མཁས་པའི་དབང་བོ་ཨ་ཀྱཱ་ཡོངས་འཛིན་གྱིས་མཛད་པའི་དབུ་མའི་ཐལ་བཟློག་གི་བརྗེད་བྱང་ཚིགས་བཅད་མའི་འགྲེལ་བ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-04-07 19:54:57     རྩོམ་པ་པོ།   བསམ་འགྲུབ་རྒྱ་མཚོ།    ཀློག་ཐེངས།  

དཀོན་མཆོག་རྣམ་གསུམ་འདུས་པའི་ངོ་བོ་ཉིད།།

གཞུང་ལུགས་རྒྱ་མཚོར་འཇུག་པའི་གྲུ་གཟིངས་གང་།།

འདོད་དགུར་བསྒྱུར་མཛད་སྨྲ་བའི་དེད་དཔོན་མཆོག།

བཤེས་གཉེན་གང་དེས་བྱང་ཆུབ་བར་དུ་སྐྱོངས།།

དེ་ལ་འདིར་དབུ་མའི་ཐལ་བཟློག་གི་བརྗེད་བྱང་ཚིགས་བཅད་ཀྱི་དོན་ཅུང་ཙམ་འགྲེལ་བ་ལ།  མཆོད་པར་བརྗོད་པ་དང་།   གཞུང་དངོས།  མཇུག་གི་དོན་གསུམ།  

དང་བོ་ནི།སྡོམ་ལས།  བླ་མ་མགོན་པོ་འཇམ་དཔལ་ལ།།

སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།  ཞེས་བྱུང་།  དོན་ནི།   གཞུང་འདིའི་རྩོམ་པ་བོ་ཨ་ཀྱཱ་ཡོངས་འཛིན་ནམ་ཀུན་བཤད་ཀྱི་མཚན་དབྱངས་ཅན་དགའ་བའི་བློ་གྲོས་ཁོང་གི་རྩ་བའི་བླ་མ་དང་ངོ་བོ་དབྱེར་མ་མཆིས་པའི་ལྷག་པའི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ལུས་ངག་ཡིད་གསུམ་སྟེ་སྒོ་གསུམ་གྱིས་གུས་པས་ཕྱག་འཚལ་ལོ།།ཞེས་པའོ།།  འདིར་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་འཇམ་པའི་དབྱངས་ལ་མཆོད་པར་བརྗོད་པའི་དགོས་པ།   ཐལ་རང་གི་ཁྱད་པར་དང་ལྟ་བ་རྟོགས་པ་ལ་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ངེས་པར་བསྟེན་དགོས་པ་རྗེས་འཇུག་རྣམས་ལ་འདོམས་པ་སོགས་ཀྱི་ཆེད་ཡིན་ནོ།།  གཉིས་པ་གཞུང་དངོས་ལ་བདག་སྐྱེ་དགག་པ།  གཞན་སྐྱེ་དགག་པ།  གཉིས་ཀ་ལས་སྐྱེ་བ་དགག་པ།   རྒྱུ་མེད་ལས་སྐྱེ་བ་དགག་པ་དང་བཞི།  དང་བོ་ལ་སངས་རྒྱས་བསྐྱངས་ཀྱིས་གྲངས་ཅན་བཀག་ཚུལ།  དེ་ལ་ལེགས་ལྡན་གྱིས་སྐྱོན་བརྗོད་ཚུལ།  སངས་རྒྱས་བསྐྱངས་ལ་སྐྱོན་མེད་པར་ཟླ་བས་བཤད་ཚུལ་དང་གསུམ།      དང་བོ་ལ་གྲངས་ཅན་གྱི་འདོད་པ་བརྗོད་པ་དང་།  སངས་རྒྱས་བསྐྱངས་ཀྱིས་དེ་བཀག་པ་གཉིས།  དང་བོ་ནི།  སྡོམ་ལས།  གྲངས་ཅན་བདག་སྐྱེ་འདོད་ཚུལ་ནི།།

དངོས་པོ་ཐམས་ཅད་རང་རྒྱུའ་ིདུས།།

རྒྱུ་ཡི་རང་བཞིན་མི་གསལ་བར།།

ཡོད་པ་དེ་ཉིད་རྐྱེན་སོགས་ཀྱིས།།

གསལ་བར་བྱས་ལ་སྐྱེ་ཞེས་བཏགས།།

གསལ་ཟིན་སླར་ཡང་མི་སྐྱེ་ཟེར།།

ཞེས་བྱུང་།   དོན་ནི།  ཕྱི་རོལ་པ་རྣམས་ཀྱི་ནང་ནས་ཅུང་ལྟ་བ་ཟབ་ཤོས་སུ་འདུག་པ་ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་འདུས་པར་འདོད་པས་གྲངས་ཅན་པ་སྟེ།    དེས་བདག་སྐྱེ་འདོད་ལ་ཇི་ལྟར་འདོད་པའི་ཚུལ་ནི།  དངོས་པོའམ་སྐྱེ་ལྡན་ཐམས་ཅད་རང་གི་རྒྱུའི་དུས་སུ་སྟེ་མ་སྐྱེས་པའི་སྐབས་སུ་རྒྱུའི་རང་བཞིན་ནམ་རྒྱུའི་ངོ་བོར་མི་གསལ་བའི་ཚུལ་དུ་ཡོད་པ་དེ་ཉིད།  ལྷན་ཅིག་བྱེད་རྐྱེན་སོགས་ཀྱིས་རྣམ་འགྱུར་རམ་འབྲས་བུའི་ངོ་བོར་གསལ་བར་བྱས་པ་ལ་དེ་དང་དེ་སྐྱེ་ཞེས་འཇིན་རྟེན་ན་ཐ་སྙད་བཏགས་སོ།།  གསལ་ཟིན་པའི་འབྲས་བུ་དེ་ཉིད་སླར་ཡང་དེའི་ངོ་བོར་མི་སྐྱེ་ཞེས་ཟེར་རོ།།  དཔེར་ན།   ཏིལ་མར་དེ་ཉིད་རང་གི་རྒྱུ་ཏིལ་གྱི་དུས་སུ་ཏིལ་གྱི་ངོ་བོར་མི་གསལ་པའི་ཚུལ་དུ་ཡོད་ལ་དེ་ཉིད་རྐྱེན་བཙིར་བ་སོགས་ཀྱིས་ཏིལ་མར་གྱི་ངོ་བོར་གསལ་བར་བྱས་པ་ལ་ཏིལ་ལས་ཏིལ་མར་སྐྱེ་ཞེས་བཏགས་པའོ།།  ཏིལ་མར་གྱི་ངོ་བོར་གསལ་ཟིན་པ་དེ་ཉིད་སླར་ཡང་ཏིལ་མར་གྱི་ངོ་བོར་མི་སྐྱེ་བ་བཞིན་ནོ།།  གལ་ཏེ་རྒྱུ་དུས་སུ་མི་གསལ་བ་ཞིག་མེད་ན་རྗེས་སུ་རྐྱེན་སོགས་དང་ཕྲད་ཀྱང་མི་སྐྱེ་བ་དཔེར་ན་བྱེ་མ་བཙིར་ཀྱང་སྣུམ་མི་འབྱུང་བ་དེ་རྒྱུ་དུས་སུ་མི་གསལ་བའི་ཚུལ་དུ་མེད་པས་ཡིན་ལ་ཏིལ་བཙིར་ན་སྣུམ་འབྱུང་བ་ནི་རྒྱུ་དུས་སུ་མི་གསལ་བའི་ཚུལ་དུ་ཡོད་མེད་ཀྱིས་ཁྱད་ཡིན་པར་འདོད་དོ།།ཞེས་པའོ།།  གཉིས་པ་ནི།  སྡོམ་ལས།  ལོག་རྟོག་དེ་ཉིད་འགོག་པ་ལ།།

འགྲེལ་བ་བུདྡྷ་པཱ་ལི་ཏར།།

མདོར་བསྟན་རྒྱས་བཤད་གཉིས་སྦྱར་ཏེ།།

སླར་ཡང་སྐྱེ་བ་དོན་ཡོད་དང་།།

ཡོད་པ་འགལ་བར་བརྗོད་པ་ཡི།།

ཐལ་འགྱུར་གཉིས་ཀྱིས་དགག་པར་མཛད།།

དེ་ལ་གྲངས་ཅན་མ་ཁྱབ་ཅེས།།

སྨྲ་མོད་སྐྱོན་སྤོང་མི་ནུས་སོ།།

ཞེས་བྱུང་།   དོན་ནི།  ཕྱི་རོལ་གྲངས་ཅན་པས་སྒྲོ་འདོགས་པའམ་ལོག་པར་རྟོག་པ་དེ་ཉིད་འགོག་པ་ལ།  སྤྱོད་འཇུག་ཆེན་མོའི་ཤེས་རབ་ལེའུ་ལས།  ༤༤ ཟན་ཟ་མི་གཙང་ཟ་བར་འགྱུར།།  ཞེས་དང་།   རྣམ་འགྲེལ་ལེའུ་གཉིས་པ་ལས།  ༢༨ རྩྭ་སོགས་རྩེ་ན་གླང་ཆེན་བརྒྱ།།  སྔོན་ཆད་མ་མཐོང་ཡོད་དོ་ཞེས།།  དེ་སྐད་གྲངས་ཅན་ཕྱུགས་ལས་གཞན།།  ཞེས་སོགས་རིགས་པ་མང་ཡང་།  རྩ་ཤེས་རབ་བྱེད་དང་བོ་ལས།    བདག་ལས་མ་ཡིན་ཞེས་འབྱུང་བ་ལ་འགྲེལ་བ་བུདྡྷ་པཱ་ལི་ཏ་འདིར།  དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ།  དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་།  ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ།།ཞེས་མདོར་བསྟན་དང་།   ཡང་།  དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ།།   ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ།།  (འདི་མཐའ་དཔྱོད་༢༧༩དུ་དྲངས་པ་ལྟར་ཡིན་ལ།  སེར་གཙུག་ནས་དཔར་པའི་འགྲེལ་བ་བུདྡྷ་པཱ་ལི་ཏར།༡༡  དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ།  དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ།།  འདི་ལྟར་དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ཡང་སྐྱེ་བ་ལ་དགོས་པ་མེད་དེ།  གལ་ཏེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་བས་དེ་ཡང་མི་འདོད་དེ།ཞེས་འབྱུང་། )ཞེས་རྒྱས་བཤད་གཉིས་ཕན་ཚུན་སྦྱར་ཏེ་གྲངས་ཅན་ཁྱོད་ཀྱིས་དངོས་པོ་རྣམས་རང་གི་རྒྱུ་དུས་སུ་གྲུབ་ཟིན་ནས་ཡོད་པར་འདོད་པ་དང་།  དེ་ཉིད་སླར་ཡང་སྐྱེ་བ་ལ་དོན་ཡོད་པར་འདོད་པ་གཉིས་ནང་འགལ་ཡིན་ཞེས་བརྗོད་པ་ལ།  གྲངས་ཅན་གྱིས་རྒྱུ་དུས་སུ་མི་གསལ་བའི་ཚུལ་གྱིས་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན།  སླར་ཡང་སྐྱེ་བ་དོན་མེད་པར་ཐལ།  རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར།   ཞེས་དང་།  ཡང་།  དེ་ཆོས་ཅན།   ཁྱོད་ཀྱི་སྐྱེ་བ་ལ་ཐུག་པ་མེད་པར་ཐལ།  རང་གི་བདག་ཉིད་དུ་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་ལ་དགོས་པའམ་དོན་ཡོད་པའི་ཕྱིར།     ཞེས་ཐལ་འགྱུར་གཉིས་ཀྱིས་སྒོ་ནས་བདག་སྐྱེ་དགག་པར་མཛད་པ་དེ་ལ་ཕྱི་རྒོལ་གྲངས་ཅན་གྱིས་མ་ཁྱབ་ཅེས་ལན་སྨྲ་མོད་ཀྱི་སྐྱོན་སྤོང་བྱེད་མི་ནུས་སོོ།།  ཞེས་པའོ།།  གྲངས་ཅན་གྱིས་ཐལ་འགྱུར་དེ་གཉིས་ལ་སྐྱོན་སྤོང་བྱེད་མི་ནུས་ཚུལ།   རྩ་ཤེའི་ཊཱིཀ་ཆེན་ལས།༦༥ དེ་ལ་ཕ་རོལ་པོས་ནུས་པའི་ངོ་བོར་མི་གསལ་བར་ཡོད་པ་གསལ་བར་སྐྱེ་དགོས་པ་དང་གསལ་ཟིན་ནས་སྐྱེ་མི་དགོས་པས་ཐལ་བ་སྔ་ཕྱི་གཉིས་ལ་ཁྱབ་པ་མེད་ཅེས་སྨྲ་མོད་ཀྱང་སྐྱོན་སྤོང་མི་ནུས་ཏེ།  གསལ་བ་སྔ་ནས་ཡོད་ན་དེར་སྐྱེ་མི་དགོས་ལ་སྔ་ནས་ཡོད་ཀྱང་སྐྱེ་ན་ཐུག་མེད་སོ་ན་གནས་ཤིང་གསལ་བ་སྔར་མེད་ན་རྒྱུ་ལ་སྔར་ཡོད་ཁོ་ན་སྐྱེ་བའི་ཕྱོགས་ཉམས་སོ།།  ཞེས་གསུངས་པ་ལྟར་རོ།།  གཉིས་པ་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་ཚུལ་ནི་སྡོམ་ལས།  དེ་ལ་སློབ་དཔོན་ལེགས་ལྡན་འབྱེད།། 

མདོར་བསྟན་ཁོ་ནའི་གཞུང་དྲངས་ནས།།

སྐྱེ་བ་དོན་མེད་ཐུག་མེད་དུ།།

ཐལ་བ་འཕངས་པར་དགོངས་ནས་ནི།།

རང་རྒྱུད་དཔེ་རྟགས་མ་བརྗོད་དང་།།

གཞན་སྨྲས་ཉེས་པ་མ་བསལ་དང་།།

རྒོལ་བ་གཞན་གྱིས་གླགས་རྙེད་པའི།།

སྐྱོན་གསུམ་ཡོད་ཅེས་སུན་འབྱིན་མཛད།།

ཅེས་བྱུང་།  དོན་ནི།   སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་དེ་ལ་མདོར་བསྟན་དང་རྒྱས་བཤད་གཉིས་ཡོད་པ་ཕན་ཚུན་སྦྱར་ནས་གོ་དགོས་པ་ལ།  སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དེ་མ་དགོངས་པར་མདོར་བསྟན་ཁོ་ནའི་གཞུང་དྲངས་ནས་ཁྱེད་ཀྱི་འགྲེལ་ངག་འདིའི་སྐབས་སུ།  དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།   སྐྱེ་བ་དོན་མེད་ཡིན་པའི་ཕྱིར།  ཡང་དེ་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་ཐུག་མེད་ཡིན་པའི་ཕྱིར།  ཞེས་ཐལ་བ་འཕངས་པར་འདུག་སྙམ་དུ་དགོངས་ནས།   སངས་རྒྱས་བསྐྱངས་ལ་བདག་སྐྱེ་འགོག་ནུས་ཀྱི་རང་རྒྱུད་ཀྱི་དཔེ་རྟགས་མ་བརྗོད་པ་དང་།  གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་དང་།   རྒོལ་བ་གཞན་གྱིས་གླགས་རྙེད་པ་དང་སྐྱོན་གསུམ་ཡོད་ཅེས་སུན་འབྱིན་མཛད་པའི་དང་བོ་ནི།   སྡོམ་ལས།   དེ་ནི་བདག་སྐྱེ་འགོག་ནུས་ཀྱི།།  

རང་རྒྱུད་རྟགས་སྦྱོར་ཡང་དག་དང་།།

རྟགས་ཆོས་གཉིས་ལྡན་མཐུན་དཔེ་ཞིག།

བརྗོད་དགོས་པ་ལ་མ་བརྗོད་དང་།

ཞེས་བྱུང་།   དོན་ནི།   སྐྱོན་བརྗོད་དང་བོ་ནི།  སངས་རྒྱས་བསྐྱངས་ཀྱིས་བཀོད་པའི་སྐྱེ་བ་དོན་མེད་དང་ཐུག་མེད་ཀྱི་རྟགས་ཀྱིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་སྒྲུབ་པ་དེ་ནི་དམ་བཅའ་ཙམ་ལས།  གྲངས་ཅན་དང་ཁྱོད་གཉིས་གང་གི་ལུགས་ལའང་དངོས་པོ་རྣམས་སྐྱེ་བ་དོན་མེད་དང་ཐུག་མེད་མིན་པས་རང་རྒྱུད་ཀྱི་རྟགས་ཀྱིས་བདག་སྐྱེ་འགོག་ནུས་ཀྱི་རྟགས་ཡང་དག་མིན་པ་དང་།   དངོས་པོ་རྣམས་ཆོས་ཅན།    བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་ཐུག་མེད་ཡིན་པའི་ཕྱིར།  དཔེར་ན་བུམ་པ་བཞིན་ཟེར་བ་ལྟ་བུའི་སྐྱེ་བ་ཐུག་མེད་ཡིན་པའི་དཔེ་ཞིག་མི་རྙེད་པའི་སྐྱོན་དང་།  ཡང་ན་ལེགས་ལྡན་རང་ཉིད་ཀྱིས་བཀོད་པའི་སྦྱོར་བ།   མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན།  དོན་དམ་པར་བདག་ལས་མི་སྐྱེ་སྟེ།  ཡོད་པའི་ཕྱིར།   དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན།  ཞེས་པ་འདི་ལྟ་བུ་ཞིག་བརྗོད་དགོས་པ་ལ་མ་བརྗོད་པའི་སྐྱོན་ཡོད།  ཅེས་པའོ།།  གཉིས་པ་ནི།  སྡོམ་ལས།

གྲངས་ཅན་གཞན་གྱིས་འདི་སྐད་དུ།།

བདག་ལས་སྐྱེ་བ་མེད་ཟེར་བ།།

གསལ་ཟིན་དངོས་པོ་ཡིན་ན་ནི།།

ཁོ་བོས་གྲུབ་ཟིན་སྒྲུབ་པ་ཡིན།།

རྒྱུ་ཡི་བདག་ཉིད་མི་གསལ་བ།།

ཡིན་ན་སྐྱེ་ལྡན་དངོས་པོ་ཀུན།།

དེ་ལས་སྐྱེ་བས་ཁྱབ་དང་འགལ།།

ཞེས་པའི་ཉེས་པ་མ་བསལ་དང་།།

ཞེས་བྱུང་།   དོན་ནི།  སྐྱོན་བརྗོད་གཉིས་པ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་ནི།  ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་ཁྱོད་ཀྱིས་དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་དོན་མེད་ཡིན་པའི་ཕྱིར།  ཡང་དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་ཐུག་མེད་ཡིན་པའི་ཕྱིར།   ཞེས་སྦྱོར་བ་བཀོད་འདུག་པ་ཕྱི་ལ་རྒོལ་གྲངས་ཅན་པ་གཞན་གྱིས་ཁྱོད་ལ་འདི་སྐད་དུ།  ཁྱོད་ཀྱིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་ཟེར་བ་དེའི་དོན།   མངོན་པར་གསལ་ཟིན་པའི་དངོས་པོ་ལ་འདོད་པ་ཡིན་ན་དེ་ནི་ཁོ་བོ་ལ་ཁྱོད་ཀྱིས་གྲུབ་ཟིན་སྒྲུབ་པ་ཡིན་པས་སྒྲུབ་མི་དགོས་ལ།  རྒྱུ་ཡི་བདག་ཉིད་དམ་རྒྱུའི་རང་བཞིན་མི་གསལ་བ་དེ་ལ་ཟེར་བ་ཡིན་ན།  ཁོ་བོས་སྐྱེ་ལྡན་གྱི་དངོས་པོ་ཀུན་སྟེ་དངོས་པོ་ཐམས་ཅད་རྒྱུའི་དུས་སུ་མི་གསལ་བར་ཡོད་པ་དེ་ཉིད་རྐྱེན་སོགས་ཀྱིས་འབྲས་བུའི་ངོ་བོར་གསལ་བར་བྱས་པ་ལ་དེ་དང་དེ་སྐྱེ་བས་ཁྱབ་པར་འདོད་པས་དེ་ལ་འགལ་ཁྱབ་ཅེས་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་ཡོད་ཅེས་པའོ།། 

གསུམ་པ་ནི།  སྡོམ་ལས།  གཞན་ཡང་འགྲེལ་ངག་དེ་ཉིད་ལ།། 

གཞན་གྱིས་ཀླན་ཀས་གླགས་རྙེད་དེ།། 

ཚིག་ཟིན་ལྟར་ན་འབྲེལ་མེད་ཕྱིར།། 

སྐབས་ཀྱི་དོན་ལས་བཟློག་དགོས་ཏེ།། 

དངོས་ཟིན་རྟགས་གཉིས་བཟློག་པ་ན།།  

སྐྱེ་བ་དོན་བཅས་ཐུག་བཅས་འགྱུར།། 

དེ་ཡི་ཤུགས་ཀྱིས་དམ་བཅའ་ནི།། 

བདག་ལས་སྐྱེ་བ་མེད་བཅས་པ།། 

མེད་དགག་ཙམ་དུ་མ་བསྡད་པར།། 

གཞན་སྐྱེ་འཕངས་པར་འགྱུར་བས་ན།། 

འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས།། 

མཐའ་བཞིའི་སྐྱེ་མེད་དམ་བཅའ་ཀུན།། 

མེད་དགག་ཙམ་དུ་གསུངས་པ་ཡི།། 

གྲུབ་པའི་མཐའ་དང་འགལ་ལོ་གསུང་།། 

ཞེས་བྱུང་།  དོན་ནི།  སྐྱོན་བརྗོད་གསུམ་པ་ནི་གོང་དུ་བརྗོད་པའི་སྐྱོན་དེ་དག་ཡོད་པར་མ་ཟད་གཞན་ཡང་སངས་རྒྱས་བསྐྱངས་ཀྱིས་བཀོད་པའི་དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་དོན་མེད་ཡིན་པའི་ཕྱིར།   ཞེས་སོགས་ཀྱི་འགྲེལ་ངག་གི་སྦྱོར་བ་དེ་ཉིད་ལ།  རྒོལ་བ་གཞན་གྱིས་ཀླན་ཀས་གླགས་རྙེད་པའི་སྐྱོན་ཡོད་དེ།  ཚིག་ཟིན་ལྟར་ན་རྩོད་གཞི་དང་རྟགས་གཉིས་ལ་འབྲེལ་བ་མེད་པའི་ཕྱིར།  ཡང་ན།  དངོས་པོ་རྣམས་ཆོས་ཅན་།  བདག་ལས་སྐྱེ་བ་མེད་དེ།  བདག་ལས་སྐྱེ་ན་དོན་མེད་ཡིན་པའི་ཕྱིར།  ཡང་དངོས་པོ་རྣམས་ཆོས་ཅན།   བདག་ལས་སྐྱེ་བ་མེད་དེ།  བདག་ལས་སྐྱེ་ན་ཐུག་མེད་ཡིན་པའི་ཕྱིར་ཞེས་པ་ལྟར་ཡིན་ཟེར་ན་ཕྱོགས་ཆོས་གྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་བའི་ཕྱིར།  དེས་ན་སྐབས་ཀྱི་དོན་དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།   སྐྱེ་བ་དོན་མེད་ཡིན་པའི་ཕྱིར།   ཡང་དངོས་པོ་རྣམས་ཆོས་ཅན།   བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་ཐུག་མེད་ཡིན་པའི་ཕྱིར།  ཞེས་པ་དེ་ལས་བཟློག་དགོས་ཏེ།  དངོས་ཟིན་ནམ་ཚིག་ཟིན་ལ་བཀོད་པའི་རྟགས་གཉིས་བཟློག་པ་ན།  དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་དོན་བཅས་ཡིན་པའི་ཕྱིར།   ཡང་དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་ཐུག་བཅས་ཡིན་པའི་ཕྱིར།   ཞེས་པར་འགྱུར་བ་དང་དེའི་ཤུགས་ཀྱིས་ཡིག་ཆ་ལྟར་སངས་རྒྱས་བསྐྱངས་ལ་གཞན་སྐྱེ་སྒྲུབ་འདོད་ཡོད་པ་དང་།  སྐྱེ་བ་གཞིར་བཅས་ལ་བདག་སྐྱེ་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པའི་སྟེང་ནས།  དངོས་པོ་རྣམས་བདག་ལས་མི་སྐྱེ་ཞེས་དམ་བཅས་པའི་དམ་བཅའ་དེ་ཡང་མེད་དགག་ཙམ་དུ་མ་བསྡད་པར་ཤུགས་ལ་གཞན་སྐྱེ་འཕངས་པར་འགྱུར་བས་ན།  སྟོན་པ་དང་།   འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཐའ་བཞིའི་སྐྱེ་མེད་ཀྱི་དམ་བཅའ་ཀུན་མེད་དགག་ཙམ་དུ་གསུངས་པའི་གྲུབ་པའི་མཐའ་དང་འགལ་ལོ་ཞེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་གསུངས།   ཡང་ན་སངས་རྒྱས་བསྐྱངས་རང་ཉིད་ཀྱིས་གཞན་སྐྱེ་མི་བཞེད་པའི་གྲུབ་མཐའ་དང་འགལ་ལོ།།ཞེས་པའོ།།

གསུམ་པ་སངས་རྒྱས་བསྐྱངས་ལ་སྐྱོན་མེད་པར་ཟླ་བས་བཤད་ཚུལ་ལ་གཉིས།  སངས་རྒྱས་བསྐྱངས་ལ་སྐྱོན་མེད་ཚུལ་དང་།  ལེགས་ལྡན་གྱི་ལུགས་དགག་པ་གཉིས།  དང་བོ་རང་རྒྱུད་ཀྱི་དཔེ་རྟགས་མ་བརྗོད་པའི་སྐྱོན་མི་འཇུག་པའི་ཚུལ།  གཉིས་པ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་མི་འཇུག་པའི་ཚུལ།   གསུམ་པ་རྒོལ་བ་གཞན་གྱིས་གླགས་རྙེད་པའི་སྐྱོན་མི་འཇུག་པའི་ཚུལ་ལོ།།  དང་བོ་ལ་རང་རྒྱུད་ཀྱི་དབང་དུ་བྱས་པའི་སྐྱོན་མེད་ཚུལ་དང་།  གཞན་གྲགས་ཀྱི་དབང་དུ་བྱས་པའི་སྐྱོན་མེད་ཚུལ་གཉིས།  དང་བོ་ལ་རང་རྒྱུད་ལ་དགོས་པ་མེད་པ་དང་།  དེ་ལ་ནུས་པ་མེད་པ་དང་།   རང་རྒྱུད་ཁས་ལེན་མི་རིགས་པ་གསུམ།   དང་བོ་ནི།   སྡོམ་ལས།   དེ་ལྟར་བརྗོད་པའི་སྐྱོན་དེ་རྣམས།།

སངས་རྒྱས་བསྐྱངས་ལ་མི་འཇུག་པར།།

དཔལ་ལྡན་ཟླ་བས་བཤད་ཚུལ་ནི།།

འགྲེལ་ངག་དེ་ཡིས་རང་རྒྱུད་ཀྱི།།

གཏན་ཚིགས་དཔེ་བཅས་མ་བསྟན་ཀྱང་།།

འགལ་བ་བརྗོད་པའི་ཐལ་འགྱུར་གྱིས།།

གྲངས་ཅན་རང་གི་ཁས་ལེན་ལ།།

ནང་འགལ་མཐོང་ནས་དམ་བཅའ་འདོར།།

བསྒྲུབ་བྱ་རྟོགས་པར་འགྱུར་བ་ཡིན།།

ཞེས་བྱུང་།   དོན་ནི།   གོང་དུ་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་སྐྱོན་གསུམ་ཡོད་པར་བསྟན་པ་དེ་ལྟར་དུ་བརྗོད་པའི་སྐྱོན་དེ་རྣམས་སངས་རྒྱས་བསྐྱངས་ལ་མི་འཇུག་པར་དཔལ་ལྡན་ཟླ་བ་གྲགས་པས་བཤད་ཚུལ་ནི།  སངས་རྒྱས་བསྐྱངས་ཀྱིས་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ་ཞེས་སོགས་ཀྱི་འགྲེལ་ངག་དེས་རང་རྒྱུད་ཀྱི་གཏན་ཚིགས་དཔེ་དང་བཅས་པ་མ་བསྟན་ཀྱང་།   ཕ་རོལ་གྲངས་ཅན་རང་གི་ཁས་བླངས་ལ་ནང་འགལ་བརྗོད་པའི་ཐལ་འགྱུར་གྱི་བྱེད་པ་ལ་བརྟེན་ནས་གྲངས་ཅན་གྱིས་ཀྱང་རང་གི་ཁས་ལེན་ལ་ནང་འགལ་མཐོང་ནས་ཕྱིན་ཅི་ལོག་གི་དམ་བཅའ་འདོར་བ་དང་།   ཐལ་འགྱུར་ཙམ་ལ་བརྟེན་ནས་སྐབས་ཀྱི་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འགྱུར་བའི་ཕྱིར་ན་རང་རྒྱུད་ཀྱི་རྟགས་དང་དཔེ་དགོས་པ་མིན་ཞེས་པའོ།། 

གཉིས་པ་ནི།  སྡོམ་ལས།   ཁས་བླངས་འགལ་བས་བརྩད་པས་ཀྱང་།།

ནང་འགལ་མཐོང་ཡང་མི་ལྡོག་ན།།

མངོན་སུམ་ལ་ནི་བསྙོན་འདིངས་ཕྱིར།།

མཁས་པའི་རྩོད་ཟླར་འོས་མ་ཡིན།།

དེས་ན་སྐབས་འདིར་རང་རྒྱུད་ཀྱི།།

དཔེ་རྟགས་བརྗོད་ལ་དགོས་པ་དང་།།

ནུས་པ་ལྷག་པོ་ཅི་ཡང་མེད།།

ཅེས་བྱུང་།   དོན་ནི།   དེ་ལྟ་བུའི་ཐལ་འགྱུར་གྱིས་ཀྱང་ཕ་རོལ་གྲངས་ཅན་ལ་རང་གི་ཁས་བླངས་དང་འགལ་བས་བརྩད་པས་ཀྱང་།  རང་གིས་བདག་སྐྱེ་ཁས་བླངས་པའི་དམ་བཅའ་དང་ནང་འགལ་མཐོང་ཡང་ད་དུང་དམ་བཅའ་དེ་མི་འདོར་ན་དེ་ནི་མངོན་སུམ་ལ་བསྙོན་འདིངས་པ་ཡིན་པའི་ཕྱིར།  དེ་འདྲའི་གང་ཟག་དེ་མཁས་པ་རྣམ་དཔྱོད་ཅན་གྱི་རྩོད་ཟླར་འོས་པ་མ་ཡིན་པ་དང་།  དེས་ན་དབུ་མ་བའི་སྐབས་འདིར་རང་རྒྱུད་ཀྱི་དཔེ་དང་རྟགས་བརྗོད་པ་ལ་དགོས་པ་དང་ནུས་པ་ལྷག་པོ་ཅི་ཡང་མེད་ཅེས་པའོ།།

གསུམ་པ་ནི།  སྡོམ་ལས།  རང་རྒྱུད་དོན་ནི་རང་མཚན་གྱིས།།

གྲུབ་པའི་ཆོས་ལ་བྱེད་པས་ན།།

དེ་འདྲའི་རང་མཚན་དབུ་མ་བས།།

ཁས་ལེན་རིགས་པ་མ་ཡིན་ནོ།།

ཞེས་བྱུང་།  དོན་ནི།  རང་རྒྱུད་ཅེས་པའི་དོན་ནི།  མངོན་བརྗོད་འཆི་མེད་མཛོད་ལས།  རང་རྒྱུད་རང་དབང་བདག་དབང་དང་།།  ཞེས་གསུངས་པ་ལྟར།  རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་དབང་དུ་གྲུབ་པའམ་རང་མཚན་གྱིས་གྲུབ་པ་ལ་བྱེད་པས་ན་དེ་འདྲ་བའི་རང་མཚན་གྱིས་གྲུབ་པ་ཞིག་ཁས་བླངས་པ་ཙམ་གྱིས་དབུ་མ་བ་མ་ཡིན་པར་མི་འགྱུར་ཡང་།   དབུ་མ་བས་དེ་ཁས་ལེན་རིགས་པའམ་ཁས་ལེན་རུང་བ་ནི་མ་ཡིན་ནོ།།  ཞེས་པའོ།།གཉིས་པ་གཞན་གྲགས་ཀྱི་དབང་དུ་བྱས་པའི་སྐྱོན་མེད་ཚུལ་ལ་གཉིས།  འདིར་གཙོ་བོར་གཞན་གྲགས་མ་བཤད་པའི་རྒྱུ་མཚན་དང་།  གཞན་གྲགས་བརྗོད་དགོས་ནའང་བརྗོད་པར་བཤད་པ་གཉིས།  དང་བོ་ནི།   སྡོམ་ལས།  ཐལ་འགྱུར་ཙམ་ལ་བརྟེན་པ་ནི།།

རྗེས་དཔག་ཚད་མ་སྐྱེ་ནུས་པས།།

བསྒྲུབ་བྱ་རྟོགས་ཕྱིར་གཞན་གྲགས་ཀྱི།།

རྟགས་དཔེ་དགོས་པ་མིན་མོད་ཀྱང་།།

ཞེས་བྱུང་།   དོན་ནི།  འདིར་བརྟགས་པ་མཐའ་བཟུང་གི་དོགས་པ་ནི།  སློབ་དཔོན་ལེགས་ལྡན་འབྱེད་ན་རེ།  ཁྱོད་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པས་སྐབས་འདིར་བདག་སྐྱེ་འགོག་པ་ལ་རང་རྒྱུད་ཀྱི་གཏན་ཚིགས་མ་བརྗོད་དུ་ཆུག་ཀྱང་།  བདག་སྐྱེ་འགོག་ནུས་ཀྱི་གཞན་གྲགས་ཀྱི་རྟགས་དཔེ་བརྗོད་དགོས་པ་ལ་མ་བརྗོད་པའི་ཕྱིར་དང་།  དེ་ལ་གཞན་གྱིས་སྨྲས་པའི་ཉེས་པ་བསལ་དགོས་པ་ལ་མ་བསལ་བའི་ཕྱིར།  སྔར་གྱི་སྐྱོན་སོ་ན་གནས་སོ་ཞེ་ན།  སློབ་དཔོན་སངས་རྒྱས་བསྐྱངས་ལ་གཞན་གྲགས་ཀྱི་གཏན་ཚིགས་ཡང་དག་མ་བརྗོད་པའི་ཆ་ནས་ཀྱང་སྐྱོན་ཡོད་པ་མ་ཡིན་ཏེ།  ཐལ་འགྱུར་ཙམ་ལ་བརྟེན་པ་ནི་སྟེ་ཐལ་འགྱུར་ཙམ་གྱིས་ཀྱང་ཕ་རོལ་པོའི་ཁས་བླངས་ལ་ནང་འགལ་བསྟན་ནས་བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་ཚད་མ་སྐྱེ་ནུས་པས་ན།  སྐབས་འདིར་བསྒྲུབ་བྱ་རྟོགས་པའི་ཕྱིར་དུ་གཞན་གྲགས་ཀྱི་རྟགས་དང་དཔེ་ངེས་ཅན་དུ་བརྗོད་དགོས་པ་མིན་མོད་དེ་མ་ཡིན་ཞེས་པའོ།།

གཉིས་པ་ནི།  སྡོམ་ལས།  གལ་ཏེ་དགོས་ནའང་འགྲེལ་ངག་གིས།།

སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི།།

སྒོ་ནས་གཞན་གྲགས་གཏན་ཚིགས་བསྟན།།

དམ་བཅའ་ཁྱབ་པ་དཔེ་བརྗོད་དང་།།

ཉེར་གཏོད་མཇུག་སྡུད་ཡན་ལག་ལྔ།།

བསྡུ་ན་རྒྱས་བཤད་དང་བོ་ཡི།།

ཐལ་འགྱུར་རྟགས་སྦྱོར་ཚུལ་དུ་བཀོད།།

མངོན་གསལ་མྱུ་གུ་མཐུན་དཔེར་གཟུང་།།

ཞེས་པའོ།།  དོན་ནི།  གལ་ཏེ་རྒོལ་བ་འགའ་ཞིག་ལ་གཞན་གྲགས་ཀྱི་གཏན་ཚིགས་བརྗོད་དགོས་ནའང་སངས་རྒྱས་བསྐྱངས་ཀྱིས་འགྲེལ་ངག་གི་སྐབས་སུ་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་སྒོ་ནས་གཞན་གྲགས་ཀྱི་གཏན་ཚིགས་བསྟན་པ་ཡིན་པའི་ཕྱིར།  སྒྲུབ་ངག་ཡན་ལག་ལྔ་ལྡན་ནི།དམ་བཅའ་དང་།  ཁྱབ་པ་དང་།  དཔེ་བརྗོད་དང་།  ཉེར་གཏོད་དང་།  མཇུག་སྡུད་ཀྱི་ཡན་ལག་སྟེ་ལྔ་ཡིན་ལ།  སྒྲུབ་ངག་དེ་དང་སྦྱར་ནས་ངོས་འཛིན་ཚུལ་ཡོད་དེ།  དངོས་པོ་རྣམས་སླར་ཡང་སྐྱེ་བ་དོན་མེད་དེ་ཞེས་པ་དམ་བཅའ་དང་།  རང་གི་བདག་ཉིད་དུ་ཡོད་ན་སླར་ཡང་སྐྱེ་བ་དོན་མེད་པས་ཁྱབ་ཅེས་པ་ཁྱབ་པ་དང་།  དཔེར་ན་མངོན་པར་གསལ་ཟིན་གྱི་བུམ་པ་བཞིན་ཞེས་པ་དཔེ་དང་།   མངོན་པར་གསལ་ཟིན་པའི་བུམ་པ་རང་གི་བདག་ཉིད་དུ་གྲུབ་ཟིན་པ་དེ་བཞིན་དུ་དངོས་པོ་རྣམས་རང་གི་བདག་ཉིད་དུ་གྲུབ་ཟིན་པ་ཡིན་ནོ་ཞེས་པ་ཉེར་གཏོད་དང་།  ལྷག་མ་དེ་བས་ན་དངོས་པོ་རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར།  དངོས་པོ་རྣམས་སླར་ཡང་སྐྱེ་བ་དོན་མེད་དོ།།ཞེས་པ་མཇུག་སྡུད་ལ་སྦྱོར་དགོས་པའི་ཕྱིར་རོ།།  དེ་དག་གི་དོན་མདོར་བསྡུ་ན་འགྲེལ་ངག་རྒྱས་བཤད་སྐབས་ཀྱི་ཐལ་འགྱུར་དང་བོ་དེ་རྟགས་སྦྱོར་གྱི་ཚུལ་དུ་བཀོད་ནས་མངོན་པར་གསལ་ཟིན་པའི་མྱུ་གུ་མཐུན་དཔེར་གཟུང་བར་བྱ་སྟེ།  དཔེར་ན།  གྲངས་ཅན་གྱིས་རྒྱུའི་དུས་སུ་མི་གསལ་བའི་ཚུལ་གྱིས་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན།  སླར་ཡང་སྐྱེ་བ་དོན་མེད་དེ།  རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར།  དཔེར་ན་མངོན་པར་གསལ་ཟིན་གྱི་མྱུ་གུ་བཞིན།ཞེས་པའོ།།

གཉིས་པ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་མི་འཇུག་པའི་ཚུལ་ནི།  སྡོམ་ལས།

སྐྱོན་བརྗོད་གཉིས་པ་དོན་མེད་དེ།།

རང་རྒྱུད་གཏན་ཚིགས་ཁས་མི་ལེན།།

གཞན་གྲགས་རྟགས་ལ་རྒྱུ་དུས་སུ།།

མི་གསལ་མྱུ་གུ་ཆོས་ཅན་དང་།།

གསལ་ཟིན་མཐུན་དཔེར་བཟུང་བས་ན།།

གྲུབ་ཟིན་སྒྲུབ་དང་གཏན་ཚིགས་ནི།།

འགལ་བའི་དོགས་པ་མེད་པས་ན།།

གཞན་སྨྲས་ཉེས་པ་མི་འབྱུང་ངོ་།།

ཞེས་བྱུང་།  དོན་ནི།  སྐྱོན་བརྗོད་གཉིས་པ་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་བརྗོད་པ་དེ་ཡང་དོན་མེད་པ་ཡིན་ཏེ།  རང་རྒྱུད་ཀྱི་གཏན་ཚིགས་སངས་རྒྱས་བསྐྱངས་ཀྱིས་ཁས་མི་ལེན་པ་དང་།  གཞན་གྲགས་ཀྱི་རྟགས་ལ་སྦྱོར་བ་བཀོད་ན།  གྲངས་ཅན་གྱིས་རྒྱུ་དུས་ན་མངོན་པར་མི་གསལ་བར་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན།  སླར་ཡང་སྐྱེ་བ་དོན་མེད་དེ།  རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་པའི་ཕྱིར།  དཔེར་ན་མངོན་པར་གསལ་ཟིན་གྱི་མྱུ་གུ་བཞིན།  ཞེས་བཀོད་པའི་ཚེ་སྦྱོར་བ་འདི་ལ་གྲུབ་ཟིན་སྒྲུབ་པའི་སྐྱོན་མེད་པ་གང་ཞིག།   གཏན་ཚིགས་དང་འགལ་བའི་སྐྱོན་ཡང་མེད་པའི་ཕྱིར།  དང་བོ་གྲུབ་སྟེ།  གྲངས་ཅན་གྱིས་དེ་འདྲའི་མྱུ་གུ་སླར་ཡང་སྐྱེ་བ་དོན་མེད་དུ་མ་རྟོགས་པ་འདིར་བསྒྲུབ་བྱར་བཟུང་ནས་སྒྲུབ་པ་ཡིན་གྱི།  གསལ་ཟིན་གྱི་མྱུ་གུ་དེ་ལྟར་སྒྲུབ་པ་མ་ཡིན་པས་གྲུབ་ཟིན་སྒྲུབ་པའི་སྐྱོན་མེད་པའི་ཕྱིར།  གཉིས་པ་གྲུབ་སྟེ།  དེ་འདྲའི་སྦྱོར་བ་ལ་འགལ་ཁྱབ་ཀྱི་དོགས་པ་ཡང་མེད་པས་ན་གཞན་གྱིས་སྨྲས་པའི་ཉེས་པ་ཡང་མི་འབྱུང་ངོ་།།  ཞེས་པའོ།།

གསུམ་པ་རྒོལ་བ་གཞན་གྱིས་གླགས་རྙེད་པའི་སྐྱོན་མི་འཇུག་པ་ནི།  སྡོམ་ལས། 

སྐྱོན་བརྗོད་གསུམ་པའང་མི་འཇུག་སྟེ།།

སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི།

ཐལ་འགྱུར་དེ་ནི་གྲངས་ཅན་ལ།། 

ཁས་བླངས་ནང་འགལ་སྟོན་ཕྱིར་ཡིན།།

བཟློག་དོན་སྒྲུབ་ཕྱིར་འཕངས་པ་མིན།།

དེ་ཕྱིར་དེ་ཡི་བཟློག་དོན་གྱི།།

སླར་ཡང་སྐྱེ་བ་དོན་བཅས་སོགས།།

ཕ་རོལ་གྲངས་ཅན་ཁས་བླངས་ཀྱི།།

ཁོ་བོ་ཅག་གི་ཁས་ལེན་མིན།།

ལེགས་ལྡན་འབྱེད་ཀྱི་དགོངས་ཚོད་ཀྱི།།

ཐལ་འགྱུར་དེ་ནི་འགྲེལ་ངག་གི།

དངོས་ཤུགས་གང་གིའང་དོན་མིན་ཕྱིར།།

བཟློག་དོན་ཁས་ལེན་མི་དགོས་པས།།

གཞན་གྱིས་གླགས་རྙེད་ག་ལ་འགྱུར།།

དེ་ཕྱིར་ཁོ་བོ་ཅག་ལ་ནི།།

གྲུབ་མཐའ་འགལ་བའི་ཉེས་མེད་དོ།།

ཞེས་བྱུང་།  དོན་ནི།  ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་གསུམ་པའང་སངས་རྒྱས་བསྐྱངས་ལ་མི་འཇུག་སྟེ།  སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི་ཐལ་འགྱུར།  མྱུ་གུ་ཆོས་ཅན།  སླར་ཡང་སྐྱེ་བ་དོན་མེད་པར་ཐལ།  རང་གི་རྒྱུ་དུས་ནས་ཡོད་པའི་ཕྱིར།  ཡང་།  དེ་ཆོས་ཅན།  ཁྱོད་ཀྱི་སྐྱེ་བ་ཐུག་མེད་ཡིན་པར་ཐལ།  རང་གི་རྒྱུ་དུས་ནས་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་ལ་དགོས་པའམ་དོན་ཡོད་པའི་ཕྱིར།  ཞེས་པ་དེ་ནི་ཕ་རོལ་གྲངས་ཅན་པ་ལ་རང་གི་ཁས་བླངས་ལ་ནང་འགལ་སྟོན་པའི་ཕྱིར་དུ་བཀོད་པ་ཡིན་གྱི།  བཟློག་དོན་སྒྲུབ་ཕྱིར་དུ་འཕངས་པའམ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་མིན་པ་དེ་ཕྱིར་ན་དེའི་བཟློག་དོན་གྱི་སླར་ཡང་སྐྱེ་བ་དོན་བཅས་དང་སོགས་སྒྲས་བསྡུས་པ་ཐུག་བཅས་རྣམས།  ཕ་རོལ་གྲངས་ཅན་པས་ཁས་བླངས་པ་ཡིན་གྱི་སངས་རྒྱས་བསྐྱངས་ཁོ་བོ་ཅག་གིས་དེ་ཁས་ལེན་པ་མིན་ནོ།།  ལེགས་ལྡན་འབྱེད་ཀྱིས་དགོངས་ཚོད་བླངས་པའི་ཐལ་འགྱུར།  དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་དོན་མེད་ཡིན་པའི་ཕྱིར།  ཡང་དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་ཐུག་མེད་ཡིན་པའི་ཕྱིར།  ཞེས་པ་དེ་ནི་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་གི་དངོས་ཤུགས་གང་གིའང་དོན་མིན་པའི་ཕྱིར་ན།  དེའི་བཟློག་དོན་གྱི་དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་དོན་བཅས་ཡིན་པའི་ཕྱིར།  ཡང་།  དངོས་པོ་རྣམས་ཆོས་ཅན།   བདག་ལས་སྐྱེ་བ་མེད་དེ།   སྐྱེ་བ་ཐུག་བཅས་ཡིན་པའི་ཕྱིར།  ཞེས་པའི་བཟློག་དོན་གྱི་སྦྱོར་བ་དེ་ཁས་ལེན་མི་དགོས་པས་ན་གཞན་གྱིས་གླགས་རྙེད་ག་ལ་འགྱུར་ཏེ་མི་འགྱུར་རོ།།  དེ་ཕྱིར་སངས་རྒྱས་བསྐྱངས་ཁོ་བོ་ཅག་ལ་ནི་སྟོན་པ་དང་།  འཕགས་ཀླུ་སྒྲུབ་ཡབ་སྲས་ཀྱི་གྲུབ་མཐའ་དང་འགལ་བའི་ཉེས་པ་མེད་དོ།།  ཞེས་པའོ།།

གཉིས་པ་ལེགས་ལྡན་གྱི་ལུགས་དགག་པ་ལ་རང་རྒྱུད་འགོག་པའི་རིགས་པ་མདོར་བསྟན་པ་དང་།    རྒྱས་པར་བཤད་པ་གཉིས། 

དང་བོ་ནི།  སྡོམ་ལས།  དེ་ལྟར་སངས་རྒྱས་བསྐྱངས་ལ་ནི།།

སྐྱོན་མི་འཇུག་པར་མ་ཟད་ཀྱི།།

ལེགས་ལྡན་རང་གི་འགྲེལ་ངག་ལ།།

སྐྱོན་མང་ཞུགས་པ་འདི་ལྟ་སྟེ།།

ཡོད་པའི་རྟགས་ཀྱིས་དོན་དམ་པར།།

མིག་སོགས་བདག་ལས་མི་སྐྱེ་སྟེ།།

ཤེས་པ་ཡོད་པ་ཉིད་བཞིན་ནོ།།

ཞེས་པའི་སྦྱོར་བར་དོན་དམ་གྱི།།

ཁྱད་པར་སྦྱར་བ་མི་འཐད་དེ།།

ཞེས་བྱུང་།  དོན་ནི།  གོང་དུ་བརྗོད་པ་དེ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་ལ་སྐྱོན་དེ་དག་མི་འཇུག་པར་མ་ཟད་སློབ་དཔོན་ལེགས་ལྡན་འབྱེད་རང་གི་འགྲེལ་ངག་ལ་སྐྱོན་མང་བོ་ཞུགས་པ་འདི་ལྟ་སྟེ།  མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན།   དོན་དམ་པར་བདག་ལས་སྐྱེ་བ་མེད་དེ།  ཡོད་པའི་ཕྱིར།   དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ།།  ཞེས་ཡོད་པའི་རྟགས་ཀྱིས་དོན་དམ་པར་མིག་སོགས་ནང་གི་སྐྱེ་མཆེད་རྣམས་བདག་ལས་མི་སྐྱེ་སྟེ།  དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ཞེས་རང་ཉིད་ཀྱིས་དབུ་མའི་ལྟ་བ་ཁས་ལེན་བཞིན་དུ།  རྒོལ་ཕྱི་རྒོལ་གཉིས་ཀ་ལ་ཚད་གྲུབ་མཐུན་སྣང་བའི་རང་རྒྱུད་ཀྱི་སྦྱོར་བར་དོན་དམ་གྱི་ཁྱད་པར་སྦྱར་ནས་བཀོད་པ་དེ་ནི་མི་འཐད་དེ།   དེ་ལ་ཕྱོགས་ཆོས་མ་གྲུབ་པ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར།  ཞེས་པའོ།། 

གཉིས་པ་རྒྱས་པར་བཤད་པ་ལ།   ཕྱོགས་སོགས་མ་གྲུབ་པའི་བདག་སྐྱེ་འགོག་པའི་རང་རྒྱུད་འགོག་པ་དང་།  བདག་སྐྱེ་འགོག་པའི་རྟགས་མ་གྲུབ་པར་ཐལ་བ་ལེགས་ལྡན་གྱིས་ཁས་བླངས་ཚུལ་དང་།    རང་རྒྱད་ཀྱི་སྦྱོར་བ་གཞན་ལའང་མ་གྲུབ་པའི་སྐྱོན་དང་།   མ་ངེས་པའི་སྐྱོན་དང་།   སྐྱོན་དེ་རང་གི་གཞན་གྲགས་ལ་མི་འཇུག་པའི་རྒྱུ་མཚན་དང་ལྔའོ།།   དང་བོ་ལ།  དོན་དམ་གྱི་ཁྱད་པར་སྦྱར་བ་དོན་མེད་པར་བཤད་པ་དང་།   ཆོས་ཅན་སྤྱི་ཙམ་འཛིན་པའི་ལན་དགག་པ་གཉིས།   དང་བོ་ལ།   ཆོས་ཀྱི་ཁྱད་པར་ལ་སྦྱར་དགོས་པ་དགག་པ་དང་།   ཆོས་ཅན་གྱི་ཁྱད་པར་ལ་སྦྱར་དགོས་པ་དགག་པ་གཉིས།  དང་བོ་ནི།   སྡོམ་ལས། 

ཆོས་ལ་སྦྱར་ན་དབུ་མ་བས།།

བདག་སྐྱེ་གཏན་ནས་མི་འདོད་ཕྱིར།།

ཐ་སྙདཙམ་དུ་དགག་དགོས་སོ།།

ཕྱི་རྒོལ་གྲངས་ཅན་བདེན་གཉིས་ལས།།

ཉམས་ལ་གཉིས་ཀར་དགག་པར་རིགས།།

འཇིག་རྟེན་རང་གས་སྐྱེ་ཙམ་ལས།།

བདག་སྐྱེ་གཞན་སྐྱེ་མི་དཔྱོད་པས།།

གང་ལ་ལྟོས་ཀྱང་དགོས་མེད་དོ།།

ཞེས་བྱུང་།  དོན་ནི། 

ལེགས་ལྡན་ཁྱོད་ཀྱིས་དོན་དམ་པར་ནི་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ།  ཡོད་པའི་ཕྱིར།  དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ།།  ཞེས་སྨྲས་པའི་དོན་དམ་གྱི་ཁྱད་པར་བསྒྲུབ་བྱའི་ཆོས་ལ་སྦྱར་ན་མི་འཐད་པར་ཐལ།  སྔ་རྒོལ་དབུ་མ་བས་བདག་སྐྱེ་གཏན་ནས་མི་འདོད་པའི་ཕྱིར་དེ་ལ་ལྟོས་ཏེ་བདག་སྐྱེ་ཐ་སྙད་ཙམ་དུ་ཡང་དགག་དགོས་པའི་ཕྱིར་དང་།  ཕྱི་རྒོལ་གྲངས་ཅན་པ་བདེན་པ་གཉིས་ཀ་ལས་ཉམས་ལ།  དེས་ན་དེ་བདེན་པ་གཉིས་ཀ་ལས་དགག་པར་རིགས་ཀྱི་དོན་དམ་གཅིག་པུ་ལས་དགག་མི་རིགས་པའི་ཕྱིར་དང་།  འཇིག་རྟེན་རང་ག་བས་ས་བོན་ལས་མྱུ་གུ་སྐྱེ་བ་ཙམ་མ་གཏོགས་བདག་ལས་སྐྱེའམ་གཞན་ལས་སྐྱེ་སོགས་མི་དཔྱོད་པས་ཁྱོད་ཀྱིས་དོན་དམ་གྱི་ཁྱད་པར་སྦྱར་བ་ནི་དེ་དག་གང་ལ་ལྟོས་ཀྱང་དགོས་པ་མེད་དོ།།  ཞེས་པའོ།།

གཉིས་པ་ནི།  སྡོམ་ལས།   ཆོས་ཅན་ལ་སྦྱར་སྔ་རྒོལ་ལ།།

ལྟོས་པའི་ཆོས་ཅན་མ་གྲུབ་པའི།།

ཕྱོགས་སམ་རྟགས་ཀྱི་སྐྱོན་དུ་འགྱུར།།

གལ་ཏེ་ཀུན་རྫོབ་ཆོས་ཅན་ལ།།

སྦྱར་ན་དོན་དམ་སྦྱོར་བ་འཇིག།

དེ་སྐད་བརྗོད་རིགས་མ་སྨྲས་དང་།།

སྨྲས་ནའང་གྲངས་ཅན་མིག་ལ་སོགས།།

བདེན་པར་གྲུབ་པར་འདོད་པས་ན།།

གཞི་མ་གྲུབ་པའི་ཕྱོགས་སྐྱོན་འགྱུར།།

ཞེས་བྱུང་།  དོན་ནི།  ཡང་ན།  གོང་དུ་དོན་དམ་གྱི་ཁྱད་པར་སྦྱར་བ་དེ་ཆོས་ལ་མི་སྦྱར་བར་ཆོས་ཅན་ལ་སྦྱར་བ་ཡིན་ཟེར་ན།   དབུ་མ་བས་དོན་དམ་པར་གྲུབ་པའི་མིག་སོགས་མི་འདོད་པས་སྔ་རྒོལ་ལ་ལྟོས་པའི་ཆོས་ཅན་མ་གྲུབ་པའི་ཕྱོགས་སམ་རྟགས་ཀྱི་སྐྱོན་དུ་འགྱུར་བ་དང་། 

གལ་ཏེ་ཀུན་རྫོབ་ཆོས་ཅན་ལ་སྦྱར་ནས་ཀུན་རྫོབ་ཏུ་གྲུབ་པའི་མིག་སོགས་ཆོས་ཅན།  ཞེས་སྦྱར་བ་ཡིན་ཟེར་ན་དོན་དམ་སྦྱོར་བའི་དམ་བཅའ་འཇིག་པ་དང་།  བདག་སྐྱེ་འགོག་པའི་སྐབས་སུ་ཀུན་རྫོབ་སྦྱར་དགོས་ན་སྟོན་པ་དང་སློབ་དཔོན་སོགས་ཀྱིས་དེ་སྐད་བརྗོད་རིགས་ཀྱང་མ་སྨྲས་པ་དང་།  སྨྲས་ནའང་གྲངས་ཅན་པས་མིག་ལ་སོགས་པ་དབུ་མ་བས་འདོད་པ་ལྟར་གྱི་བདེན་པར་གྲུབ་པར་འདོད་པས་ན་གྲངས་ཅན་པ་ལ་ལྟོས་ཏེ་གཞི་མ་གྲུབ་པའི་ཕྱོགས་སྐྱོན་དུ་འགྱུར་ཞེས་པའོ།། 

གཉིས་པ་ཆོས་ཅན་སྤྱི་ཙམ་འཛིན་པའི་ལན་དགག་པ་ནི།  སྡོམ་ལས། 

རང་སྡེ་འོག་མས་བྱེ་བྲག་པར།།

སྒྲ་མི་རྟག་པར་སྒྲུབ་པའི་ཚེ།།

འབྱུང་འགྱུར་ནམ་མཁའི་ཡོན་ཏན་སོགས།།

རང་རང་ཐུན་མོང་མ་ཡིན་པའི།།

ཁྱད་པར་དོར་བའི་སྒྲ་ཙམ་ཞིག།

ཆོས་ཅན་ཉིད་དུ་འཛིན་པ་བཞིན།།

འདིར་ཡང་དོན་དམ་ཀུན་རྫོབ་ཀྱི།།

ཁྱད་པར་དོར་བའི་མིག་སོགས་ཙམ།།

ཆོས་ཅན་འཛིན་ཕྱིར་མ་གྲུབ་པའི།།

ཕྱོགས་ཀྱི་སྐྱོན་སོགས་མེད་ཅེ་ན།།

དོན་ནི་དེ་ལྟར་མི་འཐད་དེ།།

ལེགས་ལྡན་ཆོས་ཀུན་རང་མཚན་གྱིས།།

གྲུབ་པར་ཁས་བླངས་དེ་ལྟ་ན།།

མིག་སོགས་གནས་ལུགས་འཇལ་བ་ཡི།།

མ་འཁྲུལ་ཚད་མའི་རྙེད་དོན་དུ།།

ཁས་ལེན་དགོས་ཕྱིར་གྲངས་ཅན་གྱི།།

འཁྲུལ་ཤེས་ཡུལ་དུ་མེད་དགོས་ཏེ།།

ཕྱིན་ཅི་ལོག་དང་མ་ལོག་པའི།།

རྙེད་དོན་གཉིས་པོ་འགལ་བས་སོ།།

ཞེས་བྱུང་།  དོན་ནི།  ཆོས་ཅན་སྤྱི་ཙམ་འཛིན་པའི་ལན་དགག་པ་ནི།  ལེགས་ལྡན་ན་རེ།  ཡང་ན།  ཀུན་རྫོབ་དང་དོན་དམ་པའི་ཁྱད་པར་དེ་ལྟར་མི་སྦྱོར་བར་མིག་སོགས་སྔ་རྒོལ་ཕྱི་རྒོལ་གཉིས་ཀའི་ཐུན་མོང་བའི་སྤྱི་ཙམ་ཞིག་འཛིན་པ་ཡིན་པས་སྐྱོན་དེ་དག་མི་འབྱུང་བའི་ཕྱིར།  དཔེར་ན།  རང་སྡེ་འོག་མས་ཕྱི་རོལ་བྱེ་བྲག་པ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་འབྱུང་འགྱུར་གྱི་སྒྲ་རྩོད་གཞིར་བཟུང་ན་བྱེ་བྲག་པ་ལ་མ་གྲུབ་པ་དང་།  ནམ་མཁའི་ཡོན་ཏན་གྱི་སྒྲ་རྩོད་གཞིར་བཟུང་ན་ནང་བ་ལ་མ་གྲུབ་པ་སོགས་སྐྱོན་ཡོད་ཀྱང་།  གྲུབ་མཐའ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་པར་རྣམས་དོར་ནས་སྒྲ་ཙམ་ཞིག་ཆོས་ཅན་དུ་འཛིན་པ་བཞིན།   བདག་སྐྱེ་འགོག་པའི་སྐབས་འདིར་ཡང་དོན་དམ་དང་ཀུན་རྫོབ་ཀྱི་ཁྱད་པར་དོར་བའི་མིག་སོགས་ཙམ་ཆོས་ཅན་དུ་འཛིན་པའི་ཕྱིར་ན།   དེ་ལ་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་སོགས་མེད་ཅེ་ན།  དཔེ་དེ་ལྟར་ཡིན་ཡང་དོན་ནི་དེ་ལྟར་འཐད་པ་མ་ཡིན་ཏེ།  ལེགས་ལྡན་གྱིས་ཆོས་ཀུན་རང་མཚན་གྱིས་གྲུབ་པར་ཁས་བླངས་ཡོད་ལ།  དེ་ལྟ་ན་མིག་ལ་སོགས་པ་གནས་ལུགས་འཇལ་བའི་ཚད་མའི་རྙེད་དོན་དུ་ཁས་ལེན་དགོས་པའི་ཕྱིར།  དེ་དགོས་ཚུལ་ནི་མིག་ལ་སོགས་པའི་ཆོས་ཀུན་རང་མཚན་གྱིས་གྲུབ་པར་ཁས་བླངས་ན་དོན་གྱིས་དེ་དག་བདེན་གྲུབ་ཏུ་ཡང་ཁས་བླངས་ཡོད་ལ།   ལེགས་ལྡན་ལུགས་ལ་བདེན་པར་གྲུབ་ན་དེ་འཇལ་བྱེད་མཉམ་བཞག་ཡེ་ཤེས་ཀྱི་རྙེད་དོན་དུ་འདོད་དགོས་པ་གྲུབ་མཐའ་རྩ་བར།  ༡༠ བདེན་ན་རིགས་ངོར་ཡོད་དགོས་བདེན་གྲུབ་ཕྱིར།།  དེར་ཡོད་བདེན་གྲུབ་མི་དགོས་ཆོས་ཉིད་བཞིན།།  ཞེས་གསུངས་པའི་ཕྱིར།  འདིར་རིག་པས་ཕུལ་ན་མིག་སོགས་རང་མཚན་གྱིས་གྲུབ་པར་ཁས་བླངས་ན་མིག་སོགས་མཉམ་བཞག་ཡེ་ཤེས་སམ་གནས་ལུགས་འཇལ་བའི་མ་འཁྲུལ་བའི་ཚད་མའི་རྙེད་དོན་དུ་ཁས་ལེན་དགོས་པའི་ཕྱིར། 

དེས་ན་མིག་ལ་སོགས་པ་དེ་དག་བདེན་པ་གཉིས་ཀ་ལས་ཉམས་པའི་གྲངས་ཅན་གྱི་འཁྲུལ་ཤེས་ཡུལ་དུ་མེད་དགོས་ཏེ།  ཕྱིན་ཅི་ལོག་པ་དང་ཕྱིན་ཅི་མ་ལོག་པའི་ཚད་མའི་རྙེད་དོན་གཉིས་པོ་འགལ་བ་ཡིན་པས་སོ།།  ཞེས་པའོ།།  འདི་དྲང་ངེས་ལྟར་ལ།  ལྷག་མཐོང་ཆེན་མོ་ལྟར་ན། 

སྡོམ་ལས།  ཡང་ན་དབུ་མའི་ལུགས་ལ་ནི།།

མིག་སོགས་ཕྱིན་ཅི་ལོག་ཙམ་གྱི།།

ཤེས་པའི་རྙེད་དོན་ཡིན་དགོས་ལ།།

དངོས་སྨྲས་ལུགས་ལ་མ་ལོག་པའི།།

རྙེད་དོན་ཡིན་པར་འདོད་པས་ན།།

ཆོས་ཅན་རྒོལ་བ་གཉིས་ཀ་ལ།།

ཚད་མས་གྲུབ་ཚུལ་མཐུན་སྣང་མེད།།

རབ་རིབ་ཡོད་མེད་གཉིས་ཀ་ལ།།

སྐྲ་ཤད་མཐུན་སྣང་མེད་བཞིན་ནོ།།

མདོར་ན་རང་མཚན་ཁས་བླངས་ཕྱིན།།

དོན་དམ་ཀུན་རྫོབ་གང་གི་ཡང་།།

ཁྱད་པར་དོར་བའི་དོན་ཙམ་ལ།།

ཚད་མར་འགྲོ་ཚུལ་མི་སྲིད་དོ།།

དཔེ་ནི་འདྲ་བ་མ་ཡིན་ཏེ།།

རང་རྒྱུད་མན་ཆད་རང་མཚན་གྱིས།།

གྲུབ་པར་ཁས་ལེན་མཐུན་པས་ན།།

ཆོས་ཅན་གྲུབ་ཚུལ་མཐུན་སྣང་ཡོད།།

ཐལ་རང་གཉིས་ལ་ཆོས་ཅན་ནི།།

ཚད་མས་གྲུབ་ཚུལ་མཐུན་སྣང་མེད།།

ཅེས་བྱུང་།  དོན་ནི།  ཡང་ན་དབུ་མ་བ་སུའི་ལུགས་ལ་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་འདོད་པ་འདྲ་བས་ན།  རང་རྒྱུད་པས་ཀྱང་མིག་ལ་སོགས་པའི་ཆོས་རྣམས་རང་མཚན་གྱིས་མ་གྲུབ་པའང་དོན་གྱིས་ཁས་བླངས་ཡོད་ལ།  དེས་ན་མིག་ལ་སོགས་པ་རང་མཚན་གྱིས་མ་གྲུབ་བཞིན་དུ་དེར་སྣང་བའི་ཕྱིན་ཅི་ལོག་གི་ཤེས་པའི་རྙེད་དོན་ཡིན་དགོས་ལ།  སེམས་ཙམ་པ་སོགས་རང་སྡེ་དང་།  གྲངས་ཅན་པ་སོགས་གཞན་སྡེ་དངོས་སྨྲས་ལུགས་ལ་མིག་ལ་སོགས་པ་དེ་དག་རང་མཚན་གྱིས་གྲུབ་པར་སྣང་བ་བཞིན་དུ་གྲུབ་པའི་ཕྱིར།  དེ་དག་ཕྱིན་ཅི་མ་ལོག་པའི་ཚད་མས་རྙེད་དོན་ཡིན་པར་འདོད་པས་ན།  ཆོས་ཅན་མིག་ལ་སོགས་པ་དེ་དག་རྒོལ་བ་གཉིས་ཀ་ལ་ཚད་མའི་གྲུབ་ཚུལ་མཐུན་སྣང་བ་མེད་དེ།  དཔེར་ན་མིག་ལ་རབ་རིབ་ཡོད་མེད་གཉིས་ཀ་ལ་སྐྲ་ཤད་མཐུན་སྣང་བ་མེད་པ་བཞིན་ནོ།།  མདོར་བསྡུ་ན་རང་མཚན་གྱིས་གྲུབ་པ་ཁས་བླངས་ཕྱིན་ཆད།   དོན་དམ་པ་དང་ཀུན་རྫོབ་གང་གི་ཡང་ཁྱད་པར་དོར་བའི་དོན་མིག་སོགས་ཙམ་ལ་ཚད་མར་འགྲོ་ཚུལ་མི་སྲིད་དོ།།  རང་སྡེ་འོག་མས་བྱེ་བྲག་པ་སོགས་ལ་སྒྲ་མི་རྟག་པར་སྒྲུབ་ཚེ་སྒྲ་ཙམ་ཆོས་ཅན་དུ་འཛིན་པའི་དཔེ་དེ་དང་།  སྐབས་འདིའི་དོན་ནི་འདྲ་བ་མ་ཡིན་ཏེ།  རང་རྒྱུད་པ་མན་ཆད་ཀྱིས་རང་མཚན་གྱིས་གྲུབ་པར་ཁས་ལེན་མཐུན་པས་ན་དེ་དག་ལ་ཆོས་ཅན་གྲུབ་ཚུལ་མཐུན་སྣང་བ་ཡོད་ཀྱང་།  དབུ་མ་ཐལ་རང་གཉིས་ལ་ཆོས་ཅན་གྲུབ་ཚུལ་མཐུན་སྣང་བ་མེད་ཅེས་པའོ།།

གཉིས་པ།  བདག་སྐྱེ་འགོག་པའི་རྟགས་མ་གྲུབ་པར་ཐལ་བ་ལེགས་ལྡན་གྱིས་ཁས་བླངས་ཚུལ་ནི།  སྡོམ་ལས།  ཆོས་ཅན་མཐུན་སྣང་མ་གྲུབ་པའི།།

ཕྱོགས་སྐྱོན་འགྱུར་བའི་རིགས་པ་དེས།།

སྦྱོར་བའི་གཏན་ཚིགས་ཡོད་པའི་ཕྱིར།།

ཞེས་པའང་མ་གྲུབ་ཚུལ་ལ་སྦྱར།།

དེ་ལྟར་སྦྱར་ནས་འགོག་ཚུལ་དེ།།

ལེགས་ལྡན་དོན་གྱིས་ཁས་བླངས་ཏེ།།

དངོས་སྨྲས་སྒྲུབ་བྱེད་བཀོད་པ་ཡི།།

རྟགས་ལ་ལེགས་ལྡན་བདེན་གཉིས་ཀྱི།།

བརྟགས་པ་བྱས་ནས་འགོག་པས་ན།།

དེ་ནི་རང་ལའང་མཚུངས་པས་སོ།།

ཞེས་བྱུང་།  དོན་ནི།  གོང་གི་ཆོས་ཅན་མཐུན་སྣང་བ་མ་གྲུབ་པའི་ཕྱོགས་སྐྱོན་འགྱུར་བའི་རིགས་པ་དེས།  ལེགས་ལྡན་གྱིས་བཀོད་པའི་སྦྱོར་བ།  དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ།  ཡོད་པའི་ཕྱིར།  དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ།།  ཞེས་པའི་གཏན་ཚིགས་ཡོད་པའི་ཕྱིར་ཞེས་པའང་དངོས་སྨྲ་དང་དབུ་མ་བ་གཉིས་ལ་མཐུན་སྣང་དུ་མ་གྲུབ་ཚུལ་ལ་གོང་ལྟར་སྦྱར་རོོ།།  དེ་ལྟར་ཕྱོགས་དང་རྟགས་ལ་སྦྱར་ནས་འགོག་ཚུལ་འདི་ལེགས་ལྡན་གྱིས་དངོས་སུ་ཁས་མ་བླངས་ཀྱང་དོན་གྱིས་ཁས་བླངས་པར་སོང་ཞིང་ཁས་ལེན་དགོས་ཏེ།  དངོས་སྨྲས་སྒྲུབ་བྱེད་བཀོད་པའི་རྟགས།  ནང་གི་སྐྱེ་མཆེད་རྣམས་ཆོས་ཅན།  རྒྱུ་ཡོད་པ་ཁོ་ན་ཡིན་ཏེ།  དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར།  ཞེས་པ་ལ་ལེགས་ལྡན་གྱིས་ཁྱེད་ཀྱི་དེ་བདེན་གཉིས་གང་གི་དབང་དུ་བྱས་པ་སོགས་བརྟགས་པ་བྱས་ནས་འགོག་པས་ན།  སྐབས་འདིར་དེ་ནི་ལེགས་ལྡན་རང་ལའང་མཚུངས་པས་སོ།།  ཞེས་པའོ།།

གསུམ་པ།  རང་རྒྱུད་ཀྱི་སྦྱོར་བ་གཞན་ལའང་མ་གྲུབ་པའི་སྐྱོན་ནི།  སྡོམ་ལས།

རང་རྒྱུད་སྦྱོར་བ་གཞན་རྣམས་ལ།།

སྐྱོན་བརྗོད་དེ་བཞིན་སྦྱར་བར་བྱ།།

ཞེས་བྱུང་།  དོན་ནི།  རང་རྒྱུད་ཀྱི་སྦྱོར་བ་གཞན་པ་སྟེ།  བརྟེན་པ་དང་བཅས་པའི་མིག་ཆོས་ཅན།  དོན་དམ་པར་གཟུགས་ལ་མི་བལྟ་སྟེ།  མིག་གི་དབང་བོ་ཡིན་པའི་ཕྱིར།  དཔེར་ན་དེ་མཚུངས་ཀྱི་མིག་དབང་བཞིན།  ཞེས་པ་ལྟ་བུ་རྣམས་ལའང་སྐྱོན་བརྗོད་དེ་བཞིན་དུ་སྦྱར་བར་བྱ།  ཞེས་པའོ།།

བཞི་བ།  མ་ངེས་པའི་སྐྱོན་ནི།  སྡོམ་ལས། 

ཡོད་པ་རྟགས་སུ་བཀོད་པ་དེ།།

ཤེས་པ་ཡོད་བཞིན་མི་སྐྱེ་བའམ།།

བུམ་སོགས་ལྟར་དུ་སྐྱེ་སྙམ་དུ།།

གྲགས་ཅན་མ་ངེས་སྐྱོན་ཡང་ཡོད།།

ཅེས་བྱུང་།  དོན་ནི།  ལེགས་ལྡན་ཁྱོད་ཀྱིས་མིག་སོགས་ཆོས་ཅན།  དོན་དམ་པར་བདག་ལས་མི་སྐྱེ་སྟེ།  ཡོད་པའི་ཕྱིར།  ཞེས་པའི་རྟགས་འདི་ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པའི་སྐྱོན་ཡོད་པར་མ་ཟད་མ་ངེས་པའི་སྐྱོན་ཡང་ཡོད་པར་ཐལ།  འདི་ལ་མིག་སོགས་རྣམས་ཡོད་པའི་ཕྱིར་ཞེས་པ།  ཤེས་པ་ཡོད་པ་ལྟར་བདག་ལས་མི་སྐྱེ་བ་ཞིག་གམ།  བུམ་སོགས་ལྟར་དུ་བདག་ལས་སྐྱེ་བ་ཞིག་ཡིན་སྙམ་དུ་གྲངས་ཅན་མ་ངེས་པའི་སྐྱོན་ཡང་ཡོད་དེ།  དེའི་ལུགས་ལ་བདག་ཤེས་རིག་གི་སྐྱེས་བུ་ལྟ་བུ་ཡོད་པ་དང་བདག་ལས་མི་སྐྱེ་བར་འདོད་ལ།  བུམ་པ་ལྟ་བུ་ཡོད་པ་དང་བདག་ལས་སྐྱེ་བ་གཉིས་ཀ་ཡིན་པར་འདོད་པའི་ཕྱིར།  ཞེས་པའོ།།

ལྔ་བ།  སྐྱོན་དེ་རང་གི་གཞན་གྲགས་ལ་མི་འཇུག་པའི་རྒྱུ་མཚན་ནི།  སྡོམ་ལས། 

ཇི་སྐད་བཤད་པའི་སྐྱོན་དེ་རྣམས།།

རང་ལ་མི་མཚུངས་རང་རྒྱུད་ཀྱི།།

རྟགས་སྦྱོར་འདོད་པ་མ་ཡིན་ལ།།

གཞན་གྲགས་རྟགས་ལ་སྐྱོན་མི་འཇུག།

རྟགས་ཆོས་དོན་གསུམ་རང་ངོས་ནས།།

གྲུབ་པར་རྒོལ་བ་གཉིས་ཀའི་ངོར།།

མཐུན་སྣང་གྲུབ་ལ་རང་རྒྱུད་ཟེར།།

དེ་ལྟར་མཐུན་སྣང་མི་དགོས་པར།།

ཕྱི་རྒོལ་རང་གི་ཁས་བླངས་ལ།།

འཁྲིས་པའི་རྟགས་ནི་གཞན་གྲགས་ཡིན།།

མདོར་ན་རང་རྒྱུད་འགོག་པ་ནི།།

ཆོས་ཅན་མཐུན་སྣང་འགོག་ཚུལ་དང་།།

དེ་ཡང་རང་ངོས་ནས་གྲུབ་པ།།

འགོག་པའི་གནད་ལ་ཐུག་པ་ཡིན།།

ཞེས་བྱུང་།  དོན་ནི།  སྔར་ལེགས་ལྡན་ལ་ཇི་སྐད་བཤད་པའི་སྐྱོན་དེ་རྣམས་སངས་རྒྱས་བསྐྱངས་དང་ཟླ་བ་རང་ལ་མི་མཚུངས་ཏེ།  རང་རྒྱུད་ཀྱི་རྟགས་དང་སྦྱོར་བ་འདོད་པ་མ་ཡིན་པའི་ཕྱིར།  གཞན་གྲགས་ཀྱི་རྟགས་ལ་སྐྱོན་དེ་དག་མི་འཇུག་པའོ།།  རང་རྒྱུད་ཀྱི་རྟགས་ཞེས་པ་ནི་རྟགས་ཆོས་དོན་གསུམ་རང་ངོས་ནས་གྲུབ་པ།  སྔ་རྒོལ་ཕྱི་རྒོལ་གཉིས་ཀའི་ངོར་མཐུན་སྣང་དུ་གྲུབ་པའི་རྟགས་ལ་རང་རྒྱུད་ཀྱི་རྟགས་ཟེར་བ་དང་།  དེ་ལྟར་རྒོལ་བ་གཉིས་ཀའི་ངོར་མཐུན་སྣང་དུ་གྲུབ་མི་དགོས་པར།  ཕྱི་རྒོལ་རང་ཉིད་ཀྱི་ཁས་བླངས་ལ་འཁྲིས་པའམ་དེ་ལ་བརྟེན་ནས་ཁྱེད་ལྟར་ན་འདི་དང་འདིར་འགྱུར་སོགས་ཀྱི་རྟགས་སམ་སྦྱོར་བ་དེ་ནི་གཞན་གྲགས་ཀྱི་རྟགས་ཡིན་ནོ།།  མདོར་བསྡུ་ན་རང་རྒྱུད་འགོག་ཅེས་པ་ཡང་ཆོས་ཅན་མཐུན་སྣང་བ་འགོག་ཚུལ་དང་།  དེ་ཡང་རང་ངོས་ནས་གྲུབ་པའམ་རང་བཞིན་གྱིས་གྲུབ་པ་འགོག་པའི་གནད་འདི་ལ་ཐུག་པ་ཡིན་ཞེས་པའོོ།། 

གཉིས་གཞན་སྐྱེ་དགག་པ་ལ་བཞི།  གཞན་སྐྱེ་འདོད་མཁན་ངོས་བཟུང་བ་དང་།  གཞན་སྐྱེ་འདོད་པའི་ལུགས་དགག་པ།  དེ་ལ་ལེགས་ལྡན་གྱིས་སྐྱོན་བརྗོད་ཚུལ།  དེ་ལ་ཟླ་བས་སྐྱོན་སྤོང་བྱེད་ཚུལ་ལོ།།  དང་བོ་ནི།  སྡོམ་ལས། 

རང་གཞན་གྱིས་གྲུབ་རྒྱུ་གཞན་ལས།།

དེ་འདྲའི་འབྲས་གཞན་སྐྱེ་བ་ནི།།

གཞན་སྐྱེའི་དོན་ཏེ་ཐལ་འགྱུར་བ།།

མ་གཏོགས་རང་སྡེ་ཐམས་ཅད་དང་།།

གཞན་སྡེ་འགས་ཀྱང་འདོད་པ་ཡིན།།

ཞེས་བྱུང་།  དོན་ནི།  གཞན་སྐྱེ་ཞེས་པ་རྒྱུ་འབྲས་གཉིས་ངོ་བོ་ཐ་དད་ནས་གཞན་ཡིན་པ་ཙམ་ལ་མི་བྱེད་པར།  རང་བཞིན་གྱིས་གྲུབ་པའི་རྒྱུ་གཞན་ཞིག་ལས་རང་བཞིན་གྱིས་གྲུབ་པའི་འབྲས་བུ་གཞན་ཞིག་སྐྱེ་བ་ནི་གཞན་སྐྱེའི་དོན་ཡིན་ཏེ།  དེ་ནི་ཐལ་འགྱུར་བ་མ་གཏོགས་རང་སྡེ་ཐམས་ཅད་དང་།  གྲངས་ཅན་པ་སོགས་གཞན་སྡེ་འགས་ཀྱང་འདོད་པ་ཡིན་ཞེས་པའོ།།

གཉིས་པ་ནི།  སྡོམ་ལས།  འགོག་ཚུལ་བུདྡྷ་པཱ་ལི་ཏར།།

གཞན་ལས་སྐྱེ་དང་ཐམས་ཅད་ལས།།

ཐམས་ཅད་མི་སྐྱེ་འགལ་བརྗོད་ཀྱི།།

ཐལ་འགྱུར་སྒོ་ནས་དགག་པར་མཛད།།

ཅེས་བྱུང་།  དོན་ནི།  གཞན་སྐྱེ་འགོག་ཚུལ་ནི།  འགྲེལ་བ་བུདྡྷ་པཱ་ལི་ཏར། ༡༡ གཞན་ལས་སྐྱེ་བ་མེད་དོ།།  ཅིའི་ཕྱིར་ཞེ་ན།  ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ།།  ཞེས་གསུངས་པ་དཔེར་ན་ཀ་བའི་རྒྱུ་ལས་བུམ་པ་སྐྱེ་བར་ཐལ་བ་སོགས་འགལ་བ་བརྗོད་པའི་ཐལ་འགྱུར་གྱི་སྒོ་ནས་དགག་པར་མཛད།  ཅེས་པའོ།། 

གསུམ་པ་ནི།  སྡོམ་ལས།  དེ་ལ་སློབ་དཔོན་ལེགས་ལྡན་གྱིས།།

གཞན་སྐྱེ་རང་ཡང་འདོད་དགོས་ཕྱིར།།

ཐ་སྙད་ཙམ་དུ་འགོག་མི་རིགས།།

དོན་དམ་དབང་དུ་འགོག་བྱེད་ཀྱི།།

རྟགས་དཔེ་ཡང་དག་མ་བརྗོད་དང་།།

དངོས་ཟིན་དོན་ལས་བཟློག་དགོས་ཕྱིར།།

གཞན་གྱིས་ཀླན་ཀས་གླགས་རྙེད་ཅེས།།

སྐྱོན་བརྗོད་རྣམ་པ་གཉིས་མཛད་དོ།།

ཞེས་བྱུང་།  དོན་ནི།  སངས་རྒྱས་བསྐྱངས་ཀྱིས་གཞན་སྐྱེ་འགོག་བྱེད་ཀྱི་ཐལ་འགྱུར་དེ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ཀྱིས་གཞན་སྐྱེ་མི་བཞེད་པར་མ་དགོངས་ནས།  གཞན་སྐྱེ་སངས་རྒྱས་བསྐྱངས་རང་ཡང་འདོད་དགོས་པའི་ཕྱིར་ཐ་སྙད་ཙམ་དུ་གཞན་སྐྱེ་འགོག་མི་རིགས་ལ།  དེ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་སྟེ་དོན་དམ་གྱི་དབང་དུ་བྱས་ནས་གཞན་སྐྱེ་འགོག་བྱེད་ཀྱི་རྟགས་དང་དཔེ་ཡང་དག་མ་བརྗོད་པ་དང་།  དངོས་ཟིན་གྱི་དོན་ལས་བཟློག་དགོས་པའི་ཕྱིར་ན་རྒོལ་བ་གཞན་གྱིས་ཀླན་ཀས་གླགས་རྙེད་ཅེས་སྐྱོན་བརྗོད་རྣམ་པ་གཉིས་མཛད་དོ།།  བཞི་བ་ནི།  སྡོམ་ལས། 

སྐྱོན་དེའང་འཇུག་པ་མ་ཡིན་ཏེ།།

སློབ་དཔོན་གཞན་སྐྱེ་མི་བཞེད་ཅིང་།།

འགལ་བ་བརྗོད་པའི་ཐལ་འགྱུར་གྱིས།།

གཞན་སྐྱེའི་དམ་བཅའ་འགོག་ནུས་ཕྱིར།།

རང་རྒྱུད་དཔེ་རྟགས་བརྗོད་མི་རིགས།།

བཟློག་པ་འཕངས་ཀྱང་རྒྱུ་འབྲས་ཀྱི།།

འབྲེལ་བ་ངེས་པས་སྐྱོན་མེད་དོ།།

ཞེས་བྱང་།  དོན་ནི།  སྐྱོན་དེའང་སངས་རྒྱས་བསྐྱངས་ལ་འཇུག་པ་མ་ཡིན་ཏེ།  སློབ་དཔོན་གྱིས་གཞན་སྐྱེ་མི་བཞེད་ཅིང་།  གཞན་གྱི་ཁས་ལེན་ལ་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་སྒོ་ནས་གཞན་སྐྱེའི་དམ་བཅའ་འགོག་ནུས་པའི་ཕྱིར་ན་རང་རྒྱུད་ཀྱི་དཔེ་དང་རྟགས་བརྗོད་མི་དགོས་པར་མ་ཟད་དེ་བརྗོད་མི་རིགས་སོ།།  གཞན་སྐྱེ་འགོག་བྱེད་ཀྱི་ཐལ་འགྱུར་གྱིས་བཟློག་པ་འཕངས་ཀྱང་།  རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པས་ན་སྐྱོན་མེད་དོ།།  ཞེས་པའོ།།

གསུམ་པ།  བདག་གཞན་གཉིས་ཀ་ལས་སྐྱེ་བ་དགག་པ་ནི།  སྡོམ་ལས། 

བདག་གཞན་གཉིས་ཀ་ལས་སྐྱེ་བ།། 

མུ་སྟེགས་གཅེར་བུ་བ་འདོད་དེ།།

རྫ་བུམ་འཇིམ་པ་ལས་སྐྱེ་ཕྱིར།།

དེ་ལ་ལྟོས་ཏེ་བདག་སྐྱེ་དང་།།

རྫ་མཁན་འཁོར་ལོ་ལ་སོགས་ལ།།

ལྟོས་ཏེ་གཞན་སྐྱེ་ཡིན་ནོ་ཟེར།།

འགོག་ཚུལ་བདག་གཞན་སོ་སོ་བ།།

འགོག་པའི་ཚུལ་དང་མཚུངས་པ་འོ།།

ཞེས་བྱུང་།  དོན་ནི།  བདག་གཞན་གཉིས་ཀ་ལས་སྐྱེ་བར་འདོད་མཁན་ནི།  མུ་སྟེགས་གཅེར་བུ་བ་ཡིན་ལ་དེའི་འདོད་ཚུལ་ཡོད་དེ།  རྫ་བུམ་ལྟ་བུ་རང་གི་ཉེར་ལེན་འཇིམ་པ་ལས་སྐྱེ་བའི་ཕྱིར་དེ་ལ་ལྟོས་ཏེ་བདག་སྐྱེ་དང་།  དེའི་ལྷན་ཅིག་བྱེད་རྐྱེན་རྫ་མཁན་དང་འཁོར་ལོ་སོགས་ལ་ལྟོས་ཏེ་གཞན་སྐྱེ་ཡིན་ནོ་ཞེས་ཟེར་རོ།།  དེ་འགོག་ཚུལ་གོང་གི་བདག་གཞན་སོ་སོ་བ་འགོག་ཚུལ་དང་མཚུངས་པའོ་ཞེས་པའི་དོན་ནོ།།

བཞི་བ།  རྒྱུ་མེད་ལས་སྐྱེ་བ་དགག་པ་ནི།  སྡོམ་ལས།  རྒྱང་འཕེན་པ་ནི་དངོས་པོ་རྣམས།།

རྒྱུ་མེད་པ་ལས་སྐྱེ་བར་འདོད།།

རྨ་བྱའི་མདོངས་ཀྱི་མདོག་སྣ་ཚོགས།།

རང་གི་ངང་གིས་སྐྱེ་བཞིན་ཟེར།།

འདི་ལའང་བུདྡྷ་པཱ་ལི་ཏར།།

རྒྱུ་མེད་པ་ལས་སྐྱེ་བ་དང་།

རྟག་ཏུ་ཐམས་ཅད་ཐམས་ཅད་ལས།།

མི་སྐྱེ་རྩོམ་པ་དོན་ཡོད་པ།།

འགལ་བ་བརྗོད་པའི་ཐལ་འགྱུར་གྱིས།།

ལོག་རྟོག་ཐ་ཆད་དེ་བཀག་གོ།།

འདི་ལའང་སློབ་དཔོན་ལེགས་ལྡན་གྱིས།།

གོང་བཞིན་དཔེ་རྟགས་མ་བརྗོད་དང་།།

གླགས་རྙེད་པ་ཡི་སྐྱོན་གཉིས་བརྗོད།།

སྐྱོན་མི་འཇུག་ཚུལ་རིགས་བསྒྲེ་འོ།།

དེ་ཡང་བུདྡྷ་པཱ་ལི་ཏར།།

ཐལ་འགྱུར་ཁོ་ནས་དགག་པ་ལ།།

ལེགས་ལྡན་དེ་ཉིད་མ་དགོངས་པར།།

དོན་མེད་སྐྱོན་མང་བཟུང་བ་ལ།།

དཔལ་ལྡན་ཟླ་བས་སྐྱོན་བསལ་ནས།།

འཁྲུལ་མེད་རང་ལུགས་གསལ་མཛད་དོ།།

ཞེས་བྱུང་།  དོན་ནི།  ཕྱི་རོལ་རྒྱང་འཕེན་པ་ནི་དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེ་བར་འདོད་དེ།  རྨ་བྱའི་མདོངས་ཀྱི་མདོག་ཁ་དོག་སྣ་ཚོགས་པ་སོགས་སུས་ཀྱང་ཚོན་བྱུག་པ་མིན་པར།  དེ་དག་རང་གི་ངང་གིས་སྐྱེ་བཞིན་པ་ཡིན་ཞེས་ཟེར་རོ།།  འདི་ལའང་བུདྡྷ་པཱ་ལི་ཏར། ༡༡ རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ།  རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་དང་།  རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ།།  ཞེས་རྒྱང་འཕེན་པ་ཁྱེད་ཀྱིས་དངོས་པོ་རྣམས་རྒྱུ་མེད་ལས་སྐྱེ་བར་འདོད་པ་དང་།  དུས་རྟག་ཏུ་ཐམས་ཅད་ལས་ཐམས་ཅད་མི་སྐྱེ་བར་འདོད་པ་དང་།  དཔེར་ན་མྱུ་གུ་སྐྱེ་ཕྱིར་དུ་རྩོམ་པ་སོགས་དོན་ཡོད་པར་འདོད་པ་ལ་ནང་འགལ་བརྗོད་པའི་ཐལ་འགྱུར་གྱིས་སྒོ་ནས་རྒྱང་འཕེན་པའི་ལོག་རྟོག་ཐ་ཆད་དེ་བཀག་གོ།།  འདི་ལའང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་གོང་བཞིན་རང་རྒྱུད་ཀྱི་དཔེ་དང་རྟགས་མ་བརྗོད་པ་དང་།  རྒོལ་བ་གཞན་གྱིས་གླགས་རྙེད་པའི་སྐྱོན་གཉིས་བརྗོད་ཀྱང་།  སྐྱོན་དེ་དག་སངས་རྒྱས་བསྐྱངས་ལ་མི་འཇུག་ཚུལ་གོང་དང་རིགས་བསྒྲེའོ།།  དེ་ཡང་ཐལ་བཟློག་གི་སྐབས་ཀྱི་དོན་བསྡུ་ན།  བུདྡྷ་པཱ་ལི་ཏར་ཐལ་འགྱུར་ཁོ་ནས་མཐའ་བཞིའི་སྐྱེ་བ་དགག་པ་ལ།  སློབ་དཔོན་ལེགས་ལྡན་གྱིས་དེ་ཉིད་མ་དགོངས་པར་དོན་མེད་པའི་སྐྱོན་མང་བོ་ཞིག་བཟུང་བ་ལ།  དཔལ་ལྡན་ཟླ་བ་གྲགས་པས་སྐྱོན་དེ་དག་བསལ་ནས་འཁྲུལ་བ་མེད་པའི་རང་ལུགས་གསལ་བར་མཛད་དོ།།  ཞེས་པའོ།།

གསུམ་པ་མཇུག་གི་དོན་ལ།  སྦྱར་བྱང་དང་།  བསྔོ་བ་གཉིས།  དང་བོ་ནི།  སྡོམ་ལས། 

དབུ་མའི་ཐལ་བཟློག་ཅེས་གྲགས་པའི།།

རགས་རིམ་ཚིགས་སུ་བཅད་པ་འདི།།

དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས།།

རང་གི་བརྗེད་བྱང་ཆེད་དུ་བྲིས།།

ཞེས་བྱུང་།  དོན་ནི།  དབུ་མའི་སྐབས་འདིར་སངས་རྒྱས་བསྐྱངས་ཀྱིས་མཐའ་བཞིའི་སྐྱེ་བ་བཀག་པ་ལ།  ས྄ོབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྐྱོན་མང་བོ་བརྗོད་པའི་སྒོ་ནས་ཐལ་བ་འཕངས་པ་དེ་དག་ཕྱིར་བཟློག་པའམ་སངས་རྒྱས་བསྐྱངས་ལ་སྐྱོན་མི་འཇུག་པར་མ་ཟད།  ལེགས་ལྡན་རང་ལ་སྐྱོན་མང་བོ་བརྗོད་པས་དབུ་མའི་ཐལ་བཟློག་ཅེས་གྲགས་པའི་གཞུང་དོན་རགས་རིམ་ཙམ་ཚིགས་སུ་བཅད་པ་འདི་ནི།  ཀུན་བཤད་ཀྱི་མིང་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་རང་གི་བརྗེད་བྱང་གི་ཆེད་དུ་བྲིས་ཞེས་པའོ།།

གཉིས་པ་ནི།   སྡོམ་ལས།  ནོངས་གང་གཟུར་གནས་མཁས་ལ་བཤགས།།

ལེགས་ཆ་སྐལ་མཉམ་རྣམས་ལ་འབུལ།།

དགེ་བས་ཀླུ་སྒྲུབ་ཡབ་སྲས་ཀྱི།།

དགོངས་དོན་མ་ནོར་རྟོགས་གྱུར་ཅིག།

སརྦ་མངྒ་ལཾ།  ཞེས་བྱུང་།  དོན་ནི།  གཞུང་འདིར་ནོངས་པ་སྟེ་སྐྱོན་གང་ཡོད་རྣམས་གཟུ་བོར་གནས་པའི་མཁས་པ་རྣམས་ལ་བཤགས་སོ།།  ལེགས་པའི་ཆ་ཇི་ཡོད་རང་དང་སྐལ་བ་མཉམ་པ་རྣམས་ལ་སྐྱེས་སུ་འབུལ་བ་དང་།  དེ་དག་གི་དགེ་བས་ཟབ་མོ་སྟོང་བ་ཉིད་ཀྱི་དོན་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་དོན་མ་ནོར་བ་རྟོགས་པའི་རྒྱུར་གྱུར་ཅིག།  ཐམས་ཅད་ལ་བཀྲ་ཤིས།  ཞེས་པའོ།།

རང་བློ་གོམས་ཕྱིར་ཅུང་ཟད་དཔྱད་ཁུལ་ན།    མཐའ་དཔྱོད་རྒྱས་པ་ལས།  ༢༧༨  འདི་ལ་སྤྱི་དོན་དང་མཐའ་དཔྱད་པ་གཉིས།  དང་བོ་ལ།  སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་བཀག་ཚུལ།  དེ་ལ་ལེགས་ལྡན་གྱིས་སྐྱོན་བརྗོད་ཚུལ།  སངས་རྒྱས་བསྐྱངས་ལ་སྐྱོན་མེད་པར་ཟླ་བས་བཤད་ཚུལ་གསུམ།   ཞེས་གསུངས།   འདོད་ན།  ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་པའམ་དེས་སངས་རྒྱས་བསྐྱངས་བཀག་པར་ཐལ།  འདོད་མི་ནུས་ཏེ།   གལ་ཏེ་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་བཀག་ན་སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་སྐབས་ཀྱི་ཐལ་འགྱུར་དེ་འགོག་དགོས་ལ་དེ་ལེགས་ལྡན་གྱིས་མ་དགོངས་པའི་ཕྱིར།  མ་ཁྱབ་ལེགས་ཀྱིས་སངས་རྒྱས་བསྐྱངས་ཀྱི་དགོངས་ཚོད་བླངས་པའི་ཐལ་འགྱུར་དེ་བཀག་པ་དང་།  ལེགས་ལྡན་ལྡན་གྱིས་སངས་རྒྱས་བསྐྱངས་ལ་འདི་ལྟར་བསྟན་ན་སྐྱོན་ཡོད་ཅེས་བརྗོད་པས་བརྗོད་འདོད་ཀྱིས་དབང་གིས་ཡིན་པའི་ཕྱིར་ཏེ།   ཐལ་ལྡོག་ཟིན་བྲིས་ལས།  ༢༩༢ རང་ལུགས་ནི།  སངས་རྒྱས་བསྐྱངས་ཀྱི་ཐལ་འགྱུར་ལ་ལེགས་ལྡན་གྱི་སྐྱོན་བརྗོད་པ་ཐལ་འགྱུར་བའི་ལུགས་སུའང་ཡིན།  འགྲེལ་བ་ལའང་སྐྱོན་བརྗོད་པ་ལེགས་ལྡན་གྱིས་བརྗོད་འདོད་དབང་གིས་ཡིན་ཞེས་ལན་འདེབས།  འདི་ལས་བརྒལ་ན་འཛིན་དཀའ།  ཞེས་དང་།   རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་དབུ་མ་ལས།  ༡༢༢  ཡང་ཁོ་ན་རེ།  ཐལ་འགྱུར་བའི་ལུགས་ལ་ལེགས་ལྡན་གྱིས་མདོར་བསྟན་ལ་སྐྱོན་མ་བརྗོད་པར་ཐལ།  དེའི་དངོས་བསྟན་གྱི་སྦྱོར་བ་དང་ཐལ་འགྱུར་གང་ལ་ཡང་སྐྱོན་མ་བརྗོད་པའི་ཕྱིར་ཏེ།   དེ་གང་ཡང་ངོས་མ་ཟིན་པའི་ཕྱིར་ན་མ་ཁྱབ་སྟེ།  འདི་ལྟར་བསྟན་ན་སྐྱོན་ཡོད་ཅེས་བརྗོད་པས་སྐྱོན་བརྗོད་པར་འདོད་དགོས་པའི་ཕྱིར།  འོ་ན།  ལེགས་ལྡན་གྱིས་སྐྱོན་བརྗོད་ཡུལ་གྱི་སྦྱོར་བ་མེད་པར་ཐལ།  འདོད་པའི་ཕྱིར།  འདོད་མི་ནུས་ཏེ།  ཚིག་གསལ་ལས།  བསྒྲུབ་པར་བྱ་བ་དང་།  དེའི་ཆོས་བཟློག་པའི་དོན་མངོན་པས།  ཞེས་གསུངས་པའི་ཕྱིར།  ཡོད་ན་སྦྱོར་བ་དེ་སངས་རྒྱས་བསྐྱངས་ཀྱིས་བཀོད་པ་མིན།  ལེགས་ལྡན་གྱིས་བཀོད་པ་མ་ཡིན་པའི་ཕྱིར།  དང་བོ་སླ།  གཉིས་པ་མ་གྲུབ་ན།   རང་ཉིད་ཀྱིས་རང་ཉིད་ལ་སྐྱོན་བརྗོད་པར་ཐལ།  འདོད་པའི་ཕྱིར་ན་མ་ཁྱབ་སྟེ།   ཞེས་གསུངས་པ་ལྟར་ཡིན་ཟེར་ན།  འོ་ན།   གང་ཟག་བཀྲ་ཤིས་ཀྱིས་དོན་འགྲུབ་ལ་རྡེག་འདོད་ཀྱི་བསམ་པས་སྒོ་ནས་དོན་འགྲུབ་ངོས་མ་ཟིན་པར་ཐོ་ཡོར་ལ་དབྱུག་པ་སོགས་ཀྱིས་བརྒྱབ་ན།  བཀྲ་ཤིས་ཀྱིས་དོན་འགྲུབ་ལ་རྡེག་པ་ཡིན་མིན་སོགས་སྤྲོ་བར་བྱའོ།།

མཐའ་དཔྱོད་ཆུང་བ་ལས།  ༡༧༥  སྦྱོར་བ་དེས་གཞན་སྐྱེ་ཤུགས་ལ་འཕེན་པར་ཐལ།  ཁྱོད་ཀྱིས་སྐྱེ་བ་ཐ་སྙད་པ་བསྒྲུབ་འདོད་ནས་སྦྱོར་བ་དེ་བཀོད་པ་གང་ཞིག  དེ་ལྟར་བཀོད་ན་ཤུགས་ལ་གཞན་སྐྱེ་འཕེན་པའི་ཕྱིར།  ཞེས་དང་།  མཐའ་དཔྱོད་རྒྱས་པ་ལས།  ༢༨༦  འདི་ཡང་སྨྲ་བ་བོ་ལ་འཕེན་འདོད་མེད་ན་མི་འཕེན་པའི་ཕྱིར།  ཞེས་གསུངས།  འདོད་ན།  དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་དོན་བཅས་ཡིན་པའི་ཕྱིར།  དེ་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་ཐུག་བཅས་ཡིན་པའི་ཕྱིར།   ཞེས་པའི་སྦྱོར་འདི་ལ་སྨྲ་བ་བོ་ལ་ཐ་སྙད་དུ་སྐྱེ་བ་བསྒྲུབ་འདོད་མེད་ན་དེས་ཤུགས་ལ་གཞན་སྐྱེ་མི་འཕེན་པས་ཁྱབ་པར་ཐལ། མཐའ་དཔྱོད་ཀྱི་ལུང་དོན་འཐད་པའི་ཕྱིར།  འདོད་ན།  ལྷས་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ཞེས་བརྗོད་པའི་ཚེ་ན་ཡང་སྨྲ་བ་བོ་ལ་མཚན་མོ་ཟ་བ་འཕེན་འདོད་མེད་ན་དེ་ཤུགས་ལ་མི་འཕེན་པར་ཐལ།  དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་དོན་བཅས་ཡིན་པའི་ཕྱིར།  དེ་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་ཐུག་བཅས་ཡིན་པའི་ཕྱིར།   ཞེས་པའི་སྦྱོར་འདི་ལ་སྨྲ་བ་བོ་ལ་ཐ་སྙད་དུ་སྐྱེ་བ་འཕེན་འདོད་མེད་ན་གཞན་སྐྱེ་མི་འཕེན་པའི་རྒྱུ་མཚན་ཡོད་པའི་ཕྱིར།   ཁྱབ་སྟེ།  དེ་གཉིས་དཔེ་དོན་སྦྱོར་ཚུལ་ཡོད་པའི་ཕྱིར་ཏེ།  སྟོང་ཐུན་ལས།  ༥༧༢  དེ་ཡང་དངོས་པོ་རྣམས་སྐྱེ་བ་དོན་བཅས་ཐུག་བཅས་སུ་དངོས་སུ་སྨྲས་པས་དངོས་པོ་རྣམས་སྐྱེ་བར་སྨྲས་ཤིང་།   བདག་ལས་སྐྱེ་བ་མེད་དེ།  ཞེས་པས་བདག་ལས་སྐྱེ་བ་བཀག་ལ།  སྐྱེ་བ་གཞིར་བཅས་ལ་བདག་སྐྱེ་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པས།  དངོས་པོ་རྣམས་སྐྱེ་བ་ཡིན་ཞིང་བདག་ལས་མི་སྐྱེ་ཞེས་སྨྲས་པ་ཉིད་ཀྱིས་གཞན་ལས་སྐྱེ་བར་འཕེན་པའི་ཕྱིར་ཏེ།  ལྷས་སྦྱིན་ཚོན་པོ་ཉིན་པར་མི་ཟ་བར་སྨྲས་པའི་ཤུགས་ཀྱིས་མཚན་མོ་ཟ་བར་འཕེན་པ་བཞིན་ནོ་སྙམ་དུ་བསམ་པ་སྟེ་ལེགས་ལྡན་རང་ཉིད་ཀྱང་ཐ་སྙད་དུ་གཞན་སྐྱེ་འདོད་པས་དེ་གཉིས་སུ་ཁ་ཚོན་ཆོད་པར་སྨྲ་བའོ།།  ཞེས་གསུངས།  འདོད་ན།  སྐྱེ་བ་གཞིར་བཅས་ལ་བདག་སྐྱེ་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པས།  དངོས་པོ་རྣམས་སྐྱེ་བ་ཡིན་ཞིང་བདག་ལས་མི་སྐྱེ་ཞེས་སྨྲས་པ་ཉིད་ཀྱིས་གཞན་སྐྱེ་འཕེན་པས་ཁྱབ་པར་ཐལ།   འདོད་པའི་ཕྱིར།  འདོད་ན།  སྐབས་འདིར་ཡང་དངོས་པོ་རྣམས་ཆོས་ཅན།  བདག་ལས་སྐྱེ་བ་མེད་དེ།  སྐྱེ་བ་དོན་བཅས་ཡིན་པའི་ཕྱིར།  དེ་ཆོས་ཅན།   བདག་ལས་སྐྱེ་བ་མེད་དེ།   སྐྱེ་བ་ཐུག་བཅས་ཡིན་པའི་ཕྱིར།  ཞེས་པའི་སྦྱོར་བ་འདི་ལ་ཡང་སྨྲ་བ་བོ་ལ་ཐ་སྙད་དུ་སྐྱེ་བ་འཕེན་འདོད་མེད་ན་ཡང་གཞན་སྐྱེ་འཕེན་པར་ཐལ།  འདོད་པའི་ཕྱིར།  འདོད་ན།   མདོ་ལས།  གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས།།  ཞེས་སོགས་ཀྱིས་ཀྱང་ཐ་སྙད་དུ་སྐྱེ་བ་འཕེན་པར་ཐལ།  འདོད་མི་ནུས་ཏེ།  མཐའ་དཔྱོད་རྒྱས་པ་ལས།  ༢༨༦  འདི་ཡང་སྨྲ་བ་བོ་ལ་འཕེན་འདོད་མེད་ན་མི་འཕེན་ཏེ།   མདོ་ལས།  གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས།།  ཞེས་དང་།  ལེགས་ལྡན་རང་ཉིད་ཀྱང་གཟུགས་ཆོས་ཅན།  དོན་དམ་པར་མེད་དེ།  ཡོད་པའི་ཕྱིར།  སྒྱུ་མ་བཞིན་ཞེས་པ་དག་གིས་ཐ་སྙད་དུ་སྐྱེ་བ་དང་ཡོད་པར་ཤུགས་ལ་འཕེན་པར་སུ་ཡང་མི་འདོད་པའི་ཕྱིར།  ཞེས་གསུངས་པ་དང་།  འདི་སྐོར་རྒྱས་པར་ཡིག་ཆ་སོ་སོའི་གཞུང་དང་།  བསྡུ་ན།  དགེ་སློང་རྣམ་རྒྱལ་དབང་ཆེན་གྱིས་མཛད་པའི་དབུ་མའི་དོགས་གཅོད་རྟེན་འབྱུང་སྙིང་བོ་ལས།  ༡༨༣  ཐལ་བཟློག་གི་སྐབས་ཀྱི་དཀའ་གནད་ལ་དཔྱད་པ་ནི།  ཞེས་པ་ནས།  ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཐུགས་བཞེད་ནི།  སློབ་དཔོན་ལེགས་ལྡན་འབྱེད་ལྟར་ན།  སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་འདིས་བསྟན་པའི་བདག་སྐྱེ་མེད་པར་སྒྲུབ་པའི་དམ་བཅའ་མ་ཡིན་དགག་ཏུ་ཐལ་ལུགས་ནི།  འགྲེལ་ངག་འདིས་སྐྱེ་བ་དོན་བཅས་དང་ཐུག་བཅས་བདག་སྐྱེ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་བསྟན་ན་སློབ་དཔོན་སངས་རྒྱས་བསྐྱངས་རང་ཉིད་ལ་བདག་སྐྱེ་སོགས་མཐའ་བཞིའི་སྐྱེ་བ་བཀག་ཙམ་མིན་པར་དེ་དང་མཉམ་དུ་ཐ་སྙད་དུ་སྐྱེ་བ་སྒྱུ་མ་ལྟ་བུ་སྒྲུབ་འདོད་ཡོད་པ་གཉིས་ཚོགས་པའི་དབང་གིས་ཡིན་པར་མངོན་ནོ།།  ཞེས་གསུངས་པ་སོགས་ལྟར་དཔྱད་པར་བྱའོ།།

ཚིག་གསལ་ལས།  ༡༠  གང་ལས་གཏན་ཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་འདི་དག་ཙམ་ཞིག་གིས་བརྩད་པ་ན་ཅི་ཕ་རོལ་པོ་ཁས་ལེན་པར་མི་བྱེད་དམ།  འོན་ཏེ་ཕ་རོལ་པོ་རང་གི་ཁས་བླངས་པ་དང་འགལ་པས་བརྩད་པས་ཀྱང་མི་ལྡོག་ན་ནི།  དེའི་ཚེ་ངོ་ཚ་མེད་པ་ཉིད་ཀྱིས་གཏན་ཚིག་དང་དཔེ་གཉིས་ཀྱིས་ཀྱང་ལྡོག་པར་མི་འགྱུར་བ་ཉིད་དོ།།  ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ།།  དེའི་ཕྱིར་སློབ་དཔོན་ནི་གནས་མ་ཡིན་པར་ཡང་རྗེས་སུ་དཔག་པ་ཚང་བར་བྱེད་པ་ན།  བདག་ཉིད་རྗེས་སུ་དཔག་པ་ལ་དགའ་བ་ཉིད་མངོན་པར་བྱེད་པ་ཡིན་ནོ།།  ཞེས་དང་།  ལམ་རིམ་ལས།  ༥༧༣  དོན་དམ་པ་སྟོང་བ་ཉིད་ངེས་པའི་ལྟ་བ་རྒྱུད་ལ་སྐྱེད་ཚུལ་གྱི་སྒོ་ནས་མིང་འདོགས་ནའང་ཐལ་རང་གཉིས་སུ་ངེས་པ་ཡིན་ནོ།།  ཞེས་དང་།   ཡང་།  ༧༥༨  དེ་ལྟར་མུ་བཞིའི་སྐྱེ་བ་ལ་གནོད་པ་མཐོང་བ་ལ་བརྟེན་ནས་མཐའ་བཞི་ལས་སྐྱེ་བ་མེད་པ་འགྲུབ་ལ།  དེ་ལ་ནི་རང་བཞིན་གྱིས་སྐྱེ་བ་མེད་པས་ཁྱབ་པ་སྔར་མཐའ་གཞན་འགོག་པའི་སྐབས་སུ་བཤད་པ་ལྟར་འགྲུབ་བོ།།  དེའི་ཕྱིར་དངོས་པོ་རྣམས་ལ་རང་བཞིན་མེད་པ་ཡང་དེ་ལ་བརྟེན་ནས་ངེས་པར་འགྱུར་ཏེ།  འདི་ཐལ་འགྱུར་བྱས་པའི་ཚེ་དེའི་བྱེད་པ་ལ་བརྟེན་ནས་རྗེས་དཔག་སྐྱེས་པ་ཡིན་གྱི།  དངོས་སུ་དམ་བཅའ་སྒྲུབ་པའི་སྦྱོར་ངག་མེད་དོ།།  ཞེས་པ་སོགས་ལ་བརྟེན་ནས་རང་ལུགས་ལ་ཐལ་འགྱུར་ཙམ་གྱིས་ཀྱང་ཕྱི་རྒོལ་གྱི་རྒྱུད་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་དེ།  མཐའ་དཔྱོད་རྒྱས་པ་ལས།  ༢༨༧  འདི་ཙམ་ཞིག་ཅེས་པའི་ཙམ་སྒྲས་ཐལ་འགྱུར་ཙམ་གྱིས་བསྐྱེད་ཐུབ་པར་བསྟན་པ་ཡིན་ཏེ།  དེ་ལ་ཐལ་འགྱུར་གཉིས་བརྗོད་པའི་བདག་སྐྱེ་ལ་ནང་འགལ་བསྟན་ཅིང་།  བསྟན་པ་ལྟར་མཐོང་ཡང་ནུས།  བདག་སྐྱེ་ཡོད་པའི་འཐད་པ་རིགས་པ་དང་བྲལ་བ་ཡིན་པར་སྟོན་ཐུབ་པའི་ཕྱིར།  ཞེས་དང་།  དེ་ལྟ་བུའི་ནང་འགལ་སྟོན་ཐུབ་ཅིང་ནང་འགལ་མཐོང་ཡང་ཁས་མི་ལེན་བསྙོན་པར་འདིང་ན།  དེ་ལ་རང་རྒྱུད་ཀྱི་རྟགས་དང་དཔེ་བསྟན་ཀྱང་ནུས་པ་མེད་པར་ཐལ།  དེའི་ཚེ་ཡང་སྐྱོན་མཐོང་ཡང་བསྙོན་པར་བྱེད་པའི་ཕྱིར།  ཞེས་གསུངས།  མཐའ་དཔྱོད་ཆུང་བ་ལས།  ༡༧༦  སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་པའི་སྐབས་སུ་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་ཀྱང་འགལ་བརྗོད་ཀྱི་ཐལ་འགྱུར་གཉིས་ལ་བརྟེན་ནས་གྲངས་ཅན་གྱིས་བདག་སྐྱེ་འདོད་པ་ལ་ནང་འགལ་སྟོན་ཅིང་།  བསྟན་པ་ལྟར་མཐོང་ཡང་ནུས།  བདག་སྐྱེ་ཡོད་པའི་འཐད་པ་རིགས་པ་དང་བྲལ་བ་ཡིན་པར་སྟོན་ཐུབ་པའི་ཕྱིར་དང།  ཐལ་འགྱུར་དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་གྲངས་ཅན་གྱི་རྒྱུད་ལ་བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་སྐྱེ་ཐུབ་པའི་ཕྱིར།  ཞེས་གསུངས།  གྲུབ་མཐའ་རིན་ཕྲེང་ལས།  ༨༧  ཅིའི་ཕྱིར་ཐལ་འགྱུར་བ་ཞེས་བྱ་ཞེ་ན།  ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་ན་དེ་ལྟར་བརྗོད་པའི་ཕྱིར།  ཞེས་གསུངས།  ད་དུང་ཀུན་མཁྱེན་བླ་མའི་ཚིག་གསལ་སྟོང་ཐུན་ལས།  ༤༤༠  འདི་ལ་ཐལ་འགྱུར་གྱི་བྱེད་པ་ལ་བརྟེན་པ་དང་རྟགས་སྦྱོར་ལ་བརྟེན་པ་གཉིས་ཡོད་དེ།  ཅིག་ཤོས་ནི་རྟོགས་སླ་ཞིང་བཤད་ཟིན་ལ།  ཐལ་འགྱུར་གྱི་བྱེད་པ་ལ་བརྟེན་པའི་དེ་ཡང་ཡོད་པའི་ཕྱིར།  ལྷག་མཐོང་ཆེན་མོ་ལས།  འདི་ནི་ཐལ་འགྱུར་བྱས་པའི་ཚེ་དེའི་བྱེད་པ་ལ་བརྟེན་ནས་རྗེས་དཔག་སྐྱེ་བ་ཡིན་གྱི་དངོས་སུ་དམ་བཅའ་སྒྲུབ་པའི་སྦྱོར་ངག་མེད་དོ།།  ཞེས་གསུངས་པའི་ཕྱིར།  རིགས་པས་ཀྱང་འགྲུབ་སྟེ།  ཕྱི་རྒོལ་དབང་རྣོན་ལ་འགལ་བརྗོད་ཐལ་འགྱུར་གྱིས་རང་གི་དམ་བཅའི་དོན་ལ་ཚད་བསལ་གྱིས་གནོད་པའི་འགལ་འདུ་བསྟན་པ་ན་དམ་བཅའི་དོན་མེད་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡོད་པའི་ཕྱིར།   ཞེས་སོགས་རྒྱ་ཆེར་གསུངས་ཤིང་།  བླ་མ་རྗེ་བཙུན་པས་ཀྱང་འདི་ལྟར་འདོད་དེ།  དེ་ཉིད་ཀྱི་དབུ་མའི་སྤྱི་དོན་ལས།  ༢༣༦  རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་ཀྱང་།  འགལ་བརྗོད་ཀྱི་ཐལ་འགྱུར་ལ་བརྟེན་ནས་གྲངས་ཅན་གྱིས་བདག་སྐྱེ་ཡོད་པར་འདོད་པའི་ལོག་རྟོག་བཀག་ནས།  དེའི་རྒྱུད་ལ་བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་སྐྱེད་ནུས་པ་གང་ཞིག།  ཞེས་དང་།  དེ་ལ་ཁ་ཅིག།  འགལ་བརྗོད་ཀྱི་ཐལ་འགྱུར་ལ་བརྟེན་ནས་བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་སྐྱེད་མི་ནུས་ཀྱི།  དེ་འདྲའི་རྗེས་དཔག་སྐྱེ་བ་ལ་རང་རྒྱུད་ཀྱི་གཏན་ཚིགས་ངེས་པར་དགོས་སོ།།  ཞེ་ན།  འོ་ན་འགལ་བརྗོད་ཀྱི་ཐལ་འགྱུར་ལ་བརྟེན་ནས་བདག་སྐྱེ་འདོད་པའི་ལོག་རྟོག་མི་ལྡོག་ན།  རང་རྒྱུད་ཀྱི་གཏན་ཚིགས་བཀོད་པས་ཀྱང་དེ་མི་ལྡོག་གོ།།  ཞེས་གསུངས།  བློ་གླིང་གིས་སྒྲོན་གསལ་མཆན་ལས།  ༨༢  མངོན་སུམ་གྱིས་མི་འགྲུབ་པས་རྗེས་དཔག་གིས་སྒྲུབ་དགོས་ལ།  དེ་ལ་གཏན་ཚིགས་སྐྱོན་མེད་དགོས།  ཞེས་དང་།  སྟོང་ཐུན་ལས།  ༥༣༦ རྗེས་དཔག་གིས་རྟོགས་པ་ཁས་ལེན་ན་རྟགས་ཡང་དག་ཁས་མི་ལེན་པ་རྩ་བ་ནས་ཉམས་སོ།།  ཞེས་དང་།  ༦༧༠  ཚད་མ་ལ་དབྱེ་ན་མངོན་སུམ་ཚད་མ་དང་།  རྗེས་དཔག་ཚད་མ་གཉིས།  དང་བོའི་མཚན་ཉིད།  རྟགས་ལ་མ་ལྟོས་པར་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཞལ་བྱ་མངོན་སུམ་ལ་མི་སླུ་བའི་ཤེས་པ།  གཉིས་པའི་མཚན་ཉིད།  རྟགས་ལ་བརྟེན་ནས་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཞལ་བྱ་ལྐོག་གྱུར་ལ་མི་སླུ་བའི་ཤེས་པ།  ཞེས་པ་སོགས་ལ་བརྟེན་ནས་ཐལ་འགྱུར་ཙམ་གྱིས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་མི་ཐུབ་པར་འདོད་དེ།  མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་དབུ་མའི་སྤྱི་དོན་ལས།  ༡༧༤  སྒྲོན་གསལ་གྱི་མཆན་བུ་དང་སྟོང་ཐུན་ཆེན་མོ་གཉིས་ཀར་རྗེས་སུ་དཔག་པའི་ཚད་མ་ཡིན་ན་རང་གི་རྟེན་གཏན་ཚིགས་ཡང་དག་ལ་བརྟེན་པས་ཁྱབ་པར་གསུངས་པས་གཞན་གྱི་ངག་རྗེས་མ་འབྲང་ཞིག།  ཞེས་སོགས་གསུངས་པ་དང་།  དེ་ཉིད་ཀྱི་དབུ་མའི་མཐའ་དཔྱོད་ལས།  ༢༩༦  ཡང་ཁ་ཅིག།  ཚིག་གསལ་ལས།  འོན་ཏེ་ཕ་རོལ་པོ་རང་གིས་ཁས་བླངས་པ་དང་འགལ་བས་རྩོད་པས་ཀྱང་མི་ཟློག་ན་ནི་དེའི་ཚེ་ངོ་ཚ་མེད་པ་ཉིད་ཀྱིས་གཏན་ཚིགས་དང་དཔེ་གཉིས་ཀྱིས་ཀྱང་བཟློག་པར་མི་འགྱུར་བ་ཉིད་དོ།།  ཞེས་སོགས་གསུངས་པའི་དགོངས་པར་བསམ་ནས་རྗེས་སུ་དཔག་པའི་ཚད་མ་ཡིན་ན་རང་གི་རྟེན་གཏན་ཚིགས་ཡང་དག་ལ་བརྟེན་པས་མ་ཁྱབ་སྟེ།  ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན།  སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ།  རང་རྒྱུའི་དུས་སུ་རྫོགས་པར་གྲུབ་ཟིན་པའི་ཕྱིར།  ཞེས་པའི་འགལ་བརྗོད་ཀྱི་ཐལ་འགྱུར་ཙམ་འཕངས་པ་ལ་བརྟེན་ནས་ཕྱི་ནང་གི་དངོས་པོ་རྣམས་བདག་སྐྱེ་མ་ཡིན་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡོད་པའི་ཕྱིར།  ཞེས་ཟེར་བ་མི་འཐད་དེ།  སྒྲོན་གསལ་གྱི་མཆན་བུར།  རྗེས་སུ་དཔག་པའི་ཚད་མ་ཡིན་ན།   རང་གི་རྟེན་གཏན་ཚིགས་ཡང་དག་ལ་བརྟེན་པས་ཁྱབ་པར་གསུངས་ཤིང་།   སྟོང་ཐུན་ཆེན་མོར་ཡང་དེ་ལྟར་གསུངས་པས་ཡབ་སྲས་གཉིས་ཀའི་གསུང་དང་འགལ་བའི་སྐྱོན་ཡོད་པའི་ཕྱིར།  ཞེས་དང་།   ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་གི་དབུ་མའི་ལྟ་བའི་རྣམ་བཤད་ལས།  དེ་དག་ལ་དཔལ་ལྡན་ཟླ་བས་ཚིག་གསལ་དུ་ལན་མཛད་ནས་འགོག་ཚུལ་ནི།  ཞེས་པ་ནས།  རང་གི་རྟོག་སྣང་ནི།  སྔ་རྒོལ་གྱིས་ཕྱིར་རྒོལ་ལ་བསྒྲུབ་བྱ་སྒྲུབ་པ་ན་གཏན་ཚིག་བརྗོད་དགོས་པ་རང་རྒྱུད་པའི་ལུགས་དང་།  དེ་ངེས་པར་བརྗོད་མི་དགོས་པར་ཐལ་འགྱུར་བའི་ལུགས་སུ་སྨྲ་ན་འདི་དག་གི་ལན་ཆེ་ལོང་ཙམ་ཞིག་འགྲིག་གམ་སྙམ་ལ།  འོན་ཀྱང་།  གཉིས་ཀའི་ལུགས་ལ་རྗེས་དཔག་ཡིན་ན་གཏན་ཚིགས་ལ་བརྟེན་དགོས་པ་འདྲ་བ་ཡིན་ནོ་སྙམ་མོ་ཞེས་

སོགས་གསུངས་པས་དཔྱད་དོ།། 

མཐའ་དཔྱོད་རྒྱས་པ་ལས།  ༢༨༨  དབུ་མ་བ་ཡིན་ན་རང་རྒྱུད་ཁས་ལེན་མི་རིགས་ཀྱང་དེ་ཁས་བླངས་ན་དབུ་མ་བ་མ་ཡིན་པས་མ་ཁྱབ་སྟེ།  དབུ་མ་རང་རྒྱུད་པ་དུ་མ་ཡོད་པའི་ཕྱིར།  ཁྱབ་སྟེ།  དེ་དག་གིས་ཀྱང་ཆོས་ཐམས་ཅད་བདེན་མེད་དུ་རིགས་པ་མཐའ་ཡས་སྒྲུབ་པས་སེམས་ཙམ་པ་ལས་མཐོ་བས་ན་དབུ་མ་བ་ལས་གྲུབ་མཐའ་གཞན་དུ་མི་རུང་བ་གང་ཞིག། དབུ་མ་བས་ཁས་ལེན་མི་རུང་བ་ཁས་ལེན་པ་དང་དབུ་མ་བ་མི་འགལ་བ་ནི།  བཅས་རྐྱང་ཕྲ་མོ་དང་འགལ་བ་དང་དགེ་སློང་མི་འགལ་བ་བཞིན་ཡིན་པའི་ཕྱིར།  ཞེས་དང་།  ལེགས་བཤད་སྙིང་བོ་ལས།  ༢༥༧  མཁས་པ་དེ་དག་ཀྱང་ཆེས་བདེན་པར་ཡོད་པའི་གྲུབ་མཐའ་རིགས་པའི་སྒོ་དུ་མས་འགོག་ཅིང་བདེན་མེད་དུ་ལེགས་པར་ཞལ་གྱིས་བཞེས་པས་དབུ་མ་བ་ནི་ཡིན་ནོ།།  དབུ་མ་བ་ཡིན་ན་རང་རྒྱུད་བྱ་མི་རིགས་པར་གསུངས་པ་དང་མི་འགལ་ཏེ་བཅས་ལྡན་གྱི་དགེ་སློང་གིས་བཅས་པ་དང་འགལ་བར་མི་རིགས་ཀྱང་དེ་དང་འགལ་བ་ཙམ་གྱིས་དགེ་སློང་མིན་མི་དགོས་པ་བཞིན་ནོ།། ཞེས་གསུངས་པ་དང་།  དེ་ལ་ཁ་ཅིག་གིས་ཁྱེད་ལྟར་ན་སེམས་ཙམ་པ་ལས་ལྟ་བ་མཐོ་ན་དབུ་མ་བ་ཡིན་པས་ཁྱབ་ན་ཀུན་མཁྱེན་ཇོ་ནང་བའི་གཞན་སྟོང་ཆེན་མོའི་ལྟ་བ་དེ་ཡང་རང་ལུགས་ཀྱིས་གཞལ་ན་དབུ་མའི་ལྟ་བ་ཡིན་པར་ཐལ།  དེས་མཚན་ཉིད་གསུམ་ལས་གཞན་དབང་ཡང་བདེན་མེད་དུ་ཁས་ལེན་པའི་ཕྱིར།  འདོད་ན།  བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པར་ཐལ།  དབུ་མ་བ་ཡིན་པའི་ཕྱིར་ཏེ།  གྲུབ་མཐའ་རིན་ཕྲེང་ལས།  ༨༢  བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ནང་བའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་དབུ་མ་བའི་མཚན་ཉིད།  ཅེས་གསུངས།  གོང་དུ་མ་ཁྱབ་ན་རང་ལུགས་ལ་རྫས་སྤྱི་ཉིས་མགོ་སོགས་ཆོད་ན་ནང་བའི་གྲུབ་མཐའ་སྨྲ་བ་ཡིན་ན་གྲུབ་མཐའ་སྨྲ་བ་བཞི་བོ་གང་རུང་ཡིན་པས་ཁྱབ་བས་དེ་རང་ལུགས་ཀྱིས་གཞལ་ན་གང་ཡིན་སོགས་དཔྱད། 

ཡང་།  ཐལ་འགྱུར་བའི་ལུགས་ལ་རང་རྒྱུད་འདོད་མི་འདོད་སོགས་ལ་དཔྱད་རྒྱུ་ཡོད་པ། རྗེ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གསུམ་པ་ལས།  ༦༡༦  བླ་མ་འབུལ་སྡུད་རིན་པོ་ཆེ་ནས་སྒྲ་དང་ནང་དོན་གྱི་གཞུང་ཁྲིད་མང་དུ་མཛད་པ་དང་།  འཇམ་དཔལ་དགྱེས་པའི་བློ་གྲོས་ཞེས་ཀུན་བཤད་ཀྱི་མཚན་དང་བཅས་པ་གནང་བའི་བཀའ་དྲིན་གཞན་དང་མི་མཉམ།  དེའི་གཞན་ཞིག་གི་ཚེ་རིན་པོ་ཆེ་ལ་འདི་ལྟར།  ཐལ་འགྱུར་བའི་ལུགས་ལ་རང་རྒྱུད་ཀྱི་རྟགས་ཡོད་ཟེར་མཁན་ཡང་མང་།  མེད་ཟེར་མཁན་ཡང་མང་།  ཞེས་པ་ནས།  རིགས་པའི་དཔྱོད་ཚུལ་མང་བོ་ཞུས་པ་ལ་དགོངས་འགལ་མེད་པར་ཞུ།  ཞེས་སོགས་གསུངས་པ་ལྟར་དཔྱད། 

སྨྲས་པ།  སྐྱེ་བའི་འཕྲེང་བར་ཟབ་མོའི་ལམ་བཟང་དང་།།

ཐབས་མཁས་གསང་ཆེན་རྡོ་རྗེ་ཐེག་པའི་ལམ།།

ལེགས་འདོམས་བཤེས་གཉེན་དམ་པས་རྗེས་བཟུང་སྟེ།།

རིང་མིན་སྐུ་བཞིའི་དཔལ་ལ་སྤྱོད་པར་ཤོག།

ཅེས་དབུ་མའི་ཐལ་བཟློག་གི་བརྗེད་བྱང་ཚིགས་བཅད་མའི་འགྲེལ་བ་འདི་ནི།  རབ་གནས་ལྕགས་བྱི་ལོར་དབུ་མའི་ཐལ་བཟློག་གི་དཔེ་ཁྲིད་ཚར་ནས་དགུན་གནང་སྐབས་ཀྱི་དཔེ་ཀློག་སོགས་ཀྱི་ཆེད་དང་།  གཞུང་མཆོག་འདི་ལ་བག་ཆགས་ཙམ་འཇོག་ཕྱིར་ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་སྟེ།    ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་བ་ཆེན་མོ     རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་དང་།   སྨྲ་བའི་ཁྱུ་མཆོག་དམ་པ་རྗེ་གུང་ཐང་བློ་གྲོས་རྒྱ་མཚོ་རྣམ་གཉིས་ཀྱི་གདུང་མཆོད་ཉིན།  བཙུན་གཟུགས་དགེ་སློང་བསམ་འགྲུབ་རྒྱ་མཚོས་མདོ་སྨད་རྒན་གྱའི་བྲག་དཀར་དགོན་གསང་སྔགས་སྨིན་རྒྱས་གླིང་ནས་བྲིས་པ་དགེའོ།།                    །།

འདིར་ལུང་འདྲེན་བྱས་པའི་ཡིག་ཆ་རྣམས་ཀྱི་མཚན་བྱང་དང་པར་བསྐྲུན་བྱ་ཡུལ་ནི།

       མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་སེར་གཙུག།

      རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་བླ་བྲང་ཤིང་དཔར།

      རྩ་ཤེའི་འགྲེལ་བ་བུདྡྷ་པཱ་ལི་ཏ་སེར་གཙུག།

     དཔལ་ལྡན་ཟླ་བ་གྲགས་པའི་རྩ་ཤེའི་འགྲེལ་བ་ཚིག་གསལ་སེར་གཙུག།

      དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་སྐུ་འབུམ་དཔར་མ།

      རྗེ་བླ་མའི་རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་སེར་གཙུག།

      ལམ་རིམ་ཆེན་མོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 

      དྲང་ངེས་ལེགས་བཤད་སྙིང་བོ་སེར་གཙུག།

      སྒྲོན་གསལ་མཆན་བུ་འགྲེལ་བ་བཞི་སྦྲགས་བླ་བྲང་ཤིང་དཔར།

༡༠     སྟོང་ཐུན་ཆེན་མོ་མཁས་གྲུབ་རྗེའི་གསུང་འབུམ་ཀིརྟིའི་ཆོས་དུང་དཔེ་ཚོགས།

༡༡     རྗེ་བཙུན་པའི་གསུང་འབུམ་དཔེ་བསྡུར་མའི་དབུ་མའི་སྤྱི་དོན་ཀིརྟིའི་ཆོས་དུང་དཔེ་ཚོགས།

༡༢     པཎ་ཆེན་གསུང་འབུམ་དབུ་མའི་སྤྱི་དོན་དང་མཐའ་དཔྱོད་རྟེན་འབྲེལ་དཔེ་ཚོགས། 

༡༣     ཀུན་མཁྱེན་དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ཀིརྟིའི་ཆོས་དུང་དཔེ་ཚོགས།

༡༤    ཚིག་གསལ་སྟོང་ཐུན་ཀུན་མཁྱེན་གསུང་འབུམ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་།

༡༥      ཐལ་ལྡོག་གི་ཟིན་བྲིས་བསེ་ངག་དབང་བཀྲ་ཤིས་ཟིན་བྲིས་བཅུ་གསུམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

༡༦      དབུ་མའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ་ཀུན་མཁྱེན་འཇིགས་མེད་དབང་བོ་དཔལ་ལྡན་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་།

༡༧      གྲུབ་མཐའ་རིན་ཆེན་ཕྲེང་བ་ཀུན་མཁྱེན་འཇིགས་མེད་དབང་བོ་མཚོ་སྔོན་འཁྱམ་རུ་དགོན།

༡༨      རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་དབུ་མ་སེར་གཙུག།

༡༩      རྗེ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

༢༠      དགེ་སློང་རྣམ་ཆེན་དབང་རྒྱལ་གྱི་དབུ་མའི་དོགས་གཅོད་རྟེན་འབྱུང་སྙིང་བོ་ཀིརྟིའི་ཆོས་དུང་དཔེ་ཚོགས།

༢༡      ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་གི་དབུ་མའི་ལྟ་བའི་རྣམ་བཤད་ཀིརྟིའི་ཆོས་དུང་དཔེ་ཚོགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།