད་དུ་ལྟ་བ་ནི་ཤེས་རབ་ཀྱི་ཕར་ཕྱིན་དུ་བཤད་པ་ལྟར་རོ། །གཞན་ཡང་ཁྱེར་སོ་གསུམ་དང་ལྡན་པའི་སྒོ་ནས་ཏོན་ན་འགྱུར་དང་ཕན་ཡོན་ལྷག་པར་ཆེ་བར་བཤད་དེ། རང་ཉིད་སྤྱན་རས་གཟིགས་སུ་བསྒོམས་པ་དང༌། གཞན་གང་ཟག་ཏུ་སྣང་བ་ཐམས་ཅད་ཀྱང་སྤྱན་རས་གཟིགས་སུ་སྒོམ་པ་སྣང་བ་སྐུའི་ཁྱེར་སོ། །སྒྲ་གྲགས་ཚད་ཐམས་ཅད་ཡིག་དྲུག་གི་སྒྲར་མོས་པ་གྲགས་སྟོང་གསུང་གི་ཁྱེར་སོ། །ཡུལ་སྣང་ཀུན་སྟོང་པ་ཉིད་ཀྱི་བདག་ཉིད་དུ་ལྟ་བ་དྲན་རྟོགས་ཐུགས་ཀྱི་ཁྱེར་སོ་སྟེ་ཁྱེར་སོ་གསུམ་མོ། །མ་ཎི་སྒྲ་ཆུང་དུས་ཏོན་ཀྱང་ཆོག་མོད། གཞན་ཕན་གྱི་བསམ་པས་སྐད་ཆེན་པོས་གསལ་བར་ཏོན་ན་སྒྲ་དེ་དུད་འགྲོ་སོགས་གང་གིས་ཐོས་པ་དེའི་སྒྲིབ་པ་ཅི་རིགས་སྦྱོང་ནུས་པ་སོགས་ཀྱི་ཕན་ཡོན་ཡོད་པར་བཤད་དེ་རྒྱས་པར་མ་བཀོད་ལ། ཤེས་པར་འདོད་ན་ཟ་མ་ཏོག་བཀོད་པའི་མདོ་དང༌། མ་ཎི་བཀའ་འབུམ་དུ་བལྟ་བར་བྱའོ། །གཞན་ཡང་ཟ་མ་ཏོག་བཀོད་པའི་མདོ་ལས་གང་ལ་མེ་ཆུ་མཚོན་ཆ་སོགས་ཀྱི་འཇིགས་པ་བརྒྱད་བྱུང་བའི་ཚེ་ཡིག་དྲུག་བཟླ་ཞིང་སྤྱན་རས་གཟིགས་ཀྱི་མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་གསོལ་འདེབས་བྱས་ན་འཇིགས་པ་དེ་དག་ལས་ཐར་བར་འགྱུར་ལ། སྐྱེས་བུ་གང་ཞིག་བུ་འདོད་ན་སྙིང་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་ནས་བོས་ཏེ་བད།ལ་བུ་ཕོ་སྩོལ་ཅིག་ཅེས་གསོལ་བ་དྲག་ཏུ་བཏབ་ན་སྔོན་ལས་མ་གཏོགས་བུ་ཕོ་སྩོལ་བར་འགྱུར་ཞིང༌། དེ་བཞིན་དུ་བུ་མོ་འདོད་ནའང་སྩོལ་བར་བཤད། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འདོད་ནའང་དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ན་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཞེས་འདིའི་གཞུང་དུ་མ་ལས་བཤད་པ་ལྟར་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་ནི་སངས་རྒྱས་འོད་དཔག་མེད་དང་ངོ་བོ་དབྱེར་མེད་དང་སྲས་ཀྱི་ཐུ་བོའང་ཡིན་པའི་ཕྱིར་རོ། ༧༌།གོང་དུ་བཤད་པ་རྣམས་ནི་སྤྱན་རས་གཟིགས་ཀྱི་བསྔགས་པ་དང་ཡིག་དྲུག་གི་ཕན་ཡོན་གཙོ་བོར་བརྗོད་པ་ཡིན་ལ། ད་ནི་སྦྱིན་བདག་གི་ཆེ་བའི་ཁྱད་པར་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་སྤྱིར་ཡིག་དྲུག་གི་ཕན་ཡོན་ཆོས་རྒྱལ་བསྲོང་བཙན་སྒམ་པོ་རྗེས་འབྲང་དང་བཅས་པས་རྒྱས་པར་བཤད་པའི་རྗེས་སུ་འབྲང་ནས་སྐྱ་སེར་ཀུན་དང་བསྟན་པའི་སྦྱིན་བདག་དང་ལྡན་རྣམས་ཀྱིས་ཡིག་དྲུག་འདོན་པ་དང༌། མ་ཎི་རིལ་སྒྲུབ་མཛད་པའི་སྲོལ་བཟང་པོ་ཡུལ་དབུས་གཙང་ནས་བཟུང་སྟེ་ཤར་རྒྱལ་ཁམས་ཆེན་པོའི་བར་དར་ཞིང་རྒྱས་པ་འདི་བཞིན་ཡིན་ལ། སྤྱིར་རིལ་སྒྲུབ་མ་བྱས་ཀྱང་མི་མང་ཚོགས་ནས་མ་ཎི་བཟླས་ནའང་ཕན་ཡོན་ཆེ་མོད། རིལ་སྒྲུབ་མཛད་པའི་དགོས་པ་ནི། དེ་ལྟར་བསྒྲུབ་པའི་རིལ་བུ་དེ་གང་གིས་དད་པས་ཟོས་ན་རྒྱུད་ལ་ལྷ་དང་སྔགས་ཀྱི་བྱིན་རླབས་ཞུགས་ནས་སྡིག་སྒྲིབ་བྱང་ནས་མངོན་མཐོ་ཁྱད་པར་ཅན་དང་ངེས་ལེགས་འགྲུབ་པར་འགྱུར་བས་ཁྱད་ཆེའོ། །མ་ཎི་རིལ་སྒྲུབ་མཛད་པ་ན་གྲངས་དུད་འཕྱུར་སོང་ན་ནི་དགོས་པའི་དོན་གྱི་གཙོ་བོ་འགྲུབ་པ་ཡིན་གྱི། དེའི་ཚེ་རིལ་བུ་འབབ་སྲིད་ཀྱང་དེ་འབབ་དགོས་པར་གཞུང་དུ་མྲ་ལས་མ་བཤད་པས། འབབ་པ་ཙམ་ལ་དགའ་ཞིང་ཡ་མཚན་དུ་འཛིན་པ་ནི་བྱིས་པའི་བསམ་པའོ། །མདོ་སྨད་ཅོ་ནེའི་ཕྱོགས་འདིར་ནི་སྔོན་དད་ལྡན་དུ་མས་མ་ཎི་རིལ་སྒྲུབ་མཛད་ཅིང༌། ཅོ་ནེའི་དཔོན་ཡབ་སྲས་རྣམས་ཀྱིས་ཀྱང་སྔར་རང་གི་ཕོ་བྲང་དུ་རིལ་སྒྲུབ་ལན་བདུན་མཛད་པར་གྲགས་སོ། །ཁྱད་པར་དུ་ད་ལྟ་ས་སྐྱོང་ཆེན་པོ་མི་དབང་འཇམ་དབྱངས་ནོར་བུའི་མཛད་པ་ལས་བརྩམས་ཏེ་ཅུང་ཟད་བརྗོད་ན། ཁོང་གིས་འཇིག་རྟེན་ལུགས་ཀྱི་སྲིད་སྐྱོང་སྤྱི་དང་བྱེ་བྲག་རང་གི་ཕོ་བྲང་ཆེན་པོ་དང་གནས་འདི་གཉིས་ཀའང་གཞི་ནས་གསར་བཅོས་ཀྱིས་བཀོད་པ་ཕུན་སུམ་ཚོགས་པ་ཇི་ལྟར་མཛད་པ་དང༌། ཆོས་ཕྱོགས་ནས་གསེར་ཡུམ་གྱིས་གཙོས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དུ་མ་ཕོ་བྲང་ཆེན་མོ་དང་འདི་ཉིད་དུའང་བཞེངས་པའི་དཀར་ཆགས་ནི་ལོགས་སུ་གསལ་བ་ལྟར་ཡིན་ལ། འདིར་རང་གི་བཞུགས་གནས་ཟུར་པར་ས་ཕག་གི་ལོར་མ་ཎི་རིལ་སྒྲུབ་ཇི་ལྟར་མཛད་པའི་ཚུལ་མདོར་བསྡུས་ཚིགས་བཅད་དུ་སྦྱར་ཏེ་བརྗོད་པར་བྱའོ། ༧་འཇམ་པའི་དབྱངས་དངོས་བློ་བཟང་རྒྱལ་བསྟན་འདིར། །མཐོ་རིགས་ཁང་བཟང་རྩེ་ནས་མངོན་འཕགས་ཤིང༌། །ལུགས་ཟུང་འདོད་རྒུའི་འབྱུང་གནས་ནོར་བུ་ཞིག །ཐུབ་བསྟན་རྒྱལ་མཚན་མཛེས་པའི་དཔལ་དུ་ཤར། །དད་སྟོབས་རྣམ་དཔྱོད་ལྡན་པའི་ས་སྐྱོང་དེས། །བསྟན་དང་འགྲོ་ལ་ཕན་པའི་ཆེད་དགོངས་ཏེ། །ཉེར་མཁོའི་ཡོ་བྱད་དགོས་ཆ་མང་སྦྱར་ནས། །ཕག་ལོའི་ལྔ་པ་སྣྲོན་གྱི་ཟླ་བ་ལ། །འཕེལ་གདུང་གསེར་དངུལ་མུ་ཏིག་བྱི་རུ་སོགས། །རིན་ཆེན་རིགས་དང་བྱིན་རྟེན་རྣམ་མང་དང༌། །དམ་རྫས་རིལ་བུ་དྲི་སྨན་སྣ་ཚོགས་པ། །བསྲེས་པའི་རྒྱུ་ལས་རིལ་བུ་མང་བསྒྲིལ་ཏེ། །དགེ་འདུན་སུམ་བརྒྱ་སྐྱེ་བོའི་འདུ་ཚོགས་བཅས། །བསྙེན་བཀུར་ཞག་བཅུའི་བར་ལ་ཉིན་མཚན་དུ། །མ་ཎི་གྲངས་ཚད་དུད།འཕྱུར་གཉིས་ཙམ་ཞིག །འགྲོ་བར་བྱས་ནས་ལེགས་པར་བསྒྲུབས་པར་མཛད། །དེ་ཚེ་མི་དབང་འཁོར་དང་བཅས་རྣམས་ཀྱིས། །བརྒྱ་མཆོད་ལན་མང་མཛད་པས་ཆར་དུས་བབས། །མི་རྣམས་ཆོས་དང་ཟང་ཟིང་དགའ་སྟོན་ལ། །རྩེ་དགས་རོལ་བའི་སྐལ་བ་ལྡན་པར་གྱུར། །དེ་ལྟར་བུམ་སྒྲུབ་མཛད་པའི་གནས་སྐབས་སུ། །རིལ་བུ་ལྷར་བསྐྱེད་རྒྱལ་བ་སྲས་བཅས་ཀྱི། །བྱིན་རླབས་ནུས་མཐུ་བཀུག་ནས་བསྟིམ་པ་ལ། །མ་ཎི་དུད་འཕྱུར་བཟླས་སྒྲུབ་བྱིན་གྱིས་བརླབས། །བཟང་བཟང་དམ་རྫས་བྱིན་རྟེན་ཀུན་ཚོགས་ཤིང༌། །མང་མང་དགེ་འདུན་འདུས་པའི་སྡེ་རྣམས་ཀྱིས། །ཡང་ཡང་སྒོམ་བཟླས་མཛད་ནས་བསྒྲུབས་འདི་རྣམས། །གང་གང་སྤྱད་ན་མངོན་མཐོ་ངེས་ལེགས་འགྲུབ། །དེ་ལྟར་སྒྲུབ་ཕྱིར་སྒོ་གསུམ་རབ་འབད་རབ་མད་རྒྱུ་ཚོགས་བཏང་བ་ལས། །ལས་དཀར་ཇི་སྙེད་ཐོབ་དེས་གནས་འདིར་གནས་སྐབས་མི་འདོད་ཉེར་འཚེ་ཀུན། །ཀུན་ནས་ཞི་ཞིང་ཕྱི་མར་སྐྱེ་དང་སྐྱེ་བར་དལ་རྟེན་རིམ་བརྒྱུད་དེ། །དེ་ཉིད་གཟིགས་པའི་གོ་འཕང་མྱུར་བར་མྱུར་དུ་ངེས་པར་ཐོབ་གྱུར་ཅིག །ཁྱད་པར་ས་སྐྱོང་མི་དབང་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་ཞི་མཐུན་རྐྱེན་ཐམས་ཅད་དང༌། །ལུགས་གཉིས་མངའ་ཐང་དབྱར་མཚོ་ལྟར་འཕེལ་ཞིང༌། །བདེ་སྐྱིད་དགའ་སྟོན་དཔལ་ལ་སྤྱོད་གྱུར་ཅིག །ཅེས་མ་ཎིའི་ཕན་ཡོན་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་འདི་ནི༌། ཐུབ་བསྟན་སྤྱི་དང་འཇམ་དཔལ་སྙིང་པོའི་བསྟན་པ་ལ་ཕན་འདོད་ཀྱི་ལྷག་བསམ་ཅན་དད་དང་རྣམ་དཔྱོད་ལྡན་པའི་ཅོ་ནེའི་ས་སྐྱོང་ཆེན་པོ་མི་དབང་འཇམ་དབྱངས་ནོར་བུས་བསྟན་འགྲོའི་དོན་ལ་དམིགས་ནས་བཞུགས་གནས་ཟུར་བ་གསང་བསྐྲུན་མར་རིས་བཀྲ་ཤིས་ཁང་གསར་བསམ་འགྲུབ་ཕོ་བྲང་ཅེས་བྱ་བར་མ་ཎིའི་བུམ་སྒྲུབ་མཛད་པའི་ཚེ་འདི་ལྟ་བུ་ཞིག་གྱིས་དང༌། གཞན་ལའང་ཕན་ཆེད་ཁོ་བོས་བར་དུ་བསྒྲུབ་པར་བྱའོ་ཞེས་གསུང་གིས་བསྐུལ་བ་ལ་བརྟེན་ནས། གཡོ་སའི་ཁྲི་ཟུར་དུ་འབོད་པ་བཤད་སྒྲུབ་མིང་ཅན་གྱིས་གནས་དེ་ཉིད་དུ་མགྱོགས་པར་སྦྱར་བ་སྟེ།དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བ་གཡོ་སའི་དགེ་སློང་སངས་རྒྱས་རྒྱ་མཚོས་སྔར་དཔོན་གྱིས་བརྐོས་པ་དེ་བར་ཐུང་ཆུང་སྟོབས་ཀྱིས་གསུང་འབུམ་དུ་འཇུག་མི་བདེ་བས་འདི་སླར་ཁོ་བོས་པར་དུ་བསྒྲུབས་ནས་ཉིད་ཀྱི་གསུང་འབུམ་གྲལ་དུ་འཇུག་བར་བྱའོ་ཞེས་ཁས་བླངས་པའི་ཚེ་བར་གྱི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒ་ལཾ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
