དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས།
དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས།
མཛད་པ་པོ། པཎ་ཆེན་བློ་བཟང་ཆོས་རྒྱན།
༄༅༅།།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
སངས་རྒྱས་ཀུན་གྱི་ཡེ་ཤེས་ནི།།
ངུར་སྨྲིག་གར་གྱིས་རོལ་པ་ལ།།
བློ་བཟང་རིགས་བརྒྱའི་ཁྱབ་བདག་ཅེས།།
སྙན་པར་གྲགས་པའི་དཔལ་དེར་འདུད།།
མགོན་དེས་བརྩེ་བས་ཟབ་མོའི་གནད།།
དྲི་བའི་ཟོལ་གྱིས་འདོམས་པའི་དོན།།
ཇི་ལྟར་བཟོད་པའི་རྣམ་དཔྱོད་ཀྱིས།།
གུས་པས་ཐལ་མོ་སྦྱར་ཏེ་གསོལ།།
སྤྱོད་པའི་ཕྱོགས་ཀྱི་དྲིས་ལན།
༈ རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་དང༌།།བཞི་སྟོང་གསུངས་པའི་དགོངས་གཏད་ནི།།སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཀྱིས།།དང་པོར་མངོན་པར་མཐོ་བའི་ཆོས།།ཕྱིས་ནི་ངེས་པར་ལེགས་འབྱུང་བ།།གང་ཕྱིར་མངོན་པར་མཐོ་ཐོབ་པས།།རིམ་གྱིས་ངེས་པར་ལེགས་པ་འོང༌།།ཞེས་པའི་དོན་དུ་བདག་གིས་ཁུམས། །
༈ ཤིང་བཟོ་མཁས་པའི་འཕྲུལ་འདེགས་འདྲའི།།ཐར་འདོད་ཤུགས་དྲག་བསྐྱེད་པའི་ཐབས། །རྒྱལ་ཚབ་དམ་པས་གསུངས་པ་བཞིན།།ཐམས་ཅད་མཁྱེན་པ་རང་ཉིད་ཀྱིའང༌།།སྡུག་བདེན་ཉེས་དམིགས་མ་བསམས་ན།།ཐར་འདོད་ཇི་བཞིན་མི་སྐྱེ་གསུངས།།འཁོར་བའི་ཉེས་བརྒྱ་སེམས་པའི་ཚུལ།།མང་ཡང་སྡུག་བསྔལ་སྡུག་བསྔལ་གྱིས། །འཇིགས་ནས་ཐར་འདོད་ཕྱུགས་ལའང་ཡོད།།ཟག་བཅས་ཚོར་བ་བདེ་བ་ལས།།ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས། །དེས་ན་འདུ་བྱེད་རང་བཞིན་གྱི།།ཟག་བཅས་ཉེར་ལེན་ཕུང་པོ་འདི།།སྡུག་བསྔལ་འགྲུབ་དང་གྲུབ་པའི་སྣོད།།ནད་དང་འབྲས་དང་ཟུག་རྔུ་ལྟར།།དམིགས་ནས་བསྒོམས་ན་བྱིངས་གཡོ་ལགས། །
༈ བདག་ཅག་སྲིད་ལས་ཐར་པའི་ཐབས།།དམ་པ་བཅར་གྱིས་ངེས་བཟུང་ན།།རྒྱལ་བས་གསུངས་པ་གཅིག་ཆོག་གི །འཆང་ཐུབ་ལྷག་པའི་བསླབ་གསུམ་ལགས། །
༈ འཁོར་བར་སྐྱེ་བའི་རྩ་བ་ནི།།ལུས་ཅན་ཀུན་གྱི་རང་རྒྱུད་ཀྱི།།ང་དང་ང་ཡི་བར་དམིགས་ནས།།རྟོག་པས་བཏགས་ཙམ་མ་ཡིན་པ།།ལྟོས་མེད་གྲུབ་པར་འཛིན་པ་ཡི།།བདག་འཛིན་ལྷན་སྐྱེས་རྣམ་གཉིས་ཏེ།།ཉོན་མོངས་ཅན་གྱི་མ་རིག་པའོ།།དེ་ལྟར་རྒྱལ་བའི་ཡུམ་ལས་ཀྱང༌།།ང་དང་ང་ཡིར་འཛིན་པ་ཡིས།།ལུས་ཅན་འཁོར་བར་འཁོར་ཞེས་གསུངས།།སྟོང་ཉིད་བདུན་ཅུ་པ་ལས་ཀྱང༌།།རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས།།ཡང་དག་ཉིད་དུ་རྟོག་པ་གང༌།།དེ་ནི་སྟོན་པས་མ་རིག་གསུངས།།དེ་ལས་ཡན་ལག་བཅུ་གཉིས་འབྱུང༌།།ཞེས་དང་རིན་ཆེན་ཕྲེང་བ་ལས།།ཇི་སྲིད་ཕུང་པོར་འཛིན་ཡོད་པ།།དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ།།ལས་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་དང་ཟླ་བའི་ཞབས་ཀྱིས་ཀྱང༌།།ཉོན་མོངས་སྐྱོན་རྣམས་མ་ལུས་པ།།འཇིག་ཚོགས་ལྟ་ལས་བྱུང་ཞེས་གསུངས།།བདག་འཛིན་གཉིས་ཀྱི་དམིགས་པ་ལ།།ཁྱད་པར་ཡོད་ཀྱང་འཛིན་སྟངས་དག །མི་མཐུན་མེད་ཕྱིར་སྲིད་རྩ་ནི།།གཉིས་སུ་ཐལ་བའི་སྐྱོན་དང་བྲལ། །
༈ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི།།འཁོར་ཚུལ་འཕགས་མཆོག་ཀླུ་སྒྲུབ་ཀྱིས།།ལམ་གསུམ་ཐོག་མཐའ་དབུས་མེད་པ།།འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུ་ཕན་ཚུན་གྱི།།རྒྱུ་ཅན་འདི་ནི་འཁོར་བར་འགྱུར།།གསུངས་བཞིན་ངལ་བསོ་མེད་པར་འཁོར།།གྲངས་ངེས་ཡན་ལག་བཅུ་གཉིས་སུ།།དབྱེར་ཡོད་དེ་ལས་མང་མི་དགོས།།ཉུང་ན་མི་འདུའི་སྐྱོན་དང་བྲལ།།གོ་རིམས་འཕེན་བྱེད་འཕངས་པ་དང༌།།འགྲུབ་བྱེད་གྲུབ་པའི་སྒོ་ནས་ངེས།།འཕེན་བྱེད་ཡན་ལག་གང་ཞེ་ན།།མ་རིག་འདུ་བྱེད་རྣམ་ཤེས་ཀྱིས།།འཕངས་པའི་ཡན་ལག་མིང་གཟུགས་དང༌།།སྐྱེ་མཆེད་དྲུག་དང་རེག་ཚོར་རོ།།མངོན་པར་འགྲུབ་པའི་ཡན་ལག་ནི།།སྲེད་ལེན་སྲིད་པའོ་གྲུབ་པ་ཡི།།ཡན་ལག་སྐྱེ་བ་རྒ་ཤི་གཉིས།།འཕགས་མཆོག་ཀླུ་སྒྲུབ་ཞལ་སྔ་ནས།།དང་པོ་བརྒྱད་པ་དགུ་ཉོན་མོངས།།གཉིས་པ་བཅུ་པ་ལས་ཡིན་ཏེ།།ལྷག་མ་བདུན་ནི་སྡུག་བསྔལ་ཡིན།།ཞེས་གསུངས་རྒྱུ་འབྲས་འགྲོ་ཚུལ་ནི།།ཉོན་མོངས་གསུམ་ལས་ལས་གཉིས་དང༌།།དེ་ལས་སྡུག་བསྔལ་བདུན་འབྱུང་ཞིང༌།།བདུན་ལས་སླར་ཡང་རང་འབྲས་ཀྱི།།ཉོན་མོངས་གསུམ་འབྱུང་རྫ་མཁན་གྱི།།འཁོར་ལོ་འཁོར་འདྲ་དེ་སྲིད་དུ།།གསུམ་པོ་དག་ལས་གཉིས་འབྱུང་སྟེ།།གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌།།གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །ཉིད་ནི་ཡང་དང་ཡང་དུ་འཁོར།།ཞེས་གསུངས་དེ་ཡང་ངན་འགྲོ་ཡི།།ཡན་ལག་བཅུ་གཉིས་འཇུག་ཟློག་གིས།།སེམས་པ་སྐྱེས་བུ་ཆུང་ངུའི་སྐོར།།བདེ་འགྲོའི་ཡན་ལག་བཅུ་གཉིས་ཀྱིས།།ཟློག་འཇུག་སེམས་པ་འབྲིང་ཞེས་བྱ།།དེ་ལྟར་རང་ཉམས་ལ་དཔགས་ནས།།མ་གྱུར་སེམས་ཅན་ཐམས་ཅད་ཀྱང༌།།རྟེན་འབྲེལ་བཅུ་གཉིས་སྒོ་ནས་ནི།།འཁོར་བའི་རྒྱ་མཚོར་འཁྱམས་པ་ལ།།བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །བསྐྱེད་ནས་རྒྱལ་སྲས་སྤྱོད་པ་ལ།།སློབ་པ་སྐྱེས་བུ་ཆེན་པོ་ལགས། །
༈ ངེས་དོན་བྱང་ཆུབ་སེམས་གཉིས་ལས།།རྫོགས་པའི་སངས་རྒྱས་འགྲུབ་པ་ཡི།།ཐུན་མོང་མ་ཡིན་ཉེར་ལེན་རྒྱུ།།ཀུན་རྫོབ་བྱང་ཆུབ་སེམས་ལགས་ཏེ།།གང་ཕྱིར་མགོན་པོ་ཞི་བ་ལྷས།།དེ་རིང་སངས་རྒྱས་རིགས་སུ་སྐྱེས།།སངས་རྒྱས་སྲས་སུ་ད་གྱུར་ཏོ།།ཞེས་སོགས་ལུང་དང་རིགས་པས་གྲུབ། །
༈ སྲིད་ལས་འདོན་ཐབས་གཙོ་བོ་ནི།།བདག་མེད་རྟོགས་པའི་ཤེས་རབ་སྟེ།།སྲིད་རྩ་བདག་འཛིན་ལྷན་སྐྱེས་ཕྱིར།།འཕགས་པ་ལྷས་ཀྱང་འདི་སྐད་གསུངས།།ཡུལ་ལ་བདག་མེད་མཐོང་ན་ནི།།སྲིད་པའི་ས་བོན་འགགས་པར་འགྱུར། །
༈ སྒོ་རྩའི་ཁྱི་སོགས་སེམས་ཅན་རྣམས། །མར་ཤེས་སྒོམ་ཚུལ་རྣམ་འགྲེལ་ལས།།སྐྱེ་བ་ཡོངས་སུ་ལེན་པ་ན།།ཞེས་སོགས་རིག་པའི་ཐོག་མའི་མཐའ།།ཐུག་མེད་སྒྲུབ་པའི་ལུང་རིགས་ཀྱི།།ཐབས་མཁས་འཕྲུལ་གྱིས་སྒོམ་ཞེས་གསོལ། །
༈ བདག་གཞན་བརྗེ་བར་གསུངས་པའི་དོན།།བདག་ཉིད་གཞན་དང་གཞན་བདག་ཏུ།།བསྒོམ་པ་མ་ལགས་སྤྱོད་འཇུག་ལས།།བདག་ཉིད་སྐྱོན་བཅས་གཞན་ལ་ཡང༌།།ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས།།བདག་འཛིན་ཡོངས་སུ་དོར་བ་དང༌། །གཞན་བླང་བ་ནི་བསྒོམ་པར་བྱ།།ཞེས་དང་གཞན་ཡང་དེ་ཉིད་ལས། །འཇིག་རྟེན་བདེ་བ་ཇི་སྙེད་པ།།དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ།།དེ་ཀུན་རང་བདེ་འདོད་ལས་བྱུང༌།།མང་དུ་བཤད་ལྟ་ཅི་དགོས་ཏེ།།བྱིས་པ་རང་གི་དོན་བྱེད་དང༌།།ཐུབ་པ་གཞན་གྱི་དོན་མཛད་པ།།འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །གསུངས་བཞིན་རང་ཉིད་གཅེས་འཛིན་འདི།།རྒུད་པ་ཀུན་གྱི་འབྱུང་གནས་དང༌།།གཞན་རྣམས་གཅེས་འཛིན་ཡོན་ཏན་གྱི།།འབྱུང་གནས་མཆོག་ཏུ་ཤེས་བྱས་ཏེ།།རང་ཉིད་གཅེས་པར་འཛིན་པ་དང༌།།གཞན་རྣམས་ཡལ་བར་འདོར་བའི་བློ།།གོ་ས་བརྗེས་ནས་བསྒོམས་པའི་མཐར།།རང་དོན་ཡལ་བར་དོར་ནས་ནི།།གཞན་དོན་འབའ་ཞིག་བསྒྲུབ་པའི་ཕྱིར།།རྫོགས་པའི་བྱང་ཆུབ་སེམས་བསྐྱེད་པ།།བདག་གཞན་བརྗེ་བའི་སྒོམ་ཚུལ་ཡིན། །
༈ ཐུན་དངོས་དམིགས་པ་བསྒོམས་བྱས་ནས།།ཐུན་མཚམས་སུ་ཡང་དངོས་གཞི་ཡི།།དམིགས་པའི་གྲངས་དང་གོ་རིམས་སོགས། །དྲན་ཤེས་རྒྱ་ཡིས་འདེབས་པ་དང༌།།སྒོམ་དོན་རྒྱུད་ལ་སྐྱེ་བའི་ཕྱིར།།ཚོགས་གསོག་སྒྲིབ་སྦྱོང་རྒྱབ་རྟེན་གྱི།།གསུང་རབ་བལྟ་ཞིང་བསམས་བྱས་ན།།དངོས་གཞིའི་བོགས་འདོན་མཆོག་ཡིན་ཞེས།།མགོན་པོ་ཁྱོད་ཀྱིས་ལེགས་པར་བསྔགས། །
༈ སྤྱོད་ལམ་ཐམས་ཅད་དགེ་སྦྱོར་དུ། །འཁྱེར་བར་བྱེད་པའི་ཐབས་མཁས་མཆོག །འགྲོ་འཆག་ཉལ་འདུག་ཐམས་ཅད་དུ།།དྲན་ཤེས་བག་ཡོད་དང་ལྡན་པས།།མཐའ་དག་ཡོན་ཏན་ཀུན་གྱི་གཞི།།སྡོམ་གསུམ་མིག་བཞིན་སྐྱོང་བའི་ངོས།།དབང་པོའི་སྒོ་སྡོམ་ཟས་ཚོད་རིག །མི་ཉལ་རྣལ་འབྱོར་ལ་བརྩོན་ཅིང༌།།ཉལ་ཚེ་ཇི་ལྟར་བྱ་བ་སོགས།།བྱམས་མགོན་སྲས་པོ་ཐོགས་མེད་ཀྱིས།།གསུངས་པ་ལགས་ཤེས་ཐལ་མོ་སྦྱོར། །
༈ ཐུན་གྱི་གྲངས་ནི་ཐུན་བཞི་འམ།།ཉིན་དང་མཚན་མོ་ལན་གསུམ་ཞེས།།ཐུན་དྲུག་ཅེས་ཀྱང་རྒྱུད་ལས་གསུངས།།ཐུན་ཚད་གདུལ་བྱའི་བླ་རིགས་ཀྱིས།།གཅིག་ཏུ་ངེས་པ་མ་མཆིས་ཏེ།།མཁས་མཆོག་པདྨའི་ངང་ཚུལ་གྱིས།།ཇི་སྲིད་ནུས་པ་དེ་སྲིད་གསུངས། །འོན་ཀྱང་སྔ་ཕྱིའི་དམ་པ་རྣམས།།དང་པོའི་ལས་ཅན་སྐྱེས་བུ་ཡིས།།ཐུན་ཆུང་གྲངས་མང་དགེ་བར་བཞེད། །
༈ སྐྱོན་མེད་ཏིང་འཛིན་སྒྲུབ་པ་ཡིས།།ལུས་གནད་བདུན་དང་ལྡན་པ་གཅེས། །
༈ གྲངས་ཀྱི་སྒྲོང་ཚུལ་རྣམ་པ་མང༌།།དམིགས་པ་རླུང་གནད་རྩོལ་བའི་གྲངས།།གདུལ་བྱའི་ཁམས་དང་བསམ་པ་དང་།།ཏིང་འཛིན་དབྱེ་བས་མཐའ་ཡས་སོ། །
༈ སྒོམ་རྣམས་ཀུན་གྱི་དང་པོའི་མགོ །རྒྱ་གར་སྐད་མཚུངས་རང་རྒྱུད་ལ།།ལེགས་པར་བརྟག་པ་ཡིན་ནོ་ཞེས།།ཟླ་མེད་བླ་མ་མཆོག་དེ་བཞེད། །
༈ དེང་སང་སྒྲིབ་གཉིས་ལས་གྲོལ་བའི།།སྒོམ་ཆེན་གང་ཡིན་དེ་དག་ལ།།མཉམ་རྗེས་འདྲེས་པ་ཡོད་ཅེས་པ།།བདེན་པར་མཆིས་སོ་མཉམ་གཞག་ལས།།སྐད་ཅིག་གཡོ་བ་མེད་པའི་ངང༌།།ཆོ་འཕྲུལ་གསུམ་གྱིས་གདུལ་བྱ་ལ། །འབད་རྩོལ་མེད་པར་འདོམས་མཛད་པ།།མཉམ་རྗེས་འདྲེས་ལུགས་དེ་ལྟར་ལགས། །
༈ བླ་མ་གང་དུ་བསྒོམ་པའི་གནས།།མདུན་དང་སྤྱི་གཙུག་སྙིང་གི་དཀྱིལ།།རང་རང་མོས་པ་བཞིན་རུང་སྟེ།།ཨ་བྷི་དྷ་ནའི་རྒྱུད་ལས་ཀྱང༌།།དྲིན་དང་ལྡན་པའི་བླ་མ་དེ།།ལག་པའི་མཐིལ་ལམ་སྙིང་གི་དཀྱིལ།།ལུས་ཀྱི་ཆ་ཤས་གར་བསྒོམས་ཀྱང༌།།སངས་རྒྱས་སྟོང་གི་བྱིན་རླབས་ཀྱང༌།།གང་ཟག་དེ་ཡིས་སྡུད་པར་བྱེད།།ཅེས་གསུངས་བླ་མའི་གྲངས་དང་ནི།།རྣལ་འབྱོར་དངོས་གཞི་བསྒོམ་ཚུལ་དང༌།།རྡོ་རྗེ་འཆང་དང་དབྱེར་མེད་དུ།།བལྟ་དང་འོད་ཟེར་སྤྲོ་བསྡུ་སོགས།།ཇི་ལྟར་བྱེད་པའི་རིམ་པ་རྣམས།།གངས་རིའི་ཁྲོད་ཀྱི་ཟས་གཙང་སྲས།།ཐམས་ཅད་མཁྱེན་པ་རང་ཉིད་ཀྱི།།ཞལ་ལས་འོངས་པའི་སྙན་བརྒྱུད་རྣམས།།ཡི་གེ་ལོགས་སུ་བྲིས་པ་བཞིན། །
༈ དལ་འབྱོར་བསམས་པས་རྟེན་འདི་ལ།།སྙིང་པོ་ལེན་འདོད་སྐྱེ་བ་ཡིན།།མི་རྟག་བསྒོམས་པས་ཕྱི་བཤོལ་འགོག །
༈ དམ་ཆོས་སྒྲུབ་ལ་ཁོམ་པས་དལ།།མཐུན་རྐྱེན་བཅུ་ལྡན་འབྱོར་བ་ལགས། །
༈ དལ་འབྱོར་ཆོས་རྣམས་རང་རྒྱུད་ལ།།བསམས་ནས་དོན་ལྡན་བྱའོ་སྙམ།།དེ་ཡང་རྟེན་འདིར་དེ་ལས་ཀྱང༌།།ད་ལྟ་བྱ་ཞེས་རྒྱུད་སྟེང་བསྒོམ། །
༈ མི་རྟག་བསྒོམ་ཚུལ་གྲངས་མང་ཡང༌།།རྩ་བ་གསུམ་དང་རྒྱུ་མཚན་དགུ།།ཐག་བཅད་རྣམ་གསུམ་སྒོ་ནས་ནི།།སྒོམ་ཞེས་ཉིད་ཀྱིས་གསུངས་མིན་ནམ།།དེ་དག་ནང་ནས་འཁུལ་ཆེ་བའི། །རྒྱལ་བས་གསུངས་པ་དམིགས་པའི་མཆོག །ནམ་འཆི་ངེས་མེད་སེམས་པ་སྟེ།།འཆི་བའི་འདུ་ཤེས་མཆོག་ཅེས་གསུངས།།ངན་སོང་གསུམ་གྱི་སྡུག་བསྔལ་ལ། །སྙིང་ནས་འཇིགས་པ་མ་སྐྱེས་ན།།སྐྱབས་འགྲོ་ཡང་དག་མི་སྲིད་ཅེས།།བདག་ཉིད་ཆེན་པོས་ཞལ་འཆེས་པའི།།བཀའ་ལས་འགོང་བར་མི་ནུས་ཏེ།།གང་ལ་འདིར་སྐྱོ་ཡོད་མིན་པ།།དེ་ལ་ཞི་གུས་ག་ལ་ཡོད། །ཅེས་གསུངས་ལུང་གི་དོན་གྱིས་གྲུབ། །
༈ ཚིག་གི་སྐྱབས་འགྲོ་ལས་གཞན་དུ།།སྐྱབས་བྱའི་འཇིགས་པས་ཡིད་སྐྲག་ནས།།བླ་མ་དཀོན་མཆོག་གསུམ་པོ་ཡི། །ཡོན་ཏན་ཁྱད་པར་ཤེས་པ་དང༌།།ཁས་བླངས་གཞན་དུ་མི་སྨྲ་བས།།སྐྲག་པའི་འཇིགས་ཆེན་སྐྱོབ་པ་ཡི།།ནུས་མཐུ་ཡོད་པར་ཡིད་ཆེས་ནས།།སྐྱབས་ལ་རེ་ལྟོས་འཆའ་བ་ཡི།།སེམས་པ་སྐྱབས་འགྲོའི་གཙོ་བོ་ལགས། །སྐྱབས་ཡུལ་བླ་མ་དཀོན་མཆོག་གསུམ།།ཡིད་ངོར་སྒོམ་ཚེ་ལམ་རིམ་གྱི།།ཚོགས་ཞིང་སྐབས་ཀྱི་མན་ངག་གི །ཞལ་ཤེས་བཞིན་ཞེས་གུས་པས་གསོལ། །
༈ ད་ལྟའི་སྐུ་གསུང་ཐུགས་རྟེན་རྣམས།།དཀོན་མཆོག་གསུམ་པོ་དངོས་མིན་ཀྱང༌།།འདི་རྣམས་ལ་བརྟེན་དཀོན་མཆོག་གསུམ།།དྲན་པའི་ཡུལ་དུ་འགྱུར་བ་དང༌།།ལྷ་བཅས་སྟོན་པ་མཆོག་དེ་ཡིས།།མདོ་རྒྱུད་རྒྱ་མཚོར་དཀོན་མཆོག་གི །རྟེན་གསུམ་བཞེང་ཚུལ་བཞེངས་པ་ལ།།གུས་པས་བཀུར་སྟི་བྱས་པ་ཡིས།།དཀོན་མཆོག་གསུམ་པོ་དངོས་ཉིད་ལ། །བྱ་བ་བྱས་པར་གསུངས་པའི་ཕྱིར།།མཆོག་གསུམ་དངོས་ལྟར་གུས་པ་ལགས། །
༈ བསླུ་མེད་དཀོན་མཆོག་གསུམ་པོ་དངོས།།གྲུབ་མཐའི་དབང་གིས་སྣ་ཚོགས་ཀྱང༌།།ཐུབ་དབང་གི་ནི་སྐུ་གསུམ་དང༌།།མྱ་ངན་འདས་དང་གང་ཟག་བརྒྱད།།ཅེས་དང་རྗེ་བཙུན་མ་ཕམ་པས།།རྒྱུ་འབྲས་ཀུན་རྫོབ་དོན་དམ་དང༌།།གནས་སྐབས་མཐར་ཐུག་སྐྱབས་རྣམས་ཀྱི།།ཁྱད་པར་རྒྱུད་བླར་གསུངས་བཞིན་འདོད། །
༈ སྐྱབས་འགྲོའི་ངོ་བོ་ཨི་ཐི་བ། །བདག་ཉིད་ལྷག་པར་འཇིགས་པ་དང༌།།དཀོན་མཆོག་སྐྱོབ་པའི་ནུས་ལྡན་དུ།།ཤེས་ལས་བྱུང་བའི་སྐྱབས་འགྲོ་ལ།།ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད།།འདི་ལྟའི་གོ་བ་མ་རྙེད་པར།།སྐྱབས་འགྲོ་བ་ཞེས་ཁས་ལེན་པ།།སྲེག་འཚེད་མི་ནུས་མེ་དང་མཚུངས།།ཞེས་པའི་བཀའ་སྩལ་དོན་དང་ལྡན། །
༈ སྡིག་པ་བཤགས་པར་བྱེད་པ་ལ།།སྟོབས་བཞི་གཙོ་བོ་དེའི་ནང་ནས།།གཉེན་པོ་ཀུན་ཏུ་སྤྱོད་པ་མཆོག །
༈ དགེ་སྡིག་སྟོབས་ལྡན་འདྲེས་མ་རུ།།སྤྱོད་པའི་དགེ་བས་སྡིག་པ་ཡི།།རྣམ་སྨིན་འབྱིན་པར་མི་བྱེད་དང༌།།དེ་བཞིན་དེ་ལས་ཟློག་པ་དང༌།།གཉིས་ཀ་མགོ་མཉམ་གཉིས་ཀ་ཡི། །འབྲས་བུ་འབྱིན་པར་མི་བྱེད་དང༌།།སྔོན་བསགས་སྡིག་པ་བཤགས་པ་ཡི།།དགེ་བ་ཕྱིས་འབྱུང་ཁོང་ཁྲོ་ཡིས།།བཅོམ་པས་བཤགས་ཟིན་སྡིག་པ་ཡི།།འབྲས་བུ་སླར་ཡང་ལྡོག་པ་དང༌།།ཁོང་ཁྲོས་བཅོམས་པའི་གང་ཟག་གིས།།དགེ་བ་ཅི་བྱས་སྡིག་པ་ཡིས།།འབྲས་བུ་མི་སྲིད་བྱས་པ་དང༌། །གང་ཟག་འདི་དང་ཁོང་ཁྲོའི་སེམས།།སྐད་ཅིག་ཡན་ཆད་སྐྱེས་པ་ཡི།།སྐྱེས་བུས་དགེ་བ་གང་བྱས་ཀྱང༌།།དོན་མེད་སོང་བར་ཁས་མི་ལེན།།དེ་བཞིན་དགེ་དང་སྡིག་པ་དག །སྟོབས་ལྡན་དེ་ཡིས་སྟོབས་ཆུང་བའི།།རྣམ་སྨིན་འབྱིན་པ་ཐག་བསྲིངས་པ།།བཅོམས་པའི་དོན་དུ་མི་འདོད་ལགས།།དགེ་སྡིག་འདྲེས་མར་སྤྱད་པ་ཡང༌།།གེགས་བྱེད་དག་དང་མ་འཕྲད་ན།།ལས་རྣམས་སོ་སོར་ངེས་པའི་ཕྱིར།།འབྲས་བུ་འདྲེས་མར་སོ་སོར་མྱོང༌། །ཆ་མཉམ་འབྲས་བུ་སྨིན་ཚུལ་ཡང༌།།ལས་ཀྱིས་འཁོར་བར་ལྕི་གང་དང༌།།ཉེ་བ་གང་དང་གོམས་པ་གང༌།།སྔོན་བྱས་གང་ཡིན་དེ་དག་ལས།།སྔོན་མ་སྔོན་མ་རྣམ་སྨིན་འགྱུར།།ཞེས་གསུངས་ཇི་བཞིན་འབྲས་བུ་འབྱིན།།འོན་ཀྱང་དགེ་སྡིག་སྟོབས་ཆེ་བ།།འདྲ་འདྲེས་སྤྱད་པ་དེ་ཡི་ཚེ། །ཕན་ཚུན་འཇོམས་པའང་སྲིད་པ་སྟེ།།སྐབས་དེར་བྱང་ཆུབ་སེམས་དཔའ་ལ།།ཁྲོ་དང་ལོག་ལྟ་མི་བཟད་སྐྱེས།།དེ་ཚེ་དགེ་རྩ་ཅི་རིགས་འཇོམས།།དེ་ལྟར་མགོན་པོ་ཞི་བ་ལྷས།།བསྐལ་པ་སྟོང་དུ་བསགས་པ་ཡི།།སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།།ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌།།ཁོང་ཁྲོ་གཅིག་གིས་འཇོམས་ཞེས་གསུངས།།དེ་བཞིན་དུས་དེར་སྟོང་པ་ཉིད།།གོམས་ནས་མངོན་སུམ་རྟོགས་གྱུར་ན།།སྡིག་པའི་ས་བོན་དག་ཀྱང་འབྱིན།།རྡོ་རྗེ་སྙིང་པོ་རྒྱན་ལས་ཀྱང༌།།རྣལ་འབྱོར་གཅིག་གཅིག་ཤེས་བྱས་ནས།།དབེན་པར་སོང་སྟེ་རབ་འབད་ན། །སྡིག་དག་ཚེ་འདིར་སངས་རྒྱས་འགྲུབ།།ཆོས་བདག་མེད་པ་རབ་བསྒོམས་ན།།ཐམས་ཅད་མཁྱེན་པ་ཁོང་དུ་ཆུད།།ཅེས་གསུངས་དགེ་སྡིག་ཕན་ཚུན་དུ།།གནོད་བྱ་གནོད་བྱེད་གསུངས་པ་ཡང༌།།འདི་འདྲའི་ཚུལ་ལ་དགོངས་པ་ཡིན། །ཕན་ཚུན་བཅོམ་པར་གསུངས་པ་ཡང༌།།ཟབ་མོའི་ལམ་གྱིས་མ་གཏོགས་པར།།ས་བོན་འབྱིན་པ་མ་ཡིན་ཀྱང༌།།ད་གཟོད་རྐྱེན་དང་ཕྲད་ན་ཡང༌།།འབྲས་བུ་འབྱིན་པ་བཅོམ་པ་ཡིན།།དེ་ལྟར་སྤྱོད་ཕྱོགས་དྲི་བ་ཡི།།དབྱངས་ཅན་ལྷ་མོའི་ཕྱག་གཉིས་སུ།།དྲིས་ལན་ཡིད་འོང་བཻཌཱུརྱའི།།ཏམ་བུ་ར་འདི་ཁོ་བོས་ཕུལ། །
ལྟ་སྒོམ་ལས་བརྩམས་པའི་དྲིས་ལན།
༈ ད་ནི་ལྟ་སྒོམ་ལས་བརྩམས་པའི།།དྲི་བའི་ཐོག་མར་འདི་སྐད་ཅེས།།བྱིང་རྨུགས་གཉིས་པོ་གཅིག་གམ་གཞན།།མི་གཅིག་ཁྱད་པར་གང་གིས་འབྱེད།།མཉམ་པར་གཞག་དུས་བྱིང་བ་ནི།།ཕྲ་རགས་སྐྱེ་ཚུལ་ཇི་ལྟར་འོང༌།།འདི་གཉིས་མི་སྐྱེའི་གཉེན་པོ་གང༌།།ཞེས་གསུངས་ལན་དུ་འདི་ལྟར་གསོལ།།བྱིངས་རྨུགས་གཉིས་པོ་ཐ་དད་དེ།།ཐོགས་མེད་ཞབས་ཀྱིས་ཉན་ཐོས་སར།།དེ་གཉིས་སོ་སོར་གསུངས་ཕྱིར་དང༌།།སྒོམ་རིམ་ལས་ཀྱང་རྨུགས་པ་ཡིས།།བྱིང་བ་བསྐྱེད་པར་གསུངས་པ་དང་།།བྱིང་བ་དྭངས་གསལ་ཙམ་ཡོད་ཀྱང༌།།ངར་མེད་དམིགས་པ་ལྷོད་པ་ཡི།།ལུང་མ་བསྟན་ནམ་དགེ་བ་ནི།།ཅི་ཡང་རུང་བའི་ཤེས་པ་ཡིན།།རྨུགས་པ་ལུས་སེམས་རབ་ལྕི་ཞིང༌།།ལས་སུ་མི་རུང་བར་བྱེད་པ།།གཏི་མུག་ཆར་གཏོགས་མི་དགེ་བ།།བསྒྲིབས་ལ་ལུང་མ་བསྟན་དུ་གསུངས། །
༈ ཏིང་འཛིན་གཡོ་མེད་བསྐྱངས་པའི་ཚེ།།ཅུང་ཟད་དམིགས་པའི་ངར་ཤོར་ན།།བྱིང་བ་ཕྲ་མོས་ཟིན་པ་ཡིན།།ངར་མེད་དྭངས་ཆ་ཡོད་པ་ན།།བྱིང་བ་འབྲིང་གིས་སླེབས་པ་ཡིན།།དྭངས་པའང་མེད་ན་བྱིང་བ་ཆེ། །
༈ དེ་དག་སྤོང་བའི་གཉེན་པོ་ཡི།།གཙོ་བོ་དྲན་དང་ཤེས་བཞིན་གཉིས།།དེའི་ཡང་གཙོ་བོ་དྲན་པ་ཡིན། །
༈ དྲན་ཤེས་སོ་སོའི་ངོས་འཛིན་ཡང༌།།དྲན་པ་དམིགས་རྟེན་སེམས་གཏད་པའི།།རྣམ་པ་ཐུན་རེ་ཡིད་བྱེད་པ།།ཁྱད་པར་གསུམ་ལྡན་སེམས་བྱུང་ཡིན།།ཤེས་བཞིན་མཉམ་པར་བཞག་པའི་ངང༌།།བྱིང་རྒོད་བྱུང་དང་མ་བྱུང་བ།།ཟུར་གྱིས་བལྟ་བའི་སེམས་བྱུང་ནི།།བྱ་ར་བ་དང་མཚུངས་པ་སྟེ།།གཡེང་མེད་དྲན་པའི་འབྲས་བུ་ལགས། །
༈ ཡེངས་དང་མ་ཡེངས་པ་ཡི་དོན། །དམིགས་རྟེན་གང་ལ་དམིགས་པའི་སེམས།།དྲན་ཤེས་རྒྱ་ལས་མ་གྲོལ་བར།།གཡོ་མེད་རྩེ་གཅིག་གནས་པ་ལ།།འདིར་བསྟན་མ་ཡེངས་པ་ཞེས་བརྗོད།།ཅིག་ཤོས་དེ་ཡིས་རྟོགས་པར་ནུས། །
༈ ཡིད་ནི་འཕྲོ་དང་མི་འཕྲོ་བའང༌།།དྲན་ཤེས་ལམ་ནས་བསྲངས་བའི་ཚེ།།སྔར་དང་ཁྱད་པར་མེད་སྙམ་སེམས། །
༈ བདེ་གསལ་མི་རྟོག་ཅེས་གྲགས་ཀྱང༌།།བདེ་བ་ཏིང་འཛིན་མཐའ་དག་གི །ཡན་ལག་འབྱུང་བ་མ་ཡིན་ཀྱང༌།།ཞི་གནས་ལྷག་མཐོང་མཚན་ཉིད་པ།།ཤིན་སྦྱངས་བདེ་བས་ཟིན་པ་ཡིན།།གསལ་བ་དམིགས་རྟེན་གསལ་བ་དང༌།།མི་རྟོག་དམིགས་རྟེན་ལ་དམིགས་ནས།།དེ་ལས་གཞན་དུ་མི་རྟོག་པའོ།།དམིགས་བཅས་དམིགས་མེད་ཅེས་པ་ཡང༌།།དམིགས་རྟེན་དབྱེ་བའི་ཁྱད་པར་གྱིས།།དོན་དམ་དམིགས་པ་མེད་པ་དང༌།།ཀུན་རྫོབ་དམིགས་བཅས་ཤེས་ཀྱང་བརྗོད།།དེས་ན་ཀུན་རྫོབ་བདེན་པ་ལ། །དམིགས་པའི་ཞི་ལྷག་གཉིས་ཀ་ཡང༌།།དམིགས་བཅས་སྒོམ་དུ་འདོད་པ་ཡིན། །དོན་དམ་དམིགས་མེད་ཅེས་པ་ཡང༌།།བདེན་འཛིན་དམིགས་གཏད་རྡུལ་ཙམ་ཡང༌།།མེད་ཕྱིར་དེ་སྐད་ཅེས་བྱ་སྟེ།།འཕགས་པ་འདའ་ཀ་ཡེ་ཤེས་ལས།།ཆོས་རྣམས་རང་བཞིན་འོད་གསལ་བས།།དམིགས་མེད་འདུ་ཤེས་བསྒོམ་གསུངས་ཀྱི།།དམིགས་པ་གཏན་ནས་མེད་པ་མིན།།འདི་ལས་འཕྲོས་པའི་དོན་རྣམས་ནི།།དམིགས་རྟེན་མེད་པར་ཙོམ་འཇོག་ཏུ།།འཕྲོ་བ་བཀག་ནས་བསྒོམ་པ་དེ།།ཞི་ལྷག་ཟུང་འབྲེལ་སྟོང་ཉིད་དང༌།།ཕྱག་ཆེན་སོར་སྡུད་རྣལ་འབྱོར་སོགས། །སྒོམ་པར་འདོད་ལ་ཁས་བླངས་སོགས།།འགལ་བའི་གནོད་བྱེད་སྟོན་པ་ཡིན།།རྒྱལ་བའི་གསུང་རབ་མཐའ་དག་དང༌།།དགོངས་འབྲེལ་མཁས་གྲུབ་གཞུང་ལུགས་དོན།།འདོར་བ་བདག་ཅག་རྨི་ལམ་དུ།།མི་འདོད་ཕྱིར་ན་མན་ངག་ཏུ།།གྲགས་པ་རྣམས་ཀྱང་གསུང་རབ་དང༌།།མཐུན་ན་ལེགས་ཀྱི་མི་མཐུན་ཚེ།།འདོར་སྡུས་གདམས་ངག་རྣམས་ལ་འབབ།།དེས་ན་སྒོམ་ལ་དཔྱད་འཇོག་གཉིས།།བྱེད་ཅིང་བྱེད་པའི་རྒྱུ་མཚན་ཡང༌།།ཐར་པ་འདོད་པས་ཞི་གནས་དང༌།།ལྷག་མཐོང་ངེས་པར་བསྒྲུབ་དགོས་ཕྱིར།།སོ་སོར་རྟོག་པའི་ཤེས་རབ་ཀྱིས།།ཡང་ཡང་དཔྱད་ཅིང་སྒོམ་པ་དང༌།།ཏིང་ངེ་འཛིན་གྱི་དགྲར་གྱུར་པའི།།འཕྲོ་རྒོད་གཅིག་པར་མི་འགྱུར་ལགས། །ཇི་ལྟར་མཁས་པ་ཙམ་གྱིས་ཀྱང༌།།ལུང་དང་རིགས་པས་དཔྱོད་པ་མང༌།།དེ་འདྲ་ཇི་ཙམ་མང་བས་ཀྱང༌།།འཕྲོ་རྒོད་མང་ཕྱིར་མཁས་པ་ལས།།བླུན་པོ་རྟོགས་པ་སྐྱེ་མྱུར་ཞེས།།ཐོས་བསམ་སྒོམ་པའི་གེགས་བྱེད་པ།།དམ་ཆོས་སྤོང་བའི་རྣམ་ཐར་ལགས། །
༈ འགའ་ཞིག་ངེས་དོན་སྒོམ་པའི་ཚེ། །འཕྲོ་རྒོད་གེགས་ཡིན་མི་དཔྱོད་པར།།འཇོག་སྒོམ་བྱ་ཞེས་སྨྲས་པ་ཡང༌། །དཔྱད་སྒོམ་འཕྲོ་རྒོད་བཟུང་བའི་སྐྱོན།།འཕྲོ་རྒོད་མི་གཅིག་རྒོད་པ་ནི།།འདོད་ཆགས་ཆར་གཏོགས་མ་ཞི་བར།།ཀུན་ལས་བཏུས་སུ་གསུངས་པ་ཡིན།།འཕྲོ་བ་དེ་ལས་རྒྱ་ཆེ་སྟེ།།ཞེ་སྡང་སོགས་ཀྱི་འཕྲོ་བའང་ཡོད།།གཉིས་ཀས་འཇོག་སྒོམ་མ་ཟད་ཀྱི།།དཔྱད་སྒོམ་ལ་ཡང་བར་དུ་གཅོད།།ཞི་གནས་སྒོམ་དང་མི་གཅིག་སྟེ།།སྒོམ་ལ་ཞི་གནས་ཀྱིས་མ་ཁྱབ། །
༈ བདག་ཅག་འཇོག་སྒོམ་བྱེད་པའི་ཚེ།།དམིགས་རྟེན་ལ་ནི་སེམས་བཏགས་ནས།།རྩེ་གཅིག་འཇོག་པར་འདོད་པ་ལགས།།གཞན་དག་དམིགས་པ་གང་ལ་ཡང༌།།འདི་འཇོག་མི་དགོས་རང་གི་སེམས།།འཕྲོ་བ་བཀག་ནས་ཙེན་ནེ་འཇོག །དེ་ལྟར་འཇོག་པས་འཇོག་སྒོམ་ཟེར།།དམིགས་པ་འཁྱེར་རྒྱུ་གང་ཡང་མེད།།སེམས་དེ་ཧད་དེ་བ་དེ་ལ།།འཇོག་པ་ཕྱག་རྒྱ་ཆེན་པོ་དང༌། །སྙན་ནས་སྙན་བརྒྱུད་ཡིན་པ་སོགས།།འདོད་པ་བརྗོད་དེ་ཐུགས་བརྩེ་བས།།ལུང་རིགས་ལམ་ནས་དྲངས་པ་ཡིས།།བརྒལ་ཞིང་དཔྱད་པར་མཛད་རྣམས་ལ། །ཐམས་ཅད་མཁྱེན་པ་དེ་དེ་བཞིན།།གསོལ་བ་ལས་གཞན་ཀུན་མཁྱེན་ཀྱང༌།།ལན་གྱིས་དབུལ་ན་བདག་ལྟས་ཅི།།ཇི་སྙེད་ཆོས་རྣམས་མ་ལུས་པ།།བདེན་པའི་རང་བཞིན་དང་བྲལ་བ།།སྒོམ་རྒྱུའི་ཟབ་མོ་སྟོང་ཉིད་ཡིན། །སྦྱིན་པའི་འཁོར་གསུམ་བདེན་མེད་དུ།།རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི།།སྦྱིན་པ་འཁོར་གསུམ་ཡོངས་དག་ལགས།།འདི་ཡང་གང་དུའང་མ་གྲུབ་པ།།སེམས་ཀྱི་རྒྱུ་བ་བསྡུས་ཙམ་དེ།།ཕྱག་ཆེན་སྒོམ་པར་བཞེད་རྣམས་ལ།།བརྩེ་བའི་ཟོལ་གྱིས་དྲིས་པ་ཡིན། །
༈ གང་ཟག་རང་ཉིད་བདེན་གྲུབ་ཏུ།།མེད་པའི་རྒྱུ་མཚན་རང་རྒྱུད་ཀྱི།།ངར་འཛིན་ལྷན་སྐྱེས་འཛིན་སྟངས་ཡུལ།།རང་དབང་བདག་ཏུ་སྣང་བ་འདི།།སྣང་བཞིན་གྲུབ་ན་བདེན་གྲུབ་ཡིན།།དེ་ལྟར་གྲུབ་པ་གཏན་ནས་མེད།།དེ་བཞིན་ཀུན་ལ་སྦྱོར་ལགས་ཀྱི།།མོས་མནོས་ཙམ་ལ་མི་འདོད་ལགས།།བདེན་མེད་ཅིར་ཡང་མ་གྲུབ་ཀྱང་།།ཅིར་ཡང་མ་གྲུབ་བདེན་མེད་ཀྱི།།དོན་དུ་འདོད་པ་མ་ལགས་སོ།།གཞན་ཡང་བདེན་པར་མ་འཛིན་དང༌།།བདེན་མེད་ཉིད་དུ་འཛིན་པ་ལ།།ཁྱད་པར་ཡོད་དེ་གཉིས་མིན་གྱི།།ཕུང་གསུམ་འཛིན་པ་མང་ཕྱིར་རོ།།མདོར་ན་བུམ་པ་སྣམ་བུ་སོགས།།བདེན་ནམ་བདེན་པ་མིན་སྙམ་དུ།།ཐེ་ཚོམ་བློས་ཀྱང་བདེན་གྲུབ་དང༌།།བདེན་མེད་གང་དུའང་འཛིན་མ་ལགས། །
༈ སེམས་ནི་ཁ་དོག་དབྱིགས་སོགས་སུ།།མ་མཐོང་སེམས་མཐོང་འདོད་པ་དང༌།།དེ་ཉིད་ཁ་དོག་དབྱིབས་སོགས་སུ།།མ་གྲུབ་སེམས་མ་གྲུབ་པ་དང༌།།དེ་ལྟར་མཐོང་བས་སེམས་ཀྱི་ནི།།ཆོས་ཉིད་མཐོང་བར་ངོ་སྤྲོད་པ།།གསུམ་པོ་རིགས་དང་མི་རིགས་པ།།བརྩེ་བས་གསལ་བར་བསྟན་པའི་ཕྱིར།།འདིར་འབད་ངལ་བས་ཅི་ཞིག་བྱ།།
༈ སེམས་ཀྱི་ངོ་བོ་སྐད་ཅིག་མ།།བལྟ་ཚུལ་འཕགས་པ་ཀླུ་སྒྲུབ་ཀྱི།།མན་ངག་གཟུགས་ནས་རྣམ་མཁྱེན་བར།།ཆོས་ཀུན་སྣང་བ་ཅི་ཤར་ཡང༌།།ངེས་དོན་ལུང་རིགས་ལ་བྱང་བས།།མཐའ་བཞི་ཡོད་མེད་སྐྱེ་འགོག་དང༌།།རྣམ་ལྔ་རྣམ་བདུན་རྟེན་འབྲེལ་དང༌།།གཅིག་དང་དུ་བྲལ་ལ་སོགས་པའི།།རིགས་པས་རང་བཞིན་མེད་པ་བསྒོམ།།ཡང་ན་སྦྱངས་དང་མ་སྦྱངས་པ། །གཉིས་ཀས་ཆ་དང་ཆ་ཅ་དང་།།གདགས་གཞི་བཏགས་ཆོས་རྟོག་པ་དང༌།།སྣང་ཚུལ་དང་གནས་ཚུལ་ལ།།སོ་སོར་བརྟགས་ནས་བདེན་དངོས་དང༌།།བྲལ་བའི་རང་བཞིན་སངས་རྒྱས་ནས།།དམྱལ་བའི་བར་དུ་སྦྱར་ནས་བསྒོམ།།སྦོམ་འཇོག་བྱས་པས་བདག་འཛིན་གྱི།།ཞེན་ཡུལ་འགོག་པར་མི་ནུས་ལགས། །རྣམ་རྟོག་རིམ་གྱིས་སྐྱེས་པ་ལ།།བལྟས་པས་རང་ཡལ་སོང་བ་ལ། །ཆོས་སྐུའི་རང་ཞལ་མཐོང་བ་དང༌།།ཆོས་ཀུན་རང་བཞིན་སྟོང་པ་ཉིད།།རྟོགས་པར་འདོད་ན་ཀུན་དུ་འཁྲུལ།།འོན་ཀྱང་དེ་ལྟར་སྒོམ་པ་དེ། །སོམས་གནས་བསྒྲུབ་པའི་ཐབས་སུ་དགེ །
༈ སེམས་ཀྱི་སྐད་ཅིག་སྔ་ཕྱི་ལ།།བལྟ་བའང་འདུས་བྱས་སྐད་ཅིག་གིས།།འཇིག་ཕྱིར་མི་རྟག་སེམས་པ་དང་།།མཐུན་གྱི་སྟོང་ཉིད་སྒོམ་པ་མིན།།བྱེ་མདོ་གཉིས་ཀྱི་འདོད་པ་ལྟར།།རྟག་གཅིག་རང་དབང་ཅན་དང་ནི།།རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི།།བདག་འགོག་ཚུལ་དང་འདྲ་བ་ལགས། །
༈ ལུང་དུ་ཉན་ཐོས་འགའ་ཞིག་གིས།།སྟོང་ཉིད་མངོན་སུམ་རྟོགས་པའི་ཚེ།།སེམས་ཀྱི་ཆོས་ཉིད་མངོན་སུམ་དུ།།རྟོགས་ཕྱིར་རང་བཞིན་རྣམ་དག་གི །ཆོས་སྐུ་མཐོང་བར་གསུངས་པ་དང༌།།ཆོས་དབྱིངས་བསྟོད་པར་ས་དང་པོར།།མཐོང་སྤང་དྲི་བྲལ་ཆོས་ཀྱི་སྐུ། །མཐོང་བར་གསུངས་ཀྱི་སྟོང་ཉིད་ལ།།ཆོས་སྐུར་གསུངས་པའི་གསུང་རབ་མེད།།འདུས་བྱས་ཆོས་སྐུ་རྒྱུད་ལྡན་གྱི།།སེམས་ཅན་ནམ་མཁའི་པདྨོ་དངོས།།འོན་ཀྱང་སེམས་ཀྱི་ཆོས་ཉིད་དེ། །དྲི་མ་དག་པའི་གནས་སྐབས་སུ།།རང་བཞིན་རྣམ་དག་ཆོས་ཀྱི་སྐུར།།འགྱུར་བས་གཏགས་ཏེ་སྨ་ན་སྨྲོས། །
༈ དོན་དམ་སོ་སོར་དཔྱོད་པ་ཡི།།ཤེས་རབ་ཀྱིས་ནི་བལྟ་ཚུལ་ནི།།སྔོན་དུ་སོང་བ་མ་ཡིན་པ།།བློ་གཞན་གང་གིས་བལྟས་ན་ཡང༌།།ཆོས་སྐུ་ཐོབ་པ་ལྟ་ཅི་སྨོས།།སྟོང་ཉིད་རྟོགས་པའང་སྲིད་མ་ལགས། །
༈ དོན་དམ་དཔྱོད་པའི་རིག་ཤེས་ཀྱིས།།བལྟས་ན་རྣམ་རྟོག་གནས་ལུགས་སམ།།ངོ་བོའམ་གཤིས་དེ་རྙེད་པ་དེ།།སྟོང་པ་ཉིད་དམ་བདེ་གཤེགས་ཀྱི།།སྙིང་པོ་ལགས་ཤེས་གུས་པས་གསོལ།།མདོར་ན་ཀླུ་སྒྲུབ་ལུགས་བཟངས་ཀྱི།།ལྟ་དང་འགལ་བའི་ལྟ་བ་དེ།།ཕུན་ཚོགས་ཡོན་ཏན་བརྒྱ་ལྡན་ཞེས།།ཅི་འདྲས་ཇི་ཙམ་བརྗོད་ན་ཡང༌།།ཐམས་ཅད་མཁྱེན་པ་ལྟ་ཞོག་གི །ཐར་པ་ཙམ་ཡང་མི་ཐོབ་ཅེས།།མགོན་པོ་ཁྱོད་ཀྱིས་བཀའ་སྩལ་པ། །ཟླ་བའི་ཞབས་ཀྱི་བཞེད་པ་བཞིན།།ལེགས་པར་གསུངས་ཤེས་ཐལ་མོ་སྦྱོར། །
༈ དེས་ན་ཀླུ་སྒྲུབ་བཞེད་པ་བཞིན།།མཐའ་དག་ཆོས་རྣམས་མ་ལུས་པའི།།རང་བཞིན་རྡུལ་ཙམ་མེད་པ་དང༌།།མིང་རྐྱང་བཏགས་ཡོད་ཙམ་ཞིག་གི །རྟེན་འབྲེལ་བསླུ་བ་མེད་པའི་ཚུལ།།མི་འགལ་འདུ་བའི་ངེས་རྙེད་ནས།།འཁྲུལ་མེད་ཐབས་ཤེས་ལམ་བགྲོད་དེ།།སྐུ་གཉིས་མངོན་དུ་འགྱུར་བར་མཛོད། །
༈ དེ་ལྟར་རྗེ་བཙུན་བླ་མ་ཡི།།ཐུགས་རྗེའི་རྒྱ་མཚོ་ཆེར་གཡོས་ཏེ།།དྲི་བའི་ཟོལ་གྱིས་ཟབ་མོའི་གནད།།འདོམས་པའི་མུ་ཏིག་གྲུ་ཆར་ཕབ།།བྱང་ཕྱོགས་ནོར་གྱི་བློ་གྲོས་མ།།ཐུབ་བསྟན་རྫོགས་པའི་དུ་གུ་ལའི།།སྟོད་གཡོགས་མཆོག་གིས་བརྒྱན་པ་ནི།།ཟླ་ཤེལ་ཞུན་མས་བྱུགས་པ་བཞིན།།རིན་ཆེན་འབྱུང་གནས་ལྟར་ཟབ་ཅིང༌།།ས་འཛིན་དབང་པོ་ལྟར་བརླིང་པའི།།བཀའ་འདིས་མཁས་རློམ་མཐའ་དག་གི །རྣམ་དཔྱོད་ཐེ་ཚོམ་དཔྱད་ཐག་འཛིན།།ཕྱོགས་ལྷུང་དུག་ཆུས་རབ་མྱོས་ཤིང༌།།བློ་གྲོས་མུན་པར་སྐྱབས་བཅས་པའི།།དམ་པར་བསྙེམས་པ་ཕལ་ཆེར་གྱི།།སྙིང་ལ་རྣོ་བའི་ཚེར་མ་ཉིད། །
༈ རྒྱལ་བ་ཁྱུ་མཆོག་དྲང་པོའི་ལམ།།གཤེགས་པའི་བཤུལ་ནས་བགྲོད་རྣམས་ཀྱང༌།།མད་པོ་མོས་པས་ཡན་ལག་མཆོག །འདུད་ཀྱང་དྲིས་ལན་ཕྲ་མོའི་འབེན།།འབིགས་བྱེད་སྒྲོ་ལྡན་དག་གིས་དབེན།།ཕལ་ཆེར་རིགས་པའི་དབང་ཕྱུག་གིས།།ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ།།དེ་འཆད་དཀའ་ཞེས་གསུངས་པ་བཞིན།།དེ་ཕྱིར་ཟབ་དོན་གསེར་སྦྱངས་ཀྱི།།དྲི་ཚིག་མཆེད་སྡོང་ཆེར་འཕགས་པ།།མཛེས་བྱེད་དྲིས་ལན་རྒྱན་བཟང་པོ།།ཆོས་ཀྱི་རྒྱལ་མཚན་དད་པས་ཕུལ།།འོན་ཀྱང་བདག་བློ་ཉམས་ཆུང་ཞིང༌། །སྦྱངས་སྟོབས་ཕྲ་བས་ནོངས་མཆིས་ན།།དབང་གྱུར་མཁས་པའི་ཚོགས་སྤྱི་དང༌།།རྗེ་བཙུན་བླ་མའི་དྲུང་དུ་བཤགས།།གང་ཡིད་དང་བའི་མཚོ་ནང་དུ།།ལྷག་བསམ་རབ་དཀར་དྲི་ལན་གྱི།།གཟའ་སྐར་སྣང་བ་བཀྲ་བ་ཡང༌།།རང་དབང་མ་ཡིན་བླ་མའི་དྲིན།།སྤྱི་གཙུག་དམ་པ་ལ་འདུད་པས།།རྣ་བར་ཐོས་པའི་རྒྱུན་ལམ་བྱང༌།།སྙིང་གི་བུམ་བཟང་ལེགས་བཤད་ཀྱིས།།གོ་སྐབས་ཡངས་པ་བཅོམ་འདི་མཚར།།འདི་བཞིན་རྨད་བྱུང་བཀོད་མཛེས་སུ།།ཤཱཀྱའི་ཏོག་དང་འཇམ་དབྱངས་བཞིན།།འདི་ལྟའི་ཟབ་མོའི་གནད་རྣམས་ལ།།དྲི་ཞིང་གསོལ་བའི་རེ་བ་མཆིས།།འདིས་མཚོན་རྣམ་དཀར་ཕུང་པོ་ཅི་མཆིས་པ།།ཚེ་རབས་ཀུན་ཏུ་ཡབ་རྗེ་བླ་མ་དེས།།བདག་ཅག་འབྲལ་མེད་དགྱེས་བཞིན་རྗེས་བཟུང་སྟེ།།བཀའ་བཞིན་ཁྱོད་མཉེས་ཁོ་ན་སྒྲུབ་གྱུར་ཅིག །དེ་ཡི་མཐུ་ལས་ལུང་རྟོགས་དམ་ཆོས་ཀུན།།རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་བཟུང་སྟེ།།མཁའ་མཉམ་འགྲོ་འདི་བདག་ཉིད་གཅིག་པུ་ཡིས།།སྒྲོལ་བའི་དེད་དཔོན་མཆོག་ཏུ་བདག་གྱུར་ཅིག །
ཅེས་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ཉིད། སྲིད་པའི་དགའ་སྟོན་ཆུ་ཤིང་གི་སྙིང་པོ་ལྟར་མཐོང་ནས། དབེན་པའི་རི་ཁྲོད་དུ་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་པ། ཀོང་པོ་དགེ་སློང་བློ་བཟང་རྒྱ་མཚོ་དང༌། མངའ་རིས་དཀའ་བཅུ་པ་དགེ་སློང་བརྩོན་འགྲུས་རྒྱལ་མཚན་དང༌། དགེ་སློང་བློ་བཟང་ཕུན་ཚོགས་རྣམས་ཀྱིས། བཀའ་འདིའི་དོན་ཁོང་དུ་ཆུད་ན་ཉམས་ལེན་གྱི་གནད་མང་པོ་ལ་ཁྱད་པར་ཆེ་བས། ལན་ཞིག་ཅིས་ཀྱང་བགྱི་བ་དགོས་ཤེས་ནན་ཆེར་བསྐུལ་བ་ལ་བརྟེན་ནས། རྗེ་ཐམས་ཅད་མཁྱེན་པ་རང་ཉིད་ཀྱི་གསུང་རབ་རྣམས་ལ་འདྲིས་པར་བྱས་ངོས། དགོངས་པ་ཡང་དག་པར་བརྟགས་ཏེ། ཚིག་གི་སྤྲོས་པ་དོར་ནས་སྙིང་པོར་དྲིལ་ཡང་ལུང་རིགས་ཀྱི་ལམ་ནས་དྲངས་ཏེ་སྤྲོས་ན། ལྷག་པར་རྒྱས་པར་ཡང་འགྱུར་བའི་ཚུལ་དུ་ཡབ་རྗེ་དམ་པ་དེ་ཉིད་ལ་སྒྲུབ་པའི་མཆོད་པར་དམིགས་ཏེ། མདོ་རྒྱུད་དམ་པའི་མན་ངག་འཛིན་པའི་སྤོང་བ་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གཙུག་ལག་ཁང་དུ་སུག་བྲིས་སུ་བགྱིས་པའོ།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།།།
༈ ཨོཾ་སྭ་སྟི།
ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན།།
རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ།།
སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར།།
ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ།།
སརྦ་ཛ་ག་ཏཾ།།།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn