སྒྲོལ་བསྟོད་ཀྱི་རྣམ་བཤད་མདོར་བསྡུས་རབ་གསལ་ཞེས་བྱ་བ་བཞུགས་སོ། །
ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 2016-01-31 11:07:18
རྩོམ་པ་པོ། ཅོ་ནེའི་གྲགས་པ་བཤད་སྒྲུབ། ཀློག་ཐེངས།
![]()

ན་མོ་ཨཱརྱ་ཏཱ་རེ་ཡེ། རྒྱལ་བ་ཀུན་གྱི་འཕྲིན་ལས་མ་ལུས་པ། །རབ་མཛེས་ལྷ་མོའི་གཟུགས་སུ་ཉེར་ཤར་བ། །བཅོམ་ལྡན་འདས་མའི་ཞབས་ལ་གུས་བཏུད་ནས། །དེ་ཉིས་བསྟོད་པའི་ཚིག་དོན་བཤད་པར་བྱ། །
དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཉིས་ཀྱིས་རྗེ་བཙུན་སྒྲོལ་མ་ལ་བསྟོད་པ་ཕྱལ་འཚལ་ཉེར་གཅིག་ཏུ་གྲགས་པ་མཛད་པའི་དོན་རྣམ་པར་བཤད་པར་བྱ་སྟེ། དེ་ཡང་བསྟོད་པ་འདི་ཉིད་སྤྱིར་སྒྲོལ་མ་ཐམས་ཅད་ཀྱི་གཙོ་མོ་སེང་ལྡེང་ནགས་སྒྲོལ་མའི་བསྟོད་པར་གྲགས་པ་ལྟར་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན་སྒྲོལ་མ་ཉེར་གཅིག་གི་བསྟོད་པར་ཡང་འགྲོ་བས། རྗེ་དགེ་འདུན་རྒྱ་མཚོས་སྔ་མའི་དབང་དུ་བྱས་ནས་བཤད་ལ། འདིར་ཕྱི་མ་དང་འབྲེལ་བར་བཤད་པར་བྱའོ། དེ་ལྟར་ནའང་དམ་པ་ཁ་ཅིག་སྒྲོལ་མ་ཉེར་གཅིག་པོ་ཐམས་ཅད་སེང་ལྡེང་མའི་སྤྲུལ་པ་ཡིན་ཞེས་བཤད་ལ། ཁ་ཅིག་སྒྲོལ་མ་རིགས་མི་འདྲ་བ་ཉེར་གཅིག་ཡིན་ནོ། ཞེས་གསུང་ངོ། གང་ལྟར་ཡང་གསོལ་འདེབས་བྱེད་པའི་ཚེ། སེང་ལྡེང་མ་ལ་སྒྲོལ་མ་གཞན་རྣམས་ཀྱིས་སྐོར་བ་འམ། སྒྲོལ་མ་གཞན་ཐམས་ཅད་སེང་ལྡེང་མར་འདུས་པར་བསམ་ན། དེ་ཐམས་ཅད་ཀྱིས་རྗེས་སུ་འཛིན་པའི་རྟེན་འབྲེལ་ཡོད་པས་དེ་ལྟར་དུ་བྱའོ།
འདིར་འཆད་པ་ལ་གཉིས་བསྟོད་པ་དངོས་དང་། དེའི་ཕན་ཡོན་བཤད་པའོ།།
དང་པོ་ནི། བསྟོད་པ་འདིའི་ཐོག་མར་པོ་ཏ་ལའི་གནས་མཆོག་ན། །ཞེས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གི་རྗེད་སུ་ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ཞེས་འདོན་པ་ནི། གཞན་གྱིས་བསྣན་པ་སྟེ། དེའི་དང་པོ་གནས་གང་ནས་སྤྱན་འདྲེན་པ་དང་། ལྷག་མ་ནི་ཕྱག་འཚལ་བའོ། དེ་ནས་ཕྱག་འཚལ་བའི་ཚིགས་བཅད་ཉེར་གཅིག་ཡོད་པ་ལས།
དང་པོ་ནི། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་རྗེ་བཙུན་མ་མྱུར་མ་དཔའ་མོ་ལ་ཕྱག་འཚལ་བའི་སྒོ་ནས་བསྟོད་པ་ཡིན་ཏེ། ཚིག་དོན་ནི། ཕྱག་འཚལ་ལོ་ཞེས་དྲང་ངོ། གང་ལ་ན། འགྲོ་བ་རྣམས་འཁོར་བ་དང་ངན་སོང་ལས་སྒྲོལ་བའི་སྒྲོལ་མ་དེ་ལའོ། སྒྲོལ་མ་དེ་ནི་སེམས་ཅན་གྱི་དོན་སྤྱིན་དང་དབང་དུ་སྡུད་པའི་འཕྲིན་ལས་མྱུར་བས་ན་མྱུར་མ། བདུད་དང་ཉོན་མོངས་འཇོམས་པར་བྱེད་པས་ན་དཔའ་མོའོ། དེའི་སྤྱན་ནི་འོད་ཤིན་ཏུ་གསལགཞིང་འཕྲོ་བ་ནི་སྐད་ཅིག་གིས་གློག་འཁྱུག་པ་དང་འདྲ་བའི་སྒྲོལ་མ་སྟེ། དེ་གང་ལས་འཁྲུངས་པ་ནི། ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་གྱི་མགོན་པོ་སྤྱན་རས་གཟིགས་ཀྱི་གདོང་གི་དཀྱིལ་འཁོར་ལ་གནས་པའི་སྤྱན་གྱི་ཆུ་བབ་པ་ལས། སྐྱེས་པའི་ཞལ་གྱི་པདྨའི་གེ་སར་བྱེ་བ་ལས་ནི་བྱུང་མའོ། །
གཉིས་པ་ཞི་བ་ཆེན་མོ་ལས་བསྟོད་ཕྱག་ནི། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །ཞེས་སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། སྟོན་གའི་ཟླ་བ་ཉ་ཀུན་ཏུ་གང་བ་བརྒྱ་ཕྲག་ནི་བརྩེགས་པ་ལྟ་བུ་དཀར་ཞིང་གསལ་བའི་ཞལ་རུས་དང་ལྡན་མ་སྟེ། དེ་ཡང་སྐར་མ་སྟོང་ཕྲག་གཅིག་ནམ་མཁར་ཚོགས་ན་རྣམས་ཀྱིས་རང་ཏུ་ཕྱེ་བ་སྟེ་བརྒྱན་པ་ལྟ་བུའི་འོད་དཀར་པོ་རབ་ཏུ་འབར་མ་དེ་ལའོ། འདིའི་འཕྲིན་ལས་ནི་ནད་གདོན་སོགས་འཇོམས་པར་བྱེད་པའོ།
གསུམ་པ་གསེར་མདོོག་ཅན་མ་ནི། ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །ཞེས་སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཁ་དོག་གསེར་ལྟར་སེར་བ་ལ་ཅུང་ཟད་སྔོ་བའི་མདངས་ཅན་ཆུ་ནས་བྱུང་པའི་ཆུ་སྐྱེས་ཀྱི་པདྨས་རང་གི་ཕྱག་ནི་རྣམ་པར་བརྒྱན་པའི་ཕྱག་འཚལ་འཛིན་མ་སྟེ། སྤྱིན་པ་དང་། བརྩོམ་འགྲུས་དང་། དཀའ་ཐུབ་སྟེ་ཚུལ་ཁྲིམས་ཀྱིས་ཉོན་མོངས་པ་ཞི་བར་བྱེད་པ་དང་ལྡན་ཅིང་དེ་བཞིན་དུ་བཟོད་པ་དང་། བསམ་གཏན་དང་། དེ་ཁོ་ན་ཉིད་ཀྱི་སྤྱོད་ཡུལ་ཅན་གྱི་ཤེས་རབ་ཉིད་ཤེས་རབ་ཉིད་དང་བཅས་པའི་སྒྲོལ་མ་དེ་ལའོ།།
བཞི་བ་གཙུག་ཏོར་རྣམ་རྒྱལ་ནི། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །ཞེས་སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། དེ་བཞིན་གཤེགས་པའི་གཙུག་ཏོར་ལྟར་ཀུན་གྱིས་མཆོད་པར་བྱ་བའི་གནས་སུ་གྱུར་ཅིང་། མི་མཐུན་ཕྱོགས་མཐའ་ཡས་པ་རྣམས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཅན་མ་ལ། སྤྱིན་པ་ལ་སོགས་པས་ཟིན་པའི་ས་བཅུ་མ་ལུས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིན་ཏུ་གུས་པས་ཞབས་པས་བསྟེན་མ་དེ་ལའོ། དེའི་འཕྲིན་ལས་ཀྱི་གཙོ་བོ་ནི་ཚེ་སྤེལ་པར་མཛད་པའོ། །
ལྔ་པ་ཧཱུཾ་སྒྲ་སྒྲོག་མ་ནི། ཕྱག་འཚལ་ཏུཏྟ་ར་ཧཱུཾ་ཡི་གེས། །ཞེས་སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ནི། ཨོཾ་ཏུཏྟ་རེ་ཧཱུཾ་ཞེས་པའི་རིགས་སྔགས་ཀྱི་ཡི་གེ་སྒྲོགས་ཤིང་དེ་ལས་སྤྲོས་པའི་འོད་ཟེར་གྱིས་འདོད་པའི་ཁམས་དང་། ཕྱོགས་ཏེ་གཟུགས་ཁམས་དང་། ནམ་མཁའ་སྟེ་གཟུགས་མེད་ཀྱི་ཁམས་རྣམས་གང་བར་མཛད་མའམ་ས་འོག་ས་སྟེང་ས་བླ་གསུམ་གང་བར་མཛད་ཅེས་སྦྱར་ཡང་རུང་ངོ་། །འཇིག་རྟེན་བདུན་པོ་སྟེ་ངན་སོང་གསུམ་དང་མི་འདོད་ལྷ་དང་བཅས་པ་ལྔའི་སྟེང་དུ་ཁམས་གོང་མ་གཉིས་བསྣན་པ་ལྟར་རམ། ཁ་ཅིག་རིགས་དྲུག་བར་དོ་བ་དང་བཅས་པ་དྲུག་ལ་བཞེད་པ་བཞིན་ཏེ། དེ་གཉིས་གང་བྱེད་ཀྱང་དེ་རྣམས་ཞབས་ཀྱིས་མནན་ཏེ། དེ་ཐམས་ཅད་ཀྱང་རིག་སྔགས་ཀྱི་མཐུས་ལུས་པ་མེད་པར་འགུག་པར་ནུས་པའི་སྒྲོལ་མ་ལའོ། འདིའི་འཕྲིན་ལས་ནི་དབང་དུ་སྡུད་པའོ། །
དྲུག་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ནི། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །ཞེས་སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། དབང་པོ་བརྒྱ་བྱིན་དང་། མེ་ལྷ་དང་། ཚངས་པ་དང་། རླུང་ལྷ་དང་། སྣ་ཚོགས་པའི་གཟུགས་ཅན་དབང་ཕྱུག་ཆེན་པོ་སོགས་འཇིག་རྟེན་པའི་ལྷ་ཆེན་པོ་དེ་རྣམས་ཀྱིས་མཆོད་པར་བྱེད་མ་སྟེ། འབྱུང་པོ་དང་། རོ་ལངས་དང་། དྲི་ཟ་རྣམས་དང་། གནོད་སྦྱིན་ཚོགས་རྣམས་ཀྱིས་ཀྱང་མདུན་ནས་གུས་པར་བསྟོད་པར་བྱེད་པའི་སྒྲོལ་མ་ལའོ། འདིའི་འཕྲིན་ལས་ནི་འབྱུང་པོའི་གདོན་ཞི་བར་མཛད་པའོ། །
བདུན་པ་གཞན་མཐུ་འཇོམས་མ་ནི། ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཞལ་ནས་ཏྲད་ཅེས་བྱ་བ་དང་ཕཊ་ཀྱི་སྒྲ་དྲག་པོ་བསྒྲགས་པས་ཕ་རོལ་གྱི་བསམ་སྦྱོར་ངན་པས་བྱས་པའི་འཁྲུལ་འཁོར་གྱི་སྦྱོར་པ་ངན་པ་ཐམས་ཅད་རབ་ཏུ་འཇོམས་པར་མཛད་མ་སྟེ། གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་ཞབས་ཀྱི་བཞུགས་སྟབས་ཀྱིས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་རབ་ཏུ་མནན་ཏེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཞིང་འཁྲུགས་པ་ཤིན་རུ་འབར་པའི་དབུས་ན་བཞུགས་མ་ལའོ། འདིའི་འཕྲིན་ལས་ཀྱི་གཙོ་བོ་ནི་གཞན་གྱི་ངན་སྔགས་ཕྱིར་ཟློག་པར་མཛད་པའོ། །
བརྒྱད་པ་བདུད་དང་དགྲ་འཇོམས་མཛད་མ་ནི། ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཞལ་ནས་ཏུ་རེ་ཞེགས་སོགས། འཇིགས་པ་ཆེན་མོ་སེལ་བའི་གསུང་བསྒྲགས་པ་ཙམ་གྱིས། ཕ་རོལ་གྱི་དགྲ་དང་བདུད་ཀྱི་དཔའ་པོ་སྟེ་གཙོ་བོ་ལྷའི་བུའི་བདུད་ལ་སོགས་པ་ཡང་རྣམ་པར་འཇོམས་མ་སྟེ། ཆུ་སྐྱེས་འདབ་མ་རྒྱས་པ་ལྟར་མཛེས་པའི་ཞལ་ནི་ཁྲོ་གཉེར་དང་ལྡན་པའི་རྣམ་པར་མཛད་པའི་ཁྲོ་མོའི་རྣམ་པ་ཅན་ཕྱི་ནང་གི་དགྲ་བོ་ཐམས་ཅད་མ་ལུས་གསོད་པར་མཛད་པའོ། །
དགུ་པ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་མ་ནི། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཕྱག་གཡོན་པས་དཀོན་མཆོག་གསུམ་ཚོན་པའི་བརྡར་མཛུབ་མོ་གུང་མོ་མཐེའུ་ཆུང་གསུམ་བསྒྲེང་པའི་ཕྱག་རྒྱ་མཛད་པའི་སོར་མོ་གསུམ་གྱིས་རང་གི་ཐུགས་ཀར་རྣམ་པར་བརྒྱན་པའི་སྒྲོལ་མ་སྟེ། ཤར་ལ་སོགས་པ་མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པ་སྟེ་མཛེས་པར་བྱེད་པའི་རང་གི་སྐུ་ལས་སྐྱེས་པའི་འོད་ཀྱི་ཚོགས་རྣམས་དྲྭ་བས་འཁྲུགས་ཤིང་བསྐོར་བར་མཛད་མ་ལའོ། འདིས་སྲུང་གཙོ་བོར་མཛད་དོ། །
བཅུ་པ་འཇིག་རྟེན་དབང་སྡུད་མ་ནི། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །སོསག་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། གཞན་གྱི་མཐོང་ན་ཡིད་རབ་ཏུ་དགའ་བ་དང་། ཟིལ་གྱིས་གནོན་པའི་བརྗིད་ཆགས་པ་དང་ལྡན་པའི་རིན་པོ་ཆེའི་དབུ་རྒྱན་ཀྱི་ཚོགས་འཕྲོ་བ་དང་། རིན་པོ་ཆེའི་ཕྲེང་བས་སྤེལ་པས་བརྒྱན་མ་སྟེ། ཞལ་གད་མོ་བཞད་པ་རབ་ཏུ་བཞད་པའི་སྒོ་ནས་རང་སྔགས་ཨོཾ་ཏཱ་རེ་ཏུཏྟ་རེ་ཞེས་སོགས་ཀྱི་སྒྲ་རབ་ཏུ་བསྒྲགས་པ་ཡི་བདུད་དང་འཇིག་རྟེན་ཐམས་ཅད་དབང་དུ་མཛད་མ་ལའོ།།
བཅུ་གཅིག་པ་ཕོངས་པ་ཀུན་སེལ་ནི། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཕྱོགས་སྐྱོང་བཅུ་དང་འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པ་ས་བཞི་སྐྱོང་བའི་ཚོགས་རྣམས་ཐམས་ཅད་ཀྱང་འགུགས་པར་ནུས་མ་ཉིད་མ་སྟེ། དེ་ཉིད་ཞལ་ཁྲོ་གཉེར་གཡོ་བའི་ཁྲོ་མའི་རྣམ་པར་བཞུགས་པའི་ཐུགས་ཀར་ཡི་གེ་ཧཱུཾ་གིས་མཚན་པའི་འོད་ཀྱིས་འགྲོ་བ་དབུལ་ཕོངས་པའི་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་སྒྲོལ་མ་ལའོ། །
བཅུ་གཉིས་པ་བཀྲ་ཤིས་འབྱུང་གནས་མ་ནི། ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཟླ་བའི་དུམ་བུ་ཕྱེད་པས་དབུ་ལ་བརྒྱན་ཅིང་། བརྒྱན་པ་ཐམས་ཅད་ལས་འོད་ཤིན་ཏུ་འབར་བ་སྟེ་འཕྲོ་བ་དང་། འབུའི་རལ་པའི་ཁྲོད་ནས་སངས་རྒྱས་འོད་དཔག་མེད་རིགས་བདག་ཏུ་བཞུགས་པ་ལས་དུས་རྟག་པར་ཤིན་ཏུ་འོད་རབ་ཏུ་འགྱེད་པར་མཛད་མེད་ལའོ། འདིས་བཀྲ་ཤིས་པར་མཛད་དོ། །
བཅུ་གསུམ་པ་མེ་ལྟར་འབར་བ་ནི། ཕྱག་འཚལ་བསྐལ་པའི་མཐའ་མིའི་མེ་ལྟར། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། འཇིགས་པའི་དུས་ཀྱི་བསྐལ་པ་ཐ་མའི་མེ་ལྟར་རབ་ཏུ་འབར་བས་བསྐོར་བའི་ཕྲེང་བའི་དབུས་ན་གནས་མ་སྟེ། དེ་ཉིད་ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་སྟབས་ཀྱིས་ཀུན་ནས་བསྐོར་བའི་འོད་ཟེར་གྱི་ཚོགས་འཕྲོ་ཡིད་དགའ་བར་བྱེད་པའི་དབུས་ན་བཞུགས་བཞིན་པར་ཕ་རོལ་གྱི་དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ་ལའོ། འདིས་བགེགས་དང་བར་ཆད་སྲུང་ངོ་། །
བཅུ་བཞི་པ་ཁྲོ་གཉེར་ཅན་མ་ནི། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ས་གཞིའི་ངོས་ལ་སྡིག་མཛུབ་དང་བཅས་པའི་གཡོན་པའི་ཕྱག་གི་མཐིལ་བསྣུན་ཅིང་། ཞབས་ཀྱིས་བརྡུང་བར་མཛད་མ་སྟེ། དེ་ཉིད་ཞལ་ཁྲོ་གཉེར་ཅན་དུ་མཛད་ཅིང་། ཕྱག་གཡས་པའི་མཐིལ་ན་ཡོད་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས། ས་རིམ་པ་བདུན་པོ་རྣམས་ནི་འགེམས་པ་སྟེ་ཐལ་བྱུང་དུ་ཐོགས་པ་མེད་པར་ཁྱབ་པར་མཛད་མ་ལའོ། འདིས་བགེགས་ཞི་བར་མཛད་དོ། །
བཅོ་ལྔ་པ་ཞི་བ་ཆེན་མོ་ནི། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཟག་མེད་ཀྱི་བདེ་བས་བདེ་མ་དང་། ཉོན་མོངས་བག་ཆགས་དང་བཅས་པ་སྤངས་པས་དགེ་མ་དང་། དྲི་མ་མེད་པས་ན་ཞི་མ་དང་། ཐར་པ་མྱ་ངན་ལས་འདས་པ་ཞི་བ་བརྙེས་པས་དེའི་སྤྱོད་ཡུལ་ཅན་དུ་གྱུར་པ་ཉི་མསྟེ། མཐར་སྭཱཧཱདང་འགོར་ཨོཾ་དང་ཡང་དག་ལྡན་པའི་རང་གིས་སྔགས་ཏཱ་རེ་བརྗོད་པས་གཞན་གྱི་སྡིག་པ་ཆེན་པོ་འཇོམས་པར་མཛད་མ་ལའོ། །
བཅུ་དྲུག་པ་རིག་པ་ཧཱུཾ་ལས་སྒྲོལ་མ་ནི། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་པའི། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཐུགས་ཁའི་འཁོར་ལོའི་ལྟེ་བར་ཏཾ་ཡིག་དང་། རྩིབས་རྣམས་སུ་ལ་སྔགས་ཀྱི་ཡི་གེས་ཀུན་ནས་བསྐོར་བ་རབ་ཏུ་མཛེས་པས་ཡིད་དགའ་བར་བྱེད་པའི་སྔགས་འཕྲེང་ལས་འཕྲོས་པའི་འོད་ཟེར་གྱིས་དགྲའི་ལས་རབ་ཏུ་འགེམས་མ་སྟེ། ཨོཾ་ཏཱ་རེ་སོགས་ཡི་གེ་བཅུ་པའི་སྔགས་ནི་ཐུགས་ཀར་བཀོད་པའི་སྒོ་ནས། ཨོཾ་ན་མཿཏཱ་རེ་ན་མོ་ཧཱ་རེ་ཧཱུཾ་ཧཱ་རེ་སྭཱཧཱ་ཞེས་པའི་རིག་པ་ཨོཾ་གི་སྔགས་བརྗོད་པས། གཞན་གྱི་རིགས་སྔགས་ཀྱི་མཐུ་ཐམས་ཅད་བཅད་ནས་དེ་ལས་སྒྲོལ་བར་མཛད་པ་ཉིད་ཀྱི་སྒྲོལ་མ་ལའོ། །
བཅུ་བདུན་པ་འཇིག་རྟེན་གསུམ་གཡོ་མ་ནི། ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཏུ་རེ་ནི་མྱུར་མ་སྟེ་དེའི་ཞབས་ནི་ས་ལ་བརྡབས་པས་ཐུགས་ཀ་ནས་ཡི་གེ་ཧཱུཾ་གི་རྣམ་པའི་ས་བོན་ཉིད་འཕྲོ་མ་སྟེ། དེའི་མཐུས་རི་རབ་མནྡྷ་ར་དང་རི་བོ་འབིགས་བྱེད་དང་བཅས་པའི་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ་ལའོ། འདིར་འབིགས་བྱེད་ཅེས་པའི་དོན་འབིབས་པར་བྱེད་པ་ལ་མཛད་པ་ནི་ཅུང་མི་བདེའོ། འདིས་ཀྱང་གཞན་ཀྱི་རིག་སྔགས་འཇོམས་པར་མཛད་དོ།།
བཅོ་བརྒྱད་པ་དུག་སེལ་མ་ནི། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། སོགས་བཞི་སྟེ། གང་ལ་ན། ལྷ་ཡི་བདུད་རྩིའི་མཚོ་ཡི་རྣམ་པ་ཅན་དུ་གནས་པའི་ཟླ་བའི་དཀྱིལ་འཁོར་རི་དགས་རི་བོང་གི་རྟགས་ཅན་ཕྱག་ན་བསྣམས་པར་མཛད་མ་སྟེ། ཡི་གེ་བཅུ་པ་དང་བཅས་པའི་ཏཱ་ར་ཞེས་ཏཱ་ར་གཉིས་བརྗོད་ཅིང་ཕཊ་ཀྱི་ཡི་གེས་དུག་གི་ནད་རྣམས་མ་ལུས་པ་ནི་སེལ་བར་མཛད་མ་ལའོ། །
བཅུ་དགུ་པ་སྡུག་བསྔལ་སེལ་མ་ནི། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ལྷ་ཡི་ཚོགས་རྣམས་ཀྱི་རྒྱལ་པོ་ཚངས་པ་བརྒྱ་བྱིན་སོགས་དང་། ལྷ་གཞན་དང་། མིའམ་ཅི་ཡིས་ཞབས་པད་བསྟེན་མ་སྟེ། ཀུན་ནས་རིགས་སྔགས་ཀྱི་གོ་ཆ་དགའ་བའི་གཟི་བརྗིད་གྱིས་གཞན་གྱི་རྩོད་པ་དང་རྨི་ལམ་ངན་པ་ཐམས་ཅད་སེལ་མ་ལའོ། །
ཉི་ཤུ་པ་རིམས་ནད་སེལ་མ་ནི། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཉི་མ་དང་ཟླ་བ་དང་འདྲ་བའི་སྤྱན་གཉིས་པོ་ལ་འོད་རབ་ཏུ་གསལ་ཞིང་འབར་མ་སྟེ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རཆ་སྭཱཧཱ་ཧ་ར་ཧ་རཕཊ་ཅེས་ཧ་ར་གཉིས་བརྗོད་པ་དང་བཅས་པའི་ཏུཏྟཱ་ར་ཡི་སྔགས་ཀྱིས་ཤིན་ཏུ་དྲག་པའི་རིམ་ནད་སེལ་མ་ལའོ། །
ཉེར་གཅིག་པ་འཕྲིན་ལས་སྒྲུབ་མཛད་མ་ནི། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། སོགས་བཞི་སྟོན་ཏེ། ཕྱག་འཚལ་ལོ། གང་ལ་ན། རང་གི་གནས་གསུམ་དུ། ཨོཾ་ཨཱཿཧཱུཾ་གི་དེ་ཉིད་གསུམ་རྣམས་བཀོད་པའི་འོད་ཀྱིས་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པའི་མཐུ་དང་ཡང་དག་པར་ལྡན་མ་སྟེ། འབྱུང་པོ་ལ་སོགས་པའི་གདོན་དང་དུར་ཁྲོད་ཀྱི་རོ་ལངས་དང་གནོད་སྦྱིན་གྱི་ཚོགས་རྣམས་ཀྱི་གནོད་པ་ཐམས་ཅད་འཇོམས་པར་བྱེད་ནུས་པའི་རིག་སྔགས་ཆེན་མོ་ཡི་གེ་བཅུ་པ་ཏུ་རེ་རབ་མཆོག་ཉིད་དང་ལྡན་པའི་སྒྲོལ་མ་དེ་ལའོ། ཞེས་སོ། གོང་དུ་བརྗོད་པ་ལྟར་ཡི་གེ་བཅུ་པའི་རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་བཅས་ཏེ་བསྟོད་པ་ལ་ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག་ཡོད་དོ། ཅེས་པ་འདི་ནི། ཤཱཀྱའི་དགེ་སློང་བཤད་སྒྲུབ་མང་ཅན་གྱིས་མཁས་པའི་མན་ངག་བཞིན་དུ་སྦྱར་བའོ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།
