དབུ་མའི་ཐལ་བཟློག་གི་བརྗེད་བྱང་ཚིགས་བཅད་མའི་རེག་ཟིན་བཤེས་གཉེན་དམ་པའི་གསུང་རྒྱུན་ཞེས་བྱ་བ་བཞུགས་སོ། །
དུས་ཀྱི་སྙིགས་མའི་ཁྲོད་ན་ཐ་མལ་བའི། །
ཚུལ་འཛིན་འཕྲལ་ཡུན་ལེགས་ཚོགས་བྱེད་པོ་སྟེ། །
སུ་ལ་བལྟས་ཀྱང་དྲིན་གྱི་ཟླ་བྲལ་བ། །
བཤེས་གཉེན་སྟོན་པ་གང་དེར་དུས་ཀུན་འདུད། །
མཐའ་བྲལ་དབུ་མའི་གནས་ལུགས་རྒྱ་མཚོ་ཆེར། །
རྣམ་དཔྱོད་རིགས་པའི་གཟིངས་ཆེན་ལ་བརྟེན་ནས། །
རབ་བརྒལ་ཟབ་མོ་ལྟ་བའི་རིན་ཆེན་ནོར། །
མི་ཡུལ་འདྲེན་མཛད་ཀླུ་སྒྲུབ་ཡབ་སྲས་འདུད། །
ཀླུ་སྒྲུབ་དགོངས་པ་དྲི་མེད་རིགས་ལམ་གྱིས། །
ལེགས་པར་བཀྲལ་ལ་འཕགས་ཡུལ་མཁས་རྣམས་ཀྱི། །
གཙུག་རྒྱན་དཔལ་ལྡན་ཐལ་འགྱུར་སྲོལ་གཏོད་པ། །
སངས་རྒྱས་བསྐྱངས་དང་དབུ་མ་རང་རྒྱུད་པའི། །
སྔོན་མེད་ལམ་སྲོལ་འབྱེད་པའི་ཤིང་རྟ་བ། །
སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་གཉིས་ཀྱི། །
དགོངས་པ་ཇི་བཞིན་བརྗོད་པར་མི་ནུས་ཀྱང་། །
ཕྱོགས་ཙམ་ཨེ་ཡིན་རློམ་པའང་འདིར་འགོད་སྤྲོ། །
ཞེས་པའི་ཚིག་གིས་མདུན་བསུས་ཏེ་བརྗོད་པ་འདི་ལ་ཀླད་ཀྱི་དོན།གཞུང་གི་དོན།
མཇུག་གི་དོན་ནོ། །དང་བོ་ལ།མཚན་གྱི་དོན་དང་།མཆོད་པར་བརྗོད་པ་གཉིས།དང་བོ་ནི།སྤྱིར་དབུ་མ་ཞེས་པའི་ཐ་སྙད་འཇུག་ཡུལ་ལ།དོན་དབུ་མ་དང་།གཞུང་དབུ་མ།
དབུ་མའི་གྲུབ་མཐའ་དང་།དེ་སྒྲོག་པ་པོའི་གང་ཟག གཞི་ལམ་འབྲས་གསུམ་གྱི་དབུ་མ་སོགས་མང་ལ།འདིར་དབུ་མ་རྩ་ཤེ་ལས།བདག་ལས་མ་ཡིན་གཞན་ལས་མིན། །
ཞེས་སོགས་ཀྱིས་མཐའ་བཞིའི་སྐྱེ་བ་འགོག་སྐབས་གཙོ་བོར་བདག་སྐྱེ་འགོག་པའི་སྐབས་ལས་འཕྲོས་པ་ཡིན་པས་འདིའི་དབུ་མ་ནི་དབུ་མ་ལ་འཇུག་པ་ཞེས་པའི་འཇུག་བྱའི་དབུ་མ་སྟེ་དབུ་མ་རྩ་ཤེས་སོ། །ཡིག་ཆར།རྩ་ཤེ་ལ་བྱ་ཡི་དབུ་མའི་གཞུང་གཞན་དང་དབུ་མའི་དོན་གཞན་ལ་མི་བྱའོ། །ཞེས་གསུངས། ཐལ་བཟློག་ནི།རྩ་ཤེས་ཀྱིས་མཐའ་བཞིའི་སྐྱེ་བ་འགོག་སྐབས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་པ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་སྐྱོན་གསུམ་གྱིས་སྒོ་ནས་ཐལ་བ་འཕངས་ལ།དཔལ་ལྡན་ཟླ་བ་གྲགས་པས་སངས་རྒྱས་བསྐྱངས་ལ་སྐྱོན་དེ་མི་འཇུག་པ་མཐོང་བས།ལེགས་ལྡན་གྱིས་འཕངས་པའི་ཐལ་བ་དེ་བཟློག་ནས་ལེགས་ལྡན་རང་ལ་སྐྱོན་བརྗོད་པས་ན་དེ་ལྟར་བརྗོད་དོ། །ཞེས་སྒྲ་བཤད་ཙམ་མོ། །བརྗེད་བྱང་ནི། དབྱངས་ཅན་དགའ་བའི་བློ་གྲོས་རང་ཉིད་ཀྱིས་མི་བརྗེད་པའི་རྟེན་དུའོ། །ཚིགས་བཅད་ནི་སླའོ། །གཉིས་པ་མཆོད་བརྗོད་ནི།
བླ་མ་མགོན་པོ་འཇམ་དཔལ་ལ། །
སྒོ་གསུམ་གུས་པའི་ཕྱག་འཚལ་ལོ། །
ཞེས་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་བ་ནི།མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པ་དང་།རྒྱུད་ལ་དབུ་མའི་ལྟ་བ་སྐྱེ་བ་ལ་སོགས་པའི་ཆེད་དུའོ། །གཉིས་པ་གཞུང་གི་དོན་ལ།བདག་སྐྱེ་འགོག་པ།གཞན་སྐྱེ་འགོག་པ།གཉིས་ཀ་ལས་སྐྱེ་བ་འགོག་པ།རྒྱུ་མེད་ལས་སྐྱེ་བ་འགོག་པ།དེ་དག་གི་དོན་བསྡུ་བ།མཇུག་བསྡུ་བ་དང་དྲུག དང་བོ་ལ།སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་བཀག་ཚུལ།དེ་ལ་ལེགས་ལྡན་གྱིས་སྐྱོན་བརྗོད་ཚུལ།སངས་རྒྱས་བསྐྱངས་ལ་སྐྱོན་མི་འཇུག་པར་ཟླ་བས་བཤད་ཚུལ་ལོ། །དང་བོ་ལ།ཕྱོགས་སྔའི་འདོད་པ་བཀོད་པ་དང་།འགོག་ཚུལ་དངོས་སོ། །དང་བོ་ནི།
གྲངས་ཅན་བདག་སྐྱེ་འདོད་ཚུལ་ནི། །
དངོས་པོ་ཐམས་ཅད་རང་རྒྱུའི་དུས། །
རྒྱུ་ཡི་རང་བཞིན་མི་གསལ་བར། །
ཡོད་པ་དེ་ཉིད་རྐྱེན་སོགས་ཀྱིས། །
གསལ་བར་བྱས་ལ་སྐྱེ་ཞེས་བཏགས། །
གསལ་ཟིན་སླར་ཡང་མི་སྐྱེ་ཟེར། །
ཞེས་བྱུང་།དོན་ནི།གྲངས་ཅན་པས་སྐྱེ་ལྡན་གྱི་དངོས་པོ་གང་ཞིག་ཡིན་ཡང་རང་གི་རྒྱུ་དུས་སུ་རྒྱུ་ཡི་རང་བཞིན་དུ་མི་གསལ་བའི་ཚུལ་གྱིས་ཡོད་པར་འདོད་དེ།དཔེར་ན།ཞོ་ལྟ་བུ་རང་རྒྱུ་འོ་མའི་དུས་སུ་འོ་མའི་རང་བཞིན་དུ་མི་གསལ་བའི་ཚུལ་གྱིས་ཡོད་དགོས་ཏེ།གལ་ཏེ་མེད་ན་ཆུ་ལས་ཞོ་མི་འབྱུང་བ་རྒྱུ་མཚན་གང་ཡིན་ཞེས་པ་དང་།སྐེ་ཚེ་བཙུར་བ་ལས་སྣུམ་འབྱུང་ལ།ཕྱེ་མ་བཙུར་བ་ལས་སྣུམ་མི་འབྱུང་བའང་ཅིག་ཤོས་རྒྱུ་དུས་སུ་ཡོད་ལ་ཅིག་ཤོས་མེད་པས་ཡིན་ཞེས་པའི་རིགས་པ་ལ་བརྟེན་ནས་བཤད་ལ།དེ་འདྲའི་རྒྱུ་ཡི་རང་བཞིན་དུ་མི་གསལ་བའི་ཚུལ་གྱིས་ཡོད་པའི་འབྲས་བུ་དེ་ཉིད་ཕྱིས་རྐྱེན་ལ་སོགས་པ་ཕྲད་སྟོབས་ཀྱིས་གསལ་བར་བྱས་པ་ལ་སྐྱེ་ཞེས་འདོགས་པར་བྱེད་ཅིང་།གསལ་ཟིན་པ་དེ་ཉིད་སླར་ཡང་མི་སྐྱེ་ཟེར། ཞེས་པའོ། །
གཉིས་པ་ལ་མདོར་བསྟན་དང་།རྒྱས་བཤད་གཉིས་ལས།དང་བོ་ནི།
ལོག་རྟོག་དེ་ཉིད་འགོག་པ་ལ། །
འགྲེལ་བ་བུདྡྷ་པཱ་ལི་ཏར། །
མདོར་བསྟན་རྒྱས་བཤད་གཉིས་སྦྱར་ཏེ། །
སླར་ཡང་སྐྱེ་བ་དོན་ཡོད་དང་། །
ཡོད་པ་འགལ་བར་བརྗོད་པ་ཡི། །
ཐལ་འགྱུར་གཉིས་ཀྱིས་དགག་པར་མཛད། །
ཅེས་བྱུང་།དོན་ནི།དེ་ལྟར་གྲངས་ཅན་པས་བདག་སྐྱེ་འདོད་པའི་ལོག་རྟོག་དེ་ཉིད་འགོག་པ་ལ།སྤྱིར་དཔལ་ལྡན་ཆོས་གྲགས་ཀྱིས།རྩྭ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་མཚར་ཆེ་བ་སུ་བརྗོད་རྩོལ། །ཞེས་དང་།རྒྱལ་སྲས་ཆེན་པོ་ཞི་བ་ལྷས།ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་པ་ལ་སོགས་པའི་རིགས་པ་མང་བོས་བཀག་ལ།སངས་རྒྱས་སྐྱངས་ཀྱིས་རྩ་ཤེའི་འབྲེལ་བ་བུདྡྷ་པཱ་ལི་ཏའམ་འབྲེལ་བ་སངས་རྒྱས་བསྐྱངས་ཀྱིས་འགོག་ཚུལ་ནི།མདོར་བསྟན་དང་རྒྱས་བཤད་ཀྱི་གཞུང་གཉིས་སྦྱར་ཏེ།གྲངས་ཅན་པ་ཁྱོད་ཀྱིས་དངོས་པོ་ཐམས་ཅད་རང་རྒྱུའི་དུས་སུ་རང་གི་བདག་ཉིད་དུ་གྲུབ་ཟིན་པར་འདོད་པ་དང་།སླར་ཡང་སྐྱེ་བ་ལ་དགོས་པ་ཡོད་པར་འདོད་པ་གཉིས་འགལ་བ་ཡིན་ཞེས་ཐལ་འགྱུར་གཉིས་ཀྱིས་དགག་པར་མཛད་པ་ཡིན།ཞེས་པའོ། །མདོར་བསྟན་རྒྱས་བཤད་གཉིས་སྦྱར་ཏེ། །ཞེསཔའི་མདོར་བསྟན་གྱི་གཞུང་ནི།འགྲེལ་བ་བུདྡྷ་པཱ་ལི་ཏ་ལས།དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ།དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང།ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་སོ། །
རྒྱས་བཤད་ཀྱི་གཞུང་ནི།དེ་ཉིད་ལས།དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་སོ། །ཐལ་འགྱུར་གཉིས་ཀྱིས་དགག་པར་མཛད་ཅེས་པའི་དེའི་སྐབས་ཀྱི་ཐལ་འགྱུར་གཉིས་ནི།རྒྱུ་དུས་སུ་མི་གསལ་བར་ཡོད་པར་རློམ་པའི་དངོས་པོ་ཆོས་ཅན།སླར་ཡང་སྐྱེ་བ་དོན་མེད་པར་ཐལ།རང་གི་རྒྱུ་དུས་ནས་གྲུབ་ཟིན་པའི་ཕྱིར། །
ཞེས་པ་དང།ཡང་དེ་ཆོས་ཅན།ཁྱོད་ཀྱི་སྐྱེ་བ་ལ་ཐུག་པ་མེད་པར་ཐལ།རང་གི་རྒྱུ་དུས་སུ་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་ལ་དགོས་པའམ་དོན་ཡོད་པའི་ཕྱིར། ཞེས་པ་གཉིས་སོ། །
དེ་ལ་གྲངས་ཅན་མ་ཁྱབ་ཅེས། །
སྨྲ་མོད་སྐྱོན་སྤོང་མི་ནུས་སོ། །
ཞེས་བྱུང་།དོན་ནི།སངས་རྒྱས་བསྐྱངས་ཀྱིས་དེ་ལྟར་ཐལ་འགྱུར་གཉིས་འཕངས་པ་ལ།གྲངས་ཅན་པས་ཐལ་འགྱུར་གཉིས་ཀ་ལ་མ་ཁྱབ་ཅེས་ལན་འདེབས་པར་བྱེད་དེ།ཐལ་འགྱུར་དང་བོ་ལ།རང་གི་རྒྱུ་དུས་སུ་གྲུབ་ཟིན་ཀྱང་།སླར་ཡང་སྐྱེ་བ་དོན་མེད་པའི་མ་ཁྱབ་སྟེ་མི་གསལ་བ་གསལ་བར་བྱེད་པའི་ཆེད་དུ་སྐྱེ་དགོས།ཐལ་འགྱུར་གཉིས་པ་ལ།རང་གི་རྒྱུ་དུས་སུ་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་ལ་དགོས་པའམ་དོན་ཡོད་ན།ཁྱོད་ཀྱི་སྐྱེ་བ་ཐུག་པ་མེད་པའི་མ་ཁྱབ་སྟེ་གསལ་ཟིན་པ་སླར་ཡང་སྐྱེ་མི་དགོས་པའི་ཕྱིར།ཞེས་འཆད་མོད་སྐྱོན་སྤོང་མི་ནུས་ཞེས་གསུངས།སྐྱོན་སྤོང་མི་ནུས་ཚུལ་ནི།རྩ་ཤེའི་ཊཱིཀ་ཆེན་ལས།སྨྲ་མོད་ཀྱང་སྐྱོན་སྤོང་མི་ནུས་ཏེ།གསལ་བ་སྔ་ནས་ཡོད་ན་དེར་སྐྱེ་མི་དགོས་ལ།སྔ་ནས་ཡོད་ཀྱང་སྐྱེ་ན་ཐུག་མེད་སོ་ན་གནས་ཤིང་།གསལ་བ་སྔར་མེད་ན་རྒྱུ་ལ་སྔར་ཡོད་ཁོ་ན་སྐྱེ་བའི་ཕྱོགས་ཉམས་སོ། །ཞེས་གསུངས།དོན་ནི།མངོན་པར་གསལ་ཟིན་པའི་དངོས་པོ་ཆོས་ཅན།རང་གི་རྒྱུ་དུས་སུ་གྲུབ་ཟིན་པར་ཐལ།
དངོས་པོ་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།སླར་ཡང་སྐྱེ་མི་དགོས་པར་ཐལ།ཆོས་ཅན་དེའི་ཕྱིར།མ་ཁྱབ།སྔར་ཡོད་ཀྱང་སྐྱེ་དགོས་ཟེར་ན་སྐྱེ་བ་ཐུག་མེད་སོ་ན་གནས་ཤིང་།ཡང་རྟགས་མ་གྲུབ།སྔར་ནས་མེད་ཟེར་ན་རྒྱུ་ལ་སྔར་ཡོད་ཁོ་ན་སྐྱེ་བའི་ཁྱབ་ཅེས་པའི་གྲངས་ཅན་རང་གི་དམ་བཅའ་ཉམས་སོ། །ཞེས་པའོ། །འདི་ནི་གྲངས་ཅན་པས་བཟློག་ཏུ་མེད་པའི་རིགས་པ་ཞིག་གོ །
དེ་ལ་སློབ་དཔོན་ལེགས་ལྡན་འབྱེད། །
མདོར་བསྟན་ཁོ་ནས་གཞུང་དྲངས་ནས། །
སྐྱེ་བ་དོན་མེད་ཐུག་མེད་དུ། །
ཐལ་བ་འཕངས་བར་དགོངས་ནས་ནི། །
རང་རྒྱུད་དཔེ་རྟགས་མ་བརྗོད་དང་། །
གཞན་སྨྲས་ཉེས་པ་མ་བསལ་དང་། །
རྒོལ་བ་གཞན་གྱིས་གླགས་རྙེད་པའི། །
སྐྱོན་གསུམ་ཡོད་ཅེས་སུན་འབྱིན་མཛད། །
ཅེས་བྱུང་།དོན་ནི།སངས་རྒྱས་བསྐྱངས་ཀྱིས་དེ་ལྟར་བདག་སྐྱེ་བཀག་པ་དེ་ལ་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ཀྱི་མདོར་བསྟན་རྒྱས་བཤད་ཀྱིས་སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་འཕངས་པར་མ་དགོངས་ནས།མདོར་བསྟན་གྱི་གཞུང་ཁོ་ན་དྲངས་ནས་སྐྱོན་བརྗོད་མཛད་པའི་ཕྱིར་ཏེ།ཤེས་རབ་སྒྲོན་མེ་ལས།དེ་ལ་གཞན་ནི།དངོས་པོ་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ།དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་།སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་རྣམ་པར་བྱེད་པར་བཤད་དོ། །དེ་ནི་རིགས་པ་མ་ཡིན་ཏེ།གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་།རྒོལ་བ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་རོ། །ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར་སྐབས་ཀྱི་དོན་ལས་བཟློག་པས།བསྒྲུབ་པར་བྱ་དང་དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་།སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་།སྐྱེ་བ་ཐུག་པ་ཡོད་པ་ཉིད་དུ་འགྱུར་བའི་ཕྱིར།གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་སོ། །ཞེས་མདོར་བསྟན་གྱི་ཚུལ་དུ་གསུངས།གཉིས་པ་རྒྱས་བཤད་ནི།
དེ་ནི་བདག་སྐྱེ་འགོག་ནུས་ཀྱི། །
རང་རྒྱུད་རྟགས་སྦྱོར་ཡང་དག་དང་། །
རྟགས་ཆོས་གཉིས་ལྡན་མཐུན་དཔེ་ཞིག །
བརྗོད་དགོས་པ་ལ་མ་བརྗོད་དང་། །
ཞེས་སྐྱོན་དང་བོ་བསྟན།དོན་ནི།གོང་གི་མདོར་བསྟན་སྐབས་ཀྱི་རང་རྒྱུད་དཔེ་རྟགས་མ་བརྗོད་དང་ཞེས་པའི་སྐྱོན་ནི།སངས་རྒྱས་བསྐྱངས་ཀྱི་མདོར་བསྟན་གྱི་འགྲེལ་ངག་དེས་བདག་སྐྱེ་འགོག་ནུས་ཀྱི་རང་རྒྱུད་ཀྱི་རྟགས་སྦྱོར་ཡང་དག་ཞིག་དང་།རྒོལ་བ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཞིག་བརྗོད་པ་སྐབས་སུ་བབ་མོད་མ་བརྗོད་པའི་ཕྱིར།རྟགས་གྲུབ་སྟེ།ཁྱོད་ཀྱི་འགྲེལ་ངག་གི་སྦྱོར་བ་ནི།དངོས་པོ་རྣམས་ཆོས་ཅན།བདག་ལས་སྐྱེ་བ་མེད་དེ།སྐྱེ་བ་དོན་མེད་ཡིན་པའི་ཕྱིར།ཡང་དེ་ཆོས་ཅན།དེར་ཐལ།སྐྱེ་བ་ཐུག་མེད་ཡིན་པའི་ཕྱིར།
ཞེས་བཀོད་པ་གང་ཞིག གཏན་ཚིགས་དེ་གཉིས་ཀྱིས་བདག་སྐྱེ་འགོག་མི་ནུས་པའི་ཕྱིར་ཏེ།སྦྱོར་བ་དེའི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར་ཏེ།གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར།མཐུན་དཔེ་མཐུན་སྣང་བ་ཡང་མེད་དེ།གྲངས་ཅན་པ་དང་ཁྱོད་གཉིས་ཀའི་ལུགས་ལ་དངོས་པོ་རྣམས་སྐྱེ་བ་དོན་མེད་ཡིན་པ་ཆོས་མཚུངས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་བསྐྱངས་ཁྱོད་ཀྱི་འགྲེལ་ངག་གི་སྦྱོར་བ་ནི་དམ་བཅའ་ཙམ་དུ་ཟད་དོ། །ཞེས་སོ། །སྐྱོན་གཉིས་པ་སྟོན་པར།
གྲངས་ཅན་གཞན་གྱིས་འདི་སྐད་དུ། །
བདག་ལས་སྐྱེ་བ་མེད་ཟེར་བ། །
གསལ་ཟིན་དངོས་པོ་ཡིན་ན་ནི། །
ཁོ་བོས་གྲུབ་ཟིན་སྒྲུབ་པ་ཡིན། །
རྒྱུ་ཡི་བདག་ཉིད་མི་གསལ་བ། །
ཡིན་ན་སྐྱེ་ལྡན་དངོས་པོ་ཀུན། །
དེ་ལས་སྐྱེས་བས་ཁྱབ་དང་འགལ། །
ཞེས་པའི་ཉེས་པ་མ་བསལ་དང་། །
ཞེས་བྱུང་།དོན་ནི།གྲངས་ཅན་པ་གཞན་གྱིས་སངས་རྒྱས་བསྐྱངས་ལ་ཁྱོད་ཀྱིས་བདག་ལས་སྐྱེ་བ་མེད་ཟེར་བ།མངོན་པར་གསལ་ཟིན་གྱི་བདག་ཉིད་ལས་ཟེར་རམ།རྒྱུ་ཡི་བདག་ཉིད་མི་གསལ་བ་ལས་ཟེར།དང་བོ་ལྟར་ན་ཁོ་བོ་ལ་གྲུབ་ཟིན་སྒྲུབ་པ་ཡིན་ཏེ།ཁོ་བོས་ཀྱང་འབྲས་བུ་མངོན་པར་གསལ་ཟིན་པའི་བདག་ཉིད་ལས་སྐྱེ་བར་མི་འདོད་ལ།གཉིས་པ་ལྟར་ན།ཁྱབ་པ་འགལ་བ་སྟེ་འགལ་ཁྱབ་ཡིན་ཏེ།ཁོ་བོས་སྐྱེ་ལྡན་ཐམས་ཅད་དེ་ལས་སྐྱེ་བར་འདོད་པའི་ཕྱིར།ཞེས་རྒོལ་བ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་ནོ། །ཞེས་པའོ། །དེ་ལྟར་སྨྲ་མོད་སྐྱོན་སྤོང་མི་ནུས་ཚུལ་གོང་གི་ཊཱིཀ་ཆེན་ལྟར་རོ། །སྐྱོན་གསུམ་པ་སྟོན་པར།
གཞན་ཡང་འགྲེལ་ངག་དེ་ཉིད་ལ། །
གཞན་གྱིས་ཀླན་ཀའི་གླགས་རྙེད་དེ། །
ཚིག་ཟིན་ལྟར་ན་འབྲེལ་མེད་ཕྱིར། །
སྐབས་ཀྱི་དོན་ལས་བཟློག་དགོས་ཏེ། །
དངོས་ཟིན་རྟགས་གཉིས་བཟློག་པ་ན། །
སྐྱེ་བ་དོན་བཅས་ཐུག་བཅས་འགྱུར། །
དེ་ཡི་ཤུགས་ཀྱིས་དམ་བཅའ་ནི། །
བདག་ལས་སྐྱེ་བ་མེད་ཅེས་པ། །
མེད་དགག་ཙམ་དུ་མ་བསྡད་པར། །
གཞན་སྐྱེ་འཕངས་པར་འགྱུར་བས་ན། །
འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས། །
མཐའ་བཞིའི་སྐྱེ་མེད་དམ་བཅའ་ཀུན། །
མེད་དགག་ཙམ་དུ་གསུངས་པ་ཡི། །
གྲུབ་པའི་མཐའ་དང་འགལ་ལོ་གསུངས། །
ཞེས་བྱུང་།དོན་ནི།གཞན་ཡང་ཁྱོད་ཀྱི་འགྲེལ་ངག་གི་སྦྱོར་བ་དེ་ལ་རྒོལ་བ་གཞན་གྱིས་ཀླན་ཀ་བྱེད་པའི་གླགས་རྙེད་དེ།སྦྱོར་བའི་ཚིག་ཟིན་ལྟར་ན་འབྲེལ་མེད་པའི་ཕྱིར།ཞེས་བཤད་དེ།སྦྱོར་བ་ནི།དངོས་པོ་རྣམས་ཆོས་ཅན།བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ།སྐྱེ་བ་དོན་མེད་དང་ཐུག་མེད་ཡིན་པའི་ཕྱིར།ཞེས་པ་དེ་ཡིན་ལ།འདི་ལ་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ཀྱི་དགོངས་ཚོད་བླངས་པའི་ཚིག་ཟིན་གྱི་སྦྱོར་བ་ཟེར།འདི་ལྟར་ན་གོང་ནས་བཤད་པ་ལྟར་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་བའི་ཕྱིར།རྟགས་སླ།ཡང་བདག་ལས་སྐྱེ་ན་དོན་མེད་དང་ཐུག་མེད་དུ་འགྱུར་བ་གཏན་ཚིགས་ཡིན་ཟེར་ན།ཕྱོགས་ཆོས་གྲུབ་ན་བསྒྲུབ་བྱ་གྲུབ་པར་ཐལ་བར་འགྱུར་ཞེས་དབུ་མ་ཆེན་མོ་ལས་གསུངས་སོ། །དེའི་ཕྱིར་དངོས་ཟིན་གྱི་རྟགས་གཉིས་བཟློག་ནས་སྐྱེ་བ་དོན་བཅས་དང་ཐུག་བཅས་ཡིན་པའི་ཕྱིར།
ཞེས་འགོད་དགོས་པ་སངས་རྒྱས་བསྐྱངས་ཀྱི་དགོངས་པར་མངོན་ཞེས་ལེགས་ལྡན་གྱིས་འདོད་ལ།འདི་ལ་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ཀྱི་དགོངས་པ་བླངས་པའི་ཞེ་འདོད་ཀྱི་སྦྱོར་བ་ཟེར།དངོས་ཟིན་གྱི་རྟགས་གཉིས་བཟློག་ནས་སྐྱེ་བ་དོན་བཅས་ཐུག་བཅས་རྟགས་སུ་བཀོད་པ་ན་དེའི་ཤུགས་ཀྱིས་དམ་བཅའ་སྟེ་བསྒྲུབ་བྱའི་ཆོས་བདག་ལས་སྐྱེ་བ་མེད་ཅེས་པ་མེད་དགག་ཙམ་དུ་མ་བསྡད་པར་གཞན་ལས་སྐྱེ་བ་ཤུགས་ལ་འཕངས་པར་འགྱུར་བས།འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཐའ་བཞིའི་སྐྱེ་བ་འགོག་པའི་དམ་བཅའ་འམ་བསྒྲུབ་བྱའི་ཆོས་ལ་མེད་དགག་ཙམ་དུ་གསུངས་པ་ཡི་གྲུབ་པའི་མཐའ་དང་འགལ་ལོ། །ཞེས་གསུངས།དངོས་ཟིན་གྱི་རྟགས་བཟློག་པ་ན་དམ་བཅའ་བཟློག་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན།དབུ་མའི་མཐའ་དཔྱོད་གཉིས་ཀ་ལས།སྤྱིར་ཐལ་འགྱུར་དང་རྟགས་གང་བཀོད་ཀྱི་དེ་ལྟར་བཟློག་དགོས་པ་མཚུངས་པ་མ་ཡིན་ཡང་།སངས་རྒྱས་བསྐྱངས་ཀྱིས་མཐའ་བཞིའི་སྐྱེ་བ་འགོག་པའི་སྐབས་འདིར་དེ་ལྟར་དགོས་ཞེས་ཞིབ་ཆ་འབྱེད་དགོས་པའི་ཕྱིར།ཞེས་གསུངས་པའི་ཕྱིར།ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས་ཀྱང་།དེས་ན་བཟློག་དོན་གཉིས་རྟགས་སོ། །དངོས་ཟིན་གྱི་རྟགས་བཟློག་དགོས་ན་དངོས་ཟིན་གྱི་དམ་བཅའ་ཡང་བཟློག་དགོས་ཏེ་མཚུངས་པའི་ཕྱིར།དེ་ལ་རྟགས་བཟློག་པ་ལྟར་བྱར་མེད་པས་བདག་སྐྱེ་རྣམ་པར་བཅད་ཙམ་མ་ཡིན་པ་བཟློག་པའི་དོན་ནོ། །ཞེས་གསུངས་པའི་ཕྱིར།རྟགས་བཟློག་པ་ལྟར་དངོས་པོ་རྣམས་གཞན་ལས་སྐྱེ་སྟེ་ཞེས་བསྒྲུབ་བྱར་འགོད་མི་རུང་ཡང་ཤུགས་བསྟན་གྱི་བསྒྲུབ་བྱའི་ཆོས་སུ་འགྱུར་བས་བདག་སྐྱེ་རྣམ་པར་བཅད་ཙམ་གྱི་མེད་དགག་ཙམ་དུ་མ་བསྡད་པར་མ་ཡིན་དགག་དངོས་ཀྱི་བསྒྲུབ་བྱར་སོང་བ་ཡིན་ཏེ།ལེགས་ལྡན་ལུགས་ལ་སྐྱེ་བ་ལ་བདག་སྐྱེ་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་ལ།དེ་ལྟར་ན།དངོས་པོ་རྣམས་སྐྱེ་བ་དོན་བཅས་ཐུག་བཅས་སུ་ཁས་བླངས་ནས་བདག་ལས་སྐྱེ་བ་མེད་ཅེས་བའི་ཤུགས་ཀྱིས་གཞན་ལས་སྐྱེ་བ་འཕངས་འདུག་པར་འདོད་དོ།སྟོང་ཐུན་ལས།ཐལ་འགྱུར་དང་རྟགས་གང་ཡིན་ཐམས་ཅད་སྤྱིར་དེ་ལྟར་སྨྲ་བ་མ་ཡིན་གྱི།ཞེས་པ་ནས།སྐྱེ་བ་གཞིར་བྱས་ལ་བདག་སྐྱེ་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པས་དངོས་པོ་རྣམས་སྐྱེ་བ་ཡིན་ཞིང་།བདག་ལས་མི་སྐྱེ་ཞེས་སྨྲས་པ་ཉིད་ཀྱིས་གཞན་ལས་སྐྱེ་བ་འཕེན་པའི་ཕྱིར།ལྷས་བྱིན་ཚོན་པོ་དང་ཉིན་པར་ཟས་མི་ཟ་བར་སྨྲས་པའི་ཤུགས་ཀྱིས་མཚན་མོ་ཟ་བར་འཕེན་པ་བཞིན་ནོ་སྙམ་དུ་བསམ།ཞེས་གསུངས་པའི་ཕྱིར།ཞེས་ཊཱིཀ་ཆེན་དང་སྟོང་ཐུན་སོགས་ལས་དེ་ལྟར་གསུངས་ཤིང་།རང་རེའི་ཡིག་ཆ་གཉིས་ལས་དེའི་སྟེང་དུ་སངས་རྒྱས་བསྐྱངས་ལ་བདག་སྐྱེ་བཀག་ཙམ་མ་ཡིན་པར་གཞན་སྐྱེ་ཡང་བསྒྲུབ་འདོད་ཡོད་པར་གསུངས་ཏེ།དབུ་མ་ཆེན་མོ་ལས།འདི་ཡང་སྨྲ་བ་བོ་ལ་འཕེན་འདོད་མེད་ན་མི་འཕེན་ཏེ།ཞེས་དང་།དབུ་མ་ལུང་རིགས་སྒྲོན་མེ་ལས།གཉིས་པ་གྲུབ་སྟེ།སངས་རྒྱས་བསྐྱངས་ཀྱིས་མཐའ་བཞིའི་སྐྱེ་བ་འགོག་སྐབས་བདག་སྐྱེ་བཀག་ཙམ་མ་ཡིན་པར་གཞན་སྐྱེ་ཡང་བསྒྲུབ་འདོད་འདུག་པའི་ཕྱིར།དེར་ཐལ།སྦྱོར་བ་དེས་སྐྱེ་བ་ཐ་སྙད་པ་བསྒྲུབ་འདོད་འདུག་པའི་ཕྱིར།དེར་ཐལ།བུདྡྷ་པཱ་ལི་ཏ་ལས།འདིར་སྨྲས་པ།རེ་ཞིག་ཇི་ལྟར་སྐྱེ་བར་བརྗོད་པ་ཐ་སྙད་ཙམ་ཡིན་པ་དེ་ལྟར་རབ་ཏུ་སྟོན་ཅིག ཞེས་པ་ནས།སྐྱེ་བ་མེད་པའི་སྐྱེ་བར་བརྗོད་པ་ནི་ཐ་སྙད་ཙམ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།སྙམ་དུ་ལེགས་ལྡན་གྱིས་དགོངས་པར་མངོན་པའི་ཕྱིར།ཞེས་གསུངས་པའི་ཕྱིར།གོང་གི་ཞིབ་ཆ་འབྱེད་དགོས་པའི་ཕྱིར་ཞེས་པའང་འདིའོ། །འདི་ཡང་མཁས་པ་གཞན་གྱིས་མ་ཐོན་པའི་ཀུན་མཁྱེན་བླ་མའི་ཡིག་ཆའི་ཁྱད་ཆོས་སོ། །ཡང་འདི་ལ་ལས་དང་བོ་བ་རང་དང་མཉམ་པ་དག་གིས་རིགས་པའི་རྩལ་སྦྱངས་བའི་ཕྱིར་འདི་ལྟར་དཔྱད་པར་བྱ་སྟེ།འོ་ན་ལེགས་ལྡན་གྱི་ལུགས་ལ།ཐ་སྙད་དུ་སྐྱེ་བ་ལ་བདག་སྐྱེ་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་ནས་དངོས་པོ་རྣམས་སྐྱེ་བ་ཡིན་ཀྱང་བདག་ལས་མི་སྐྱེ་ཞེས་སྨྲས་པས།
གཞན་ལས་སྐྱེ་བ་མི་འཕེན་པར་ཐལ།འཕེན་འདོད་དགོས་པའི་ཕྱིར།འདོད་ན།ལྷས་བྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞེས་པ་ཙམ་གྱིས་མཚན་མོ་ཟ་བ་ཤུགས་ལ་མི་འཕེན་པར་ཐལ།དེ་ལྟར་འཕེན་འདོད་དགོས་པའི་ཕྱིར།ཞེས་དང་།ཡང་།གང་ཟག་གཅིག་རྒྱལ་རིགས་དང་བྲམ་ཟེ་གང་རུང་དུ་ངེས་ནས་འདི་ནི་བྲམ་ཟེ་མ་ཡིན་པའོ་ཞེས་སྨྲས་བས་རྒྱལ་རིགས་ཡིན་པ་མི་འཕེན་པར་ཐལ།འཕེན་འདོད་དགོས་པའི་ཕྱིར།
ཞེས་སོགས་སྤྲོའོ། །སྒོ་མང་དང་རྗེ་བཙུན་པ་སོགས་ཀྱིས་གྲུབ་མཐའ་དང་འགལ་ཚུལ་དེ་ལྟར་བརྗོད་ལ།པཎ་ཆེན་བསོད་གྲགས་པ་སོགས་ཀྱིས་གྲུབ་མཐའ་དང་འགལ་བའི་སྐྱོན་ལ།སངས་རྒྱས་བསྐྱངས་རང་ཉིད་ཀྱིས་གཞན་སྐྱེ་མི་བཞེད་མོད།ཁྱོད་ཀྱི་མདོར་བསྟན་གྱི་འགྲེལ་ངག་གི་སྦྱོར་བ་འདིས་ཤུགས་ལ་གོང་ལྟར་གཞན་སྐྱེ་འཕངས་འདུག་པས་རང་ཉིད་རང་གི་གྲུབ་མཐའ་དང་འགལ་བར་འགྱུར་བ་ལེགས་ལྡན་གྱི་དགོངས་པར་གསུངས་སོ། །གོང་གི་དེ་དག་ནི་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ཀྱི་དགོངས་པ་བླངས་པའི་དོན་ནོ། །གསུམ་པ།སངས་རྒྱས་བསྐྱངས་ལ་སྐྱོན་དེ་མི་འཇུག་པར་ཟླ་བས་བཤད་ཚུལ་ལ།སྐྱོན་གསུམ་མི་འཇུག་པའི་ཚུལ་དང་།
ལེགས་ལྡན་རང་གི་ལུགས་དགག་པ་གཉིས།དང་བོ་ལ།སྐྱོན་དང་བོ་གཉིས་མི་འཇུག་པའི་ཚུལ་དང་།གསུམ་པ་མི་འཇུག་པའི་ཚུལ་གཉིས།དང་བོ་ལ།རང་རྒྱུད་ཀྱི་དབང་དུ་བྱས་པའི་སྐྱོན་མེད་ཚུལ་དང་།གཞན་གྲགས་ཀྱི་དབང་དུ་བྱས་པའི་སྐྱོན་མེད་ཚུལ་གཉིས།དང་བོ་ལ།རང་རྒྱུད་ཀྱི་གཏན་ཚིགས་བརྗོད་པ་ལ་དགོས་པ་མེད་པར་བསྟན་པ་དང་།བརྗོད་ཀྱང་ནུས་པ་མེད་པར་བསྟན་པ།རང་རྒྱུད་གྱི་སྦྱོར་བ་ཁས་ལེན་མི་རིགས་པར་བསྟན་པ་གསུམ་ལས།དང་བོ་སྟོན་པར།
དེ་ལྟར་བརྗོད་པའི་སྐྱོན་དེ་རྣམས། །
སངས་རྒྱས་བསྐྱངས་ལ་མི་འཇུག་པར། །
དཔལ་ལྡན་ཟླ་བས་བཤད་ཚུལ་ནི། །
འགྲེལ་ངག་དེ་ཡིས་རང་རྒྱུད་ཀྱི། །
གཏན་ཚིགས་དཔེ་བཅས་མ་བསྟན་ཀྱང་། །
འགལ་བ་བརྗོད་པའི་ཐལ་འགྱུར་གྱིས། །
གྲངས་ཅན་རང་གི་ཁས་ལེན་ལ། །ན
ང་འགལ་མཐོང་ནས་དམ་བཅའ་འདོར། །
བསྒྲུབ་བྱ་རྟོགས་པར་འགྱུར་བ་ཡིན། །
ཞེས་བྱུང་།དོན་ནི།ལེགས་ལྡན་གྱིས་དེ་ལྟར་བརྗོད་པའི་སྐྱོན་དེ་རྣམས་སངས་རྒྱས་བསྐྱངས་ལ་མི་འཇུག་པར་དཔལ་ལྡན་ཟླ་བ་གྲགས་པས་བཤད་ཚུལ་ནི།སངས་རྒྱས་བསྐྱངས་ཀྱི་མདོར་བསྟན་གྱི་འགྲེལ་ངག་དེས་རང་རྒྱུད་ཀྱི་གཏན་ཚིགས་དང་རྟགས་ཆོས་གཉིས་ལྡན་གྱི་དཔེ་བཅས་མ་བསྟན་ཀྱང་།དེའི་སྐབས་ནས་བསྟན་པའི་འགལ་བ་བརྗོད་པའི་ཐལ་འགྱུར་ཏེ།མྱུ་གུ་ཆོས་ཅན།སླར་ཡང་སྐྱེ་བ་དོན་མེད་ཡིན་པར་ཐལ།རང་གི་རྒྱུ་དུས་ནས་གྲུབ་ཟིན་པའི་ཕྱིར།དེ་ཆོས་ཅན།ཁྱོད་ཀྱི་སྐྱེ་བ་ལ་ཐུག་པ་མེད་པར་ཐལ།རང་གི་རྒྱུ་དུས་སུ་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་ལ་དགོས་པའམ་དོན་ཡོད་པའི་ཕྱིར།ཞེས་པའི་ཐལ་འགྱུར་གཉིས་ལ་བརྟེན་ནས་གྲངས་ཅན་གྱིས་བདག་སྐྱེ་འདོད་པ་ལ་ནང་འགལ་སྟོན་ཐུབ་ཅིང་།བསྟན་པ་ལྟར་མཐོང་ནས་གྲངས་ཅན་གྱིས་བདག་ལས་སྐྱེ་བའི་དམ་བཅའ་ཡང་འདོར་ལ།ཐལ་འགྱུར་དེ་གཉིས་ཀྱིས་བྱེད་པ་ལ་བརྟེན་ནས་གྲངས་ཅན་པའི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འགྱུར་བ་ཡིན།ཞེས་པ་སྟེ།ཚིག་གསལ་ལས།དེ་ལ་རེ་ཞིག་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་།ཞེས་གང་སྨྲས་པ་དེ་ནི་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན།ཞེས་པ་ནས།གང་ལས་གཏན་ཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་འདི་ཙམ་ཞིག་གིས་བརྩད་པ་ན་ཅི་ཕ་རོལ་བོ་ཁས་ལེན་པར་མི་བྱེད་དམ།ཞེས་སོགས་གསུངས་པའི་ཕྱིར།དེ་ལྟར་ན་ལེགས་ལྡན་གྱིས་བརྗོད་པ་ལྟར་རང་རྒྱུད་ཀྱི་སྦྱོར་བ་དང་དཔེ་བཅས་མ་བསྟན་ཀྱང་ཉེས་པ་མེད་ལ།ལེགས་ལྡན་ཁྱོད་ཀྱིས་དེ་ལྟར་བསྟན་པ་ལའང་དགོས་པ་ལྷག་པ་མེད་ཅེས་པའོ། །གཉིས་པ་བརྗོད་ཀྱང་ནུས་པ་མེད་པར་སྟོན་པ་ལ།
ཁས་བླངས་འགལ་བས་བརྩད་པས་ཀྱང་། །
ནང་འགལ་མཐོང་ཡང་མི་ལྡོག་ན། །
མངོན་སུམ་ལ་ནི་བསྙོན་འདིངས་ཕྱིར། །
མཁས་པའི་རྩོད་ཟླར་འོས་མ་ཡིན། །
དེས་ན་སྐབས་འདིར་རང་རྒྱུད་ཀྱི། །
དཔེ་རྟགས་བརྗོད་ལ་དགོས་པ་དང་། །
ནུས་པ་ལྷག་པོ་ཅི་ཡང་མེད། །
ཅེས་བྱུང་། །དོན་ནི།འགལ་བ་བརྗོད་པའི་ཐལ་འགྱུར་གཉིས་ཀྱི་སྒོ་ནས་གྲངས་ཅན་པ་ལ་ནང་འགལ་བསྟན་ཏེ་དེས་ནང་འགལ་མཐོང་ཡང་བདག་ལས་སྐྱེ་བ་མེད་པར་ཁས་མི་ལེན་ན་ནི།དེ་ལ་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་གཉིས་བརྗོད་ཀྱང་ནུས་པ་མེད་པར་ཐལ།དེ་འདྲའི་ཕྱི་རྒོལ་ནི་མངོན་སུམ་ལ་བསྙོན་འདིངས་པས།ཐལ་འགྱུར་བ་ཁོ་བོ་ཅག་ནི་དེ་འདྲའི་བསྙོན་པ་དང་མི་རྩོད་ལ།ལེགས་ལྡན་ཁྱེད་ཀྱིས་དེ་འདྲའི་ཕྱི་རྒོལ་ལ་རང་རྒྱུད་ཀྱི་རྟགས་དཔེ་འགོད་པ་ནི་གཏན་ཚིགས་སྨྲ་བ་ལ་དགའ་བ་ཙམ་དུ་ཟད་དོ། །ཞེས་པ་ཡིན་ཏེ།ཚིག་གསལ་ལས།འོན་ཏེ་ཕ་རོལ་བོ་རང་གི་ཁས་བླངས་པ་དང་འགལ་བས་བརྩད་པས་ཀྱང་མི་ལྡོག་ན་ནི།དེའི་ཚེ་ངོ་ཚ་མེད་པ་ཉིད་ཀྱིས་གཏན་ཚིགས་དང་དཔེ་གཉིས་ཀྱིས་ཀྱང་ལྡོག་པར་མི་འགྱུར་བ་ཉིད་དོ། །ཁོ་བོ་ཅག་ནི་བསྙོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་ནི་གནས་མ་ཡིན་པར་ཡང་རྗེས་སུ་དཔག་པ་འཚངས་པར་བྱེད་པ་ནི་བདག་ཉིད་རྗེས་སུ་དཔག་པ་ལ་དགའ་བ་ཉིད་མངོན་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།གསུམ་པ་རང་རྒྱུད་ཁས་ལེན་མི་རིགས་པར་སྟོན་པ་ནི།
རང་རྒྱུད་དོན་ནི་རང་མཚན་གྱིས། །
གྲུབ་པའི་ཆོས་ལ་བྱེད་པས་ན། །
དེ་འདྲའི་རང་མཚན་དབུ་མ་བས། །
ཁས་ལེན་རིགས་པ་མ་ཡིན་ནོ། །
ཞེས་བྱུང་།དོན་ནི།རང་རྒྱུད་ཀྱི་སྦྱོར་བ་དང་རང་རྒྱུད་ཀྱི་གཏན་ཚིགས་ཞེས་པའི་དོན་ནི།ཚུལ་གསུམ་རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་ངོས་ནས་སམ་རང་མཚན་གྱིས་གྲུབ་པ་ཞིག་ལ་བྱེད་པས་ན་དབུ་མ་བ་ཡིན་ན་དེ་འདྲའི་རང་མཚན་གྱིས་གྲུབ་པའི་གཏན་ཚིགས་ཁས་ལེན་རིགས་པ་མ་ཡིན་ནོ། །ཞེས་པ་ཡིན་ཏེ།ཚིག་གསལ་ལས།དབུ་མ་བ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བར་རིགས་པ་ཡང་མ་ཡིན་ཏེ།ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།འོན་ཀྱང་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པའི་དབུ་མ་བ་ཡོད་དེ།དེ་ཁས་ལེན་པའི་དབུ་མ་རང་རྒྱུད་པ་ཡོད་པའི་ཕྱིར།ཁྱབ་སྟེ།ཐལ་འགྱུར་བའི་ལུགས་ལའང་དེ་དབུ་མ་བ་ཡིན་ཕྱིར་ཏེ།དབུ་མ་ཆེན་མོར་གསལ་ལོ། །དེས་ཕྱིར་ན་ལུང་རིགས་སྒྲོན་མེ་ལས།དེས་ན་དབུ་མ་བ་ཡིན་ན་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་མི་རིགས་པས་ཁྱབ་ཀྱང་།དེ་ཁས་ལེན་པའི་དབུ་མ་བ་ཡོད་པ་མི་འགལ་ཏེ།དཔེར་ན་བཅས་ལྡན་དགེ་སློང་ཡིན་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་མི་རིགས་པས་ཁྱབ་ཀྱང་།དེ་དང་འགལ་བའི་བཅས་ལྡན་དགེ་སློང་ཡོད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར།
ཐལ་འགྱུར་བས་རང་རྒྱུད་ཁས་ལེན་མི་རིགས་ཚུལ་དབུ་མའི་ཡིག་ཆ་གཉིས་ཀར་རྒྱས་པར་ཡོད་པས་དེར་ཤེས་པར་བྱའོ། །གཉིས་པ་གཞན་གྲགས་ཀྱི་དབང་དུ་བྱས་པའི་སྐྱོན་མེད་ཚུལ་ལ།གཞན་གྲགས་ཀྱི་གཏན་ཚིགས་མ་བརྗོད་པའི་སྐྱོན་མེད་པའི་ཚུལ་དང་།དེ་ལ་ཉེས་པ་མ་བསལ་བའི་ཆ་ནས་སྐྱོན་མེད་ཚུལ་གཉིས།དང་བོ་ལ།
འདིར་གཙོ་བོར་གཞན་གྲགས་མ་བཤད་པའི་རྒྱུ་མཚན་དང་།གཞན་གྲགས་བརྗོད་དགོས་ནའང་བརྗོད་པར་བསྟན་པ་གཉིས།དང་བོ་སྟོན་པར།
ཐལ་འགྱུར་ཙམ་ལ་བརྟེན་པ་ནི། །
རྗེས་དཔག་ཚད་མ་སྐྱེ་ནུས་པས། །
བསྒྲུབ་བྱ་རྟོགས་ཕྱིར་གཞན་གྲགས་ཀྱི། །
རྟགས་དཔེ་དགོས་པ་མིན་མོད་ཀྱང་། །
ཞེས་བྱུང་།དོན་ནི།འགལ་བ་བརྗོད་པའི་ཐལ་འགྱུར་ཙམ་གྱི་བྱེད་པ་ལ་བརྟེན་ནས་ཀྱང་གྲངས་ཅན་པའི་ཁས་ལེན་ལ་ནང་འགལ་མཐོང་ནས་ཕྱིར་རྒོལ་གྱི་རྒྱུད་ལ་བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་སྐྱེད་ནུས་པས།ངེས་པར་དུ་བསྒྲུབ་བྱ་རྟོགས་ཕྱིར་གཞན་གྲགས་ཀྱི་རྟགས་དང་དཔེ་དགོས་པ་མིན་མོད།ཅེས་པའོ། །འདི་ཡང་རྗེ་སྒོ་གཉིས་ཀྱི་ལུགས་ཡིན་ལ།བློ་གླིང་གིས་ཐལ་འགྱུར་ཙམ་གྱིས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་མི་ནུས་ཏེ།རྗེས་དཔག་ཡིན་ན་རང་གི་རྟེན་དུ་གྱུར་པའི་རྟགས་སྦྱོར་ཡང་དག་དགོས་པས་ཁྱབ་པར་འདོད་པར་གསུངས་སོ། །དེས་ན་སློབ་དཔོན་སངས་རྒྱས་བསྐྱངས་ལ་གཞན་གྲགས་ཀྱི་གཏན་ཚིགས་ཡང་དག་མ་བརྗོད་པའི་ཆ་ནས་ཀྱང་སྐྱོན་ཡོད་པ་མ་ཡིན་ནོ། །གཉིས་པ་གཞན་གྲགས་ཀྱི་གཏན་ཚིགས་བརྗོད་དགོས་ནའང་བརྗོད་པར་སྟོན་པ་ལ།
གལ་ཏེ་དགོས་ནའང་འགྲེལ་ངག་གིས། །
སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི། །
སྒོ་ནས་གཞན་གྲགས་གཏན་ཚིགས་བསྟན། །
དམ་བཅའ་ཁྱབ་པ་དཔེ་བརྗོད་དང་། །
གཉེར་གཏོད་མཇུག་སྡུད་ཡན་ལག་ལྔ། །
བསྡུ་ན་རྒྱས་བཤད་དང་བོ་ཡི། །
ཐལ་འགྱུར་རྟགས་སྦྱོར་ཚུལ་དུ་བཀོད། །
མངོན་གསལ་མྱུ་གུ་མཐུན་དཔེར་གཟུང་། །
ཞེས་བྱུང་།དོན་ནི།གལ་ཏེ་རྒོལ་བ་འགའ་ཞིག་ལ་འདིའི་སྐབས་གཞན་གྲགས་ཀྱི་རྟགས་བརྗོད་དགོས་ནའང་།བུདྡྷ་པཱ་ལི་ཏ་ལས།དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ།དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་།
ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་པའི་མདོར་བསྟན་གྱི་འགྲེལ་ངག་གིས་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་སྒོ་ནས་གཞན་གྲགས་ཀྱི་གཏན་ཚིགས་བསྟན་པ་ཡིན་ཏེ།ཡན་ལག་ལྔ་ནི།དམ་བཅའ།ཁྱབ་པ།དཔེ།གཉེར་གཏོད།མཇུག་སྡུད་དོ། །བསྟན་ཚུལ་ནི་བསྡུ་ན་འགྲེལ་ངག་གི་རྒྱས་བཤད་དང་བོ་ཡི་ཐལ་འགྱུར་རྟགས་སྦྱོར་ཚུལ་དུ་བཀོད་པ་སྟེ།དཔེར་ན།རང་གི་རྒྱུ་དུས་སུ་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན།སླར་ཡང་སྐྱེ་བ་ལ་དགོས་པ་མེད་དེ།རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར།དཔེར་ན་མངོན་པར་གསལ་ཟིན་གྱི་མྱུ་གུ་བཞིན་ནོ། །ཞེས་པའོ། །རྒྱས་པར་ཡིག་ཆར་གསལ་ལོ། །གཉིས་པ་དེ་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་མེད་ཚུལ་སྟོན་པ་ལ།
སྐྱོན་བརྗོད་གཉིས་པ་དོན་མེད་དེ། །
རང་རྒྱུད་གཏན་ཚིགས་ཁས་མི་ལེན། །
གཞན་གྲགས་རྟགས་ལ་རྒྱུ་དུས་སུ། །
མི་གསལ་མྱུ་གུ་ཆོས་ཅན་དང་། །
གསལ་ཟིན་མཐུན་དཔེར་བཟུང་བས་ན། །
གྲུབ་ཟིན་སྒྲུབ་དང་གཏན་ཚིགས་ནི། །
འགལ་བའི་དོགས་པ་མེད་པས་ན། །
གཞན་སྨྲས་ཉེས་པ་མི་འབྱུང་ངོ་། །
ཞེས་བྱུང་།དོན་ནི།བསྡུ་ན།ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་གྲངས་ཅན་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་བརྗོད་པ་ལ་དོན་མེད་དེ།སངས་རྒྱས་བསྐྱངས་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པ་གང་ཞིག གཞན་གྲགས་རྟགས་ལ་རྒྱུ་དུས་སུ་མི་གསལ་བའི་མྱུ་གུ་ཆོས་ཅན་དང་།གསལ་ཟིན་གྱི་མྱུ་གུ་མཐུན་དཔེར་བཟུང་བ་སྟེ།དཔེར་ན།རང་གི་རྒྱུ་དུས་ན་མངོན་པར་མི་གསལ་བར་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན།སླར་ཡང་སྐྱེ་བ་དོན་མེད་དེ།རང་གི་རྒྱུ་དུས་སུ་གྲུབ་ཟིན་པའི་ཕྱིར།དཔེར་ན།མངོན་པར་གསལ་ཟིན་གྱི་མྱུ་གུ་བཞིན།ཞེས་པའི་སྦྱོར་བ་འདི་ལ་གྲངས་ཅན་པས་ཚུར་སྨྲས་པའི་གྲུབ་ཟིན་སྒྲུབ་པ་དང་།གཏན་ཚིགས་འགལ་བའི་ཉེས་པ་ཡང་མེད་པས་གཞན་གྱིས་སྨྲས་པའི་ཉེས་པ་མི་འབྱུང་ངོ་། །ཞེས་པའོ། །རྒྱས་པར་ཡིག་ཆ་གཉིས་ཀར་གསལ་ལོ། །གཉིས་པ།སྐྱོན་གསུམ་པ་བཟློག་དོན་ཁས་ལེན་དགོས་པའི་སྐྱོན་མེད་ཚུལ་སྟོན་པར།
སྐྱོན་བརྗོད་གསུམ་པའང་མི་འཇུག་སྟེ། །
སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི །
ཐལ་འགྱུར་དེ་ནི་གྲངས་ཅན་ལ། །
ཁས་བླངས་ནང་འགལ་སྟོན་ཕྱིར་ཡིན། །
བཟློག་དོན་སྒྲུབ་བྱར་འཕངས་པ་མིན། །
དེ་ཕྱིར་དེ་ཡི་བཟློག་དོན་གྱི། །
སླར་ཡང་སྐྱེ་བ་དོན་བཅས་སོགས། །
ཕ་རོལ་གྲངས་ཅན་ཁས་བླངས་ཀྱི། །
ཁོ་བོ་ཅག་གི་ཁས་ལེན་མིན། །
ཞེས་བྱུང་།དོན་ནི།བསྡུ་ན།ལེགས་ལྡན་གྱིས་བརྗོད་པའི་སྐྱོན་གསུམ་པ་རྒོལ་བ་གཞན་གྱིས་ཀླན་ཀའི་གླགས་རྙེད་པའམ་བཟློག་དོན་ཁས་ལེན་དགོས་པའི་སྐྱོན་དེའང་མི་འཇུག་སྟེ།སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི་སྐབས་ནས་བསྟན་པའི་ཐལ་འགྱུར་དེ་གཉིས་ནི་གྲངས་ཅན་ལ་ཁས་བླངས་ནང་འགལ་སྟོན་ཕྱིར་ཡིན་པ་མ་གཏོགས།
དེའི་བཟློག་དོན་སྒྲུབ་བྱར་འཕངས་པ་མིན།ཞེས་པ་དང་།དེའི་ཕྱིར་ན་དེ་ཡི་བཟློག་དོན་སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་སོགས་ནི་ཕ་རོལ་གྲངས་ཅན་གྱིས་ཁས་བླངས་ཡིན་གྱི།ཐལ་འགྱུར་བ་ཁོ་བོ་ཅག་གི་ཁས་ལེན་མིན་ནོ། །ཐལ་འགྱུར་བས་ཁོ་བོ་ལ་ཁས་ལེན་དང་དམ་བཅའ་མེད་ཅེས་པའང་འདི་ལ་བྱ་བར་གསུངས་སོ། །
ཚིག་གསལ་ལས།ཐལ་བར་འགྱུར་བ་བཟློག་པའི་དོན་དང་ཡང་ཕ་རོལ་བོ་ཉིད་འབྲེལ་བ་ཡིན་གྱི།ཁོ་བོ་ཅག་ལ་མ་ཡིན་ཏེ།རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
ལེགས་ལྡན་འབྱེད་ཀྱི་དགོངས་ཚོད་ཀྱི། །
ཐལ་འགྱུར་དེ་ནི་འགྲེལ་ངག་གི །
དངོས་ཤུགས་གང་གིའང་དོན་མིན་ཕྱིར། །
བཟློག་དོན་ཁས་ལེན་མི་དགོས་པས། །
གཞན་གྱིས་གླགས་རྙེད་ག་ལ་འགྱུར། །
དེ་ཕྱིར་ཁོ་བོ་ཅག་ལ་ནི། །
གྲུབ་མཐའ་འགལ་བའི་ཉེས་མེད་དོ། །
ཞེས་བྱུང་།དོན་ནི།ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ཀྱི་དགོངས་པ་བླངས་པའི་ཞེ་འདོད་ཀྱི་ཐལ་འགྱུར་ཏེ།དངོས་པོ་རྣམས་ཆོས་ཅན།བདག་གི་བདག་ཉིད་ལས་སྐྱེ་བ་མེད་པར་ཐལ།སྐྱེ་བ་དོན་བཅས་ཡིན་པའི་ཕྱིར།ཡང་དེ་ཆོས་ཅན།དེར་ཐལ།སྐྱེ་བ་ཐུག་བཅས་ཡིན་པའི་ཕྱིར།ཞེས་པ་འདི་གཉིས་ནི་སངས་རྒྱས་བསྐྱངས་རང་གི་འགྲེལ་ངག་གི་དངོས་ཤུགས་གང་གིའང་བསྟན་དོན་མིན་པའི་ཕྱིར།བཟློག་དོན་ཁས་ལེན་མི་དགོས་བས་རྒོལ་བ་གཞན་གྱིས་ཀླན་ཀའི་གླགས་རྙེད་ག་ལ་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་ཐལ་འགྱུར་བ་ཁོ་བོ་ཅག་ལ་ནི་གྲུབ་མཐའ་དང་འགལ་བའི་ཉེས་པ་མེད་དོ། །ཞེས་སོ། །གོང་གི་འདི་དག་ནི་ཚིག་གདོང་ཙམ་མ་གཏོགས་ཞིབ་པར་དབུ་མའི་ཡིག་ཆ་གཉིས་ཀར་ཚིག་གསལ་དྲངས་ནས་རྒྱས་པར་གསལ་བས།
འདིར་ཐམས་ཅད་བཤད་ན་མང་བར་འགྱུར་བས་འབྲི་བར་མི་སྤྲོའོ། །གཉིས་པ་ལེགས་ལྡན་རང་གི་ལུགས་དགག་པ་ལ།རང་རྒྱུད་འགོག་པའི་རིགས་པ་མདོར་བསྟན་པ་དང་།རྒྱས་པར་བཤད་པ་གཉིས།དང་བོ་ནི།
དེ་ལྟར་སངས་རྒྱས་བསྐྱངས་ལ་ནི། །
སྐྱོན་མི་འཇུག་པར་མ་ཟད་ཀྱི། །
ལེགས་ལྡན་རང་གི་འགྲེལ་ངག་ལ། །
སྐྱོན་མང་ཞུགས་པ་འདི་ལྟ་སྟེ། །
ཡོད་པའི་རྟགས་ཀྱིས་དོན་དམ་པར། །
མིག་སོགས་བདག་ལས་མི་སྐྱེ་སྟེ། །
ཤེས་པ་ཡོད་པ་ཉིད་བཞིན་ནོ། །
ཞེས་བྱུང་།དོན་ནི།གོང་ནས་སྨྲས་པ་དེ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་ལ་ནི་ལེགས་ལྡན་ཁྱོད་ཀྱིས་སྨྲས་པའི་སྐྱོན་དེ་དག་མི་འཇུག་པར་མ་ཟད།ལེགས་ལྡན་ཁྱོད་རང་གིས་བཀོད་པའི་འགྲེལ་ངག་ལ་སྐྱོན་མང་བོ་ཞིག་ཡོད་པ་འདི་ལྟ་སྟེ།ཁྱོད་ཀྱིས་བཀོད་པའི་སྦྱོར་བ།མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། །དོན་དམ་པར་མི་སྐྱེ་སྟེ།ཡོད་པའི་ཕྱིར།དཔེར་ན།ཤེས་པ་ཡོད་པ་ཉིད་བཞིན་ནོ། །ཞེས་པ་དེ་ཡིན་ལ་ཞེས་སོ། །རྒྱས་པར་བཤད་པ་ལ།ཕྱོགས་སོགས་མ་གྲུབ་པའི་བདག་སྐྱེ་འགོག་པའི་རང་རྒྱུད་འགོག་པ་དང་།བདག་སྐྱེ་འགོག་པའི་རྟགས་མ་གྲུབ་པར་ཐལ་བ་ལེགས་ལྡན་གྱིས་ཁས་བླངས་ཚུལ་དང་།རང་རྒྱུད་ཀྱི་སྦྱོར་བ་གཞན་ལ་མ་གྲུབ་པའི་སྐྱོན་དང་།མ་ངེས་པའི་སྐྱོན་དང་།སྐྱོན་དེ་རང་གི་གཞན་གྲགས་ལ་མི་འཇུག་པའི་རྒྱུ་མཚན་དང་ལྔ་ལས།དང་བོ་ལ།དོན་དམ་གྱི་ཁྱད་པར་སྦྱར་བ་དོན་མེད་པར་བཤད་པ་དང་།ཆོས་ཅན་སྤྱི་ཙམ་འཛིན་པའི་ལན་དགག་པ་གཉིས།དང་བོ་ལ་ཆོས་ཀྱི་ཁྱད་པར་ལ་སྦྱར་བ་དགག་པ་དང་།ཆོས་ཅན་གྱི་ཁྱད་པར་ལ་སྦྱར་དགོས་པ་དགག་པ་གཉིས།དང་བོ་སྟོན་པར།
ཞེས་པའི་སྦྱོར་བར་དོན་དམ་གྱི། །
ཁྱད་པར་སྦྱར་བ་མི་འཐད་དེ། །
ཆོས་ལ་སྦྱར་ན་དབུ་མ་བས། །
བདག་སྐྱེ་གཏན་ནས་མི་འདོད་ཕྱིར། །
ཐ་སྙད་ཙམ་དུ་དགག་དགོས་སོ། །
ཕྱི་རྒོལ་གྲངས་ཅན་བདེན་གཉིས་ལས། །
ཉམས་ལ་གཉིས་ཀར་དགག་པར་རིགས། །
འཇིག་རྟེན་རང་གས་སྐྱེ་ཙམ་ལས། །
བདག་སྐྱེ་གཞན་སྐྱེ་མི་དཔྱོད་པས། །
གང་ལ་ལྟོས་ཀྱང་དགོས་མེད་དོ། །
ཞེས་བྱུང་།དོན་ནི།ལེགས་ལྡན་ཁྱོད་ཀྱིས་བཀོད་པའི་སྦྱོར་བ་དེ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་མི་འཐད་དེ།ཆོས་ལ་སྦྱར་ན་མི་འཐད།ཆོས་ཅན་ལ་སྦྱར་ན་མི་འཐད་པའི་ཕྱིར།དང་བོ་ཆོས་ལ་སྦྱར་ན་མི་འཐད་དེ།དབུ་མ་བ་ལ་ལྟོས་པའི་དགོས་པ་མེད་པ་དང་།ཕྱིར་རྒོལ་གྲངས་ཅན་པ་ལྟོས་པའི་དགོས་པ་མེད་པ་དང་།འཇིག་རྟེན་རང་ག་བ་ལ་ལྟོས་པའི་དགོས་པ་མེད་པའི་ཕྱིར།དང་བོ་གྲུབ་སྟེ།དབུ་མ་བས་བདག་སྐྱེ་གཏན་ནས་མི་འདོད་ཕྱིར་དོན་དམ་པར་བདག་ལས་མི་སྐྱེ་ཞེས་སྨྲས་ན་ཐ་སྙད་དུ་བདག་སྐྱེ་ཡོད་པར་དོགས་པས་སྤྱིར་ཐ་སྙད་དུ་མེད་པར་སྒྲུབ་དགོས་པའི་ཕྱིར།
གཉིས་པ་གྲུབ་སྟེ།ཕྱིར་རྒོལ་གྲངས་ཅན་རང་ལུགས་ཀྱིས་གཞལ་ན་བདེན་པ་གཉིས་ཀ་ལས་ཉམས་པས་དོན་དམ་དང་ཀུན་རྫོབ་གཉིས་ཀར་དགག་དགོས་པའི་ཕྱིར།
གསུམ་པ་གྲུབ་སྟེ།འཇིག་རྟེན་རང་ག་བ་སྟེ་གཞུང་ལུགས་ལ་མ་སྦྱངས་བ་དག་གིས་འབྲས་བུ་སོགས་སྐྱེ་བ་ཙམ་ལས།བདག་སྐྱེ་དང་གཞན་སྐྱེ་ལ་བློ་ཁ་མི་ཕྱོགས་པས་དེ་ལ་ལྟོས་ཀྱང་དགོས་པ་མེད་པའི་ཕྱིར།དེས་ན་གང་ལ་ལྟོས་ཀྱང་དགོས་པ་མེད་དོ། །
ཞེས་སོ། །གཉིས་པ་ཆོས་ཅན་གྱི་ཁྱད་པར་ལ་སྦྱར་དགོས་པ་དགག་པ་སྟོན་པར།
ཆོས་ཅན་ལ་སྦྱར་སྔ་རྒོལ་ལ། །
ལྟོས་པའི་ཆོས་ཅན་མ་གྲུབ་པའི། །
ཕྱོགས་སམ་རྟགས་ཀྱི་སྐྱོན་དུ་འགྱུར། །
གལ་ཏེ་ཀུན་རྫོབ་ཆོས་ཅན་ལ། །
སྦྱར་ན་དོན་དམ་སྦྱོར་ས་འཇིག །
དེ་སྐད་བརྗོད་རིགས་མ་སྨྲས་དང་། །
སྨྲས་ནའང་གྲངས་ཅན་མིག་ལ་སོགས། །
བདེན་པར་གྲུབ་པར་འདོད་པས་ན། །
གཞི་མ་གྲུབ་པའི་ཕྱོགས་སྐྱོན་འགྱུར། །
ཞེས་བྱུང་།དོན་ནི།ལེགས་ལྡན་གྱིས་དོན་དམ་གྱི་ཁྱད་པར་བསྒྲུབ་བྱའི་ཆོས་ལ་མི་སྦྱར་སྦྱོར་བའི་ཆོས་ཅན་ལ་སྦྱར་ཟེར་ན།དེ་ལྟར་ན་ལེགས་ལྡན་རང་ལ་ལྟོས་པའི་ཆོས་ཅན་གཞི་མ་གྲུབ་པའི་ཕྱོགས་སམ་རྟགས་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར།དེར་ཐལ།དོན་དམ་པའི་མིག་སོགས་ཆོས་ཅན་དུ་བཟུང་བ་གང་ཞིག དེ་ལེགས་ལྡན་རང་ཉིད་ཀྱིས་ཁས་མི་ལེན་པའི་ཕྱིར།རྟགས་སླ།གལ་ཏེ་ཞེས་བརྟག་པ་མཐའ་བཟུང་གིས་དོན་དམ་པར་མིག་སོགས་མ་གྲུབ་ཀྱང་ཀུན་རྫོབ་པའི་མིག་སོགས་ཆོས་ཅན་དུ་འཛིན་ཟེར་ན།འོ་ན་དོན་དམ་པའི་ཁྱད་པར་སྦྱོར་ས་མེད་པར་འཇིག་པའི་ཕྱིར།ཞེས་སོ། །ཡང་བརྟག་པ་མཐའ་བཟུང་གིས།ལེགས་ལྡན་ན་རེ།ཀུན་རྫོབ་པའི་མིག་སོགས་ཆོས་ཅན་དང་།དོན་དམ་པར་སྐྱེ་བ་མེད་པ་བསྒྲུབ་བྱའི་ཆོས་སུ་བྱེད་ཟེར་ན།དེ་མི་འཐད་པར་ཐལ།དེ་སྐད་བརྗོད་རིགས་ན་བརྗོད་དགོས་ལ་མ་སྨྲས་པའི་ཕྱིར་དང་།སྨྲས་ནའང་གྲངས་ཅན་པས་མིག་ལ་སོགས་དབུ་མ་བས་འདོད་པ་ལྟར་གྱི་ཀུན་རྫོབ་ཏུ་ཁས་མི་ལེན་པའི་ཕྱིར།དབུ་མ་ཆེན་མོ་ལས།གཉིས་པ་གྲུབ་སྟེ།གྲངས་ཅན་གྱིས་མིག་སོགས་དབུ་མ་པའི་འདོད་པ་ལྟར་གྱི་ཀུན་རྫོབ་ཏུ་ཁས་མི་ལེན་པའི་ཕྱིར།དེར་ཐལ།དེས་མིག་སོགས་དབུ་མ་བའི་འདོད་པ་ལྟར་གྱི་རྫས་ཡོད་དུ་འདོད་ཀྱི་བཏགས་ཡོད་དུ་མི་འདོད་པའི་ཕྱིར།
ཞེས་གསུངས་པའི་ཕྱིར།དེས་ན་དེ་ལྟར་ནའང་གྲངས་ཅན་པ་ལ་ཆོས་ཅན་གཞི་མ་གྲུབ་པའི་ཕྱོགས་སྐྱོན་དུ་འགྱུར་བའི་ཕྱིར།ཞེས་སོ། །གཉིས་པ་ཆོས་ཅན་སྤྱི་ཙམ་འཛིན་པའི་ལན་དགག་པ་ལ་གཉིས།ཆོས་ཅན་སྤྱི་ཙམ་འཛིན་འོས་པའི་རིགས་པ་འགོད་པ་དང་།དེ་དགག་པ་དངོས་སོ། །དང་བོ་སྟོན་པར།
རང་སྡེ་འོག་མས་བྱེ་བྲག་པར། །
སྒྲ་མི་རྟག་པར་སྒྲུབ་པའི་ཚེ། །
འབྱུང་འགྱུར་ནམ་མཁའི་ཡོན་ཏན་སོགས། །
རང་རང་ཐུན་མོང་མ་ཡིན་པའི། །
ཁྱད་པར་དོར་བའི་སྒྲ་ཙམ་ཞིག །
ཆོས་ཅན་ཉིད་དུ་འཛིན་པ་བཞིན། །
འདིར་ཡང་དོན་དམ་ཀུན་རྫོབ་ཀྱི། །
ཁྱད་པར་དོར་བའི་མིག་སོགས་ཙམ། །
ཆོས་ཅན་འཛིན་ཕྱིར་མ་གྲུབ་པའི། །
ཕྱོགས་ཀྱི་སྐྱོན་སོགས་མེད་ཅེ་ན། །
ཞེས་བྱུང་།དོན་ནི།ཡང་ལེགས་ལྡན་གྱིས་དོན་དམ་དང་ཀུན་རྫོབ་ཀྱི་ཁྱད་པར་ཆོས་དང་ཆོས་ཅན་གང་ལ་སྦྱར་ནའང་སྐྱོན་ཡོད་པ་ཐལ་འགྱུར་བ་ཁྱོད་ཀྱིས་སྨྲས་པ་ལྟར་བདེན་པས།དེ་གཉིས་གང་གིའང་ཁྱད་པར་མ་སྦྱར་བའི་མིག་སོགས་སྤྱི་ཙམ་ཞིག་ཆོས་ཅན་དུ་འཛིན་རིགས་ཏེ།དཔེར་ན།རང་སྡེ་འོག་མ་བྱེ་མདོ་སོགས་ཀྱིས་ཕྱི་རོལ་བྱེ་བྲག་པར་སྒྲ་མི་རྟག་པར་སྒྲུབ་ཚེ།འབྱུང་འགྱུར་གྱི་སྒྲ་ཆོས་ཅན་དུ་བཟུང་ན་བྱེ་བྲག་པ་ལ་མི་འགྲུབ།ནམ་མཁའི་ཡོན་ཏན་གྱི་སྒྲ་ཆོས་ཅན་དུ་བཟུང་ན་བྱེ་མདོ་རང་ལ་མི་འགྲུབ་པས།རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་པར་དེ་གཉིས་དོར་ནས་སྒྲ་ཙམ་ཞིག་ཆོས་ཅན་དུ་འཛིན་པ་བཞིན།འདིར་ཡང་དོན་དམ་དང་ཀུན་རྫོབ་ཀྱི་ཁྱད་པར་དོར་ནས་མིག་སོགས་སྤྱི་ཙམ་ཆོས་ཅན་དུ་བཟུང་ན་གཟོད་ཕྱོགས་སྐྱོན་སོགས་མེད་ཅེ་ན།ཞེས་པའོ། །གཉིས་པ་དེ་དགག་པ་ནི།འདི་ལ་གསུངས་ཚུལ་གཉིས་ལས་དང་བོ་སྟོན་པར།
དོན་ནི་དེ་ལྟར་མི་འཐད་དེ། །
ལེགས་ལྡན་ཆོས་ཀུན་རང་མཚན་གྱིས། །
གྲུབ་པར་ཁས་བླངས་དེ་ལྟ་ན། །
མིག་སོགས་གནས་ལུགས་འཇལ་བ་ཡི། །
མ་འཁྲུལ་ཚད་མའི་རྙེད་དོན་དུ། །
ཁས་ལེན་དགོས་ཕྱིར་གྲངས་ཅན་གྱི། །
འཁྲུལ་ཤེས་ཡུལ་དུ་མེད་དགོས་ཏེ། །
ཕྱིན་ཅི་ལོག་དང་མ་ལོག་པའི། །
རྙེད་དོན་གཉིས་པོ་འགལ་བས་སོ། །
ཞེས་བྱུང་།དོན་ནི།རང་སྡེ་འོག་མས་བྱེ་བྲག་པར་སྒྲ་མི་རྟག་པར་སྒྲུབ་ཚེ་དེ་གཉིས་ཀྱི་ཁྱད་པར་དོར་བའི་ཆོས་ཅན་སྤྱི་སྒྲ་ཙམ་ཞིག་བཟུང་ནས་སྒྲུབ་ཚུལ་ཞིག་ཡོད་ཀྱང་།རང་རེའི་ཡིག་ཆའི་རྗེས་འབྲངས་དང་བཅས་པས་དེ་ལ་ཆོས་ཅན་མཐུན་སྣང་བ་ཡོད་ཅེས་མི་གསུངས་ཏེ།ཆོས་ཅན་མཐུན་སྣང་བ་ཡོད་ན་དངོས་སྨྲ་པ་དང་ཐལ་འགྱུར་བ་གཉིས་ལ་ཡོད་དགོས་པའི་ཕྱིར།གཞན་གྲུབ་མཐའ་རང་རང་ནང་ཕན་ཚུན་ལ་ཆོས་ཅན་མཐུན་སྣང་བ་ཡོད་མོད་དེ་ལ་ཆོས་ཅན་མཐུན་སྣང་བར་མི་འདོད་དོ། །དེའི་ཕྱིར་དཔེ་དེ་འདྲ་ཞིག་ཡོད་པ་བདེན་ཡང་།དོན་ནི་དེ་ལྟར་མི་འཐད་དེ་དཔེ་དོན་གཉིས་མི་མཚུངས་པའི་ཕྱིར་ཏེ།ལེགས་ལྡན་གྱིས་ཆོས་ཐམས་ཅད་རང་མཚན་གྱིས་གྲུབ་པར་ཁས་བླངས་པ་རྒྱུ་མཚན་དེ་ལྟ་ན།མིག་ལ་སོགས་པ་གནས་ལུགས་འཇལ་བའི་ཚད་མ་སྟེ་དོན་དམ་དཔྱོད་བྱེད་ཀྱི་མ་འཁྲུལ་བའི་ཚད་མའི་རྙེད་དོན་དུ་ཁས་ལེན་དགོས་པའི་ཕྱིར།དགོས་ཚུལ་ནི་ལེགས་ལྡན་གྱིས་མིག་སོགས་རང་མཚན་གྱིས་གྲུབ་པར་ཁས་ལེན་པ་གང་ཞིག དེ་ལྟ་ན་དོན་དམ་པར་གྲུབ་པར་ཁས་ལེན་དགོས་པའི་ཕྱིར།དེར་ཐལ།རང་མཚན་གྱིས་གྲུབ་པར་ཁས་ལེན་པའི་ཕྱིར།ཞེས་པ་ལ་ལེགས་ལྡན་གྱིས་དང་བོ་ལ་རྟགས་མ་གྲུབ་དང་།གཉིས་པ་ལ་མ་ཁྱབ་ཅེས་བརྗོད་ནས་དངོས་སུ་ཁས་མི་ལེན་མོད།ཟླ་བ་གྲགས་པས་རིགས་པས་ཕུད་ན་རང་མཚན་གྱིས་གྲུབ་ན་དོན་དམ་པར་གྲུབ་པར་ཁས་ལེན་དགོས་པར་འགྲུབ་པས།དེ་ལྟ་ན་མིག་སོགས་གནས་ལུགས་ཕྲ་མོར་ཁས་ལེན་དགོས་ཏེ།དོན་དམ་པའམ་བདེན་པར་གྲུབ་པར་དོན་གྱིས་ཁས་བླངས་ཁྱབ་པ་དངོས་སུ་ལེན་པའི་ཕྱིར།དེ་ཁས་བླངས་ན་གཟོད་མིག་སོགས་དོན་དམ་དཔྱོད་བྱེད་ཀྱི་མ་འཁྲུལ་བའི་ཚད་མའི་རྙེད་དོན་དུ་ཁས་ལེན་དགོས་པའི་ཕྱིར།ཞེས་པ་དང་།གྲངས་ཅན་པས་མིག་སོགས་རང་མཚན་གྱིས་གྲུབ་པར་ཁས་ལེན་ལ།དེ་ལྟར་ན་དབུ་མ་བའི་འདོད་པ་ལྟར་གྱི་དོན་དམ་པར་གྲུབ་པར་ཁས་ལེན་དགོས་ཀྱང་།རང་རྒྱུད་པ་ལྟར་དོན་དམ་པར་གྲུབ་ན་གནས་ལུགས་ཕྲ་མོར་ཁས་ལེན་མི་དགོས་པས།གྲངས་ཅན་པའི་རྒྱུད་ཀྱི་ཤེས་པ་དེ་མིག་སོགས་ཙམ་ལ་ཚད་མར་སོང་ཡང་དེའི་རང་མཚན་ལ་ཚད་མར་མ་སོང་བས།དེ་ལ་ལྟོས་ཏེ་འཁྲུལ་ཤེས་ཡིན་ལ།དེས་ན་གོང་གི་ལེགས་ལྡན་གྱི་ལུགས་ལ་མ་འཁྲུལ་བའི་ཚད་མའི་རྙེད་དོན་དུ་སོང་བའི་ཆོས་ཅན་དེ་གྲངས་ཅན་པའི་འཁྲུལ་ཤེས་ཀྱི་ཡུལ་དུ་མེད་དགོས་ཏེ།བློ་ཕྱིན་ཅི་ལོག་པ་དང་ཕྱིན་ཅི་མ་ལོག་པའི་རྙེད་དོན་ཏེ།མདོར་ན་དོན་དམ་དཔྱོད་བྱེད་དང་ཀུན་རྫོབ་དཔྱོད་ཀྱི་རིགས་ཤེས་ཀྱི་རྙེད་དོན་གཉིས་འགལ་བས་དེ་ལྟར་ན་ཚད་གྲུབ་མཐུན་སྣང་བ་མེད་དོ། །ཞེས་པའོ། །འདི་ནི་རྗེའི་དྲང་ངེས་ལེགས་བཤད་སྙིང་བོའི་གསུངས་ཚུལ་ཡིན་པར་གསུངས་སོ། །གཉིས་པ་སྟོན་པར།
ཡང་ན་དབུ་མའི་ལུགས་ལ་ནི། །
མིག་སོགས་ཕྱིན་ཅི་ལོག་ཙམ་གྱི། །
ཤེས་པའི་རྙེད་དོན་ཡིན་དགོས་ལ། །
དངོས་སྨྲས་ལུགས་ལ་མ་ལོག་པའི། །
རྙེད་དོན་ཡིན་པར་འདོད་པས་ན། །
ཆོས་ཅན་རྒོལ་བ་གཉིས་ཀ་ལ། །
ཚད་མས་གྲུབ་ཚུལ་མཐུན་སྣང་མེད། །
རབ་རིབ་ཡོད་མེད་གཉིས་ཀ་ལ། །
སྐྲ་ཤད་མཐུན་སྣང་མེད་བཞིན་ནོ། །
མདོར་ན་རང་མཚན་ཁས་བླངས་ཕྱིན། །
དོན་དམ་ཀུན་རྫོབ་གང་གི་ཡང་། །
ཁྱད་པར་དོར་བའི་དོན་ཙམ་ལ། །
ཚད་མར་འགྲོ་ཚུལ་མི་སྲིད་དོ། །
དཔེ་ནི་འདྲ་བ་མ་ཡིན་ཏེ། །
རང་རྒྱུད་མ་ཆད་རང་མཚན་གྱིས། །
གྲུབ་པ་ཁས་ལེན་མཐུན་པས་ན། །
ཆོས་ཅན་གྲུབ་ཚུལ་མཐུན་སྣང་ཡོད། །
ཐལ་རང་གཉིས་ལ་ཆོས་ཅན་ནི། །
ཚད་མས་གྲུབ་ཚུལ་མཐུན་སྣང་མེད། །
ཅེས་བྱུང་།དོན་ནི།ཡང་ན་ཞེས་བཤད་ཚུལ་གཞན་ཞིག་ནི་དབུ་མ་ཐལ་རང་སུའི་ལུགས་ལའང་མིག་སོགས་ཕྱིན་ཅི་ལོག་ཙམ་གྱི་ཤེས་པའི་རྙེད་དོན་ཡིན་པར་ཁས་ལེན་དགོས་པའི་ཕྱིར།ཐར་འགྱུར་ལུགས་ལ་སླ།རང་རྒྱུད་པས་དངོས་སུ་ཁས་མི་ལེན་མོད་རིགས་པས་ཕུད་ན་ཁས་ལེན་དགོས་པའི་ཕྱིར་ཏེ།རང་རྒྱུད་པས་མིག་སོགས་དོན་དམ་པར་མེད་པར་དངོས་སུ་ཁས་ལེན་ལ།དེ་ཁས་བླངས་པས་དཔལ་ལྡན་ཟླ་བས་རིགས་པས་གཞལ་ན།དེས་མིག་སོགས་རང་མཚན་གྱིས་མེད་པར་མི་འདོད་བཞིན་དུ་ཁས་ལེན་དགོས།དེ་ལྟ་ན་དེའི་རྒྱུད་ཀྱི་མིག་སོགས་འཇལ་བའི་ཚད་མ་རང་མཚན་ལ་འཁྲུལ་ཤེས་སུ་སོང་བའི་ཕྱིར།དེར་ཐལ།རང་རྒྱུད་པས་མིག་སོགས་རང་མཚན་གྱིས་གྲུབ་པར་སྣང་བ་གང་ཞིག མིག་སོགས་རང་མཚན་གྱིས་མ་གྲུབ་པའི་ཕྱིར།དེར་ཐལ།མིག་སོགས་དོན་དམ་དུ་མ་གྲུབ་པའི་ཕྱིར།ཁྱབ་པ་ཟླ་བས་གཞལ་ན་འགྲུབ་པའི་ཕྱིར།དེའི་ཕྱིར་དབུ་མའི་ལུགས་ལ་མིག་སོགས་ཕྱིན་ཅི་ལོག་ཙམ་གྱི་ཤེས་པའི་རྙེད་དོན་ཡིན་དགོས་ཞེས་པ་དང་།དངོས་སྨྲས་ལུགས་ལ་མིག་སོགས་རང་མཚན་གྱིས་གྲུབ་པ་དང་དོན་དམ་པར་གྲུབ་པར་ཁས་ལེན་ཡང་།ཕྱིན་ཅི་ལོག་པའི་རྙེད་དོན་དུ་མི་འགྱུར་ཏེ།དེས་རང་མཚན་གྱིས་གྲུབ་པ་དང་དོན་དམ་པར་གྲུབ་པར་སྣང་བ་གང་ཞིག དེ་ལྟར་དུ་གྲུབ་པར་ཡང་འདོད་པའི་ཕྱིར།དེའི་ཕྱིར་དངོས་སྨྲས་མིག་སོགས་ཕྱིན་ཅི་མ་ལོག་པའི་རྙེད་དོན་དུ་འདོད་པས་ཆོས་ཅན་རྒོལ་བ་གཉིས་ཀ་ལ་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་དེ།དཔེར་ན།མིག་རབ་རིབ་ཅན་ལ་སྐྲ་ཤད་ཀྱི་སྣང་བ་ཡོད་ལ།རབ་རིབ་མེད་པ་ལ་སྐྲ་ཤད་ཀྱི་སྣང་བ་མི་འབྱུང་བས་གཉིས་ཀ་ལ་སྐྲ་ཤད་མཐུན་སྣང་བ་མེད་པ་བཞིན་ཡིན་ནོ། །ཞེས་སོ། །འདི་ནི་ལམ་རིམ་དང་སྟོང་ཐུན་གྱི་གསུངས་སྟངས་ཡིན་གསུངས།གསུངས་ཚུལ་གཉིས་མདོར་བསྡུས་ན་དང་བོས།ལེགས་ལྡན་གྱིས་མིག་སོགས་རང་མཚན་གྱིས་གྲུབ་པར་དངོས་སུ་ཁས་ལེན་པས་དེ་ལྟ་ན་མིག་སོགས་དོན་དམ་པར་གྲུབ་པར་མི་འདོད་བཞིན་དུ་ཁས་ལེན་དགོས་པའི་སྟེང་ནས་སྒྲུབ་ལ།གཉིས་པས་གོ་ལྡོག་ནས་ལེགས་ལྡན་གྱིས་མིག་སོགས་དོན་དམ་པར་མེད་པར་དངོས་སུ་ཁས་བླངས།དེ་ལྟ་ན་རང་མཚན་གྱིས་མ་གྲུབ་པར་མི་འདོད་བཞིན་དུ་ཁས་ལེན་དགོས་ཞེས་རྒྱུ་མཚན་གཉིས་ལྡོག་སྟེ་གསུངས་སོ། །
མདོར་བསྡུས་ན་རང་མཚན་གྱིས་གྲུབ་པ་ཁས་བླངས་ཕྱིན་དོན་དམ་དང་ཀུན་རྫོབ་གང་གི་ཡང་ཁྱད་པར་དོར་བའི་དོན་ཙམ་ལ་ཚད་མར་འགྲོ་ཚུལ་མི་སྲིད་དོ། །ཞེས་པ་དང་།ཁྱོད་ཀྱིས་གོང་ནས་བརྗོད་པའི་དཔེ་དེ་ནི་དོན་དང་མི་འདྲ་སྟེ།རང་རྒྱུད་པ་མན་ཆད་ཀྱིས་ཆོས་ཐམས་ཅད་རང་མཚན་གྱིས་གྲུབ་པ་ཁས་ལེན་མཐུན་པས་ན་ཁོ་རང་ཚོར་ཆོས་ཅན་མཐུན་སྣང་ཡོད་མོད།ཐལ་རང་གཉིས་ལ་ནམ་ཡང་ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་མེད་ཅེས་པ་སྟེ་བཤད་ཚུལ་གཞན་ཞིག་གོ །གོང་གི་ས་བཅད་ལྔ་ལས་གཉིས་པ་བདག་སྐྱེ་འགོག་པའི་རྟགས་མ་གྲུབ་པར་ཐལ་བ་ལེགས་ལྡན་གྱིས་ཁས་བླངས་ཚུལ་སྟོན་པར།
ཆོས་ཅན་མཐུན་སྣང་མ་གྲུབ་པའི། །
ཕྱོགས་སྐྱོན་འགྱུར་བའི་རིགས་པ་དེས། །
སྦྱོར་བའི་གཏན་ཚིགས་ཡོད་པའི་ཕྱིར། །
ཞེས་པའང་མ་གྲུབ་ཚུལ་ལ་སྦྱར། །
དེ་ལྟར་སྦྱར་ནས་འགོག་ཚུལ་དེ། །
ལེགས་ལྡན་དོན་གྱིས་ཁས་བླངས་ཏེ། །
དངོས་སྨྲས་སྒྲུབ་བྱེད་བཀོད་པ་ཡི། །
རྟགས་ལ་ལེགས་ལྡན་བདེན་གཉིས་ཀྱི། །
བརྟགས་པ་བྱས་ནས་འགོག་པས་ན། །
དེ་ནི་རང་ལའང་མཚུངས་བས་སོ། །
ཞེས་བྱུང་།དོན་ནི།གོང་ནས་སྨྲས་པའི་དངོས་སྨྲ་བ་དང་དབུ་མ་བ་གཉིས་ཀ་ལ་ཆོས་ཅན་ཚད་གྲུབ་མཐུན་སྣང་བ་མ་གྲུབ་པའི་ཕྱོགས་སྐྱོན་འགྱུར་བའི་རིགས་པ་དེ་དག་གིས་དེ་བཞིན་དུ་ལེགས་ལྡན་གྱིས་བཀོད་པའི་རང་རྒྱུད་ཀྱི་སྦྱོར་བའི་གཏན་ཚིགས། ཡོད་པའི་ཕྱིར་ཞེས་པའི་རྟགས་ལ་ཡང་མཐུན་སྣང་མ་གྲུབ་པའི་ཚུལ་སྦྱར་ཞེས་དང་།
དེ་ལྟར་ཟླ་བ་གྲགས་པས་ལེགས་ལྡན་བཀག་ཚུལ་དེ་ལེགས་ལྡན་དོན་གྱིས་ཁས་ལེན་དགོས་པའམ་ཁས་བླངས་ཏེ།དངོས་སྨྲས།ནང་གི་སྐྱེ་མཆེད་རྣམས་ཆོས་ཅན།རྒྱུ་ཡོད་པ་ཁོ་ན་ཡིན་ཏེ།དེ་ལྟར་དེ་བཞིན་གཤེགས་པའི་གསུངས་པའི་ཕྱིར།ཞེས་བཀོད་པའི་རྟགས་ལ་ལེགས་ལྡན་གྱིས་བདེན་གཉིས་ཀྱི་བརྟགས་པ་བྱས་ནས་ཏེ།དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཞེས་པ་དོན་དམ་དང་ཀུན་རྫོབ་གང་གི་དབང་དུ་བྱས་ནས་གསུངས།དོན་དམ་གྱི་དབང་དུ་བྱས་ན་ངེད་ལ་མ་གྲུབ་ལ།ཀུན་རྫོབ་ཀྱི་དབང་དུ་བྱས་ནས་གསུངས་ན་དངོས་སྨྲ་ཁྱོད་ལ་མ་གྲུབ་ཅེས་ཁྱོད་ཀྱིས་དངོས་སྨྲ་བཀག་པའི་རིགས་པ་དེ། ཟླ་བ་གྲགས་པས་ཕྱིར་ལེགས་ལྡན་ཁྱོད་ལ་བཏང་ན་ཁས་ལེན་དགོས་པ་ལེགས་ལྡན་རང་ལའང་མཚུངས་པས་སོ། །ཞེས་པའོ། །གསུམ་པ་རང་རྒྱུད་ཀྱི་སྦྱོར་བ་གཞན་ལ་མ་གྲུབ་པའི་སྐྱོན་སྟོན་པར།
རང་རྒྱུད་སྦྱོར་བ་གཞན་རྣམས་ལའང་། །
སྐྱོན་བརྗོད་དེ་བཞིན་སྦྱར་བར་བྱ། །
ཞེས་བྱུང་།དོན་ནི།ལེགས་ལྡན་གྱིས་བཀོད་པའི་རང་རྒྱུད་ཀྱི་སྦྱོར་བ།མིག་སོགས་ཆོས་ཅན།དོན་དམ་པར་གཞན་ལས་སྐྱེ་བ་མེད་དེ།གཞན་ཡིན་པའི་ཕྱིར།དཔེར་ན་བུམ་པ་བཞིན།ཞེས་པ་ལ་སོགས་པའི་སྦྱོར་བ་གཞན་དག་ལའང་སྔར་ལྟར་སྐྱོན་བརྗོད་དེ་བཞིན་བྱ་ཞེས་སོ། །བཞི་བ་མ་ངེས་པའི་སྐྱོན་སྟོན་པར།
ཡོད་པ་རྟགས་སུ་བཀོད་པ་དེ། །
ཤེས་པ་ཡོད་བཞིན་མི་སྐྱེ་བའམ། །
བུམ་སོགས་ལྟར་དུ་སྐྱེ་སྙམ་དུ། །
གྲངས་ཅན་མ་ངེས་སྐྱོན་ཡང་ཡོད། །
ཞེས་བྱུང་།དོན་ནི།ལུང་རིགས་སྒྲོན་མེ་ལས།ལེགས་ལྡན་ཁྱོད་ཀྱིས།མིག་སོགས་ཆོས་ཅན།དོན་དམ་པར་བདག་ལས་མི་སྐྱེ་སྟེ།ཡོད་པའི་ཕྱིར།ཞེས་པའི་རྟགས་འདི་ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པའི་སྐྱོན་དུ་མ་ཟད་མ་ངེས་པའི་སྐྱོན་ཡང་ཡོད་པར་ཐལ།འདི་ལ་མིག་སོགས་རྣམས་ཡོད་པའི་ཕྱིར་ཞེས་པ།ཤེས་པ་ཡོད་པ་ལྟར་བདག་ལས་མི་སྐྱེ་བ་ཞིག་གམ།བུམ་སོགས་བཞིན་དུ་བདག་ལས་མི་སྐྱེ་བ་ཞིག་ཡིན་ཞེས་མ་ངེས་པའི་སྐྱོན་ཡོད་པའི་ཕྱིར།ཞེས་གསུངས་པའི་ཕྱིར།ལྔ་བ་སྐྱོན་དེ་རང་གི་གཞན་གྲགས་ལ་མི་འཇུག་པའི་རྒྱུ་མཚན་སྟོན་པར།
ཇི་སྐད་བཤད་པའི་སྐྱོན་དེ་རྣམས། །
རང་ལ་མི་མཚུངས་རང་རྒྱུད་ཀྱི། །
རྟགས་སྦྱོར་འདོད་པ་མ་ཡིན་ལ། །
གཞན་གྲགས་རྟགས་ལ་སྐྱོན་མི་འཇུག །
རྟགས་ཆོས་དོན་གསུམ་རང་ངོས་ནས། །
གྲུབ་པར་རྒོལ་བ་གཉིས་ཀའི་ངོར། །
མཐུན་སྣང་གྲུབ་ལ་རང་རྒྱུད་ཟེར། །
དེ་ལྟར་མཐུན་སྣང་མི་དགོས་པར། །
ཕྱི་རྒོལ་རང་གི་ཁས་བླངས་ལ། །
འཁྲིས་པའི་རྟགས་ནི་གཞན་གྲགས་ཡིན། །
ཞེས་བྱུང་།དོན་ནི།ཟླ་བ་གྲགས་པ་རང་གིས་ཇི་སྐད་བཤད་པའི་སྐྱོན་དེ་རྣམས་རང་ཉིད་ལ་འཇུག་པ་མ་ཡིན་ཏེ།རང་རྒྱུད་ཀྱི་སྦྱོར་བ་འདོད་པ་མ་ཡིན་པའི་ཕྱིར།ལེགས་ལྡན་གྱིས་ཀྱང་ཚིག་ལ་སྐྱོན་མེད་མོད་གཙོ་བོ་རང་རྒྱུད་འདོད་པས་ཡིན་ལ།དེས་ན་ཟླ་བ་གྲགས་པ་རང་གིས་བཀོད་པའི་གཞན་གྲགས་ཀྱི་རྟགས་ལ་སྐྱོན་དེ་དག་མི་འཇུག ཅེས་དང་།ཅི་འདྲ་ཞིག་ལ་རང་རྒྱུད་ཟེར་ཞེ་ན།རྟགས་ཆོས་དོན་གསུམ་རྟོག་པས་བཏགས་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པར་རྒོལ་བ་གཉིས་ཀའི་ངོར་མཐུན་སྣང་དུ་གྲུབ་པ་ཞིག་ལ་ཟེར།ཞེས་པ་དང་།ཅི་འདྲ་ཞིག་ལ་གཞན་གྲགས་ཟེར་ཞེ་ན།དེ་ལྟར་ཆོས་ཅན་མཐུན་སྣང་མི་དགོས་པར་ཕྱིར་རྒོལ་རང་གི་ཁས་བླངས་ལ་འཁྲིས་ནས་ཏེ་ཕྱི་རྒོལ་གྱི་ཁས་བླངས་ལ་བརྟེན་ནས་འཕངས་པའི་ཐལ་འགྱུར་ལ་གཞན་གྲགས་ཟེར་ཞེས་པའོ། །དེ་དག་གི་དོན་བསྡུ་ན།
མདོར་ན་རང་རྒྱུད་འགོག་པ་ནི། །
ཆོས་ཅན་མཐུན་སྣང་འགོག་ཚུལ་དང་། །
དེ་ཡང་རང་ངོས་ནས་གྲུབ་པ། །
འགོག་པའི་གནད་ལ་ཐུག་པ་ཡིན། །
ཞེས་བྱུང་ལ།དོན་ནི།ཟླ་བ་གྲགས་པས་རང་རྒྱུད་འགོག་པ་ནི་མདོར་བསྡུས་ན་དངོས་སྨྲ་བ་དང་དབུ་མ་བ་གཉིས་ཀར་ཆོས་ཅན་མཐུན་སྣང་བ་འགོག་ཚུལ་ཡིན་ལ།དེ་འགོག་པ་ཡང་མདོར་དེད་ན་རང་རྒྱུད་པ་མན་ཆད་ཀྱིས་ཆོས་ཀུན་རང་མཚན་གྱིས་གྲུབ་པར་འདོད་པ་འགོག་པའི་གནད་ལ་ཐུག་པ་ཡིན་ཞེས་པའོ། །བདག་སྐྱེ་འགོག་པའི་སྐོར་བཤད་ཟིན་ཏོ། །གཉིས་པ་གཞན་སྐྱེ་འགོག་པ་ལ་གསུམ།གཞན་སྐྱེའི་དོན་དང་དེ་འདོད་པའི་ཕྱོགས་སྔ་འགོད་པ།སངས་རྒྱས་བསྐྱངས་ཀྱིས་གཞན་སྐྱེ་འགོག་ཚུལ།དེ་ལ་ལེགས་ལྡན་གྱིས་སྐྱོན་བརྗོད་ཚུལ།སློབ་དཔོན་ལ་སྐྱོན་དེ་མི་འཇུག་པར་ཟླ་བས་བཤད་ཚུལ་བཞི་ལས།དང་བོ་གཞན་སྐྱེའི་དོན་དང་ཕྱོགས་སྔ་སྟོན་པར།
རང་བཞིན་གྱིས་གྲུབ་རྒྱུ་གཞན་ལས། །
དེ་འདྲའི་འབྲས་གཞན་སྐྱེ་བ་ནི། །
གཞན་སྐྱེའི་དོན་དེ་ཐལ་འགྱུར་བ། །
མ་གཏོགས་རང་སྡེ་ཐམས་ཅད་དང་། །
གཞན་སྡེ་འགས་ཀྱང་འདོད་པ་ཡིན། །
ཞེས་བྱུང་།དོན་ནི།རང་བཞིན་གྱིས་གྲུབ་པའམ་རང་མཚན་གྱིས་གྲུབ་པའི་རྒྱུ་གཞན་ཞིག་ལས་དེ་འདྲའི་རང་མཚན་གྱིས་གྲུབ་པའི་འབྲས་བུ་གཞན་ཞིག་སྐྱེ་བ་ནི་གཞན་སྐྱེའི་དོན་ཡིན་ཏེ།འདིའི་གཞན་སྐྱེ་ཞེས་པའི་གཞན་ནི་རང་མཚན་གྱིས་གྲུབ་པའི་གཞན་ལ་བྱེད་དེ་གཞན་ཙམ་ཞིག་མ་ཡིན་པའི་ཕྱིར།རྣམ་བཤད་ལས།དེ་ལྟར་ན་གཞན་སྐྱེའི་གཞན་ནི་གཞན་ཙམ་ཞིག་མིན་གྱི།རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པས།ཞེས་གསུངས་པའི་ཕྱིར།དེ་འདྲའི་གཞན་སྐྱེ་འདོད་མཁན་ནི་རང་སྡེའི་ཐལ་འགྱུར་བ་མ་གཏོགས་པའི་གྲུབ་མཐའ་ཐམས་ཅད་དང་།གཞན་སྡེའི་རྒྱང་འཕེན་པ་སོགས་ལས་གཞན་ཐམས་ཅད་ཀྱིས་འདོད་པ་ཡིན།ཞེས་པའོ། །གཉིས་པ་སྟོན་པར།
འགོག་ཚུལ་བུདྡྷ་པཱ་ལི་ཏར། །
གཞན་ལས་སྐྱེ་དང་ཐམས་ཅད་ལས། །
ཐམས་ཅད་མི་སྐྱེ་འགལ་བརྗོད་ཀྱི། །
ཐལ་འགྱུར་སྒོ་ནས་དགག་པར་མཛད། །
ཅེས་བྱུང་།དོན་ནི།རང་མཚན་གྱིས་གྲུབ་པའི་རྒྱུ་གཞན་ཞིག་ལས་རང་མཚན་གྱིས་གྲུབ་པའི་འབྲས་བུ་གཞན་ཞིག་སྐྱེ་ན་ནི་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར།དེར་ཐལ།སྤྱིར་རྒྱུ་འབྲས་ལ་འབྲེལ་བ་དགོས་ལ།རང་མཚན་གྱིས་གྲུབ་པའི་རྒྱུ་ལས་དེ་འདྲའི་འབྲས་བུ་སྐྱེ་ན་འབྲེལ་མེད་དོན་གཞན་གྱི་རྒྱུ་འབྲས་སུ་འགྱུར་ཏེ།
རང་མཚན་གྱིས་གྲུབ་པའི་འབྲས་བུ་རྒྱུ་གཞན་ལ་ལྟོས་མི་དགོས་ཕྱིར།རང་མཚན་གྱིས་གྲུབ་པའི་དོན་ཡོད་པའི་ཕྱིར།གལ་ཏེ་སྐྱེ་ན་འབྲེལ་མེད་དོན་གཞན་གྱི་རྒྱུ་ལས་འབྲེལ་མེད་དོན་གཞན་གྱི་འབྲས་བུ་སྐྱེ་བར་འགྱུར་ལ།དེ་ལྟར་ན་ཀ་བའི་རྒྱུ་ལས་བུམ་པ་སྐྱེ་བ་དང་།བུམ་པའི་རྒྱུ་ལས་ཀ་བ་སྐྱེ་བར་འགྱུར་བ་སོགས་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བ་ལེགས་ལྡན་སོགས་ཀྱིས་དོན་གྱིས་ཁས་ལེན་དགོས་མོད།དེ་དངོས་སུ་ཁས་མི་ལེན་པས་རང་མཚན་གྱིས་གྲུབ་པའི་རྒྱུ་གཞན་ལས་དེ་འདྲའི་འབྲས་བུ་གཞན་སྐྱེ་བར་ཁས་བླངས་པ་དང་།ཐམས་ཅད་ལས་ཐམས་ཅད་མི་སྐྱེ་བར་འདོད་པ་གཉིས་ནི་འགལ་བ་ཡིན་ཞེས་བུདྡྷ་པཱ་ལི་ཏར་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་འགོག་པར་བྱེད་ཅེས་པའོ། །གསུམ་པ་སྟོན་པར།
དེ་ལ་སློབ་དཔོན་ལེགས་ལྡན་གྱིས། །
གཞན་སྐྱེ་རང་ཡང་འདོད་དགོས་ཕྱིར། །
ཐ་སྙད་ཙམ་དུ་འགོག་མི་རིགས། །
དོན་དམ་དབང་དུ་འགོག་བྱེད་ཀྱི། །
རྟགས་དཔེ་ཡང་དག་མ་བརྗོད་དང་། །
དངོས་ཟིན་དོན་ལས་བཟློག་དགོས་ཕྱིར། །
གཞན་གྱིས་ཀླན་ཀའི་གླགས་རྙེད་ཅེས། །
སྐྱོན་བརྗོད་རྣམ་པ་གཉིས་མཛད་དོ། །
ཞེས་བྱུང་།ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་གཞན་སྐྱེ་སངས་རྒྱས་བསྐྱངས་རང་ཉིད་ཀྱིས་ཀྱང་འདོད་དགོས་པའི་ཕྱིར་ཐ་སྙད་ཙམ་དུ་འགོག་མི་རིགས་ལ།དེས་ན་གཞན་སྐྱེ་འགོག་པ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་འགོག་བྱེད་ཀྱི་རང་རྒྱུད་ཀྱི་རྟགས་དང་དཔེ་ཡང་དག་བརྗོད་དགོས་མོད་མ་བརྗོད་པ་དང་།དངོས་ཟིན་གྱི་དོན་ལས་བཟློག་དགོས་པའི་ཕྱིར་རྒོལ་བ་གཞན་གྱིས་ཀླན་ཀའི་གླགས་རྙེད་པར་འགྱུར་བའི་སྐྱོན་ཡོད་ཅེས་སྐྱོན་བརྗོད་རྣམ་པ་གཉིས་མཛད་དོ། །ཞེས་སོ། །བཞི་བ་སློབ་དཔོན་ལ་སྐྱོན་དེ་མི་འཇུག་པ་ཟླ་བས་བཤད་ཚུལ་སྟོན་པར།
སྐྱོན་དེ་འཇུག་པ་མ་ཡིན་ཏེ། །
སློབ་དཔོན་གཞན་སྐྱེ་མི་བཞེད་ཅིང་། །
འགལ་བ་བརྗོད་པའི་ཐལ་འགྱུར་གྱིས། །
གཞན་སྐྱེའི་དམ་བཅའ་འགོག་ནུས་ཕྱིར། །
རང་རྒྱུད་དཔེ་རྟགས་བརྗོད་མི་རིགས། །
བཟློག་པ་འཕངས་ཀྱང་རྒྱུ་འབྲས་ཀྱི། །
འབྲེལ་བ་ངེས་པའི་སྐྱོན་མེད་དོ། །
ཞེས་བྱུང་།དོན་ནི།ལེགས་ལྡན་གྱིས་བརྗོད་པའི་སྐྱོན་དེ་སློབ་དཔོན་ལ་མི་འཇུག་པར་ཐལ།སློབ་དཔོན་གྱིས་གཞན་སྐྱེ་ཐ་སྙད་ཙམ་དུ་ཡང་མི་བཞེད་པའི་ཕྱིར།སློབ་དཔོན་གྱིས་ལེགས་ལྡན་སོགས་ལ་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་གཞན་སྐྱེ་འདོད་པ་དག་གི་དམ་བཅའ་འགོག་ནུས་པའི་ཕྱིར་ན་རང་རྒྱུད་ཀྱི་དཔེ་དང་རྟགས་ཀྱང་བརྗོད་མི་རིགས་ལ།གཞན་སྐྱེ་འགོག་བྱེད་ཀྱི་ཐལ་འགྱུར་གྱི་བཟློག་དོན་ཁས་བླངས་ཀྱང་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པས་སྐྱོན་མེད་དོ། །ཞེས་པའོ། །གསུམ་པ།གཉིས་ཀ་ལས་སྐྱེ་བ་འགོག་པ་ནི།
བདག་གཞན་གཉིས་ཀ་ལས་སྐྱེ་བ། །
མུ་སྟེགས་གཅེར་བུ་བ་འདོད་དེ། །
རྫ་བུམ་འཇིམ་པ་ལས་སྐྱེ་ཕྱིར། །
དེ་ལ་ལྟོས་ཏེ་བདག་སྐྱེ་དང་། །
རྫ་མཁན་འཁོར་ལོ་ལ་སོགས་ལ། །
ལྟོས་ཏེ་གཞན་སྐྱེ་ཡིན་ནོ་ཟེར། །
འགོག་ཚུལ་བདག་གཞན་སོ་སོ་བ། །
འགོག་པའི་ཚུལ་དང་མཚུངས་པའོ། །
ཞེས་བྱུང་།དོན་ནི།བདག་གཞན་གཉིས་ཀ་ལས་སྐྱེ་བ་སུས་འདོད་ཅེ་ན།དེ་ནི་ཕྱི་རོལ་མི་སྟེགས་གཅེར་བུ་བས་འདོད་དེ།དཔེར་ན།རྫ་བུམ་ལྟ་བུ་རང་རྒྱུ་འཇིམ་པ་ལས་སྐྱེ་བས་དེ་ལ་ལྟོས་ཏེ་བདག་སྐྱེ་དང་།རང་རྒྱུ་རྫ་བུམ་བཟོ་མཁན་དང་བཟོ་བྱེད་ཀྱི་འཁོར་ལོ་སོགས་ལ་ལྟོས་ཏེ་གཞན་སྐྱེ་ཡིན་ནོ་ཞེས་ཟེར་ལ།དེ་འགོག་ཚུལ་ནི་གོང་ལྟར་བདག་གཞན་སོ་སོ་བ་འགོག་པའི་ཚུལ་དང་མཚུངས་པ་སྟེ།རྫ་བུམ་ལྟ་བུ་རང་རྒྱུ་འཇིམ་པ་ལས་སྐྱེ་བས་བདག་ལས་སྐྱེ་བར་འདོད་པ་ལ་གོང་གི་གྲངས་ཅན་པས་བདག་སྐྱེ་འདོད་པ་འགོག་ཚུལ་དང་མཚུངས་ལ།རྫ་མཁན་ལ་ལྟོས་ཏེ་གཞན་ལས་སྐྱེ་བར་འདོད་པ་ནི་གཞན་སྐྱེ་འདོད་པའི་རང་རྒྱུད་པ་མན་ཆད་འགོག་ཚུལ་དང་མཚུངས་ཞེས་སོ། །བཞི་བ་རྒྱུ་མེད་ལས་སྐྱེ་བ་འགོག་པ་སྟོན་པར།
རྒྱང་འཕེན་པ་ནི་དངོས་པོ་རྣམས། །
རྒྱུ་མེད་པ་ལས་སྐྱེ་བར་འདོད། །
རྨ་བྱའི་མདོངས་ཀྱི་མདོག་སྣ་ཚོགས། །
རང་གི་ངང་གིས་སྐྱེ་བཞིན་ཟེར། །
འདི་ལའང་བུདྡྷ་པཱ་ལི་ཏར། །
རྒྱུ་མེད་པ་ལས་སྐྱེ་བ་དང་། །
རྟག་ཏུ་ཐམས་ཅད་ཐམས་ཅད་ལས། །
མི་སྐྱེ་རྩོམ་པ་དོན་ཡོད་པ། །
འགལ་བ་བརྗོད་པའི་ཐལ་འགྱུར་གྱིས། །
ལོག་རྟོག་ཐ་ཆད་དེ་བཀག་གོ །
འདི་ལའང་སློབ་དཔོན་ལེགས་ལྡན་གྱིས། །
གོང་བཞིན་དཔེ་རྟགས་མ་བརྗོད་དང་། །
གླགས་རྙེད་པ་ཡི་སྐྱོན་གཉིས་བརྗོད། །
སྐྱོན་མི་འཇུག་ཚུལ་རིགས་སྒྲེའོ། །
ཞེས་བྱུང་། དོན་ནི། རྒྱང་འཕེན་པ་རྣམས་ཀྱིས་དངོས་པོ་ཐམས་ཅད་རྒྱུ་མེད་ལས་སྐྱེ་བར་འདོད་དེ།དཔེར་ན།རྨ་བྱའི་མདོངས་ལ་མདོག་སྣ་ཚོགས་ཤིག་ཡོད་པ་དེ་དག་སུ་དང་གང་གིས་མ་བཟོས་པར་རང་གི་ངང་གིས་སྐྱེ་བ་བཞིན་ཡིན་ཟེར།དེ་ལྟར་བརྗོད་པ་འདི་ལའང་སངས་རྒྱས་བསྐྱངས་ཀྱིས་བུདྡྷ་པཱ་ལི་ཏར།རྒྱང་འཕེན་པ་ཁྱོད་ཀྱིས་དངོས་པོ་རྣམས་རྒྱུ་མེད་ལས་སྐྱེ་བར་བརྗོད་པ་དང་།རྟག་ཏུ་ཐམས་ཅད་ལས་ཐམས་ཅད་མི་སྐྱེ་བར་འདོད་པ།བྱ་བ་གང་རྩོམ་པ་ལ་དོན་ཡོད་པར་འདོད་པ་སོགས་ནི་ནང་འགལ་བ་ཡིན་ཏེ། རྒྱུ་མེད་ལས་སྐྱེ་ན་རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་ན་ཆོག་པའི་ཕྱིར།འབྲས་བུ་གང་ལའང་རྒྱུ་མི་དགོས་ན་ཁྱོད་ཀྱིས་འབྲས་བུའི་ཕྱིར་དུ་བྱ་བ་གང་རྩོམ་ཐམས་ཅད་ལ་དོན་མེད་པའི་ཕྱིར།ཞེས་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་ལོག་རྟོག་ཐ་ཆད་དེ་བཀག་གོ །ཞེས་པ་དང་།སངས་རྒྱས་བསྐྱངས་ཀྱིས་རྒྱང་འཕེན་པ་འགོག་ཚུལ་འདི་ལའང་སློབ་དཔོན་ལེགས་ལྡན་གྱིས་གོང་གི་གཞན་སྐྱེ་འགོག་པའི་སྐབས་བཞིན་རྒྱུ་མེད་ལས་སྐྱེ་བ་འགོག་ནུས་ཀྱི་རང་རྒྱུད་དཔེ་རྟགས་ཡང་དག་མ་བརྗོད་པ་དང་།རྒོལ་བ་གཞན་གྱིས་ཀླན་ཀའི་གླགས་རྙེད་པའི་སྐྱོན་གཉིས་བརྗོད་མོད།སྐྱོན་དེ་མི་འཇུག་ཚུལ་ཡང་གོང་ནས་ཟླ་བ་གྲགས་པས་བརྗོད་པ་དང་རིགས་སྒྲེའོ། །ཞེས་པའོ། །ལྔ་བ་དེ་དག་གི་དོན་བསྡུ་བ་སྟོན་པར།
དེ་ཡང་བུདྡྷ་པཱ་ལི་ཏར། །
ཐལ་འགྱུར་ཁོ་ནས་དགག་པ་ལ། །
ལེགས་ལྡན་དེ་ཉིད་མ་དགོངས་པར། །
དོན་མེད་སྐྱོན་མང་བཟུང་བ་ལ། །
དཔལ་ལྡན་ཟླ་བས་སྐྱོན་བསལ་ནས། །
འཁྲུལ་མེད་རང་ལུགས་གསལ་མཛད་དོ། །
ཞེས་བྱུང་།དོན་ནི།དེ་ཡང་སངས་རྒྱས་བསྐྱངས་ཀྱིས་འགྲེལ་བ་བུདྡྷ་པཱ་ལི་ཏར།ཐལ་འགྱུར་ཁོ་ནས་མཐའ་བཞིའི་སྐྱེ་བ་འགོག་པར་བྱེད་པ་ལ།ལེགས་ལྡན་གྱིས་སློབ་དཔོན་གྱི་དགོངས་པ་མ་དགོངས་པར་དོན་མེད་པའི་སྐྱོན་མང་བརྗོད་པ།དཔལ་ལྡན་ཟླ་བ་གྲགས་པས་སྐྱོན་དེ་དག་རིམ་བཞིན་བསལ་བ་སྟེ་མེད་པར་བྱས་ནས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འཁྲུལ་བ་མེད་པའི་རང་ལུགས་གསལ་བར་མཛད་དོ། །ཞེས་དོན་བསྡུའི་ཚུལ་དུ་གསུངས།དྲུག་པ་མཇུག་བསྡུ་བ་སྟོན་པར།
དབུ་མའི་ཐལ་བཟློག་ཅེས་གྲགས་པའི། །
རགས་རིམ་ཚིགས་སུ་བཅད་པ་འདི། །
དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། །
རང་གི་བརྗེད་བྱང་ཆེད་དུ་བྲིས། །
ནོངས་གང་གཟུར་གནས་མཁས་ལ་བཤགས། །
ལེགས་ཆ་སྐལ་མཉམ་རྣམས་ལ་འབུལ། །
དགེ་བས་ཀླུ་སྒྲུབ་ཡབ་སྲས་ཀྱི། །
དགོངས་དོན་མ་ནོར་རྟོགས་གྱུར་ཅིག །
ཅེས་བྱུང་།དོན་ནི།དབུ་མའི་ཐལ་བཟློག་ཅེས་ཡོངས་སུ་གྲགས་པའི་རགས་རིམ་ཚིགས་སུ་བཅད་པ་འདི་ནི་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་རང་གིས་མི་བརྗེད་པའི་རྟེན་དུ་བགྱིས་པ་ཡིན་ལ།འདི་ལ་ནོངས་པའི་སྐྱོན་ཅི་མཆིས་པ་ཐམས་ཅད་གཟུ་བར་གནས་པའི་མཁས་པ་རྣམས་ཀྱི་དྲུང་དུ་བཤགས་གསོལ་དང་།གལ་ཏེ་ལེགས་པའི་ཆ་རེ་མཆིས་ན་རང་དང་སྐལ་མཉམ་རྣམས་ལ་མི་བརྗེད་པའི་རྟེན་དུ་འབུལ་ཞེས་པ་དང་།འདིའི་རྣམ་དཀར་གྱི་དགེ་བའི་མཐུས་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིདགོངས་དོན་མ་ནོར་བར་རྟོགས་པར་གྱུར་ཅིག ཞེས་པའོ། །རྩ་བའི་ས་བཅད་གསུམ་པ།མཇུག་གི་དོན་ནི།ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་དབུ་མའི་ཐལ་བཟློག་གི་སྡོམ་གྱི་རགས་འགྲེལ་བཤེས་གཉེན་དམ་པའི་གསུང་རྒྱུན།ཞེས་པ་འདི་ནི་གཙོ་བོ་བཤེས་གཉེན་དམ་པའི་གསུང་དང་།དབུ་མའི་ཡིག་ཆ་གཉིས།སྒོས་སུ་དབུ་མ་ཆུང་བ་སྟེ་ལུང་རིགས་སྒྲོན་མེ་ལ་གཞི་བྱས་ནས་བླ་མ་དམ་པའི་བཀའ་དང་།རང་ཉིད་ཀྱིས་དབུ་མའི་གཞུང་ལ་ལན་གཅིག་ཐོས་བསམ་བྱས་པའི་དན་རྟགས་སུ་ས་བཅད་ཕལ་ཆེར་ལུང་རིགས་སྒྲོན་མེ་ལྟར་དང་།
སྐབས་ལ་ལར་ཚིག་རིས་དང་བསྟུན་ཏེ་རང་གིས་ཁ་བསྣན་བྱས་ཏེ་རགས་རིམ་ཙམ་ཞིག་བགྱི་ཁུལ་བྱས་ལ།རང་གིས་དབུ་མའི་གཞུང་ལ་བག་ཆགས་ཙམ་ཞིག་དང་།བླ་མ་དམ་པའི་མདུན་ནས་ཐོས་ཟིན་པ་རྣམས་བརྗེད་ངེས་ཀྱི་སྟོང་བའི་དབྱིངས་སུ་མི་འགྲོ་བའི་ཕྱིར།དོན་ལྡན་མཁས་པའི་མཛད་པ་ལ་བླུན་པོས་དགའ་བའི་ལད་ཟློས་ཙམ་བྱས་སོ། །སྨྲས་པ།
དབུ་མའི་གཞུང་ལ་ལན་གཅིག་ཐོས་པ་སྦར། །
ལེགས་ཚོགས་སྤོས་ཀྱི་མེ་འོད་སྣང་བའི་དགེས། །
ཀླུ་སྒྲུབ་ཡབ་སྲས་ལྟ་བའི་དཀའ་གནད་ལ། །
ཟབ་གསལ་མྱུར་བའི་བློ་གྲོས་རྒྱས་གྱུར་ཅིག །
ཅེས་མདོ་སྨད་རྒན་གྱའི་དགོན་བྲག་དཀར་གསང་སྔགས་སྨིན་རྒྱས་གླིང་གི་གྲལ་མཐར་འཚངས་པ་སུ་རུག་འཇམ་དབྱངས་སྦྱིན་པར་འབོད་པས་བོད་རབ་གནས་ལྕགས་གླང་སྤྱི་ལོ་༢༠༢༡ལོའི་ཟླ་ཚེས་བཟང་བོ་ལ་གནས་མཆོག་རྒན་གྱའི་བྲག་དཀར་དུ་སྦྱར་བའོ།། །།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn